གཡུང་དྲུང་བོན་གྱི་དྲྭ་རྒྱ།

སྐུ་གདུང་རིན་པོ་ཆེ་ཞུགས་འབུལ་གྱི་མཛད་རིམ་གནས་བསྡུས།

དེ་རིང་ཞོགས་པའི་ཆུ་ཚོད་༦།༠༠པ་ཙམ་ལ་༧ས་གསུམ་ན་འགྲན་པའི་ཟླ་བོ་མ་མཆིས་པ་རྗེ་རྒྱལ་བ་སངས་རྒྱས་སྨན་རི་བའི་ཁྲི་འཛིན་སོ་གསུམ་པ་མཆོག་རེ་ཞིག་དགོངས་པ་བོན་དབྱིངས་སུ་ཐིམ་པའི་རྒྱལ་སྲས་གཡུང་དྲུང་སེམས་དཔའི་སྐུ་གདུང་རིན་པོ་ཆེ་ཞུགས་འབུལ་གྱི་མཆོད་སྤྲིན་རྒྱ་ཆེན་ཞུས་པ།

༢༠༡༧ ཟླ་ ༡༠ ཚེས་ ༡ ཉིན་གྱི་དགོང་མོའི་ཆུ་ཚོད་བཅུ་པ་ནས་ནམ་སྨད་ཆུ་ཚོད་གསུམ་པའི་བར་བླ་སྤྲུལ་དགེ་བཤེས་རྣམས་ཀྱིས་༧རྒྱལ་བ་སྨན་རིའི་བླ་བྲང་དུ་རིག་འཛིན་འདུས་པའི་ཚོགས་འཁོར་རྒྱས་འབུལ་ཞུས་པ།

ཕྱོགས་མཐའ་ཁག་ནས་ཕེབས་པའི་སེར་སྐྱ་མི་མང་ཡོངས་ནས་༧སྐྱབས་རྗེ་༧རྒྱལ་བ་སྨན་རིའི་ཁྲི་འཛིན་རིན་པོ་ཆེའི་གསོལ་འདེབས་དབྱངས་སུ་གྱེར་ནས་སྨན་རིའི་བླ་བྲང་དང་གཙུག་ལག་ཁང་ལ་ཕྱག་སྐོར་བྱས།

༢༠༡༧ ཟླ་ ༩ ཚེས་ ༢ ཉིན་གྱི་སྔ་དྲོའི་ཆུ་ཚོད་༣།༣༠ནས་ཞོགས་པའི་ཆུ་ཚོད་༦།༠༠པའི་བར་དུ་སྐུ་གདུང་མཐོང་གྲོལ་རིན་པོ་ཆེ་ལ་སེར་སྐྱ་མང་ཚོགས་ཡོངས་ཀྱིས་བསྟར་འཕྲེང་སྒྲིག་སྟེ་མཇལ་ཁ་ཞུས།

ཞོགས་པའི་ཆུ་ཚོད་༦།༠༠པ་ཙམ་ནས་བླ་སྤྲུལ་དགེ་འདུན་འདུས་པ་རྒྱ་མཚོ་དང་དད་ལྡན་མང་ཚོགས་ཡོངས་ནས་སེར་འཕྲེང་སྒྲིག་སྟེ་སྐུ་གདུང་རིན་པོ་ཆེ་གདུང་ཁང་དུ་སྤྱན་འདྲེན་ཞུས་པ།

༧སྐྱབས་རྗེ་སྨན་རིའི་དཔོན་སློབ་རིན་པོ་ཆེ་མཆོག་དང་། ཁྲི་བརྟན་ནོར་བུའི་མཁན་རིན་པོ་ཆེ་བསྟན་པ་གཡུང་དྲུང་། སྨན་རིའི་བཤད་སྒྲུབ་མཁན་སློབ་རྣམ་གཉིས། ཁྲི་བརྟན་ནོར་བུ་རྩེའི་སྒྲུབ་གྲྭ་མཁན་རིན་པོ་ཆེ། ཁྲི་བརྟན་ནོར་བུ་རྩེའི་བཤད་སྒྲུབ་མཁན་སློབ་རྣམ་གཉིས། དེ་བཞིན་བླ་སྤྲུལ་དགེ་བཤེས་རྣམས་དང་དགེ་འདུན་མང་ཚོགས་ཡོངས་ནས་ཀུན་རིག་ལས་བཞི་རྒྱུན་ལྔ་ལས་མེ་སྤར་གྱི་ཆོ་ག་སོགས་གསུངས་ནས་སྐུ་གདུང་རིན་པོ་ཆེ་ཞུགས་འབུལ་ཞུས་པ།

༧སྐྱབས་རྗེ་༧རྒྱལ་བ་སྨན་རིའི་དཔོན་སློབ་ཡང་སྟོན་འཕྲིན་ལས་ཉི་མ་རིན་པོ་ཆེ་མཆོག་ནས་སྐུ་གསུམ་མེ་ལྷ་བསྒྲོན་འབུལ་ཞུས་པ།

དེ་ནས་ཕྱོགས་མཐའ་ཁག་ནས་ཆེད་དུ་ཕེབས་པའི་སྐུ་མགྲོན་རྣམས་བཞུགས་གྲལ་དུ་འཁོད་པ་དང་། གྲྭ་ཚང་འདུས་མང་ཡོངས་ནས་བདེན་ཚིག་སྨོན་ལམ་གསུངས་ཤིང་མང་ཇ་རྒྱས་འབུལ་ཞུས།

དེ་རྗེས་༧དབུས་གཡུང་དྲུང་བོན་འཛིན་སྐྱོང་ལྷན་ཚོགས་ཀྱི་དྲུང་ཆེ་དགེ་བཤེས་ཟླ་བ་དར་རྒྱས་ལགས་ཀྱིས་གཙོ་སྐྱོང་མཛད་ཅིང་དབུས་བོད་མིའི་སྒྲིག་འཛུགས་ཀྱི་ཆོས་རིག་བཀའ་བློན་གཡུ་ཐོག་ཀརྨ་དགེ་ལེགས་མཆོག་དང་། བོད་མི་མང་སྤྱི་འཐུས་ཀྱི་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་ལགས། ༧སྐྱབས་རྗེ་སྨན་རིའི་དཔོན་སློབ་ཡང་སྟོན་འཕྲིན་ལས་ཉི་མ་རིན་པོ་ཆེ་མཆོག་བཅས་ནས་༧སྐྱབས་རྗེ་༧རྒྱལ་བ་སྨན་རིའི་ཁྲི་འཛིན་རིན་པོ་ཆེ་མཆོག་གི་སྐུ་ཚེའི་མཛད་རྣམ་དང་འབྲེལ་བའི་བཀའ་སློབ་ཟབ་རྒྱས་གནང་།

ཆེད་དུ་ཕེབས་པའི་སྐུ་མགྲོན་གཙོ་ཁག་ནི། བོད་མི་མང་སྤྱི་འཐུས་ཀྱི་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་ལགས། ཆོས་རིག་བཀའ་བློན་གཡུ་ཐོག་ཀརྨ་དགེ་ལེགས། དཔལ་འབྱོར་བཀའ་བློན་ཀརྨ་ཡེ་ཤེས། བོད་མིའི་སྒྲིག་འཛུགས་ཀྱི་ཁྲིམས་ཞིབ་པ་ཆེ་བ་ཟུར་པ་སྐུ་ངོ་བྱ་དུར་བསོད་ནམས་བཟང་པོ། བཀའ་ཟུར་ཐུབ་བསྟན་ལུང་རིག སྤྱི་འཐུས་སྨོན་ལམ་མཐར་ཕྱིན། སྤྱི་འཐུས་བསྟན་པ་ཡར་འཕེལ། སྤྱི་འཐུས་འཇུ་ཆེན་དཀོན་མཆོག་ཆོས་སྒྲོན། སྤྱི་འཐུས་རྒྱ་རིགས་ཐར། སྤྱི་འཐུས་བ་ར་ཚེ་དབང་བཀྲ་ཤིས། སྤྱི་འཐུས་བློ་བཟང་ཆོས་འབྱོར། སྤྱི་འཐུས་དབྲ་ཙ་བསོད་ནམས་ནོར་བུ། སྤྱི་འཐུས་རྡོ་རྗེ་ཚེ་བརྟན་བཅས་དང་ཆོས་རྒྱུད་ཁག་གི་སྐུ་ཚབ་རྣམས་པ། དེ་བཞིན་དཔལ་འབྱོར་དྲུང་ཆེ་འཕྲིན་ལས་རྒྱ་མཚོ་ལགས་དང་། མདོ་ཁམས་ཆུ་བཞི་སྒང་དྲུག་གི་ཚོགས་གཙོ་གླིང་ཚང་ཚེ་རྡོ་ལགས། དབུས་གཙང་ཆོལ་ཁའི་ཚོགས་གཙོ་བྱམས་པ་ཆོས་འཕེལ་དང་དྲུང་ཆེ་པ་སངས་ལགས། མདོ་སྨད་དབུས་རྒྱུན་གྱི་ཚོགས་གཙོ་དགེ་བཤེས་གངས་རི་ལགས། དྲུང་ཆེ་ཆོས་འཕེལ་ལགས། བདེ་དོན་འགན་འཛིན་ཐུབ་བསྟན་ལགས། ཇོ་ནང་འགྲོ་ཕན་ལྷན་ཚོགས་ཀྱི་ཚོགས་གཙོ་ཚངས་དབྱངས་རྒྱ་མཚོ། སིམ་ལ་ས་གནས་འགོ་འཛིན་ལགས་བཅས་གཞུང་འབྲེལ་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གི་སྐུ་ཚབ་ཕེབས་ཡོད་པ་བཅས་ཀྱི་གནས་བསྡུས་ཙམ་དུ།

པར་པ། གྱེར་ནག་ཚང་།