གཡུང་དྲུང་བོན་གྱི་དྲྭ་རྒྱ།

གསང་གསུམ་བོན་གྱི་མཛོད་འཛིན་༧སྐྱབས་རྗེ་རྒྱལ་བ་སྨན་རིའི་དཔོན་སློབ་ཡང་སྟོན་འཕྲིན་ལས་ཉི་མ་རིན་པོ་ཆེ་མཆོག་བོད་གངས་ཅན་ལྗོངས་སུ་ཞབས་སོར་ཐེངས་དང་པོར་བསྐྱངས་པའི་གནས་ཚུལ།

གངས་དཀར་སྲིད་པའི་རྩེ་ནས་འཁྱིལ་བ་ཡི།།
གངས་རིའི་ཕ་ཆོས་གཡུང་དྲུང་བོན་བསྟན་གྱི།།
གངས་ཆུ་བསིལ་མའི་རྒྱ་མཚོ་འདེགས་པ་པོ།།
གངས་ཅན་མགོན་པོ་རྒྱལ་བ་སྨན་རི་མཆོད།།

མཆོད་པའི་མེ་ཏོག་ཚོམ་བུས་མདུན་ནས་བསུས་ཏེ་སྐབས་དོན་གླེང་བར་འཇུག་པ་ལ། ཕྱི་ལོ་༢༠༡༨ཟླ་༦ཚེས་༢༦ཉིན་གྱི་ཞོགས་པར་༧སྐྱབས་རྗེ་རྒྱལ་བ་སྨན་རི་བའི་དཔོན་སློབ་ཡང་སྟོན་འཕྲིན་ལས་ཉི་མ་རིན་པོ་ཆེ་མཆོག་དང་སྟོན་འཁོར་ལྷན་རྒྱས་གདན་ས་ཆེན་མོ་༧དཔལ་གཤེན་བསྟན་སྨན་རིའི་གླིང་གི་གྲྭ་ཚང་གཉེར་པ་སོགས་ཀྱིས་ཕེབས་བསྐྱེལ་ཞུས་ཏེ་རྒྱ་གར་གྱི་རྒྱལ་ས་ལྡི་ལི་གསར་པར་ཉིན་གུང་ཙམ་དུ་འབྱོར། ཕྱི་ཚེས་༢༧ཉིན་མཁའ་ལམ་བརྒྱུད་ནས་བལ་ཡུལ་རྒྱལ་སའི་གནམ་ཐང་དུ་དཔལ་ལྡན་ཁྲི་བརྟན་ནོར་བུ་རྩེའི་སྤྱི་གཉེར་དགེ་བཤེས་ཤེས་རབ་རིན་ཆེན་དང་། བོན་མ་ཧཱ་སང་གི་དྲུང་ཡིག་དགེ་བཤེས་མཆོག་ལེགས་སོགས་ཀྱིས་ཕེབས་བསུ་ཞུས་ནས་དཔལ་ལྡན་ཁྲི་བརྟན་ནོར་རྩེར་ཞབས་སོར་བདེ་བར་འཁོད་གནང་མཛད། ཕྱི་ཟླ་༧ཚེས་༢ཉིན་བལ་ཡུལ་རྒྱལ་སའི་གནམ་ཐང་དུ་དཔལ་ལྡན་ཁྲི་བརྟན་ནོར་བུ་རྩེའི་གཉེར་པ་དགེ་བཤེས་ཤེས་རབ་རིན་ཆེན་དང་གླིང་ཚང་པ་ཁྲོ་ཚང་གཡུང་དྲུང་འོད་ཟེར་དེ་བཞིན་བལ་ཡུལ་དུ་གནས་བཞུགས་ཨ་མདོ་ཤར་པའི་ཚོང་པ་སོགས་ཚོགས་པ་ཁག་གི་ཚོགས་མི་རྣམས་ཀྱིས་ཕེབས་སྐྱེལ་ཞུས་རྗེས་བལ་ཡུལ་བརྒྱུད་ལྷ་སའི་གོང་དཀར་རྫོང་གི་གནམ་ཐང་དུ་སྐུ་འཁོར་ལྷན་རྒྱས་བདེ་བར་ཕེབས་གནང་མཛད་པ་དང་།

གནམ་ཐང་དེར་རྔ་བ་རྟོགས་ལྡན་དགོན་ནས་གདོང་ལི་སྤྲུལ་སྐུ་ལུང་རྟོགས་བསྟན་པ་རབ་རྒྱས་རིན་པོ་ཆེ་མཆོག་དང་། ཉག་སྤྲུལ་བསོད་ནམས་རྒྱ་མཚོ་རིན་པོ་ཆེ། ཡང་སྟོན་སྤྲུལ་སྐུ་རིན་པོ་ཆེ། རྟོགས་ལྡན་དགོན་དོ་དམ་ཨུ་ཡོན་ལྷན་ཁང་གི་ཚོགས་མི་དང་། དེ་བཞིན་སྤ་ཚང་གི་གྲྭ་འཁོར་ལྡན་ཤེས་རབ་བློ་གྲོས། ཚོང་དཔོན་སྟག་ཕྲུག་སོགས་དད་ལྡན་རྣམས་ནས་ཕེབས་བསུ་ཞུས། ཕྱི་ཚེས་༠༣ཉིན་རྒྱལ་བ་གཤེན་གྱི་གདུང་སྲས་ཆེན་མོ་༧གཤེན་སྲས་ནོར་བུ་དབང་རྒྱལ་རིན་པོ་ཆེ་མཆོག་དང་མཇལ་འཕྲད་གནང་སྟེ་རིན་པོ་ཆེ་རྣམ་གཉིས་ནས་གཡུང་དྲུང་བོན་གྱི་བསྟན་པ་རིན་པོ་ཆེ་སྤྱི་དང་སྒོས་སུ་༧རྒྱལ་བ་སྨན་རི་ཚང་གི་བསྟན་པ་དང་༧ སྐྱབས་རྗེ༧ སྨན་རིའི་ཁྲི་འཛིན་སོ་བཞི་པ་མཆོག་སྨན་རིའི་ཁྲི་འཛིན་དུ་བཀོད་ཕྱོགས་སོགས་ཀྱི་སྐོར་ལ་བཀའ་མོལ་ལྷུག་པོར་གནང་། རྒྱལ་བ་གཤེན་གྱི་ཕོ་བྲང་ངོས་ནས་ཀྱང་རྟེན་འབྲེལ་སྣ་ཚོགས་ཀྱི་སྒོ་ནས་རིན་པོ་ཆེ་སྐུ་འཁོར་ལྷན་རྒྱས་ལ་སྣེ་ལེན་ཟབ་རྒྱས་གནང་།

དེ་རྗེས་༧ཁྲོམ་ཚང་དགོན་པའི་དབུ་བླ་ཞུ་ཚང་ཡོན་ཏན་རྒྱ་མཚོ་མཆོག་དང་། སྨན་རིའི་དགེ་བཤེས་འགོ་བ་བསྟན་འཛིན་འབྲུག་གྲགས་ལགས། དབྲ་ཁྱུང་དགེ་བཤེས་སྐལ་བཟང་ནོར་བུ། སྨན་སྤྲུལ་དགེ་བཤེས་བློ་གྲོས་ཉི་མ། བྲག་མགོ་དགེ་བཤེས་ཚེ་དབང་རྒྱལ་མཚན། སྟག་ཞིག་སྤྲུལ་སྐུ་ཡེ་ཤེས་ཉི་མ་སོགས་༧སྐྱབས་རྗེ་རིན་པོ་ཆེའི་དངོས་སློབ་གཙོས་ལྷ་སར་ཡོད་པའི་དད་ལྡན་བོན་འབངས་བརྒྱ་ཕྲག་ཁ་ཤས་ཀྱིས་མཇལ་བཅར་ཞུས་ནས་གནའ་བོའི་བོན་གྱི་ལོ་རྒྱུས་ལྡན་པའི་དགོན་ཤུལ་སྟོད་ལུང་འབྲི་ལུང་དགོན་གྱི་སྲིད་རྒྱལ་ལྷ་ཁང་དུ་མཆོད་མཇལ་དང་འཕྲིན་བཅོལ་དང་བསྟན་རྒྱས་སྨོན་ལམ་གསུངས་གྲུབ་ནས་ཞང་ཞུང་མེ་ཏོག་ལྡུམ་ར་དང་ཞང་ཞུང་མེ་ཏོག་ལྡུམ་རའི་ཟམ་ཆེན་སོགས་ལ་གཟིགས་སྐོར་དུ་ཕེབས་གནང་མཛད།

ཕྱི་ཚེས་༤ཉིན་སྐབས་འཕྲལ་གྱི་གནས་ཚུལ་ལ་བསྟུན་ནས་ལྷ་སའི་གོང་དཀར་གནམ་ཐང་གི་གསོལ་མགྲོན་ཁང་ཞིག་ཏུ་༧སྣང་ཞིག་སྐྱབས་མགོན་སྐལ་བཟང་བློ་གྲོས་རྒྱ་མཚོ་རིན་པོ་ཆེ་མཆོག་དང་། སྣང་དགོན་དོ་དམ་ཨུ་ཡོན་ལྷན་ཁང་གི་འགོ་གཙོ་གཞོན་པ་ཨ་ཁུ་དཀོན་གོ། སྣང་དགོན་གཉེར་བ་ཤེས་རབ་བསམ་གཏན་སོགས་ལྷ་སར་གནས་སྡོད་ཀྱི་སྣང་ཞིག་ཚོང་པ་མང་ཚོགས་ཀྱིས་མཇལ་བཅར་དང་ཉིན་གུང་གསོལ་ཚིགས་རྒྱས་འབུལ་ཞུས་རྗེས་གཞིས་ཀ་རྩེ་རུ་ཕེབས་གནང་མཛད།

ཕྱི་ཚེས༠༥ཉིན་གཤེན་གྱི་༧གདན་ས་གཤེན་དར་ལྡིང་དུ་ཆིབས་ཐོན་མཛད་གནང་སྐབས་ཀྲུའུ་རིན་ཤེས་རབ་ཚུལ་ཁྲིམས་དང་། རྒན་ཉི་མ་འོད་ཟེར། གཡུང་དྲུང་མི་འགྱུར་སོགས་བླ་གྲྭ་སྐྱ་སེར་རྣམས་ནས་ཕེབས་བསུ་ཟབ་རྒྱས་གནང་བར་མ་ཟད། གཤེན་དར་ལྡིང་གི་ནང་རྟེན་དང་གཤེན་ཚང་གསེར་སྒོ་ཁྲ་མོའི་རྟེན་གསུམ་སོགས་ལ་མཇལ་ཁ་དང་ཉིན་གུང་གསོལ་ཚིགས་གྲུབ་ནས་སྐྱ་སེར་མང་ཚོགས་ལ་མཇལ་ཁ་གནང་།

ཕྱི་ཚེས་༠༦ཉིན་༧བོན་གྱི་གྲྭ་ས་གོང་མ་བཀྲ་ཤིས་སྨན་རིའི་དགོན་དུ་ཕེབས་ཐོན་གནང་ནས་རྗེ་མཉམ་མེད་པའི་སྐུ་གདུང་ལྷ་ཁང་དུ་རྒྱལ་བ་མཉམ་མེད་ཆེན་པོའི་གསེར་གདུང་རིན་པོ་ཆེར་མཇལ་ཁ་དང་སྟོན་པའི་ཚེམས་དུང་དང་སྨན་རིའི་མཁན་རབས་རིམ་བྱོན་གྱི་དབུ་གཡང་དང་རིང་སྲེལ་སོགས་སྨན་རིའི་རྟེན་གསུམ་རྣམས་ལ་མཇལ་ཁ་དང་དད་རྟེན་དུ་གསེར་ཟངས་ལས་གྲུབ་པའི་རྗེ་རིན་པོའི་ཆེའི་སྐུ་བརྙན་སྤུས་ལེགས་གཟུངས་གཞུག་དང་བཅས་པ་རྟེན་བཞག་བསྩལ་མཛད་གནང་།

དེ་ནས་༧བོན་གྱི་གྲྭ་ས་བར་མ་གཡས་རུ་མཁར་སྣ་དགོན་དུ་བླ་མ་ཤེས་རབ་སྨོན་ལམ་རིན་པོ་ཆེ་གཙོས་བླ་གྲྭ་ཐུན་མོང་ནས་ཕེབས་བསུ་ཟབ་རྒྱས་ཞུས་ཤིང་དབུས་ཀྱི་བཞུགས་ཁྲིར་འཁོད་མཚམས་བླ་མའི་མཆོད་པ་རྣམ་དག་འགྱུར་མེད་ཀྱི་གཞུང་ལྟར་མཎྜལ་སྐུ་གསུང་ཐུགས་རྟེན་འདེགས་འབུལ་དང་རིན་པོ་ཆེ་ཉིད་ནས་གྲྭ་ཚང་ལ་བསྙེན་བཀུར་མང་ཇ་དང་སྐུ་ཡོན་གྱི་མཆོད་སྤྲིན་ཕུལ། རྟེན་སྐལ་དུ་གསེར་ཟངས་ལས་གྲུབ་པའི་རྗེ་རིན་པོ་ཆེའི་སྐུ་བརྙན་ཞིག་ཕུལ་གནང་མཛད། དེ་ནས་སྟོན་འཁོར་ལྷན་རྒྱས་ཀྱིས་གཡས་རུ་དབེན་ས་ཁའི་དགོན་ཤུལ་དུ་བསྟན་པ་རྒྱས་པའི་སྨོན་ལམ་གསུངས་ནས་

༧བོན་གྱི་གྲྭ་ས་འོག་མ་རབ་ལེགས་གཡུང་དྲུང་གླིང་དུ་ཕེབས། དེར་གདན་སའི་མཁན་རབས་བཅུ་གཅིག་པ་༧མཁན་ཆེན་ཚུལ་ཁྲིམས་བསྟན་འཛིན་དབང་རྒྱལ་རིན་པོ་ཆེ་མཆོག་དང་༧གཡུང་དྲུང་གླིང་གི་དཔོན་སློབ་སྐལ་བཟང་ཚེ་དབང་རིག་འཛིན་རིན་པོ་ཆེ་རྣམ་གཉིས་གཙོས་དགེ་འདུན་མང་ཚོགས་ནས་སེར་འཕྲེང་ཟབ་རྒྱས་ཀྱི་སྒོ་ནས་གཤེན་རབ་མཆོད་རྔའི་མཆོད་པ་ཕུལ་ཞིང་། འདུལ་ཁང་གི་གསེར་ཁྲིར་མངའ་གསོལ་དང་༧སྐྱབས་རྗེ་གཡུང་དྲུང་གླིང་གི་མཁན་རིན་པོ་ཆེ་མཆོག་ནས་མཎྜལ་སྐུ་གསུང་ཐུགས་རྟེན་འདེགས་འབུལ་མཛད་གནང་བ་དང་གྲྭ་ཚང་ལ་བསྙེན་བཀུར་མང་ཇ་དང་སྐུ་ཡོན་གྱི་མཆོད་སྤྲིན་འབུལ་གནང་མཛད། དགོན་པར་གསེར་ཟངས་ལས་གྲུབ་པའི་རྗེ་རིན་པོ་ཆེའི་སྐུ་བརྙན་སྤུས་ལེགས་ཞིག་རྟེན་སྐལ་དུ་འཇོག་གནང་མཛད། ཚོགས་ཁང་གསར་པར་འདུས་སྡེ་མང་ཚོགས་འཚོགས་པ་ཐེངས་དང་པོ་ཡིན་གསུངས་ནས་རྟེན་འབྲེལ་ལེགས་ཞེས་མཁན་ཆེན་མཆོག་ནས་གསུངས། དེ་ནས་རབ་ལེགས་གཡུང་དྲུང་གླིང་གི་བླ་བྲང་དུ་ཉིན་གུང་གསོལ་ཚིགས་དང་གདན་ས་དེའི་ཕྱི་ནང་གི་བཀོད་པ་སོགས་ལ་གཟིགས་སྐོར་མཛད། ཕྱི་ཚེས་༧ཉིན་གཞིས་ཀ་རྩེ་ནས་ཕེབས་ཐོན་གནང་ནས་གཡུང་དྲུང་བོན་གྱི་སྐྱེས་ཆེན་གོང་མ་རྣམས་ཀྱི་བྱིན་གྱིས་རླབས་པའི་གནས་མཚོ་ཡར་འབྲོག་གཡུ་མཚོའི་ཁར་༧སྐྱབས་རྗེ་བདེ་བར་གཤེགས་པ་༧རྒྱལ་བ་སྨན་རིའི་ཁྲི་འཛིན་སོ་གསུམ་པ་རིན་པོ་ཆེ་མཆོག་གི་སྐུའི་གདུང་ཐལ་དང་གདུང་རུས་སོགས་བདུད་རྩི་སྔོན་མོའི་བཅུད་དུ་ཕུལ་ཅིང་བསྔོ་སྨོན་གསོལ་འདེབས་སོགས་ཞུས། ཕྱི་ཚེས་༨ཉིན་ཕྱིར་ལྷ་སར་ཕེབས་ཏེ་ཕོ་བྲང་པོ་ཏ་ལའི་ཕྱི་ནང་གི་བཀོད་པ་དང་ལྷ་སའི་མཛེས་ལྗོངས་སོགས་ལ་གཟིགས་སྐོར་དང་རྒྱལ་རོང་༧མཚོ་སྟེང་དགོན་གྱི་སློབ་དཔོན་དགེ་བཤེས་ཤེས་རབ་གྲགས་པ་མཆོག་དང་ཟིང་ཆུ་༧དགའ་མལ་དགོན་ཆེན་གྱི་སློབ་དཔོན་དགེ་བཤེས་ཤེས་རབ་མཐར་ཕྱིན་དགེ་བཤེས་བསྟན་འཛིན་དབང་ལྡན་སོགས་ལ་མཇལ་ཁ་གནང་། ཕྱི་ཚེས་༩ཉིན་རྒྱལ་བ་གཤེན་རབ་མི་བོའི་ཐུགས་སྤྲུལ་གནས་མཆོག་ཀོང་པོ་བོན་རིའི་ཕྱོགས་སུ་ཕེབས་ཐོན་མཛད།

ཕྱི་ཚེས་༡༠ཉིན་༧སྐྱབས་རྗེ་སྐུ་འཁོར་རྣམས་ཐུགས་སྤྲུལ་བོན་རི་རིན་པོ་ཆེར་ཞབས་སྐོར་དུ་ཕེབས་ནས་ཀུན་བཟང་ཐུགས་ཀར་༧སྐྱབས་རྗེ་བདེ་བར་གཤེགས་པ་མཆོག་གི་སྐུའི་གདུང་ཐལ་དང་གདུང་རུས་གདུང་ཚྭ་བཅས་ཉེ་བར་གནས་པའི་བོན་འབངས་ཡོངས་ཀྱི་དད་རྟེན་དུ་འབུལ་གནང་མཛད་ཅིང་ཏ་པི་ཧྲི་ཙའི་གསོལ་འདེབས་སོགས་གསུངས་གནང་མཛད། དེར་དད་ལྡན་འགའ་ལ་ཚེ་རིང་སྐྲ་བཅད་དང་། བསྔོ་སྨོན་དང་འཕོ་བ་སོགས་གསུངས་གནང་མཛད། འོད་ཟེར་འཇའ་ལམ་དུ་ཚ་རོང་དང་། སྦྲ་ཆེན། སྟེང་ཆེན། སྡེ་དགེ། རྔ་བ། ཀོང་པོ་སོགས་ཀྱི་མཇལ་བཅར་བ་མང་ཚོགས་ཀྱིས་གསོལ་ཇ་འདེགས་འབུལ་དང་མཇལ་ཁ་ཞུས།

ཕྱི་ཚེས་༡༡ཉིན་ཀོང་པོ་སྟག་རྩེ་དགོན་གྱི་བླ་མ་སྐལ་བཟང་ཉི་མ་རིན་པོ་ཆེ་མཆོག་གཙོས་བླ་གྲྭ་སྐྱ་སེར་ཐུན་མོང་གིས་ཕེབས་བསུ་ཟབ་རྒྱས་དང་མཎྜལ་སྐུ་གསུང་ཐུགས་རྟེན་འདེགས་འབུལ་ཞུས། དེ་ནས་ཀོང་པོ་སྟག་བྲོ་སར་དབུ་རི་བླ་མ་དགེ་བཤེས་སྦྱིན་པ་བསྟན་འཛིན་རིན་པོ་ཆེ་མཆོག་ནས་ཇི་ལྟར་གསོལ་བ་བཏབས་པ་བཞིན་སྟག་བྲོ་སའི་དགོན་པར་གཟིགས་སྐོར་དང་དེར་བཞུགས་དགེ་འདུན་པ་འགའ་ལ་དྲང་སྲོང་གི་སྡོམ་པ་གནང་། དེ་བཞིན་སྟོན་པ་ཐུགས་རྗེ་ཅན་གྱིས་བྱིན་གྱིས་བརླབས་པའི་སྟོན་པའི་སྐུ་ཤུག་སོགས་ལ་གནས་མཇལ་གྲུབ་ནས་ཕྱིར་ལྷ་སར་ཕེབས་གནང་མཛད།

ཕྱི་ཚེས་༡༢ཉིན་ལྷ་སའི་གཙུག་ལག་ཁང་དུ་མཆོད་མཇལ་དང་གཟིགས་སྐོར་གྲུབ་ནས་མདོ་སྨད་མཁས་པའི་དབང་པོ་༧བོན་བརྒྱ་དགེ་ལེགས་ལྷུན་གྲུབ་རྒྱ་མཚོ་རིན་པོ་ཆེ་མཆོག་གི་སྐུ་ཚབ་དང། བོན་བརྒྱ་དགོན་གྱི་སྐུ་ཚབ་མཁན་ཟུར་དགེ་བཤེས་ཡེ་ཤེས་བློ་གྲོས་དང་ཤར་སྟེང་བསམ་གཏན་རྒྱ་མཚོ། ༧ཁྱུང་མོ་དགོན་གྱི་དབུ་བླ་ཁྱུང་མོ་སྟོབས་ལྡན་དབང་ཕྱུག་རིན་པོ་ཆེ་མཆོག་དང་རྩེ་ཞིག་དྲུང་རམས་པ་བླ་མ་ཤེས་རབ་རྣམ་རྒྱལ་མཆོག སེ་བརྒྱ་སྔགས་འཆང་ཨ་ལགས་སྐལ་བཟང་རྒྱ་མཚོ། རེབ་གོང་བོན་མང་འདུས་སྤྱིའི་སྐུ་ཚབ་རྣམས་དང་། མཚོ་ལྷོ་ཕྱོགས་ནས། དུང་དཀར་དགོན། རྐ་སར་བོན་མང། སྟོང་ཆེ་བོན་མང། རྨེའུ་ཚང་གོང་བ་བོན་མང། ཀོས་ནན་ནས་ཁྱུང་སྨན་དགོན། བོན་བརྒྱ་འབྲོག་གི་བོན་མང། སྟོང་སྐོར་བོན་མང། དཔོན་ཚང་བོན་མང། འབའ་རྫོང་ནས་སེ་བཟའ་བོན་མང་གི་སྐུ་ཚབ་དང། དེ་བཞིན་རེབ་གོང་ཕྱོགས་ནས། མག་སར་བོན་མང། བོན་བརྒྱ་བོན་མང་གི་སྐུ་ཚབ་དང། རེབ་གོང་བོན་མང་ནང་ཁུལ་ནས། སྤྱི་རྟིང་བོན་མང་དང། ཧོར་ནག་བོན་མང། སྨད་པ་ཁྱུང་པོ་བོན་མང། གླིང་རྒྱ་བོན་མང། དར་གྲོང་བོན་མང། ཞོ་འཕང་ཉིན་ཐ་བོན་མང། རྩེ་ཁོག་སོ་ནག་བོན་དགོན། ཆོས་ལུང་བོན་མང། གཅན་ཚ་ཞྭ་ཁྲའི་བོན་མང་གི་སྐུ་ཚབ་དང། མཚོ་ཤར་ཕྱོགས་ནས་བ་ལུང་བོན་མང་དང། ཤར་སྟེང་བོན་མང། དོ་ཤེས་བོན་མང། སྟོང་ཁྱུང་དགོན་པ། སྐྱ་ཡེ་སྔས་མགོ་འདུས་སྡེའི་སྐུ་ཚབ་བཅས་འདུས་སྡེ་མང་པོའི་འཐུས་ཚབ་སོགས་དད་ལྡན་མང་ཚོགས་ལ་མཇལ་ཁ་གནང་། ཕྱི་ཚེས་༡༣ཉིན་ལྷ་ས་ནས་ཕེབས་ཐོན་གྲུབ་ནས་གྲུབ་ཆེན་གོང་མ་སྟོང་རྒྱུང་མཐུ་ཆེན་སོགས་ཀྱིས་བྱིན་གྱིས་རླབས་པའི་གནས་མཚོ་བྱང་གི་གནམ་མཚོ་ཕྱུག་མོར་ཕེབས་ནས་༧སྐྱབས་རྗེ་བདེ་བར་གཤེགས་པ་༧རྒྱལ་བ་སྨན་རིའི་ཁྲི་འཛིན་སོ་གསུམ་པ་རིན་པོ་ཆེ་མཆོག་གི་གདུང་ཐལ་གདུང་རུས་སོགས་གནམ་མཚོ་ཕྱུག་མོར་ཕུལ་ནས་འབྲེལ་ཐོགས་ཀྱི་སེམས་ཅན་རྣམས་ལ་བསྔོ་སྨོན་རྣམ་དག་གིས་རྒྱས་འདེབས་མཛད་།

ཕྱི་ཚེས་༡༤ཉིན་སྦྲ་ཆེན་རྫོང་ཕྱོགས་སུ་ཕེབས་ཐོན་གནང་བ་དང་། ༧སྤ་ཚང་དགོན་གྱི་མཚན་ཉིད་རྒན་ལགས་དགེ་བཤེས་བློ་གྲོས་རྒྱལ་མཚན་མཆོག་དང་དགོན་པའི་འགན་འཁུར་བ་ཡོན་ཏན་རྒྱལ་མཚན་མཆོག་དང་བླ་གྲྭ་ཐུན་མོང་ནས་སེར་འཕྲེང་དང་༧སྐྱབས་རྗེ་མཆོག་ནས་གྲྭ་ཚང་ལ་བསྙེན་བཀུར་མང་ཇ་དང་སྐུ་ཡོན་གྱི་མཆོད་སྤྲིན་འབུལ་གནང་མཛད། སྐབས་དེར་སྨན་རིའི་བཤད་སྒྲུབ་མཁན་ཟུར་དགེ་བཤེས་གཤེན་བསྟན་རབ་གསལ་མཆོག་དང་། སྤུ་བླ་བླ་མ་དགེ་བཤེས་བཤད་སྒྲུབ་ཉི་མ་རིན་པོ་ཆེ་རྣམ་གཉིས་ནས་མཇལ་བཅར་ཞུས་རྗེས་ཁྱུང་པོ་སྟེང་ཆེན་ཕྱོགས་སུ་ཕེབས། ཕྱི་ཚེས་༡༥ཉིན་བོན་གྱི་འདུས་སྡེ་ཆེན་མོ་༧ཁྱུང་པོ་རི་རྩེ་དྲུག་དུ་ཕེབས་ཏེ་རྩེ་དྲུག་དགོན་གྱི་བླ་མ་ཐེག་མཆོག་འོད་ཟེར་རྒྱལ་མཚན་རིན་པོ་ཆེ་མཆོག་དང་། རྩེ་དྲུག་སློབ་དཔོན་ལུང་རྟོགས་བསྟན་པའི་རྒྱལ་མཚན་རིན་པོ་ཆེ། སྒོམ་གྲྭའི་མཁན་པོ་ཚུལ་ཁྲིམས་རབ་རྒྱས་རྣམ་དག་རྣམས་ནས་མཇལ་དར་གྱིས་སྣེ་དྲངས་ཏེ་གྲྭ་ཚང་གིས་སེར་འཕྲེང་དང་། གཤེན་རབ་མཆོད་རྔ་ཕུལ་བ་དང་ཆེས་ངོ་མཚར་ལྡན་པའི་གླིང་ཆེན་པོ་འདིའི་ཕྱི་ནང་ཀུན་ཏུ་དྲི་བསང་སྤོས་ཀྱིས་ཁྱབ་པ་དང་སྟག་སེང་གི་དགྱེས་གར་སོགས་ཀྱི་སྒོ་ནས་གདན་འདྲེན་ཞུས་ནས་འདུལ་ཁང་གི་གསེར་ཁྲི་ཆེན་མོར་བཞུགས་གནང་མཛད་དེ་བླ་མའི་མཆོད་པའི་ཆོ་གའི་སྒོ་ནས་མཎྜལ་སྐུ་གསུང་ཐུགས་རྟེན་འདེགས་འབུལ་དང་སེར་སྐྱ་མང་ཚོགས་ལ་མཇལ་ཁ་གནང་། དེ་ནས་ཉིན་གུང་གསོལ་ཚིགས་གྲུབ་ནས་སེར་སྐྱ་མང་ཚོགས་དང་ལྷན་རྩེ་དྲུག་དགོན་གྱི་རྩེ་སྐོར་ལ་གནས་མཇལ་དུ་ཕེབས་པ་དང་སྟོན་པའི་ཐུགས་ཀྱི་གཉེར་དཔོན་བླ་ཆེན་པོ་དྲན་པ་ནམ་མཁའི་སྒྲུབ་ཕུག་སོགས་སྔོན་བྱོན་གྲུབ་ཆེན་རྣམས་ཀྱིས་གྲུབ་པའི་རྟགས་ལས་ཐོན་པའི་ཕྱག་རྗེས་དང་ཞབས་རྗེས་སོགས་ལ་མཇལ་ཁ་ཞུས་རྗེས་རྩེ་དྲུག་དུར་ཁྲོད་དུ་བསྔོ་སྨོན་རྒྱས་པ་དང་འཕོ་བ་འཇའ་གུར་མ་སོགས་གསུངས།

དེ་རྗེས་ཁྱུང་པོ་བཟོད་པ་རིན་པོ་ཆེའི་གདན་ས་༧གཡུང་དྲུང་དཔལ་རི་དགོན་དུ་ཕེབས་ནས་བླ་མ་ཚུལ་ཁྲིམས་མཐར་ཕྱིན་རིན་པོ་ཆེ་མཆོག་དང་། དགེ་བཤེས་རྣམ་དག་གཙུག་ཕུད་སོགས་སྐྱ་སེར་རྣམས་ཀྱིས་ཕེབས་བསུ་ཟབ་རྒྱས་དང་མཎྜལ་སྐུ་གསུང་ཐུགས་རྟེན་འདེགས་འབུལ་ཞུས་། ༧སྐྱབས་རྗེ་རིན་པོ་ཆེ་མཆོག་ནས་དགེ་འདུན་འདུས་མང་ལ་བསྙེན་བཀུར་མང་ཇ་དང་སྐུ་ཡོན་གྱི་མཆོད་སྤྲིན་གནང་། དེར་བཞུགས་གྲྭ་བཙུན་མང་པོས་གཙང་གཙུག་དང་དྲང་སྲོང་གི་སྡོམ་པ་ཞུས། དེ་རྗེས་༧ཁྱུང་པོ་ཀོ་རྒྱལ་དགོན་ཆེན་དུ་ཕེབས་ཏེ་ཀོ་རྒྱལ་དགོན་གྱི་དབུ་བླ་དབྲ་སྲས་མཁྱེན་རབ་རྒྱ་མཚོ་རིན་པོ་ཆེ་མཆོག་དང་། བཤད་སྒྲུབ་སློབ་དཔོན་དགེ་བཤེས་ཡོན་ཏན་ཕུན་ཚོགས་མཆོག་དང་། སྒྲུབ་གྲྭའི་མཁན་པོ་དགེ་ལེགས་ཚུལ་ཁྲིམས་རིན་པོ་ཆེ་གཙོས་བླ་གྲྭ་ཡོངས་ནས་ཕེབས་བསུ་ཟབ་རྒྱས་ཞུས་ནས་འདུལ་ཁང་དུ་གསེར་ཁྲིར་མངའ་གསོལ་དང་མཎྜལ་སྐུ་གསུང་ཐུགས་རྟེན་འདེགས་འབུལ་ཞུས། གྲྭ་ཚང་ལ་བསྙེན་བཀུར་མང་ཇ་དང་སྐུ་ཡོན་གྱི་མཆོད་སྤྲིན་འབུལ་གནང་མཛད་པ་དང་ཕྱོགས་མང་པོ་ནས་བཅར་བའི་དད་ལྡན་བརྒྱ་ཕྲག་མང་པོར་མཇལ་ཁ་གནང་།

དེ་ནས་༧ཁྱུང་པོ་སྟེང་ཆེན་དགོན་དུ་སྟེང་ཆེན་དགོན་གྱི་དབུ་བླ་འོད་ཟེར་སྦྱིན་པ་ཕུན་ཚོགས་རིན་པོ་ཆེ་མཆོག་དང་སྟེང་ཆེན་སློབ་དཔོན་དགེ་བཤེས་རྒྱལ་བ་བསྟན་འཛིན་མཆོག་སྒྲུབ་གྲྭའི་མཁན་པོ་དགེ་བཤེས་འཕགས་མཆོག་སེམས་དཔའ་སྤྲུལ་སྐུ་བསྟན་འཛིན་བཟོད་པ་སོགས་བླ་གྲྭ་སྐྱ་སེར་རྣམས་ནས་ཕེབས་བསུ་ཟབ་རྒྱས་དང་འདུལ་ཁང་དུ་གསེར་ཁྲིར་མངའ་གསོལ་དང་མཎྜལ་སྐུ་གསུང་ཐུགས་རྟེན་འདེགས་འབུལ་དང་༧མང་རི་དགོན་གྱི་དབུ་བླ་དགེ་བཤེས་བསོད་ནམས་གཡུང་དྲུང་མཆོག་དང་༧ཁྱུང་མོ་དགོན་གྱི་སློབ་དཔོན་དགེ་བཤེས་བཟོད་པ་འགྱུར་མེད་སོགས་སྐྱ་སེར་ཡོངས་ལ་མཇལ་ཁ་གནང་། དེ་ནས་༧ཁྱུང་པོ་རི་ཁྲོད་དགོན་དུ་དགེ་བཤེས་བློ་གྲོས་རབ་གསལ་མཆོག་དང་བླ་མ་གནམ་གསས་གྲགས་པ་མཆོག་སོགས་དགེ་འདུན་འདུས་མང་ཡོངས་ནས་ཕེབས་བསུ་ཟབ་རྒྱས་དང་མཎྜལ་སྐུ་གསུང་ཐུགས་རྟེན་འདེགས་འབུལ་ཞུས་རྗེས། འདུས་མང་ཡོངས་ལ་འཕོ་བ་འཇའ་གུར་མའི་བཀའ་ལུང་སོགས་བསྩལ་གནང་མཛད།

ཕྱི་ཚེས་༡༦ཉིན་༧ཁྱུང་ནག་བསམ་གཏན་གླིང་དུ་བླ་མ་བསམ་གཏན་དགེ་ལེགས་མཆོག་གིས་གཙོས་སྐྱ་སེར་མང་ཚོགས་ནས་ཕེབས་བསུ་དང་། གཙུག་ལག་ཁང་གི་གསེར་ཁྲིར་མངའ་གསོལ་དང་མཎྜལ་སྐུ་གསུང་ཐུགས་རྟེན་འདེགས་འབུལ་ཞུས། དེ་བཞིན་༧སྐྱབས་རྗེ་མཆོག་ནས་འདུས་མང་ལ་བསྙེན་བཀུར་མང་ཇ་དང་སྐུ་ཡོན་མཆོད་སྤྲིན་འབུལ་གནང་མཛད་ཅིང་། དགོན་དེའི་རྟེན་དང་བརྟེན་པ་བཅས་ལ་རབ་གནས་སོགས་གྲུབ་ནས་༧ཁྱུང་པོ་ཀ་ལེགས་དགོན་དུ་ཕེབས་ནས་ཀ་ལེགས་བླ་མ་གཡུང་དྲུང་འོད་ཟེར་རྒྱལ་མཚན་མཆོག་དང་། དགེ་བཤེས་བསྟན་འཛིན་སྐལ་བཟང་མཆོག དགེ་བཤེས་བསྟན་འཛིན་སྦྱིན་པ་མཁའ་འགྲོ་མ་གཡུང་དྲུང་ལྷ་མཆོག་སོགས་བླ་གྲྭ་མང་ཚོགས་ནས་ཕེབས་བསུ་དང་ཀ་ལེགས་དགོན་གྱི་གསས་ཁང་གསར་པའི་ཕྱི་ནང་ཀུན་ལ་མངའ་དབུལ་རབ་གནས་སོགས་མཛད་གནང་གྲུབ།

དེ་རྗེས་༧ལྡོང་རྫོང་བཙུན་མའི་དགོན་དུ་རྩེ་དྲུག་སློབ་དཔོན་ལུང་རྟོགས་བསྟན་པའི་རྒྱལ་མཚན་རིན་པོ་ཆེ་མཆོག་དང་ལྡོང་རྫོང་བཙུན་མའི་མཁན་མོ་ཚུལ་ཁྲིམས་རྒྱལ་མོ་སོགས་བཙུན་མ་རྣམས་ཀྱིས་སེར་འཕྲེང་ཟབ་རྒྱས་དང་གསེར་ཁྲིར་མངའ་གསོལ་ཞུས་ཏེ་མཎྜལ་སྐུ་གསུང་ཐུགས་རྟེན་སོགས་འདེགས་འབུལ་གནང་ནས་རྩེ་དྲུག་སློབ་དཔོན་རིན་པོ་ཆེ་མཆོག་ནས་རིན་ཆེན་གསེར་ལས་གྲུབ་པའི་རྒྱལ་བའི་བཀའ་རིན་པོ་ཆེ་བཞེངས་སྐྲུན་གནང་བཞིན་པའི་གསེར་བྲིས་རྣམས་སྤྱན་འབུལ་ཞུས་ནས་དགོན་པའི་ཕྱི་ནང་ཀུན་ལ་རབ་གནས་སོགས་བཀའ་དྲིན་བསྐྱངས། དེ་རྗེས་༧ཁྱུང་པོ་བྱ་ཟེ་དགོན་དུ་ཕེབས་ནས་བླ་མ་ཤེས་རབ་བསྟན་འཛིན་རིན་པོ་ཆེ་མཆོག་གཙོས་པའི་སྐྱ་སེར་མང་ཚོགས་ནས་ཕེབས་བསུ་ཟབ་རྒྱས་ཞུས་པ་དང་དགེ་འདུན་པ་ཡོངས་ལ་བསྙེན་བཀུར་མང་ཇ་དང་སྐུ་ཡོན་སོགས་ཕུལ། དེ་ནས་བླ་གྲྭ་རྣམས་ལ་འདུལ་བའི་སྤྱོད་ལམ་སོགས་ཀྱི་སྒོ་ནས་བླང་དོར་གྱི་བཀའ་སློབ་གནང་ནས་ཚོགས་ཁང་གི་ཕྱི་ནང་ཀུན་ལ་རབ་གནས་སོགས་གནངས།

༧སྒང་རུ་དར་རྒྱས་དགོན་དུ་ཞབས་སོར་བཀོད་ནས་དབུ་བླ་དགེ་བཤེས་དབྲ་ཁྱུང་སྐལ་བཟང་ནོར་བུ་རིན་པོ་ཆེ་མཆོག་དང་སྒྲུབ་གྲྭའི་མཁན་པོ་དགེ་བཤེས་ཚུལ་ཁྲིམས་ལེགས་ལྡན་བཤད་གྲྭའི་མཁན་པོ་སྐལ་བཟང་འཕྲིན་ལས་སོགས་བླ་གྲྭ་དགེ་བཙུན་རྣམས་ནས་སེར་འཕྲེང་ཟབ་རྒྱས་དང་མཎྜལ་སྐུ་གསུང་ཐུགས་རྟེན་སོགས་འདེགས་འབུལ་གྲུབ་པ་དང། ༧སྐྱབས་རྗེ་མཆོག་ནས་བསྙེན་བཀུར་མང་ཇ་དང་སྐུ་ཡོན་སོགས་ཀྱི་མཆོད་སྤྲིན་ཕུལ། དེ་ནས་ལོ་ངོ་བཅོ་བརྒྱད་ལྷག་སྐུ་མཚམས་ལ་བཞུགས་པའི་སྨན་རིའི་དགེ་བཤེས་མཚམས་པ་གཡུང་དྲུང་རྒྱལ་མཚན་མཆོག་གིས་ཇི་ལྟར་གསོལ་བ་བཏབ་པ་བཞིན་ཅོང་རི་རི་ཁྲོད་དུ་ཞབས་སོར་བཀོད་ནས་མཚམས་པ་དགེ་བཤེས་གཡུང་དྲུང་རྒྱལ་མཚན་རིན་པོ་ཆེ་མཆོག་གིས་གཙོས་འབྲེལ་ཡོད་མི་མང་རྣམས་ནས་ཕེབས་བསུའི་སེར་འཕྲེང་ཟབ་རྒྱས་ཞུས། གཙུག་ལག་ཁང་གི་གསེར་ཁྲིར་མངའ་གསོལ་དང་མཎྜལ་སྐུ་གསུང་ཐུགས་རྟེན་སོགས་ཕུལ་རྗེས་སྐྱ་སེར་རྣམས་ལ་མཇལ་ཁ་གནང་། དེ་རྗེས་ཅོང་རི་རི་ཁྲོད་དུ་གཟིགས་སྐོར་སོགས་སྐབས་དང་དུས་སུ་བབ་པའི་ཁྱུང་ཡུལ་གྱི་འགྲོ་དོན་གྲུབ་ནས་སྦྲ་ཆེན་རྫོང་དང་ནག་ཆུའི་བརྒྱུད་ནས་ཕྱིར་ལྷ་སར་ཕེབས་གནང་མཛད།

ཕྱི་ཚེས་༡༨ཉིན་གདན་ས་གཡུང་དྲུང་གླིང་གི་༧མཁན་རིན་པོ་ཆེ་ཚུལ་ཁྲིམས་བསྟན་འཛིན་དབང་རྒྱལ་རིན་པོ་ཆེ་མཆོག་དང་། ༧གྲུབ་དབང་ཤར་རྫ་རིན་པོ་ཆེའི་རྒྱལ་ཚབ་འཇིགས་མེད་དབང་ཕྱུག་རིན་པོ་ཆེ། གཡུང་དྲུང་བོན་འཛིན་སྐྱོང་མཉམ་འབྲེལ་མཐུན་ཚོགས་ཀྱི་ཚོགས་གཙོ་རྩེ་ཞིག་ཚང་ཤེས་རབ་བསྟན་པའི་ཟླ་བ་རིན་པོ་ཆེ་མཆོག་དང་། གཡུང་དྲུང་བོན་འཛིན་སྐྱོང་མཉམ་འབྲེལ་མཐུན་ཚོགས་ཀྱི་ཚོགས་གཞོན་སྤྲུལ་སྐུ་ཤེས་རབ་བློ་གྲོས་རིན་པོ་ཆེ་མཆོག་དང་། གཡུང་དྲུང་བོན་འཛིན་སྐྱོང་མཉམ་འབྲེལ་མཐུན་ཚོགས་ཀྱི་ཚོགས་གཞོན་མཁན་རིན་པོ་ཆེ་རིག་འཛིན་དབང་རྒྱལ་མཆོག་དྭངས་ར་བླ་མ་ཤེར་ཞིག་ཀུན་བཟང་བསྟན་འཛིན་སོགས་ཆེད་དུ་མཇལ་བཅར་དུ་ཕེབས་ནས་མཇལ་འཕྲད་གནང་སྟེ་གཡུང་དྲུང་བོན་གྱི་བསྟན་པ་རིན་པོ་ཆེ་མི་ཉམས་གོང་འཕེལ་དང་དང་ཉམས་པ་སླར་གསོ་སོགས་རྒྱལ་བའི་བསྟན་པ་རིན་པོ་ཆེ་ལ་སྨན་པའི་བཀའ་མོལ་གྲུབ་ནས་ཞང་ཀརྨ་རྒྱལ་མཚན་སོགས་དད་ལྡན་མང་ཚོགས་ལ་མཇལ་ཁ་གནང་།

ཕྱི་ཚེས་༡༩ཉིན་ལྷ་ལྡན་ཞིང་གི་གཤེན་གྱི་ཕོ་བྲང་དུ་གཤེན་གྱི་གདུང་སྲས་གཡུང་དྲུང་རང་གྲོལ་ཉི་མ་རིན་པོ་ཆེ་མཆོག་དང་། གདུང་སྲས་གཙུག་ཕུད་རྣམ་གྲོལ་རྒྱལ་མཚན་རིན་པོ་ཆེ་རྣམ་གཉིས་ལ་ཞང་ཞུང་སྙན་རྒྱུད་ཀྱི་བཀའ་ལུང་སོགས་འབུལ་གནང་གྲུབ་རྗེས། ཉག་རོང་བླ་མ་ཀུན་དགའ་རྒྱལ་མཚན་དང་བྱ་འཕུར་གཡུང་དྲུང་ཉི་མ་རྒྱལ་མཚན། དུང་དཀར་དགོན་པའི་ཀྲུའུ་རིན་ཕུན་ཚོགས་རྣམ་རྒྱལ་སོགས་མང་ཚོགས་རྣམས་ལ་མཇལ་ཁ་གནང་།

ཕྱི་ཚེས་༢༠ཉིན་ཟང་རི་རྨེའུ་ཚང་དུ་དཔལ་ལྡན་རྨེའུ་ཚང་གི་གདན་སར་རྨེའུ་བླ་མ་བསྟན་པ་རྒྱལ་མཚན་མཆོག་གིས་ཕེབས་བསུ་དང་འདུལ་ཁང་གི་གསེར་ཁྲིར་མངའ་གསོལ་གྲུབ་ནས་དེར་བཞུགས་ཀྱི་དགེ་འདུན་ཡོངས་ལ་བསྙེན་བཀུར་མང་ཇ་སོགས་འབུལ་གནང་མཛད། དེ་ནས་གྲྭ་བརྩོན་འགྲུས་ཉི་མ་དང་བསྟན་འཛིན་ཉི་མ་སོགས་ནས་རྨེའུ་ཚང་གི་རྟེན་གཙོ་ཁྲོ་བོ་གཙོ་མཆོག་མཁའ་འགྱིང་སོགས་རྟེན་གསུམ་རྣམས་ལ་རྟེན་བཤད་གྲུབ་ནས་སེར་སྐྱ་མང་ཚོགས་ལ་མཇལ་ཁ་དང་རྟེན་དང་བརྟེན་པ་དང་བཅས་པར་མངའ་དབུལ་རབ་གནས་སོགས་བཀའ་དྲིན་བསྐྱངས།

ཕྱི་ཚེས་༢༡ཉིན་༧བྱང་བྱ་དུར་དགའ་མལ་དགོན་ཆེན་གྱི་མཁན་པོ་ཤེས་རབ་གཡུང་དྲུང་དབང་རྒྱལ་རིན་པོ་ཆེ་མཆོག་དང་ཤར་པ་༧སྣང་ཞིག་དགོན་གྱི་མཆོག་སྤྲུལ་ཤེས་རབ་འོད་ཟེར་རྒྱལ་མཚན་རིན་པོ་ཆེ་མཆོག་དང་སྐྱིད་འཛོམས་གཡུང་དྲུང་གླིང་གི་བླ་མ་ཤེས་རབ་གོང་འཕེལ་རིན་པོ་ཆེ་མཆོག ཁྱུང་པོ་༧སྨོན་རྒྱལ་དགོན་གྱི་བླ་མ་སྨོན་རྒྱལ་རང་གྲོལ་ཉི་མ་རྒྱལ་མཚན། སྨན་རིའི་རིན་ཆེན་བློ་གྲོས། དགེ་བཤེས་བློ་གྲོས་རབ་རྒྱས། དགེ་བཤེས་ཚུལ་ཁྲིམས་རྒྱལ་མཚན། རིན་སྤུངས་ཚུལ་བསྟན་སོགས་བླ་གྲྭ་སྐྱ་སེར་མང་པོར་མཇལ་ཁ་གནང་། ཕྱི་ཚེས་༢༢ཉིན་ལྷ་སའི་གོང་དཀར་གནམ་ཐང་བརྒྱུད་ནས་སྐུ་འཁོར་ལྷན་རྒྱས་བལ་ཡུལ་རྒྱལ་སའི་གནམ་ཐང་དུ་ཕེབས་ཏེ་དེར་༧དཔལ་ལྡན་ཁྲི་བརྟན་ནོར་བུ་རྩེའི་སྤྱི་གཉེར་དགེ་བཤེས་ཤེས་རབ་རིན་ཆེན་མཆོག་དང་། གླིང་ཚང་པ་ཁྲོ་ཚང་གཡུང་དྲུང་འོད་ཟེར་ལགས་དང་། བོན་མ་ཧ་སང་གི་ཚོགས་མི་དང་། བོན་ཕྲུག་བདེ་དོན་དང་བོན་བུ་ཁྱིམ་ཁང་གི་སློབ་ཟུར་སོགས་དད་ལྡན་མང་པོས་ཕེབས་བསུ་ཞུས།

དེ་ནས་༧དཔལ་ལྡན་ཁྲི་བརྟན་ནོར་བུ་རྩེ་རུ་དཔོན་སློབ་ཚངས་པ་བསྟན་འཛིན་རིན་པོ་ཆེ་མཆོག་དང་། སྒྲུབ་གྲྭའི་མཁན་རིན་པོ་ཆེ་ཚུལ་ཁྲིམས་བསྟན་འཛིན། བཤད་སྒྲུབ་མཁན་སློབ་རྣམ་གཉིས་སོགས་ཀྱིས་མཇལ་དར་ཕུལ་བ་དང་གྲྭ་ཚང་ནས་སེར་འཕྲེང་དང་འདུལ་ཁང་གི་བཞུགས་ཁྲིར་མངའ་གསོལ་གྱིས་མཎྚལ་སྐུ་གསུང་ཐུགས་རྟེན་འདེགས་འབུལ་སོགས་ཕེབས་བསུ་ཟབ་རྒྱས་ཞུས་གནང། ༧སྐྱབས་རྗེ་རིན་པོ་ཆེ་མཆོག་ནས་གྲྭ་མང་ལ་བསྙེན་བཀུར་མང་ཇ་དང་ཉིན་འགྱང་གཅིག་གི་རིང་བཞེས་ལག་དང་སྐུ་ཡོན་གྱི་མཆོད་སྤྲིན་ཕུལ་གནང་མཛད། ཕྱི་ཟླ། ༨ ཚེས་༥ ཉིན་བལ་ཡུལ་རྒྱལ་ས་ནས་མཁའ་ལམ་བརྒྱུད་རྒྱ་གར་གྱི་རྒྱལ་ས་ལྡི་ལི་གསར་པར་ཞབས་སོར་བདེ་བར་འཁོད་ཅིང་དེར་༧གདན་ས་སྨན་རིའི་གཡུང་དྲུང་བོན་གྱི་བཤད་སྒྲུབ་འདུས་སྡེའི་ཚོགས་གཙོ་དང་སྨན་རིའི་བླ་བྲང་གི་ཕྱག་མཛོད་སོགས་ཀྱིས་ཕེབས་བསུ་ཞུས།

ཚེས་༧ཉིན་བོན་གཞིས་ཐོབ་རྒྱལ་གསར་པའི་གཞིས་འགོའི་གཙོས་པའི་དད་ལྡན་མང་ཚོགས་དང་གསོ་རིག་འབུམ་བཞིའི་མཐོ་སློབ་ཁང་གི་སློབ་མ་དང་ལས་བྱེད་དགེ་རྒན། བོན་བུ་ཁྱིམ་ཁང་གི་དགེ་སློབ་ཕོ་མོ་དང་། བཙུན་དགོན་རདྣ་སྨན་གླིང་གི་བཙུན་མ། བོན་ཕྲུག་བདེ་དོན་གྱི་སློབ་ཕྲུག་དང་ས་གནས་ཉིན་སློབ་ཀྱི་དགེ་རྒན་སོགས་ཀྱིས་ཐོབ་རྒྱལ་གསར་པའི་ལ་འགོར་དྲི་བཟང་སྤོས་དུད་སྤྲིན་གྱི་ཀློང་ནས་སྙན་པའི་རོལ་དབྱངས་ཁྲོད་༧ སྐྱབས་རྗེ་མཆོག་གི་ཞལ་མཇལ་གྱི་བསུ་མ་ཞུས། དེ་ནས་༧གདན་ས་ཆེན་མོ་སྨན་རིའི་དགོན་གྱི་རྒྱལ་སྒོར་སྨན་རིའི་བཤད་སྒྲུབ་མཁན་སློབ་རྣམ་གཉིས་མཆོག་དང་སྨན་རིའི་གྲྭ་ཚང་གཉེར་པ་བཅས་ནས་མཇལ་དར་ཕུལ་བ་དང་། ༧དཔལ་ལྡན་སྨན་རིའི་དགེ་འདུན་པ་ཡོངས་ཀྱིས་སེར་འཕྲེང་ཟབ་རྒྱས་བསྟར་བ་དང་། ཞྭ་དཀར་བསྟན་པའི་གཙུག་རྒྱན་༧སྐྱབས་རྗེ་རྒྱལ་བ་སྨན་རིའི་ཁྲི་འཛིན་རིན་པོ་ཆེ་མཆོག་འཆམ་རར་ཕེབས་ནས་ཕན་ཚུན་མཇལ་དར་ཕུལ་ཏེ་འཚམས་འདྲི་གནང་། ༧སྐྱབས་རྗེ་སྨན་རིའི་མཁན་སློབ་ཉི་ཟླ་ཟུང་གི་གསེར་ཞལ་སླར་ཡང་དངོས་སུ་མཇལ་འཕྲད་ཀྱིས་ཐུགས་དགྱེས་ཚོར་ཆེན་པོས་འདུལ་ཁང་གི་ཕྱི་སྒོར་ལྷན་བཞུགས་སུ་དགེ་བཙུན་འདུས་མང་ཡོངས་ནས་གཤེན་རབ་མཆོད་རྔའི་མཆོད་པ་འབུལ་གནང་མཛད། དེ་ལྟར་༧སྐྱབས་རྗེ་སྨན་རིའི་དཔོན་སློབ་རིན་པོ་ཆེ་གངས་ལྗོངས་ཆོས་ལྡན་ཞིང་དུ་མཛད་འཕྲིན་ལེགས་པར་བསྐྱངས་ཏེ་ཕྱིར་༧གདན་ས་ཆེན་མོ་སྨན་རིར་སྐུ་འཁོར་ལྷན་རྒྱས་ཞབས་སོར་བདེ་བར་འཁོད་ཡོད་པའི་གནས་ཚུལ་ཉུང་བསྡུས་སུ་བྱ་འཕུར་དགེ་བཤེས་ཚེ་དབང་རིག་འཛིན་གྱིས་བྲིས་པའོ། ཕྱི་ལོ་ ༢༠༡༨ ཟླ་ ༦ ཚེས་ ༢༦ ནས་ ཟླ་ ༨ ཚེས་ ༧ བར།

༡༽ཟུར་བརྗོད་གསལ་བཤད་དུ། ༧སྐྱབས་རྗེ་རྒྱལ་བ་སྨན་རིའི་དཔོན་སློབ་རིན་པོ་ཆེ་མཆོག་བོད་གངས་ཅན་ལྗོངས་སུ་ཞབས་སོར་ཐེངས་དང་པོར་བཀོད་པའི་གནས་ཚུལ་ཐུང་ངུ་འདི་བཞིན་འབྲི་བའི་བརྒྱུད་རིམ་ནང་དུ་སྐབས་ཐོག་དེར་ཁོ་བོས་ཟིན་ཐོར་གང་བཀོད་པའི་ས་མིང་དང་མི་སྣའི་མཚན་སོགས་འདིར་བཀོད་ཡོད། དེས་ན་བླ་སྤྲུལ་དགེ་བཤེས་དང་དགོན་པ་རི་ཁྲོད་སོགས་ཀྱི་མཚན་སྔ་ཕྱིའི་གོ་རིམ་འཁྲུགས་པ་དང་མཚན་འབྲི་སྟངས་སོགས་འགལ་འཛོལ་བྱུང་ཡོད་ཚེ་གུས་པས་མ་ཤེས་རྨོངས་པའི་དབང་གིས་བྱུང་བ་ཡིན་པར་ངོས་འཛིན་གྱིས་སེམས་གཏིང་ནས་བཟོད་གསོལ་ཞུ་བཞིན་ཡོད།
༢༽ གཞན་ཡང་སེར་འཕྲེང་གིས་ཕེབས་བསུ་ཞུས་པའི་དགོན་སྡེའི་རིགས་ལ་བསྙེན་བཀུར་མང་ཇ་དང་སྐུ་ཡོན་སོགས་དུས་རྒྱུན་གྲྭ་སའི་ལམ་སྲོལ་ལྟར་ཕུལ་ཡོད།
༣༽ གནས་ཡུལ་གཅིག་གང་ཞིག་ལ་དགོན་སྡེར་སྔ་ཕྱིའི་གོ་རིམ་ངེས་མེད་དུ་ཕེབས་པའི་སྐོར་སྐབས་བབ་ཀྱི་ས་གནས་སྲིད་གཞུང་གིས་བཀོད་སྒྲིག་ལྟར
ཕེབས་པ་ལས་༧ སྐྱབས་རྗེ་མཆོག་དང་ངེད་ཞབས་ཕྱི་བ་ཚོས་ཆེད་དམིགས་ཀྱིས་བཀོད་སྒྲིག་བྱས་ཏེ་ཕེབས་པ་གང་ཡང་མེད་ཅེས་ཞུ་བ་ཡིན། །