གཡུང་དྲུང་བོན་གྱི་དྲྭ་རྒྱ།

གཡུང་དྲུང་བོན་གྱི་སྨོན་ལམ་ཚིག་མཛོད་རྩོམ་སྒྲིག་ཚན་ཆུང་གི་ལོ་ངོ་དགུའི་རིང་གི་རྩོམ་སྒྲིག་བྱ་བའི་སྐོར་གྱི་ངོ་སྤྲོད་རགས་བསྡུས།

རྩོམ་སྒྲིག་ཁང་འདི་ཉིད་ཐོག་མར་༸ཞྭ་དཀར་བསྟན་པའི་གཙུག་རྒྱན་༸སྐྱབས་རྗེ་རྒྱལ་བ་སྨན་རིའི་ཁྲི་འཛིན་སོ་གསུམ་པ་ལུང་རྟོགས་བསྟན་པའི་ཉི་མ་རིན་པོ་ཆེ་མཆོག་ནས་དགོངས་གཞི་ཆེར་བསྐྱེད་ཀྱི་ཐོག་ནས་གསར་བཙུགས་མཛད་གནང་བ་ཞིག་ཡིན། དེ་ཡང་བོད་ཡིག་ཡིག་གཟུགས་སོགས་ཀྱི་རྩིས་འཁོར་མཉེན་ཆས་ཆེད་ལས་པ་སེར་སྨད་དགེ་བཤེས་བློ་བཟང་སྨོན་ལམ་ལགས་ཀྱིས་ཆེད་གཉེར་གནང་བའི་སྨོན་ལམ་བོད་ཀྱི་བརྡ་འཕྲིན་ཞིབ་འཇུག་ཁང་དང་རིས་མེད་བོད་ཀྱི་ཆོས་བརྒྱུད་ཁག་གི་རྩོམ་སྒྲིག་མི་སྣས་མཉམ་ལས་ཐོག་གཉེར་བའི་<<སྨོན་ལམ་བོད་ཀྱི་ཀུན་བཏུས་ཚིག་མཛོད་ཆེན་མོའི་>>རྩོམ་སྒྲིག་སྡེ་ཁག་གི་གྲས་སུ་བོན་གྱི་རྩོམ་སྒྲིག་ཁང་གཅིག་པུ་དེ་ཆགས་ཡོད།  སྤྱིར་རྩ་བའི་ཚིག་མཛོད་ཆེན་མོ་འདི་ཉིད་ལ་ཆོས་བརྒྱུད་ཁག་གིས་གཙོས་པའི་རྩོམ་སྒྲིག་སྡེ་ཁག་ཉི་ཤུ་མ་ཟིན་ཙམ་ཆེད་འཛུགས་གནང་ཡོད་ལ། རྩོམ་སྒྲིག་མི་སྣ་བརྒྱ་ལྷག་གིས་ཐ་སྙད་རྩོམ་སྒྲིག་བྱེད་བཞིན་ཡོད། བོན་གྱི་རྩོམ་སྒྲིག་མི་སྣ་ལ་༸སྐྱབས་རྗེ་སྨན་རིའི་ཁྲི་འཛིན་སོ་གསུམ་པ་མཆོག་ནས་བསྐོས་མངག་མཛད་གནང་བ་མི་གྲངས་བཞི་སྟེ། ཚ་རོང་སྐལ་བཟང་ཕུན་ཚོགས་དང་། འགོ་པ་གཡུང་དྲུང་ཡོན་ཏན། བྱ་རྒོད་འཆི་མེད་གཡུང་དྲུང་། ཟིང་ཆུ་བློ་གྲོས་བསྟན་དར་རྣམས་ཡིན།

ཚིག་མཛོད་འདི་ཉིད་ཀྱི་ལས་གཞི་མཉེན་ཆས་བཟོ་སྐྲུན་སོགས་ཐོག་མར་ཕྱི་ལོ་༢༠༡༢ ཙམ་ནས་དབུ་བཙུགས་གནང་ཡོད་ལ། རིས་མེད་ཆོས་བརྒྱུད་ཁག་གི་རྩོམ་སྒྲིག་མི་སྣ་མཉམ་འཛོམས་ཀྱིས་ཆོས་ལུགས་དང་འབྲེལ་བའི་ཐ་སྙད་རྩོམ་སྒྲིག་བྱེད་ཕྱོགས་ཀྱི་ཚོགས་འདུ་ཐོག་མ་དེ་ཕྱི་ལོ་༢༠༡༣། ༠༣། པའི་ནང་འཚོགས་ཡོད། ཚིག་མཛོད་རྩོམ་སྒྲིག་བྱ་བའི་དུས་ཡུན་ལ་ཐོག་མར་ལོ་དགུའི་འཆར་གཞི་བཞག་ཅིང་། ལོ་རེའི་ནང་རྩོམ་སྒྲིག་ཁང་ཁག་སོ་སོ་ནས་རྩོམ་སྒྲིག་གི་ལས་བསྡོམས་རྩིས་འབུལ་དང་རྩོམ་སྒྲིག་མི་སྣ་ཁག་བར་ཕན་ཚུན་དགེ་སྤེལ་སྐྱོན་སེལ་གྱི་ཉམས་མྱོང་བརྗེ་རེས་དང་འབྲེལ་བའི་ཚོགས་འདུ་རེ་ཉིན་གྲངས་གཉིས་རིང་མཉམ་འཛོམས་ཀྱིས་བགྲོ་གླེང་བྱ་དགོས་ཀྱི་ཡོད། ཚིག་མཛོད་འདི་ཉིད་དེང་གི་དྲ་བའི་དུས་རབས་ཀྱི་དགོས་མཁོ་དང་འཚམས་པར་ཁ་པར་དང་གློག་ཀླད་ལ་བཀོལ་བདེའི་དམིགས་བསལ་མཉེན་ཆས་ནང་དུ་རྩོམ་སྒྲིག་བྱ་དགོས་པ་ཞིག་རེད། འཆར་ཅན་ལོ་དགུའི་ནང་རིམ་པས་རྩོམ་སྒྲིག་ཟིན་པ་ཁག་སྤྱི་ཚོགས་ལ་དགོས་མཁོ་སྐོང་བ་དང་ཚིག་དོན་ལ་ནོར་འཁྲུལ་ཤོར་བ་རྣམས་ཀྱང་དག་ཐེར་ཡོང་སླད་དུ། ལོ་གསུམ་རེའི་མཚམས་སུ་སྔ་མའི་ལོ་གསུམ་གྱི་རྩོམ་སྒྲིག་ཟིན་པ་ཁག་སྤྱི་ཚོགས་དྲ་ལམ་དུ་འགྲེམས་སྤེལ་གནང་དང་གནས་མུས་ཡིན།

དེ་ལྟར་ཚིག་མཛོད་ཆེན་མོའི་སྤྱིའི་བྱ་བའི་ལས་རིམ་དང་སྒྲིག་སྲོལ་བཞིན། ངེད་བོན་གྱི་ཚིག་མཛོད་རྩོམ་སྒྲིག་ཚན་ཆུང་གིས་དེ་བཞིན་མཉམ་ཞུགས་ཀྱིས་ལག་བསྟར་མཚམས་མ་བཞག་པར་ད་བར་རྒྱུན་བསྲིངས་ཐུབ་པ་བྱུང་ཡོད། འདི་ལོ་ཕྱི་ལོ་༢༠༢༡ ལོར་ཚིག་མཛོད་རྩོམ་སྒྲིག་བྱ་བའི་ཐོག་མའི་འཆར་གཞི་ལོ་དགུའི་དུས་ཡུན་ཟིན་པས། ལོ་འདིར་ད་སྔ་ལོ་དགུའི་རིང་རྩོམ་སྒྲིག་གྲུབ་པ་ཁག་ཕྱོགས་ཡོངས་མཐའ་བསྡོམས་དང་དེ་དག་བསྐྱར་དུ་དག་ཐེར་བྱ་བར་གཉེར་འགོ་བཙུགས་ཡོད། ངེད་བོན་གྱི་ཚིག་མཛོད་རྩོམ་སྒྲིག་ཚན་ཆུང་གིས་ད་བར་བོན་ཕྱོགས་ཀྱི་ཐ་སྙད་རྩོམ་སྒྲིག་གྲུབ་པ་ཐ་སྙད་གྲངས་ཇི་ཙམ་གྲུབ་ཡོད་སྙམ་ན། ཐ་སྙད་གྲངས་ཆིག་ཁྲི་ཉིས་སྟོང་ལྔ་བརྒྱ་ལྷག་ཙམ་ལ་ནང་གསེས་བརྡ་ཆད་ཀྱི་དབྱེ་བ་དང་འཇུག་དོན་གྱི་གྲངས།  དེ་དག་རེ་རེ་ལ་མཆན་ཡིག་ཁུངས་སོགས་གསལ་པོར་སྒྲིག་འགོད་བྱུང་ཡོད། གྲངས་ཀ་འདི་ནི་རེ་འགའི་ངོ་ན་གང་ཡང་གླེང་རིན་མེད་པ་ལྟ་བུ་བརྩི་རུ་སྲིད་ཀྱང་། ངེད་རྩོམ་སྒྲིག་པའི་ངོས་ནས་མཚོན་ན་ལོ་ངོ་མང་པོའི་རིང་དུ་ཉིན་མཚན་གྱི་དཀའ་སྡུག་གྲངས་མེད་ཀྱི་ཁྲོད་ནས་ཆུ་ཐིགས་བཏིག་པའི་རྒྱ་མཚོ་དང་རྡུལ་ཕྲན་བརྩིགས་པའི་རི་རབ་ལྟ་བུ་ཞིག་མངོན་པར་བཞེངས་ཡོད་སྙམ། ཡིན་ཡང་ཆོས་བརྒྱུད་གཞན་རྙིང་མ་དང་ས་སྐྱ་དགེ་ལུགས་བཅས་ཀྱི་རྩོམ་སྒྲིག་ཁང་ནས་རྩོམ་སྒྲིག་ཟིན་པའི་གྲངས་འབོར་དང་བསྡུར་ཐབས་ཡེ་ནས་མེད་པར་སྙམ་བཞིན་ཡོད།
འོན་ཀྱང་། དེ་ལ་ངོ་གནོང་དགོས་པ་དང་སྤོབས་པ་ཞུམས་དགོས་དོན་ཅི་ཡང་ཆགས་མེད་སྙམ། གང་ཡིན་ཟེར་ན་ཆོས་བརྒྱུད་རེ་ལ་རྩོམ་སྒྲིག་ཁང་དང་རྩོམ་སྒྲིག་མི་སྣ་མང་ཉུང་གི་ཁྱད་པར་གྱིས་བསྡུར་ན། ངེད་ཀྱི་གྲངས་འབོར་འདི་སྔོན་གྲལ་དུ་མ་ཐོན་ནའང་གཞུག་གྲལ་དུ་མི་བསྙེགས་པའི་གདེང་ཚོད་ཅིག་ཡོད་པས་ཡིན། ང་ཚོ་བོན་ལ་མཚོན་ན་རྩོམ་སྒྲིག་ཁང་དང་མི་སྣ་ཉུང་བ་ཙམ་མ་ཟད་འདས་ཟིན་པའི་དུས་ཡུན་དེའི་ནང་དུས་ཚོད་མང་ཆེ་བར། ངེད་རྩོམ་སྒྲིག་པ་རྣམས་སློབ་གཉེར་གྱི་སྒྲིག་ཞུགས་དང་སྤྱིའི་ལས་དོན་གཞན་གྱི་ཞོར་སྟབས་ལྟ་བུ་ལས་དུས་ཚོད་ལ་ཁོམ་ལོང་མ་བྱུང་བ་ནི་དཀའ་ངལ་ལྕི་ཤོས་ཤིག་འཕྲད་ཡོད། མ་འོངས་པར་ཡང་ཆོས་བརྒྱུད་ཁག་དང་སྨོན་ལམ་བོད་ཀྱི་བརྡ་འཕྲིན་ཞིབ་འཇུག་ཁང་གཉིས་སྔར་བཞིན་མཉམ་ལས་རྩོམ་སྒྲིག་གི་བྱ་བ་མུ་མཐུད་རྒྱུན་བསྲིང་དགོས་པར་འདུག་ན། འབྱུང་འགྱུར་ལ་ངེད་བོན་གྱི་རྩོམ་སྒྲིག་ཚན་ཆུང་གིས་སྔར་ལས་ལྡབ་འགྱུར་མང་པོའི་གྲུབ་འབྲས་འཐོབ་པའི་རེ་བ་དང་སྤོབས་པས་ཁེངས་བཞིན་མདུན་བསྐྱོད་བྱ་འཆར་ཡོད།


འདི་ལྟར་སྤོབས་པའི་གསོན་ཤུགས་ཡོང་དོན། གནད་དོན་ཁག་འགའ་མཆིས་པ་ལས་གཙོ་བོ་གཅིག་ནི་བྱ་བ་འདི་ཉིད་༸ཞྭ་དཀར་བསྟན་པའི་གཙུག་རྒྱན་༸སྐྱབས་རྗེ་རྒྱལ་བ་སྨན་རིའི་ཁྲི་འཛིན་སོ་གསུམ་པ་དམ་པའི་ཐུགས་འདུན་ཡིན་པ་མ་ཟད།  སྐུ་དངོས་ཀྱིས་རྩོམ་སྒྲིག་ཁང་འདིའི་ལས་ཁུངས་སྨན་རིའི་གླིང་གི་གཡུང་དྲུང་བོན་གྱི་དཔེ་མཛོད་ཁང་དུ་ཐོག་མར་བཟོ་འགོད་ཀྱི་ཐུགས་བཀོད་མཛད་ཅིང་རྩིས་འཕྲུལ་སོགས་མཁོ་ཆས་གང་དགོས་ལ་མཐུན་རྐྱེན་ཆ་ཚང་གནང་སྦྱིན་བསྩལ་ཡོད་ལ། ཕྱི་ལོ་༢༠༡༣། ༠༥། ༡༣། ཉིན་རྩོམ་སྒྲིག་ཁང་དངོས་སུ་དབུ་འབྱེད་གནང་ཞིང་ཐུགས་སྨོན་བྱིན་རླབས་ཀྱིས་གཞི་བརྟན་པར་མཛད། སྐབས་དེར་འབྲེལ་ཡོད་ལས་སྣེ་འགའ་ལའང་ཚིག་མཛོད་རྩོམ་སྒྲིག་ཁང་འདིས། བོན་པོ་སྤྱིའི་ལས་དོན་གལ་ཆེན་ཞིག་སྒྲུབ་ཀྱི་ཡོད་པས་ཚང་མས་རོགས་རམ་དང་ཆེ་མཐོང་དགོས་པར་བཀའ་མངག་ཀྱང་གནང་། དེའི་སྐབས་༸སྐྱབས་རྗེ་ཁྲི་འཛིན་དམ་པ་མཆོག་ནས་ངེད་རྩོམ་སྒྲིག་པ་རྣམས་ལ་བཀྲ་ཤིས་རྟེན་འབྲེལ་གྱི་ཁ་བཏགས་རེ་གནང་ཞིང་ཁྱེད་རང་ཚོས་ལས་ཀ་འདིར་དངོས་སུ་ཉམས་མྱོང་རིམ་པར་བསགས་ནས་འཇོན་གྱི་རེད།
མ་འོངས་པར་གྲུབ་འབྲས་ཆེན་པོ་ཐོབ་ཀྱི་རེད་ང་ལ་ཡིད་ཆེས་ཡོད་ཅེས་ཐུགས་བརྩེའི་བཀའ་སློབ་ལམ་སྟོན་གྱི་ཞལ་ཏ་སྤྱི་བོར་བསྩལ་མཛད། བཀའ་སློབ་དེ་ང་ཚོའི་ཡིད་ལ་དྲན་སྣང་ཡང་ཡང་དུ་འཆར་བའི་བྱིན་མཐུས་རྟག་ཏུ་རྩོམ་སྒྲིག་གི་བྱ་བར་སྐུལ་འདེད་ཆེན་པོར་ཤུགས་ཀྱིས་ཐེབས་ཀྱི་ཡོད། དེ་རྗེས་ཡིད་སྐྱོའི་གནས་ཚུལ་བསམ་ཡུལ་ལས་འདས་པ་ཞིག་ལ་རིས་མེད་དད་འབངས་སྤྱི་ལ་ཡིད་སེམས་སྐྱོ་གདུང་གི་མུན་ནག་འཐིབས་པ་ལ་ཕྱི་ལོ་༢༠༡༧ ལོར་ལྷར་བཅས་འགྲོ་བ་ཡོངས་ཀྱི་དཔུང་གཉེན་དམ་པ་༸སྐྱབས་རྗེ་རྒྱལ་བ་སྨན་རིའི་ཁྲི་འཛིན་སོ་གསུམ་པ་མཆོག་གཟུགས་སྐུའི་དགོངས་པ་བོན་དབྱིངས་སུ་བསྡུས་པར་མཛད། འོན་ཀྱང་། གདུལ་བྱའི་ལས་བསོད་དང་རྒྱལ་བའི་ཐུགས་བརྩེ་ལྷ་སྲུང་ཡེ་ཤེས་སྤྱན་ཅན་དག་གི་མཐུ་ནུས་ཚང་བར་འཛོམས་པའི་བསླུ་མེད་རྟེན་འབྲེལ་གྱི་བདེན་པ་ལས་ ༸སྐྱབས་རྗེ་དམ་པ་གང་གི་གདུང་འཚོབ་ཏུ་༸ཞྭ་དཀར་བསྟན་པའི་གཙུག་རྒྱན་རྒྱལ་བ་སྨན་རིའི་ཁྲི་འཛིན་སོ་བཞི་པ་མཆོག་གསེར་ཁྲིར་ཕེབས་ཏེ།

འཛམ་གླིང་བོན་འབངས་རྣམས་སྐྱོ་གདུང་གི་མུན་ནག་དེ་ལས་བདེ་བའི་དབུགས་དབྱུང་གི་འོད་སྣང་སྦྱིན་པར་མཛད། དེ་ལྟར་༸སྐྱབས་རྗེ་རྒྱལ་བ་སྨན་རིའི་ཁྲི་འཛིན་སོ་བཞི་པ་ཟླ་བ་གཞོན་ནུ་རིན་པོ་ཆེ་མཆོག་གི་ཕྲིན་ལས་གདུལ་བྱའི་མགོན་དུ་ཤར་བའི་སྐལ་བཟང་བྱུང་བ་ལྟར། རིན་པོ་ཆེ་མཆོག་གིས་ཀྱང་ངེད་རྩོམ་སྒྲིག་པ་རྣམས་ལ་སྔར་བཞིན་རྩོམ་སྒྲིག་གི་བྱ་བ་དེ་ལ་རྒྱུན་སྐྱོང་འབད་བརྩོན་དགོས་པ་གལ་ཆེའི་བཀའ་སློབ་ལམ་སྟོན་ཤུགས་ཆེར་ཡང་བསྩལ་མཛད་པས་སྔར་བས་ཀྱང་འབད་འདུན་གྱི་སེམས་ཤུགས་ལྷག་པ་ཞིག་སྤར་བར་མཛད་གནང་།
གཉིས་ནི་ངེད་ཅག་གིས་རྩོམ་སྒྲིག་གི་བྱ་བ་གཉེར་ནས་ལོ་མང་སོང་རྗེས་ལས་ཀར་ཉམས་མྱོང་དང་གདེང་སྤོབས་བྱུང་བ་མ་ཟད། གལ་ཆེའི་ཤེས་རྟོགས་ཡང་མང་པོར་ཐོབ་པ་སྟེ། འདི་འདྲའི་ཆོས་བརྒྱུད་ཁག་གིས་མཉམ་ལས་འདིར་བོད་ཀྱི་ཆོས་ལུགས་གྲུབ་མཐའ་རང་རང་གི་བཞེད་གཞུང་ཇི་བཞིན་རྩོམ་སྒྲིག་བྱས་ཏེ། གཞི་གཅིག་ལ་མཉམ་སྤུངས་བྱས་པ་ཞིག་ཡིན་པས། རིས་མེད་བོད་ཀྱི་ཆོས་རིག་ལོ་རྒྱུས་སོགས་ཚད་ལྡན་ཀུན་བཏུས་ཀྱི་ཚིག་མཛོད་ཆེན་མོ་ཐོག་མ་དེ་ཆགས་ཀྱི་ཡོད་སྟབས། བོད་ཀྱི་ཆོས་རིག་རྒྱུན་འཛིན་དང་དར་སྤེལ་གྱི་བྱ་ཐབས་རླབས་ཆེན་ཞིག་ཀྱང་ཡིན་པ་མ་ཟད། རང་རེའི་གྲུབ་མཐའ་དང་ཆོས་ལུགས་ཁག་བར་ཚད་ལྡན་གྱི་གོ་རྟོགས་བསྐྱེད་པར་ནུས་པས་མི་རིགས་ནང་ཁུལ་མཐུན་འབྲེལ་ཡོང་ཐབས་ཀྱི་གཞི་རྩ་གལ་ཆེན་ཞིག་ལ་འགྱུར་ངེས་ཡིན་པར་སྨོས་ཅི་དགོས་ཨང་།

གཡུང་དྲུང་བོན་ལ་མཚོན་ན་ལོ་རྒྱུས་ཡུན་རིང་ལྡན་པའི་བོན་གྱི་ལྟ་སྒོམ་སྤྱོད་པ་སོགས་ཕ་མེས་ཞང་བོད་ཀྱི་ཆོས་དང་རིག་གཞུང་ལོ་རྒྱུས་ཕུན་སུམ་ཚོགས་པ་རྣམས། གཞན་ལ་རང་བཞིན་གྱིས་ངོ་འཕྲོད་པའམ་ཤེས་སུ་འཇུག་ཐུབ་པར་ནུས་པས། བོན་གྱི་གྲུབ་མཐའི་བཞེད་ཚུལ་ཁག་རང་རེའི་ཆོས་བརྒྱུད་གཞན་དང་ད་ཆར་བོད་ཀྱི་ཆོས་རིགས་ལ་དོ་སྣང་ཡོང་བཞིན་པའི་འཛམ་གླིང་ཤར་ནུབ་མི་རིགས་གཞན་ཁག་བཅས་ལ་ངོ་སྤྲོད་ཀྱི་སྡིང་ཆ་གལ་ཆེན་ཞིག་ཀྱང་ཆགས་ཡོད། དེ་ཡང་དྲ་བའི་དུས་རབས་དང་འཚམས་པར་དྲ་ཐོག་ཏུ་འགྲེམས་པའི་མཉེན་ཆས་ནང་དུ་རྩོམ་སྒྲིག་བྱེད་ཀྱི་ཡོད་པས། ནང་དོན་ཁག་ལས་དགེ་སྐྱོན་གྱི་གནད་དོན་གང་ལ་དག་ཐེར་གྱིས་སྣོན་འཕྲི་གང་དགོས་བྱེད་སླ་ཞིང་། བརྡ་འཕྲིན་དྲ་བའི་འཇིག་རྟེན་གྱི་ཁམས་ནའང་ཁྱབ་ཤུགས་ཆེ་ལ་བཀོལ་སྤྱོད་ཀྱང་བདེ་བ་སོགས་ཀྱི་དགེ་མཚན་དུ་མར་ལྡན་པས། གོ་སྐབས་འདིར་ང་ཚོ་བོན་པོ་ལྟ་བུའི་ཆོས་ལུགས་ཁག་གིས་མཉམ་ཞུགས་དང་དམ་འཛིན་ངེས་པར་དུ་བྱ་དགོས་པའི་གནས་སུ་མཐོང་བས། བྱ་བ་འདི་ལ་དཀའ་སྡུག་གི་ཁུར་པོ་ཇི་ལྟར་ལྕི་ན་ཡང་རང་དགར་བློས་བཏང་མི་ནུས་པ་ནི་ཟས་ཁ་ནས་ཕྱིར་ཕུད་མི་བྲ་བའི་དཔེ་བཞིན་ནོ། །

བོན་གྱི་རྩོམ་སྒྲིག་ཚན་ཆུང་འདི་ཉིད་ཀྱི་རྩོམ་སྒྲིག་བྱ་བའི་ཁ་ཕྱོགས་ནི། སྤྱིར་ཆོས་བརྒྱུད་ཁག་གི་ཐ་སྙད་རྩོམ་སྒྲིག་བྱེད་ཕྱོགས་གྲུབ་མཐའ་རང་རང་གི་ལྟ་སྒོམ་སྤྱོད་པ་སོགས་ཀྱིས་མཚོན་པའི་ཆོས་ལུགས་ཀྱི་བཞེད་གཞུང་ཁག་གི་ནང་དོན་རྣམས་ཡིན་པ་ལྟར། བོན་རང་ལུགས་ཀྱི་ཐུན་མིན་ཐེག་པ་རིམ་དགུའི་བཞེད་གཞུང་དང་། མདོ་སྔགས་སེམས་གསུམ་གྱི་གཞུང་ལུགས་ཁག་ཏུ་གསལ་བའི་ཐ་སྙད་དམ་བརྡ་ཆད་ཀྱི་སྐོར་རྣམས་ཡིན་ཡང་། བོན་ལུགས་དང་འབྲེལ་བའི་རིག་གནས་དང་། གནས་རི་སྒྲུབ་གནས་ལོ་རྒྱུས་སྐོར་སོགས་ནས་གང་འཚམས་རྩོམ་སྒྲིག་བྱས་ཟིན་ལ། གཞི་ནས་དགོས་པ་རྣམས་ཀྱང་རིམ་པས་རྩོམ་སྒྲིག་བྱ་རྒྱུ་ཡིན། འདི་ག་རྩོམ་སྒྲིག་པ་རྣམས་ལ་ཐ་སྙད་རྩོམ་སྒྲིག་བྱ་ཡུལ་གཞུང་ལུགས་ཁག་བགོས་ཀྱི་བཀོད་སྒྲིག་ལྟར་རྩོམ་སྒྲིག་གནང་དང་གནང་མུས་ལགས་པས། ཚིག་མཛོད་ཐོན་རིམ་སྔ་མ་རྣམས་སུ་མ་འཁོད་པའི་རིགས་ཀྱང་ཐོན་རིམ་རྗེས་མ་དག་ཏུ་རིམ་པས་འཁོད་ངེས་ཡིན་པ་ན། འབྲེལ་ཡོད་བོན་གྱི་དོན་གཉེར་མཁྱེན་ལྡན་ལྟ་ཀློག་པ་རྣམས་ཀྱིས་བྲེལ་ལངས་ལྟ་བུའི་ཐུགས་འཚབ་གནང་མི་དགོས་པར་མཁྱེན་ཞུ།

གཞན་ཡང་ལྷག་བསམ་ཅན་གང་མང་ཞིག་གིས་ད་སྔར་བོན་གྱི་ཚིག་མཛོད་དང་གདན་རབས་རྩོམ་སྒྲིག་གྲུབ་པ་འགའ་ཤས་ཡོད་པ་དེ་རྣམས་ད་ལན་ཚིག་མཛོད་འདིའི་ནང་འགོད་པའི་རེ་འདུན་དགོངས་འཆར་སྩོལ་བ་ལྟར། ཞང་བོད་གདན་རབས་རྩོམ་སྒྲིག་པ་སྨན་རིའི་དགེ་བཤེས་ཤེས་རབ་གྲགས་པ་མཆོག་ལ་འབྲེལ་ཞུས་ཀྱིས་ཆོག་མཆན་ལེགས་པར་ཐོབ་པས། འདི་ལོ་༢༠༢༠། སྤྱི་ཟླ་ ༡༡། གི་ཟླ་མཇུག་ནས་ཟླ་བ་གཅིག་ལྷག་རིང་<<ཞང་བོད་གདན་རབས་>>ལས་དགོན་སྡེ་དང་རི་ཁྲོད་ཀྱི་ལོ་རྒྱུས་རྣམས་བསྡུས་སྒྲིག་དང་གནད་དོན་གང་མང་ལ་དགོན་སྡེ་སོ་སོའི་འབྲེལ་ཡོད་ཀྱི་མི་སྣར་བློ་འདྲི་ཞུས་ནས་བསྣོན་ཕྲི་བཅོས་སྒྲིག་གང་དགོས་བྱས་ཏེ། དེ་རྣམས་ཚིག་མཛོད་དུ་འགོད་པར་ཡང་ཡིག་ཆའི་ཁུངས་སོགས་མཆན་འགོད་དགོས་པས། རྩ་འཛིན་མཆན་ཡིག་འགོད་ཐབས་ལྟར་ཕྱི་ལོ་༡༩༥༠ ཡན་གྱི་མི་སྣའི་བརྩམས་ཆོས་ཡིག་ཆའི་ཁུངས་འཚོལ་རྙེད་བྱུང་བའི་དགོན་རི་གཉིས་ཀྱི་ཐ་སྙད་གྲངས་ཉིས་བརྒྱ་ལྷག་ཙམ་ལ་མཆན་ཡིག་བཏབ་ནས་བཀོད་ཡོད་པ་བཅས་སོ། །དགེའོ།། ཐ་ཚན་མུ་ཙུག་སྨར་རོ།། བོན་རྒྱལ་ལོ། །

རྩོམ་སྒྲིག་འགན་འཛིན་འགོ་པ་དགེ་བཤེས་གཡུང་དྲུང་ཡོན་ཏན་ནས། གཡུང་དྲུང་བོན་གྱི་སྨོན་ལམ་ཚིག་མཛོད་རྩོམ་སྒྲིག་ཁང་དུ། ཕྱི་ལོ་༢༠༢༡། ཟླ་བ་༠༡། ཚེས་༠༤། ལ་བྲིས་སོ། །
རྩོམ་སྒྲིག་ཚོགས་ཆུང་། གཡུང་དྲུང་བོན་གྱི་སྨོན་ལམ་ཚིག་མཛོད་རྩོམ་སྒྲིག་ཁང་།

སློབ་སྟོན་པ། ༸རྒྱལ་བ་སྨན་རིའི་ཁྲི་འཛིན།

ལམ་སྟོན་པ། སྨན་རིའི་དགེ་བཤེས་སྨོན་ལམ་མཐར་ཕྱིན།

རྩོམ་སྒྲིག་འགན་འཛིན། འགོ་པ་དགེ་བཤེས་གཡུང་དྲུང་ཡོན་ཏན།

ཚ་རོང་དགེ་བཤེས་སྐལ་བཟང་ཕུན་ཚོགས།

བྱ་རྒོད་འཆི་མེད་གཡུང་དྲུང་།

ཟིང་ཆུ་བློ་གྲོས་བསྟན་དར།

འབྲེལ་ཡོད་ཐུགས་རྗེ་ཆེ་ཞུ་ཡུལ།  

༸རྒྱལ་བ་སྨན་རིའི་མཁན་སློབ་རྣམ་གཉིས།

༸དཔལ་ལྡན་སྨན་རིའི་བླ་སྤྱི།

༸དབུས་གཡུང་དྲུང་བོན་འཛིན་སྐྱོན་ལྷན་ཚོགས།