གཡུང་དྲུང་བོན་གྱི་དྲྭ་རྒྱ།

དཔལ་ལྡན་བླ་མའི་བསྟོད་པ་རང་ཤར་རིག་པའི་སྒྲ་དབྱངས།

དགུན་གྱི་བུ་ཆུང་རབ་ཏུ་ཁྲོས་ཏེ་གྲང་ངར་སྤུ་གྲི་ཕྱོགས་སུ་གཡུག།
ཆབ་ཀྱི་བུ་མོ་སྨྲ་བ་བསྡམས་ཏེ་རེ་ཞིག་སྒོམ་ཆེན་ངང་ཚུལ་བསྐྱངས།།
གོས་དཀར་གྱོན་པའི་རི་ཚོགས་དག་ནི་ཤེལ་གྱི་མཆོད་རྟེན་ཞིག་དང་མཚུངས།།
ནམ་ཟླ་དགུན་གྱི་དུས་ཚིགས་ཤིག་སྟེ་བདག་ཉིད་ཕྱོགས་སུ་གནས་པའི་དུས།། 
ཉི་མ་རེ་ཞིག་ལྷོ་ལ་བཞུད་དེ་མུན་པས་ས་གཞི་གཏུམ་པའི་ཚེ།།
བདག་གི་བླ་མ་ཟླ་བ་གཞོན་ནུ་ཞིང་ཁམས་གཞན་ལ་ཕེབས་སོང་ཞེས།།
མི་འདོད་གཏམ་གྱི་རྣོ་གྲི་དག་གིས་རྣ་བའི་བུ་ག་ཕྱེད་མར་བཏང་།།
ཉེ་འཁོར་དག་ནས་སྐྱོ་བའི་སྨྲེ་ངག་སྟོན་མཐའི་བསིལ་རླུང་བཞིན་དུ་ལྡངས།།
རེ་ཞིག་བདག་ནི་ཧད་དེ་ལུས་ཤིང་མྱུར་དུ་གསོལ་བ་སྙིང་ནས་བཏབ།།
ཀྱེ་མ་དུས་མཐའི་རྣལ་འབྱོར་ཆེན་པོ་འདི་ལྟར་ཞིང་གཞན་གཤེགས་པའི་དུས།།
ཉིད་ཀྱི་འཁོར་སློབ་ཁྲི་ཕྲག་དུ་མ་སྡུག་གི་མཚོ་མོའི་དཀྱིལ་དུ་ལྷུངས།།
ཉི་ཟླ་ཆ་གཅིག་ནུབ་ཏུ་བཞུད་སོང་སྐར་ཚོགས་མུན་པའི་ཀློང་དུ་ཚུད།།
སྐྱབས་མཆོག་བླ་མའི་དགྱེས་ཞལ་དུང་ཟླ་བདག་སེམས་ལྷ་ལམ་མཁའ་རུ་ཤར།།
ཉིད་ཀྱི་མཛད་པའི་ཆ་ཤས་རེ་རེ་ཡང་ཡང་ཡིད་ལ་དྲན་པའི་ཚེ།།
བདག་ལུས་བ་སྤུ་ལང་ལོང་གཡོས་ཤིང་སྐྱོ་བའི་མིག་མཐར་མཆི་མས་བརླན།།
བླ་མ་དྲན་པའི་གདུང་དབྱངས་རིང་མོ་ཚིག་དང་དབྱངས་ཀྱི་རྟ་ལ་བརྒྱུས།།
བདག་གི་བླ་མ་གྲུབ་ཆེན་མཚན་ཅན་ལྔ་སྙིགས་འདུལ་བའི་སྟོན་པ་ཡིན།།
སྐུ་ཡི་ཆེ་བའི་ཆ་ཤས་ཙམ་ཡང་དབྱངས་ཅན་བུ་མོས་ཁྲོལ་བ་མིན།།
འོན་ཀྱང་ཉིད་ཀྱི་སློབ་མ་བདག་ནི་ངག་རིག་སྨྲ་ལ་དགྱེས་པ་དང་།།
བླ་མ་བསྟོད་ན་བྱིན་རླབས་ཆེ་བས་ལས་འདི་ཧུར་དུ་བླངས་པར་བྱས།།
ལྟ་བའི་ཁྱུང་ཆེན་རྩལ་དྲུག་རྫོགས་ཏེ་སྣང་བཞི་སད་པའི་རྒྱལ་སར་བསྙེགས།།
རིག་པའི་སེང་ཆེན་གངས་ལ་འགྱིང་སྟེ་ཐེག་དམན་གཅན་ཚོགས་ཟེལ་གྱིས་མནན།།
སྣང་བ་ཡོད་ཚད་བོན་སྐུར་གཟིགས་ཀྱང་འདུས་བྱས་དགེ་ཚོགས་ཆགས་མེད་མཛད།།
ཕ་རོལ་ཕྱིན་བཅུ་ངང་གིས་རྫོགས་ཀྱང་རྣམ་དག་སྤྱོད་པས་འགྲོ་བ་འདུལ།།
བྱ་བཙལ་རྗེས་མེད་དོན་ལ་གོམས་ཀྱང་སྦྱིན་པ་རྣམ་བཞི་ཆགས་མེད་མཛད།།
ཐབས་མཁས་ཐུགས་རྗེས་འགྲོ་བ་འདུལ་བས་ཕྱོགས་ཀྱི་ལྷ་མིས་མེ་ཏོག་འཐོར།།
འཁོར་འདས་གཉིས་མེད་འུབས་ཏུ་ཆུད་ཀྱང་ལོངས་སྤྱོད་ཚོགས་ཀྱི་འཁོར་ལོ་བསྐོར།།
ཐེག་པའི་རྒྱལ་པོའི་དགོངས་རྩལ་རྫོགས་ཀྱང་ཕྱོགས་མེད་དག་སྣང་རྒྱ་ཆེར་མཛད།།
ཉག་གཅིག་ཐེག་པའི་དགོངས་པ་མངོན་བྱས་འདིར་སྣང་སྟོང་པའི་གཟུགས་སུ་ཤར།།
ཉམ་ཐག་འགྲོ་ལ་གཟིགས་པ་མ་བོར་སྐྱབས་དང་མགོན་གྱི་ཉི་མ་མཛད།།
རྟོག་འགྱུ་དམག་གི་གཡུལ་ངོ་བཟློགས་ཏེ་རིག་པའི་དཔའ་བོས་རྒྱལ་ས་བཟུང་།།
ཤེས་རབ་ཡུམ་གྱི་གཞི་དབྱིངས་ཆེན་པོར་ཐབས་ཀྱི་ཡབ་ཆེན་དགྱེས་བཞིན་བཞུགས།།
རྩོལ་བྲལ་ཆེན་པོའི་ཟབ་གནད་རྟོགས་ཀྱང་ཐུན་བཞིའི་ཉམས་ལེན་ཆགས་མེད་མཛད།།
ལུས་ངག་བྱ་སྤྱོད་ཐ་མལ་མ་སོང་ཇི་བཞིན་ཉིད་ཀྱི་རིག་པས་ཟིན།།
ལྔ་སྙིགས་དུག་མཚོ་དྲག་ཏུ་འཕྱུར་སར་བརྩེ་ཆེན་ཉི་མས་བསྐམས་པར་མཛད།།
བསླབ་གསུམ་འདབ་ལྡན་རྐང་ཐུང་ཚོགས་ཀྱིས་གངས་ཀྱི་རི་སུལ་མཛེས་པར་བྱས།།
ཕྱོགས་མེད་གཟིགས་པའི་སྤྱན་ཟུང་ཡངས་པོས་རི་དགོན་དུ་མ་ཞིག་གསོ་མཛད།།
ལུང་རིགས་འགྲན་པའི་ཁྱུ་ཚོགས་དབུས་ན་ཉིད་ཀྱི་ཐུགས་སྲས་ཟླ་བ་འཛུམ།།
སྒོམ་དང་སྒྲུབ་པའི་དཀྱིལ་འཁོར་ཁྲོད་དུ་ཉིད་ཀྱི་སློབ་འབངས་སྐར་ཚོགས་བཞད།།
ངག་རིག་སྨྲ་བའི་ཚངས་སྲས་ཁྲོད་ན་ཉིད་ཀྱི་ཞལ་སློབ་བྱེ་མའི་རྡུལ།།
དམ་པ་ཁྱེད་ཀྱི་ཐུགས་རྗེས་ཟིན་པའི་འགྲོ་བའི་ཁྱུ་ཚོགས་ནམ་མཁའི་ཁྱོན།།
དམ་པ་ཁྱེད་ཀྱི་སྐུ་ཡི་ཆེ་བ་ཞི་བདེ་རྒྱ་མཚོ་ཆེན་པོའི་འཇིངས།།
ཕྲན་གྱིས་བརྗོད་ནུས་གང་ལ་ཡིན་ཀྱང་རྟེན་འབྲེལ་ཙམ་གྱི་མཆོད་པ་རུ།།
ཐ་སྙད་ཚིག་གི་མེ་ཏོག་འཐོར་བ་རེ་ཞིག་རྫོགས་ཚིག་འདི་ནས་འཇོག།