གཡུང་དྲུང་བོན་གྱི་ཕྱི་མཚན་ཉིད་མདོ་ཡི་སྐོར།

༧སྐྱབས་རྗེ་སྨན་རིའི་སློབ་དཔོན་ཡང་སྟོན་འཕྲིན་ལས་ཉི་མ་རིན་པོ་ཆེ།

ཐེག་འགྲེལ་ལས། ཇི་སྲིད་འདུ་ཤེས་ཡོད་ཀྱི་བར།དེ་སྲིད་ཐེག་པའི་མཐའ་ལ་ཐུག་མཐའ་མེད། ཅེས་གསུངས་པ་ལྟར། བདག་ཅག་གི་སྟོན་པ་རྫོགས་པའི་སངས་རྒྱས་རྒྱལ་བ་གཤེན་རབ་མི་བོ་མཆོག་གིས་གདུལ་བྱའི་བློ་དང་དབང་པོའི་ཁམས་མོས་པ་མི་མཐུན་པ་ཇི་སྙེད་ཅིག་ཡོད་པ་ལྟར། དེ་དང་མཐུན་པར་བོན་གྱི་སྒོ་མོ་ཡང་བསམ་གྱིས་མི་ཁྱབ་པར་བསྟན་ཅིང་དེ་ཡང་གདུལ་བྱའི་བློ་ཡི་རིམ་པ་དེ་དག་བསྡུ་ན་གསུམ་དུ་འདུས་པ་སྟེ། བློ་རབ་འབྲིང་ཐ་གསུམ་དུ་འདུས་པའོ། དེ་བཞིན་བོན་གྱི་སྒོ་མོ་བརྒྱད་ཁྲི་བཞི་སྟོང་ལས་སོགས་ཇི་སྙེད་ཅིག་གསུངས་ཀྱང་བསྡུས་ན་ཐེག་པ་ཆེ་ཆུང་གསུམ་མམ་མདོ་སྔགས་སེམས་གསུམ་དུ་མ་འདུས་པ་མེད་ཅིང་དེས་ན། གདུལ་བྱའི་བློ་དབང་པོ་ཐ་མ་ལ་ལྟོས་ཏེ་མདོ་མཚན་ཉིད་ཐེག་པའི་བོན་སྒོ་དང༌།

གདུལ་བྱའི་བློ་དབང་པོ་འབྲིང་ལ་ལྟོས་ཏེ་འབྲས་བུ་གསང་སྔགས་ཐེག་པའི་བོན་སྒོ་དང༌།

གདུལ་བྱའི་བློ་དབང་པོ་རབ་ལ་ལྟོས་ཏེ་ཡོངས་རྩེ་བླ་ན་མེད་པའི་ཐེག་པའི་བོན་སྒོ་རྣམས་

གསུངས་སོ།

སྐབས་འདིར་མདོ་མཚན་ཉིད་ཐེག་པའི་ལུགས་འདི་ཉིད་བོད་གངས་ཅན་ལྗོངས་སུ་ཇི་ ལྟར་དར་ཚུལ་མདོ་ཙམ་ཞིག་འབྲི་བར་བྱེད་པ་ལ། སྤྱིར་སྟོན་པ་སངས་རྒྱས་གཤེན་རབ་མི་བོས་གཏན་ལ་ཕབས་པའི་དངོས་བསྟན་སྟོང་ཉིད་ ཀྱི་རིམ་པ་གཙོ་བོར་སྟོན་པའི་ཁམས་བརྒྱད་སྟོང་ཕྲག་བརྒྱ་པ་ལས་སོག་ཁམས་བརྒྱད་ གཏན་ལ་དབབ་པའི་ཁམས་རྒྱས་འབྲིང་བསྡུས་གསུམ་དང་།          འབུམ་ཉི་མ་དགུ་ཤར། བོན་ཉིད་ཀྱི་སྙིང་པོ་བདལ་བའི་འབུམ། བྱེ་མ་ཉི་ཁྲི་ཆུ་རྒྱུན་གྱི་འབུམ། བྱམས་མ་འབུམ་ལྔ། མངོན་རྟོགས་རིག་པ་རྩེ་མོའི་འབུམ།ཀླུ་འབུམ་དཀར་ནག་ཁྲ་གསུམ་ལས་སོགས་འབུམ་གྱི་ བོན་སྡེ་དང༌།་དེ་བཞིན་བདེར་གཤེགས་བསྐལ་པ་གྲངས་རྩིས་ལས་སོགས་སྲིད་པ་མཛོད་ ཀྱི་བོན་སྒོ་སྟེ། ཐེག་པ་ཆེན་པོ་དབུ་མའི་གཞི་ལམ་འབྲས་གསུམ་སྟོན་པའི་འབུམ་སྡེ་བསམ་གྱིས་མི་ཁྱབ་ པ་ཞིག་གཏན་ལ་ཕབས་པ་དེ་དག་རིམ་གྱིས་ཞང་བོད་ཀྱི་ལྗོངས་སུ་དར་ཞིང་རྒྱས་པར་ བྱུང་བ་ནི་ལོ་རྒྱུས་ཀྱིས་བདེན་དཔང་བྱེད་ཐུབ་པ་སྟེ།སྟོན་པ་སངས་རྒྱས་གཤེན་རབ་ མི་བོ་མཆོག་གི་ཅིབས་རྟ་བདུན་བདུད་ཀྱིས་རྐུས་པའི་རྗེས་སུ་བོད་ཀྱི་འགྲོ་བ་ རྣམས་གདུལ་ཕྱིར་བོད་དུ་ཞབས་བཅགས་སྐབས། སྟོན་པ་སངས་རྒྱས་ཀྱིས་ད་ལྟ་རྒྱུ་ཡི་བོན་རྣམས་སྟོན་པའི་དུས་ཡིན་གྱིས་མ་འོང་ པར་འབྲས་བུའི་བོན་རྣམས་དར་བར་བའི་སྨོན་ལམ་བཏབས་མོད། སྐབས་དེར་ཕེབས་ལམ་དུ་ཏི་ཙེ་དང་ཉེ་བར་ཡོད་པའི་ད་ལྟ་རྒྱང་གྲགས་དགོན་ཞེས་བྱ་ བར་ཁྲི་རྗེ་ལུང་བསྟན་གྱི་མདོ་གསུངས་པར་གྲགས་པ་དང༌། ས་ལ་ལེགས་དྲུག་དང་ཆུ་ལ་ལྡེ་བརྒྱད་ལས་སོགས་བོད་བཙན་པོའི་སྐབས་སུ་གདུང་རྒྱུད་ བཅུ་གསུམ་གྱི་བོན་དར་བར་བཤད་པ་སྟེ། གདུང་རྒྱུད་བཅུ་གསུམ་གྱི་བོན་གྱི་ནང་ཚན་རྒྱས་ལྔ་འབུམ་ཆེན་ཞེས་པ་བྱེ་མ་ཉི་ ཁྲི་ཆུ་རྒྱུན་གྱི་འབུམ་ལས་སོགས་དར་བ་དང༌། དེ་ནས་ཕུན་སུམ་ཚོགས་པའི་བོན་རྒྱལ་བཞི་ཡི་སྐབས་སུ་ཐེག་པ་རིམ་དགུ་ཕྱི་ནང་གསང་ གསུམ་ཀུན་དར་རོ་ཞེས་པས་ཀྱང་གསལ། ཁྱད་པར་དུ་དེ་ཡི་སྐབས་སུ་འདུ་གནས་སུམ་ཅུ་རྩ་བདུན་ཞེས་ཐོས་བསམ་སྒོམ་གསུམ་ བྱེད་པའི་བསྟི་གནས་བོན་གྱི་འདུ་གནས་ཤིན་ཏུ་མང་བར་འཕེལ་བའོ། དེ་བཞིན་མཁས་པ་མི་བཞི་དང་བླ་ཆེན་པོ་དྲན་པ་ནམ་མཁའ་ལས་སོགས་ཀྱིས་མཚན་ཉིད་ སྲིད་པའི་མཛོད་ཕུག་ལ་འགྲེལ་བ་བཏབ་པ་དང༌། ཚངས་པ་གཙུག་ཕུད་ཀྱི་འབུམ་ལ་ཏི་ཀ་བཏབ་པས་འབུམ་ཏིག་ཅེས་པ་དང༌། བོན་ཕྱི་ནང་གསང་གསུམ་གྱིས་མཚོན་པའི་མདོ་མཚན་ཉིད་ཐེག་པའི་ལུགས་ཀྱི་གཞི་ལམ་ འབྲས་གསུམ་ཚང་ལ་རྫོགས་པར་སྟོན་པའི་བཀའ་ཇི་སྙེད་ཅིག་བླ་མ་སྙ་ཆེན་པོ་ལི་ཤུ་ སྟག་རིང་གིས་ཁྲུང་ཁྲུང་དང་ཀང་ཀ་བྱ་རྒོད་དུར་བྱ་བཅས་བཞི་ལ་བཀལ་ཏེ་རྒྱ་གར་ གྱི་བོན་སྐོར་དང་རྒྱ་ནག་གི་བོན་སྐོར་དེ་བཞིན་ཞང་བོད་ཀྱི་བོན་སྐོར་ལས་སོགས་ ཡུལ་གྲུ་དེ་དག་ཏུ་སྤེལ་བ་སྟེ། དེ་ཡང་བྱ་དེ་བཞི་ལ་བོན་སྒོ་བཀལ་ཏེ། གྲོ་ཐེབ་གཅིག་ལ་ཏི་ཙེར་བབས་ཤིང་དེ་ནས་གྲོ་ཐེབ་གཅིག་ལ་བསམ་ཡས་སུ་བབས་ཏེ་བོན་ སྡེའི་ཡང་བཅུད་ཁྲི་ཕྲག་མང་པོར་གདན་དྲངས་པར་གསུངས་སོ། དེ་ནས་རིམ་བཞིན་བསམ་ཡས་ཁ་བྱང་དཀར་ནག་ཁྲ་གསུམ་ལས། ཕྱི་ལོ་913་སྟེ་ཟབ་མོ་གཏེར་གྱི་དབུ་བརྙེས་ཤིང༌། ཕྱི་ལོ་956་ལོར་འཁྲུངས་པའི་དཔོན་གསས་ཁྱུང་རྒོད་རྩལ་གྱིས་གཏེར་ནས་དྲངས་པའི་ བྱམས་མ་འབུམ་ལྔ་དང༌། སྤྲུལ་པའི་སྐུ་མཆོག་གཤེན་ཆེན་ཀླུ་དགའ་996་ 1035་ལས་སོགས་གཏེར་སྟོན་པ་རྣམས་ཀྱིས་གཏེར་ལས་དྲངས་ནས།་ བོན་རྣམས་སྤང་ལས་ཤ་མོང་བརྡོལ་བ་བཞིན་དུ་རྒྱས་ཏེ། ཕྱི་ལོ་1036་ལོར་འཁྲུངས་པའི་བྲུ་ཆེན་ནམ་མཁའ་གཡུང་དྲུང་གིས་མཛོད་ལ་ཏི་ཀ་བཏབ་ པས་མཛོད་ཀྱི་ཤིང་རྟ་ཆེན་པོ་ཞེས་གྲགས་པ་དང༌།  ཕྱི་ལོ་1052་ལ་འཁྲུངས་པའི་མཁས་མཆོག་དཔལ་ཆེན་གྱིས་ཁམས་བརྒྱད་ལ་འགྲེལ་བ་བཏབ་ པ་དང༌། ། ཕྱི་ལོ་1058་ལོར་འཁྲུངས་པའི་མེ་སྟོན་ཆེན་པོ་ཤེས་རབ་འོད་ཟེར་གྱིས་གངས་ཅན་ ལྗོངས་འདིར་ཆེས་སྔ་བའི་ཐེག་པ་ཆེན་པོའི་ལམ་རིམ་དང་དབུ་མ་བདེན་གཉིས་ཀྱི་རྩ་ འགྲེལ་སོགས་མཛད། ཕྱི་ལོ་1145་ལོར་འཁྲུངས་པའི་གཉོས་ཚུལ་ཁྲིམས་རྒྱལ་མཚན་གྱིས་མཛོད་ལུགས་ཀྱི་ སྣོད་བཅུད་ལ་འགྲེལ་བ་བཏབ། དེ་བཞིན་1198་ལོར་འཁྲུངས་པའི་འགྲོ་མགོན་བློ་གྲོས་རྒྱལ་མཚན་གྱིས་མཛོད་དང་ས་ ལམ་ཚད་མ་ལས་སོགས་མདོ་སྡེའི་བོན་དུ་གཏོགས་པའི་བཀའ་རྟེན་ཇི་སྙེད་ཅིག་མཛད༌། 1238ལོར་འཁྲུངས་པའི་མཁས་མཆོག་སྒ་སྟོན་ཚུལ་ཁྲིམས་རྒྱལ་མཚན་གྱིས་མཛོད་དང་ས་ ལམ་ལས་སོགས་བཀའ་རྟེན་ཤིན་ཏུ་མང་བར་མཛད། དེ་རྗེས་1356་ 1415་ རྒྱལ་བ་གཉིས་པ་མཉམ་མེད་ཤེས་རབ་རྒྱལ་མཚན་མཆོག་གིས་མཛོད་དང་ས་ལམ་སྔགས་འགྲེལ་ གབ་པ་ལས་སོགས་བོན་ཕྱི་ནང་གསང་གསུམ་ལ་འགྲེལ་བ་མ་བཏབ་པ་ཕལ་ཆེར་མེད་པས་བོན་ བསྟན་མཁའ་ལ་ཉི་མ་ཤར་བ་ལྟ་བུར་བྱུང་བས་སྟོན་པ་གཉིས་པ་ཞིག་ཏུ་བྱོན་པའོ། དེ་བཞིན་ཀང་ཀ་རྒྱ་གར་གྱི་ཡུལ་དུ་རྒྱལ་ཕྲན་གཅིག་གི་ཕྱག་ཏུ་བབས་པས། རྒྱ་གར་ལ་མཁས་པ་ལྷ་བདག་སྔགས་གྲོར་བྱུང་སྟེ་རྒྱ་གར་གྱི་བོན་སྐོར་ཅེས་དང་། ཁྲུང་ཁྲུང་རྒྱ་ནག་ཡུལ་དུ་རྒྱལ་ཕྲན་གཅིག་གི་ཕྱག་ཏུ་བབས་པས། རྒྱ་ནག་ལ་མཁས་པ་ལེགས་ཏང་རྨང་པོར་བྱུང་བ་ལ་བརྟེན་ནས་རྒྱ་ནག་གི་བོན་སྐོར་ཅེས་ བསྒྲགས༌། བྱ་རྒོད་ཞང་ཞུང་གི་ཡུལ་དུ་བབས་པས།    ཞང་ཞུང་སྡེ་བརྒྱད་ཀྱི་ཡུལ་དུ་བོན་གྱི་ཆར་བབས་པ་དག ཕྱིས་མཁས་པ་མི་བཞི་ཡིས་གཙང་བྱེ་མ་གཡུང་དྲུང་གི་གནས་ཆུ་མིག་བརྒྱད་ཅུའི་མགོ་ བོར།ཞང་ཞུང་གི་སྐད་ལས་བོད་ཀྱི་སྐད་དུ་བསྒྱུར་ནས་སྤྱིར་མདོ་སྔགས་སེམས་གསུམ་ དང་བྱེ་བྲག་ཏུ་མདོ་མཚན་ཉིད་ཐེག་པའི་བོན་སྒོ་རྣམས་བོད་གངས་ཅན་གྱི་ལྗོངས་སུ་ ཤིན་ཏུ་དར་ཞིང་རྒྱས་པར་བྱུང་མོད་བོད་བཙན་པོ་རིམ་བྱོན་གྱི་ནང་དུ་བོན་བསྟན་ལ་ དར་རྒུད་ཀྱང་ཧ་ཅང་མང་པོ་བྱུང་བ་སྟེ། བོད་རྒྱལ་གྲི་གུམ་བཙན་པོ་དང་སྲོང་བཙན་སྒམ་པོ༌། ཁྲི་སྲོང་ལྡེའུ་བཙན་དང་གླང་དར་མ་ལས་སོགས་ཀྱི་སྐབས་སུ་གཤེན་བསྟན་གསལ་བྱེད་ ཉི་མ་ནུབ་རིར་ཞུད་ལ་ཁད་པའི་གནས་སུ་གྱར། འོན་ཀྱང་སྔ་རབས་རིག་འཛིན་རྣམས་ཀྱིས་ཐུགས་བསྐྱེད་སྨོན་ལམ་བཙན་པོ་དང་སེམས་ཅན་ སྤྱི་མཐུན་གྱི་བསོད་ནམས་ཀྱི་མཐུ་ལས་བརྟེན་ནས་སླར་ཡང་བོད་ཡུལ་གྱིས་མཚོན་པའི་ འཛམ་གླིང་ཤར་ནུབ་ཀུན་ཏུ་བོན་བསྟན་རྟ་བདུན་དབང་པོ་ཤ་རིའི་ཕྲག་ནས་འཆར་བའི་ བསྐལ་བཟང་ཤར་བའོ། མདོ་མཚན་ཉིད་ཐེག་པ་ལའང་ལྷ་མི་གཞན་བརྟེན་གྱི་ཐེག་པ་དང་། རང་རྟོགས་གཤེན་རབ་ཀྱི་ཐེག་པ་དང༌། ཐུགས་རྗེ་སེམས་དཔའི་ཐེག་པ་དང༌། གཡུང་དྲུང་སེམས་དཔའ་སྤྲོས་མེད་པའི་ཐེག་པ་དང་བཞི་སྟེ་དེ་བཞི་ལ་དབུས་གཏེར་ ལུགས་ཀྱི་རྒྱུ་ཡི་ཐེག་པ་བཞི་ཞེས་བརྗོད། དེ་ཡང་དབུས་གཏེར་ལུགས་ཀྱི་ཐེག་པ་ཞེས་བརྗོད་དགོས་པའི་རྒྱུ་མཚན་ནི། ཐེག་པའི་གཞུང་ལུགས་དེ་དག་ཐོག་མར་གཏེར་ལས་ཐོན་པའི་ས་གནས་ཀྱི་ཁྱད་པར་གྱིས་ དབུས་གཏེར་ཅེས་བརྗོད་ཅིང༌། དབུས་ཞེས་པའི་ས་ཚིགས་ནི། ལོ་ཆེན་བེ་རོས་བོད་དུ་བསྒྱུར་བ་ཕྱིས་དབུས་གཏེར་ཡེར་པའི་བྲག་ནས་ཐོན་པའི་ཐེག་ པ་དགུ་ལ་དེ་ལྟར་ཐ་སྙད་ཐོགས་པ་ཞིག་དང༌། ཕྱི་མཚན་ཉིད་ཅེས་པའི་གོ་དོན་ནི། སྟོན་པ་སངས་རྒྱས་ཀྱིས་གསུང་པའི་བོན་སྒོ་ལ་ཕྱི་ནང་གསང་གསུམ་དུ་མ་འདུས་པ་མེད་ ཅིང་དེ་ཡང་ཕྱི་མདོ་ཡི་གཞུང་ལུགས་དེ་དག་ཕྱི་ཡི་བོན་སྒོ་རུ་གཏོགས་པས་ཕྱི་ཞེས་ དང༌། དངོས་པོ་ཡོད་པ་ཐམས་ཅད་ཆ་ཤས་ཀྱིས་བཤིག་ནས་མེད་པར་བྱས་ཏེ་སྒོམ་པ་དེ་ཕྱི་མཚན་ ཉིད་པའི་ལུགས་ཡིན་པ་དང༌། དེ་ཡང་འཁོར་འདས་ཀྱི་བོན་ཐམས་ཅད་སོ་སོ་རང་རང་གི་ཡིན་ལུགས་ཀྱི་མཚན་དེ་ཉིད་ བསྟན་པ་ལ་མཚན་ཉིད་ཅེས་མཁས་མཆོག་སྐྱབས་སྟོན་གྱིས་གསུངས་པ་ལྟར་རོ། མདོ་ཡི་ལུགས་ཀྱི་ཐེག་པའམ་གྲུབ་མཐའི་ལུགས་ལ་སྤང་བྱ་སྒྲིབ་པའི་ཚོགས་རྣམས་ནི་ ཐར་པ་དང་ཐམས་ཅད་མཁྱེན་པའི་གོ་འཕང་ཐོབ་པ་ལ་བགེགས་བྱེད་ཅིང༌། དེ་ཡང་ཉོན་མོངས་པའི་སྒྲིབ་པས་ཐར་པ་ཐོབ་པ་ལ་གེགས་བྱེད་པ་དང༌། ཤེས་བྱའི་སྒྲིབ་པས་ཐར་པ་ཆེན་པོའམ་བྱང་ཆུབ་ཆེན་པོ་ཐོབ་པ་ལ་གེགས་བྱེད་པས་ སྒྲིབ་པ་དེ་གཉིས་ཀྱི་གཙོས་པའི་སྒྲིབ་པ་མཐའ་དག་འཇོམས་པར་བྱེད་པའི་གཉེན་པོ་ ཡེ་ཤེས་ལ་དངོས་གཉེན་དང་ཞི་གཉེན་རིམ་གྱིས་བསྟེན་ཏེ་ཐར་པ་དང་ཐར་པ་ཆེན་པོ་ཐོབ་ པར་བྱེད་པ་ལ་བརྩོན་པར་བྱེད་དོ།  འོན་ཀྱང་ཐེག་པ་སོ་སོའི་བདག་འཛིན་ནམ་སྒྲིབ་པ་དང་བདག་མེད་ལྟ་བ་ལས་སོགས་འདོད་ ཚུལ་ལ་མི་འདྲ་བའི་ཁྱད་པར་ཆེན་པོ་ཡོད་པས་གཞུང་ཆེན་པོའམ་ཐེག་པའི་བོན་སྐོར་ སོགས་ལས་མཁྱེན་པར་མཛོད། དེས་ན་སྤང་ལམ་པའི་ཐེག་པ་དང༌། ཕྱི་མཚན་ཉིད་ཀྱི་ཐེག་པ་དང༌། མདོ་ཡི་ཐེག་པ་ལས་སོགས་དོན་འདྲའོ།།

གཡུང་དྲུང་བོན་གྱི་སྒྲུབ་གནས་ཁག་གི་ངོ་སྤྲོད་དམར་མོའི་མཛུབ་ཁྲིད།
གཡུང་དྲུང་བོན་གྱི་སྒྲུབ་གནས་ཁག་གི་ངོ་སྤྲོད་དམར་མོའི་མཛུབ་ཁྲིད།
ཞང་ཞུང་སྙན་རྒྱུད་བཀའ་རྒྱུད་སྐོར་བཞིའི་གླེང་བརྗོད།
ཞང་ཞུང་སྙན་རྒྱུད་བཀའ་རྒྱུད་སྐོར་བཞིའི་གླེང་བརྗོད།
བརྡ་སྤྲོད་སྲིད་པའི་སྒྲོན་མེའི་རྩ་ཚིག
བརྡ་སྤྲོད་སྲིད་པའི་སྒྲོན་མེའི་རྩ་ཚིག
མེ་སྟོན་ཉི་མ་རྒྱལ་མཚན་མཆོག་གི་གསུང་འབུམ།
མེ་སྟོན་ཉི་མ་རྒྱལ་མཚན་མཆོག་གི་གསུང་འབུམ།
བོན་ཆོས་དཔྱད་བསྡུར།
བོན་ཆོས་དཔྱད་བསྡུར།
ལེགས་བཤད་རིན་པོ་ཆེའི་གཏེར་མཛོད།
ལེགས་བཤད་རིན་པོ་ཆེའི་གཏེར་མཛོད།
 རྗེ་མཉམ་མེད་ཤེས་རབ་རྒྱལ་མཚན་གྱི་གསུང་འབུམ་ཆ་ཚང་གི་གློག་རྡུལ་འཕྲུལ་དེབ།
 རྗེ་མཉམ་མེད་ཤེས་རབ་རྒྱལ་མཚན་གྱི་གསུང་འབུམ་ཆ་ཚང་གི་གློག་རྡུལ་འཕྲུལ་དེབ།
རྒྱུན་ཁྱེར་བོན་སྤྱོད་ཕྱོགས་བསྡུས་དད་ལྡན་ཐར་ལམ་འཛེགས་པའི་ཐེམ་སྐས་ཞེས་བྱ་བ་བཞུགས་སོ།
རྒྱུན་ཁྱེར་བོན་སྤྱོད་ཕྱོགས་བསྡུས་དད་ལྡན་ཐར་ལམ་འཛེགས་པའི་ཐེམ་སྐས་ཞེས་བྱ་བ་བཞུགས་སོ།
སྨན་རིའི་སྟེགས་འཇོག་ལོ་ཐོ།
སྨན་རིའི་སྟེགས་འཇོག་ལོ་ཐོ།
previous arrow
next arrow