གཡུང་དྲུང་བོན་གྱི་དྲྭ་རྒྱ།

༧གདན་ས་ཆེན་མོ་དཔལ་གཤེན་བསྟན་སྨན་རིའི་གླིང་དུ་སྟོན་པའི་འཁྲུངས་མཆོད་སྲུང་བརྩི་ཞུས་པ།

དེ་ཡང་གཡུང་དྲུང་བསྟན་པ་རྒྱས་པའི་ས་གནས། མདོ་སྔགས་ཉི་ཟླ་ཤར་བའི་རི་རྩེ། ལེགས་བཤད་ལུང་རིགས་སྒྲོག་པའི་སྐྱེད་ཚལ། མང་ཐོས་མཁས་མང་འདུས་པའི་ལྟེ་གནས། སྐལ་ལྡན་དང་བ་འདྲེན་པའི་ཞིང་ཁམས། ལས་ལྡན་ཚོགས་གཉིས་བསགས་པའི་གནས་མཆོག རྣམ་དག་འདུལ་བ་འཛིན་པའི་དགོན་སྡེ་ཆེན་མོ། རབ་འབྱམས་དགེ་བཤེས་དུ་མའི་མཚན་བཏགས་བཞེས་གནས། རྒྱ་གར་བྱང་ཕྱོགས་ཧི་མ་ཅལ་གྱི་མངའ་ཁུལ། བོན་གཞིས་ཐོབ་རྒྱལ་གསར་པའི་དབུ་རྩེར་གནས་ཆགས་པའི་ཡོངས་སུ་གྲགས་པ་༧ཞྭ་དཀར་གཡུང་དྲུང་བོན་གྱི་གདན་ས་ཆེན་མོ་༧དཔལ་གཤེན་བསྟན་སྨན་རིའི་གླིང་དང་བཙུན་དགོན་རདྣ་སྨན་གླིང་གཉིས་ནས་གཤེན་གྱི་འབྱུང་ལྡན་༣༠༡ བོད་ས་མོ་ཕག་ལོའི་བོད་ཟླ་དང་པོའི་ཚེས་༡༥ དང་ཕྱི་ལོ་༢༠༡༩ ཟླ་༢ པའི་ཚེས་༡༩ ཉིན་རྩོད་ལྡན་ཚེ་ལོ་བརྒྱ་པའི་ཁྱད་པར་དུ་བྱས་པའི་གཡུང་དྲུང་བོན་གྱི་བསྟན་པའི་ཤིང་རྟ་ཆེན་མོ་༧སྟོན་པ་རྣམ་འདྲེན་བརྒྱད་པ་རྒྱལ་བ་གཤེན་རབ་མི་བོ་ཆེ་དེ་ཉིད་གནས་མཆོག་དམ་པ་རྟག་གཟིགས་འོལ་མོ་ལུང་རིང་དུ་སྐུ་སྐྱེ་བ་མི་རུ་བཞེས་ནས་མི་ལོ་ཧྲིལ་པོ་༡༨༠༣༦ འཁོར་བའི་དུས་ཆེན་ཁྱད་པར་ཅན་ཉིན་འཆར་ཅན་ལྟར་འཁྲུངས་མཆོད་ཚོགས་ཡོད་པ་དང་།  དེ་ཡང་ཟླ་འདིའི་ཚེས་༡༤ཉིན་གྱི་ཞོགས་པའི་ཕྱག་ཚོད་དྲུག་པ་ནས་བཟུང་<གཤེན་གྱི་དགེ་སྤྱོད་རྣམ་པར་དག་པའི་མདོ་ཆོག་>གི་དཀྱིལ་འཁོར་ཞལ་ཕྱེས་པ་དང་འཁྲུངས་མཆོད་དངོས་ནི་བོད་ཚེས་༡༥ ཉིན་ཏེ། ༧གདན་ས་སྨན་རིའི་མཁན་རབས་ཉེར་གཉིས་པ་ཀུན་མཁྱེན་ཉི་མ་བསྟན་འཛིན་དབང་གི་རྒྱལ་པོས་མཛད་པའི་<བསྟན་རྩིས་ཀྱི་རྣམ་བཤད་མཐོང་བའི་དགའ་སྟོན་ནམ་དྭོགས་བསལ་པན་ཙ་ལི་ཀའི་ཆུན་པོ་>ལས།  ལོ་ཡི་རྒྱལ་པོ་ཤིང་ཕོ་བྱི་བ།  ཟླ་བའི་དང་པོ་དཔྱིད་ཟླ་ར་བ།  མེ་སྟག་གི་ཟླ་བ།  ཞག་གི་སྙིང་པོ་ཚེས་བཅོ་ལྔ།  དུས་ཚོད་ཀྱི་དང་པོ་ནམ་ལངས་པ་དང་།  སྐར་མའི་དམ་པ་རྒྱལ་གྱི་རུ་གོང་ལ་སྐུ་བལྟམས་པ་ཡན་ཆད།  མདོ་རྒྱུད་མཐའ་དག་གི་དགོངས་པ་གཅིག་ཏུ་འདུས་པ་ཡིན་པས་སོམ་ཉི་དང་བྲལ་བ་ཡིན་ནོ། སྐབས་འདིར་ཁ་ཅིག་གིས་དཔྱིད་ཟླ་ར་བ་ཞེས་པ་ཧོར་ཟླ་བཅུ་གཉིས་ལ་ངོས་འཛིན་བྱེད་པ་མི་འཐད་དེ། <དྲང་དོན་མུན་སེལ་སྒྲོན་མའི་དགེ་སྤེལ་ཚོགས་འགྱུར་གྱི་གཟེར་བུ་ལས།> སྟོན་པ་བྱོན་པའི་དུས་ནི། ལོ་བྱི་བ་ཟླ་བ་རྟ་པ་སྐར་མ་རྒྱལ་གྱི་ཁོངས་སུ་བྱོན་པའི་དུས་སུ་ཚོགས་ཆེ། ཞེས་གསུངས་པའི་ཕྱིར། དེས་ན་ཧོར་ཟླ་དང་པོ་འཁྲུལ་མེད་དུ་ངོས་འཛིན་དགོས་སོ། ཅེས་ནན་གྱིས་གསུངས་པ་ལྟར་ད་ལྟའི་བར་དུ་མ་ཉམས་རྒྱུན་ཆགས་སུ་འཁྲུངས་མཆོད་སྲུང་རྩི་ཞུ་བཞིན་ལགས་ན། དེ་རིང་ཡང་བོད་ཟླ་དང་པོ་དཔྱིད་ཟླ་ར་བའི་ཞག་གི་སྙིང་པོ་ཚེས་བཅོ་ལྔ་སྐར་མའི་དམ་པ་རྒྱལ་དུས་ཚོད་ཀྱི་དང་པོ་ནམ་ལངས་ཡོས་ཐོག་ཕྱག་ཚོད་ལྔ་པ་ནས་བཟུང་འདུལ་ཁང་ཆེན་མོའི་ནང་དུ་རྣམ་དག་འདུལ་བའི་གསོ་སྦྱོང་ཕྱག་ཚོད་གཅིག་དང་ཕྱེད་ཀའི་རིང་ཚོགས་ཡོད་པ་དང་། ཞོགས་པའི་ཕྱག་ཚོད་བདུན་པ་ནས་གཤེན་གྱི་དགེ་སྤྱོད་རྣམ་པར་དག་པའི་མདོ་ཆོག་གི་གཞུང་བསྲང་བ་དང་།

འདི་ཟླའི་ཚེས་ལྔ་དུས་ཁྱད་པར་ཅན་༧རྒྱལ་བ་མཉམ་མེད་ཆེན་པོའི་འཁྲུངས་མཆོད་ཉིན་༧སྐྱབས་རྗེ་རྒྱལ་བ་སྨན་རི་བ་མཆོག་ནས་བཤད་སྒྲུབ་སློབ་པ་རྒན་གྲས་གྲངས་བཅུ་དྲུག་ལ་སྐབས་ཉི་ཤུ་པའི་འཆར་ལོར་དགེ་བཤེས་གཏོང་འཐུས་ཀྱི་བཀའ་རམས་པ་ཞེས་ཡོངས་ཁྱབ་གསལ་བསྒྲགས་གནང་བ་དང་། དེ་རིང་གི་དུས་ཚིགས་ཁྱད་པར་ཅན་སྟོན་པའི་འཁྲུངས་མཆོད་ཉིན་བཀའ་རམས་པ་རྣམས་ཀྱིས་༧སྐྱབས་རྗེ་རྒྱལ་བ་སྨན་རི་བའི་མཁན་སློབ་རྣམ་པར་རྟེན་འབྲེལ་མདུན་བསུའི་གསོལ་ཇ་འདེགས་འབུལ་ཞུས་པ་དང་།

ཕྱི་དྲོའི་ཕྱག་ཚོད་བཞི་པའི་ཐོག་དགེ་སྤྱོད་ཀྱི་བསྐོར་བའི་ཡན་ལག་གསུངས་གྲུབ་རྗེས་སེར་སྐྱ་མི་མང་རྣམས་གླིང་བསྐོར་དང་སྐུ་གདུང་ཚོགས་ཁང་སོགས་ལ་ཞབས་བསྐོར་ཕེབས་ནས་༧རྒྱལ་བ་སྨན་རི་བ་མཆོག་གིས་སེར་སྐྱ་མི་མང་རྣམས་ལ་སྡིག་སྒྲིབ་འདག་ཕྱིར་ཁྲུས་གནང་བ་དང་བར་ཆོད་རྐྱེན་བཟློག་ཕྱིར་ཉུལ་ལེ་སོགས་བཀར་གནང་ཡོད།

དགོང་མོ་སེར་སྐྱ་མི་མང་ཡོངས་ཀྱིས་ཕྱག་ཏུ་མར་མེ་བསྣམ་ནས་སེར་ཕྲེང་ངང་ནོར་བུ་དགའ་འཁྱིལ་དང་གླིང་བསྐོར་སོགས་ཕེབས་པ་དང་སྟོན་པའི་སྐུ་བརྙན་མཇལ་ཁ་ཞུས་པ་བཅས་ཀྱི་གནས་བསྡུས་སོ།།