༧སྐྱབས་རྗེ་སྨན་རིའི་སློབ་དཔོན་ཡང་སྟོན་འཕྲིན་ལས་ཉི་མ་རིན་པོ་ཆེ།
ནང་ཟབ་དཀར་གསང་བ་སྔགས་ཀྱི་བོན་སྐོར་གངས་ཅན་ལྗོངས་སུ་དར་ཚུལ་མདོ་མཚན་ཉིད་ཐེག་པ་ལྟར། སྟོན་པ་སངས་རྒྱས་གཤེན་རབ་མི་བོ་མཆོག་གིས་བདུད་བཏུལ་རྣམ་པར་འཇོམས་པའི་མཛད་པའི་སྐབས་སུ། བདུད་ཁྱབ་པ་ལག་རིང་གིས་སྟོན་པའི་རྟ་བདུན་རྐུས་ཏེ་བོད་ཡུལ་དུ་བྲོས་པར་སྟོན་པ་སངས་རྒྱས་ཉིད་རྟ་ལ་ཆགས་པ་མ་ཡིན་ཀྱང་བོད་ཁམས་ཀྱི་འགྲོ་བ་འདུལ་པའི་དུས་ལ་བབས་པར་དགོངས་ཏེ་བོད་དུ་ཕེབས་ཏེ་རྟ་བདུན་ཕྱིར་ལོན་པར་མ་ཟད་རྐོང་རྗེ་དང་ཁྱབ་པ་ལག་རིང་ལས་སོགས་བཏུལ་ཏེ་བོད་ཡུལ་དུ་རྒྱུ་ཡི་བོན་ལས་སོགས་ཀྱི་བསྟན་པ་ཐོག་མར་དར་བར་བྱས། དེ་ནས་རིམ་བཞིན་འབྲས་བུའི་བོན་རྣམས་ཀྱང་དར་བ་སྟེ།
བོད་རྒྱལ་ཐོག་མ་གཉའ་ཁྲི་བཙན་པོས་གསང་སྔགས་ནང་རྒྱུད་དུ་གཏོགས་པའི་དབལ་རམ་ སྒྲུབ་སྟེ་གྲུབ་པ་ཐོབ་ཚུལ་དང༌། བཙན་པོ་འདི་ཡི་རིང་ལ་ཤེས་པ་ཅན་བཅུ་གཉིས་དར་ཏེ། མངོན་ཤེས་ལྷ་བོན། གཡང་ཤེས་ཕྱ་འདོད། འགྲོ་ཤེས་གླུད་འདོད། འདུར་ཤེས་སྲིད་གཤེན། གཙང་ཤེས་སེལ་འདེབས། སྒྲོལ་ཤེས་ལྷ་བྱད། ཕན་ཤེས་སྨན་དཔྱད། སྐོར་ཤེས་རྩིས་མཁན། སྨྲ་ཤེས་གཏོ་དགུ། ལྡིང་ཤེས་ཤ་བ། འཕུར་ཤེས་ཇུ་ཐིག འགྲོ་ཤེས་འཕྲུལ་བོན་བཅས་བཅུ་གཉིས་སྐབས་ཀྱི། སྒྲོལ་ཤེས་ལྷ་བྱད་ཅེས་པ་དགྲ་བགེགས་དགུག་སྒྲོལ་གྱི་བོན་ཏེ་གསང་སྔགས་ཀྱི་བོན་ སྐོར་དུ་གཏོགས་པ་འདི་ཡིས་ཀྱང་དེ་དུས་གསང་སྔགས་ཀྱི་བསྟན་པ་དར་བར་རྟོགས་ནུས་ སོ། བོད་རྒྱལ་གཉིས་པ་མུ་ཁྲི་བཙན་པོའི་སྐབས་སུ་ཞང་ཞུང་ནས་ནམ་མཁའ་སྣང་བ་མདོག་ཅན་ ལས་སོགས་མཁས་པ་བརྒྱ་རྩ་བརྒྱད་གདན་དྲངས་ཏེ་གསང་སྔགས་ཀྱི་བསྟན་པ་ཤིན་ཏུ་དར་ བར་མ་ཟད།་མུ་ཁྲི་བཙན་པོས་ནམ་མཁའ་སྣང་བ་མདོག་ཅན་ལས་གསས་མཁར་སུམ་བརྒྱ་དྲུག་ ཅུའི་ཡང་བཅུད།་སྤྱི་སྤུངས་གསང་བའི་སྒོར་ཞུགས་ནས་ལྷ་རི་གྱང་ཐོ་ལ་སྒྲུབ་པས་ གྲུབ་རྟགས་ལས་སོགས་ངོ་མཚར་བར་བྱུང་སྟེ་ཉམས་རྟོགས་ཀྱི་ང་རྒྱལ་འཁྲུངས་ཏེ་བོན་ འདི་ཉིད་རྒྱལ་རིགས་དྲ་མ་མིན་པ་གཞན་གྱིས་སྤྱོད་དུ་མི་རུང་སྙམས་ཏེ་གཞན་སུ་ ལའང་མ་བསྟན་པར་གསང་བ་ཆེན་པོ་མཛད་དེ་གསང་བ་རྩ་འགགས་སུ་སོང་བའི་ཉེས་པས་རྒྱལ་ པོའི་ཉམས་རྟོགས་རྣམས་ཆ་བྲི་སྟེ། གསང་སྔགས་ཀྱི་བོན་སྡེ་འདི་ཉིད་ཉམ་ལ་ཁད་པའི་གནས་ཚུལ་བྱུང་། འོན་ཀྱང་མོན་བོན་ཧ་ར་ཅི་པར་ལ་བོན་གནམ་བབས་ཀྱིས་སླར་ཡང་གདམ་ཟབ་རྣམས་དར་བར་ གྲགས་པ་འདི་དག་གིས་གནམ་གྱི་ཁྲི་བདུན་གྱི་རིང་ལ་གསང་སྔགས་ཀྱི་བོན་རྣམས་དར་བ་ དེ་ཡིས་ཀྱང་རྟོགས་ནུས་པར་མ་ཟད།
གནམ་གྱི་ཁྲི་བདུན་གྱི་རིང་ལ་བླ་མ་ཆེ་དྲུག་གི་བོན་དར་བ་སྟེ། ཕ་ཆེན་བླ་ན་མེད་པའི་བོན་དང༌། མ་ཆེན་བླ་ན་མེད་པའི་བོན་དང༌། ཐེག་པ་བླ་ན་མེད་པའི་བོན་དང༌།སྤྱོད་པ་བླ་ན་མེད་པའི་བོན་དང༌། འབྲས་བུ་བླ་ན་མེད་པའི་བོན་དང་། དོན་དམ་བླ་ན་མེད་པའི་བོན་ལས་སོགས་དར་བར་ལོ་རྒྱུས་ལས་བཤད་པས་ཀྱང་རྟོགས་ནུས་ སོ། དེ་ནས་བར་གྱི་ལྡིང་གཉིས་ཏེ་གྲི་གུམ་བཙན་པོ་དང་སྤུ་ལྡེ་གོང་རྒྱལ་གཉིས་ཀྱི་ རིང་ལའང་གསང་སྔགས་ཀྱི་བོན་དར་ཞིང་རྒྱས་པར་ཡོད་པ་སྟེ།་ རྒྱལ་པོ་སེང་ཁྲི་བཙན་པོའི་སྲས་འཁྲུངས་ཚད་ཐམས་ཅད་བདུད་ཐེལ་མོས་ཟོས་པར། རྒྱལ་པོས་སྤེ་ཡི་བོན་པོ་གདན་དྲངས་ཏེ། སྤེ་བོན་གྱིས་བྱམས་མ་བསྒྲུབ་སྟེ་བུམ་ཆུ་ཐེལ་མོ་གནས་སའི་བྲག་གི་སྟེང་དུ་ བླུགས་པར་ནམ་མཁའ་ནས་ཐོག་ཕོག་པ་བཞིན་ཐེལ་བྲག་རྩེ་ནས་རྨེངས་སུ་བསྙིལ་ཅིང་ཐེལ་ མོ་བཏུལ་ཏེ་རྒྱལ་པོའི་ཐུགས་བཞེད་གྲུབ་པར་མཛད་པས། རྒྱལ་པོས་སྤེ་ཡི་བོན་པོར་སྤེ་བོན་ཐོག་འཕྲུལ་ཅེས་ཆེ་བའི་ཡིག་ཚང་གནང་བར་གྲགས་ པའི་ལོ་རྒྱུས་ཀྱིས་དེ་དུས་གསང་སྔགས་ཀྱི་བསྟན་པ་དར་བར་བསྒྲུབ་ནུས། དེ་བཞིན་ས་ལ་ལེགས་དྲུག་དང་ཆུ་ལ་ལྡེ་དྲུག་གི་རིང་ལའང་གསང་སྔགས་ཀྱི་བོན་དར་བ་ སྟེ། དེ་ཡི་རིང་གདུང་རྒྱུད་བཅུ་གསུམ་གྱི་བོན་དར་བ་ལོ་རྒྱུས་ནས་བཤད་ཅིང༌། གདུང་རྒྱུད་བཅུ་གསུམ་གྱི་བོན་ནི། ཕ་རྒྱུད་ལུང་ཆེན། ལྟ་བ་རྫོགས་ཆེན། བྱང་སེམས་ཐེག་ཆེན། གསས་མཁར་རྒྱུད་ཆེན། ཀུན་གསལ་བྱམས་ཆེན། འབུམ་ཁོག་དབང་ཆེན། བཤད་རྫོགས་གཞུང་ཆེན། རྩེ་འདུས་ཁོག་ཆེན། སྡེ་ལྔ་མདོ་ཆེན། གསང་ལུང་དབང་ཆེན། རྒྱས་ལྔ་འབུམ་ཆེན། སྡེ་བཞི་གཟུང་ཆེན། རིག་པའི་གནས་ཆེན་རྣམས་ཀྱི་བོན་དར་བར་བཤད་པའི་ལོ་རྒྱུས་ཀྱིས་ཤེས་ནུས་སོ།
དེ་བཞིན་བར་གྱི་བཙན་དྲུག་གི་རིང་ལའང་དར་བ་སྟེ། དེ་ཡི་སྐབས་ན་འཛམ་གླིང་མཁས་པའི་རྒྱན་དྲུག་གི་བོན་དར་བར་བཤད་པའི་ལོ་རྒྱུས་ ཀྱིས་གྲུབ་པ་དང༌། ཕུན་སུམ་ཚོགས་པའི་བོན་རྒྱལ་བཞི་ཡི་རིང་ལ་གསང་སྔགས་ཙམ་དུ་མ་ཟད་ཐེག་པ་རིམ་ དགུའི་བོན་དར་ཞིང་རྒྱས་ཏེ་བོད་ཁམས་སུ་གད་ཀྱི་བྱི་བ་མཁར་གྱིས་གཙོས་པའི་འདུ་ གནས་གསུམ་ཅུ་སོ་བདུན་ལས་སོགས་བོན་གྱི་གནས་སྡེ་ཤིན་ཏུ་མང་བར་དར་བའི་རྒྱུ་ མཚན་ལ་བརྟེན་ནས་རྒྱལ་པོ་དེ་དག་ལ་ཕུན་སུམ་ཚོགས་པའི་བོན་རྒྱལ་ཞེས་ཡོངས་སུ་ གྲགས་པའོ། ཆོས་ཀྱི་སྲོལ་འབྱེད་རྒྱལ་པོ་ལྔ་ཡི་རིང་ལ་བོན་བསྟན་བསྣུབས་པའི་མགོ་བརྩམས་ མོད་ལྐོག་ཏུ་བོན་གཤེན་རྣམས་ཀྱིས་བོན་ནར་མར་སྤྱད་པ་ལོ་རྒྱུས་ལས་ཤེས་ནུས་ ཤིང༌། དཔེར་ན། གཙང་མ་ཞང་ཞུང་གི་བོན་སྐོར་མེ་རི་བཀའ་མ་ལྟ་བུ་དུས་ཀྱི་གཉན་འཕྲང་ཆེ་བ་དེ་ཡི་ སྐབས་སུའང་བོན་གཤེན་རྣམས་ཀྱིས་གསང་བ་དམ་པོར་བྱས་ཏེ་གཉེར་བ་ཡིས་གཏེར་ལ་མ་ སོང་བས་མེ་རི་བཀའ་མ་ཞེས་ད་ལྟར་ཡོད་བཞིན་པ་ཡོངས་སུ་གྲགས་པ་ལྟར་རོ། བོད་རྒྱལ་ཐོག་མ་གཉའ་ཁྲི་བཙན་པོས་ནས་བཟུང་བཙན་པོ་རིམ་བྱོན་གྱི་སྐབས་དེ་དག་ ཏུ་གསང་སྔགས་ཀྱི་བོན་ཇི་ལྟར་གནས་ཚུལ་བཤད་པའོ།
གསང་སྔགས་ཀྱི་བོན་སྐོར་ལ་འགྲེལ་བ་བཏབ་པའང་ཤིན་ཏུ་མང་བར་མངའ་སྟེ།
རྒྱལ་གཤེན་མི་ལུས་བསམ་ལེགས་ཀྱིས་མཛད་པའི་མ་རྒྱུད་སངས་རྒྱས་རྒྱུད་གསུམ་གྱི་འགྲེལ་བ་དང༌།
སྟོན་པ་ཀུན་ཏུ་བཟང་པོས་མཛད་པའི་ཀུན་བཏུས་རིན་ཆེན་རྩ་རྒྱུད་ཀྱི་གཞུང་ལ། མཁས་པ་ཆེན་པོ་ཁ་ཆེ་དཔལ་འབར་གྱང་ཏི་གསས་དང༌། ལོ་ཙཱ་བ་བོད་ཀྱི་བོན་པོ་གསས་མཁར་མེ་འབར་དང༌། བླ་ཆེན་པོ་དྲན་པ་ནམ་མཁའ་བཅས་ཀྱིས་འགྲེལ་བ་བཏབ་པའི། ཀུན་བཏུས་རིན་ཆེན་རྩ་རྒྱུད་ཀྱི་འགྲེལ་བ་ཉི་ཟེར་དྲྭ་བ་དང༌། སྟག་ལ་མེ་འབར་གྱིས་མཛད་པའི་ཕུར་པའི་འགྲེལ་དོན་བསྡུས་རྩ་བའི་འགྲེལ་ཆེན། དེ་བཞིན་འགྲོ་མགོན་བློ་གྲོས་རྒྱལ་མཚན་གྱིས་རྩ་རྒྱུད་གསང་བ་བསེན་ཐུབ་ཀྱི་ འགྲེལ་བ་ཡིད་བཞིན་རྣམ་པར་བཀོད་པའི་རྒྱན། སྐྱབས་སྟོན་རིན་ཆེན་འོད་ཟེར་གྱིས་མཛད་པ་ཁྲོ་བོའི་འགྲེལ་ལས་སོགས་ཤིན་ཏུ་མང་ བར་བཞུགས་པའོ།
དེས་ན་གསང་སྔགས་ཞེས་པའི་སྒྲ་དོན་ནི། མ་གོ་ལོག་ལྟ་ཅན་ལ་གསང༌། སྐལ་ལྡན་དོན་ཡོད་ཅན་ལ་བསྔགས། ཞེས་གསང་སྔགས་ཀྱི་བོན་སྡེའམ་ལྟ་སྤྱོད་ལ་མི་མོས་པའི་འགྲོ་བ་དེ་དག་ལ་ཚིག་ཙམ་ ཀྱང་མི་སྒྲོགས་པར་གསང་དགོས་ཤིང་དེ་ལྟར་གསང་དགོས་པའི་རྒྱུ་མཚན་ཀྱང། གསང་སྔགས་ཀྱི་ལྟ་སྤྱོད་ལ་ཉེས་པ་དང་སྐྱོན་ཡོད་པའི་རྒྱུ་མཚན་གྱིས་མིན་པར། གསང་སྔགས་ཀྱི་ལྟ་སྤྱོད་ཤིན་ཏུ་ཟབ་པ་དེ་དག་ལས་དང་སྨོན་ལམ་གྱི་འབྲེལ་བ་མེད་པ་ དང༌།རྒྱུད་ལ་དད་མོས་གུས་པ་མེད་པའི་བློ་ངོར་མི་ཤོང་ཅིང་ལོག་ལྟ་སྐྱེ་རིགས་པས་ དེ་ལྟར་ལོག་ལྟ་སྐྱེས་ཚེ་གདམས་པ་འཆད་པ་པོ་དང་ཉན་པ་པོ་གཉིས་ཀ་ལ་གསང་སྔགས་ཀྱི་ དམ་ཚིག་དང་འགལ་ཏེ་དམྱལ་བ་ལས་སོགས་ངན་སོང་གི་གནས་སུ་བཞེན་འདེབས་པར་འགྱུར་ བའི་རྒྱུ་མཚན་གྱིས་སོ། དེས་ན། གསང་སྔགས་ཀྱི་བོན་དང་ལྟ་སྤྱོད་ལ་དགའ་ཞིང་མོས་པའི་རིགས་སད་པའི་འགྲོ་བའི་ རིགས་ལ་སྟོན་རིགས་པར་གསུངས་སོ། གསང་སྔགས་ཐེག་པ་ཆེན་པོའི་ལུགས་ལ་ཉོན་མོངས་དུག་ལྔ་ལས་སོགས་སྒྲིབ་པའི་ཚོགས་ རྣམས་མཚན་ཉིད་ཐེག་པའི་ལུགས་ལྟར་གཉེན་པོ་བསྟེན་ཏེ་ཕར་སྤོང་བར་མི་འདོད་ཅིང༌། དེ་དག་ཡེ་ཤེས་ལྔ་ཡི་ངོ་བོར་ཚུར་བསྒྱུར་ཏེ་མཐར་མཁྱེན་བརྩེ་ནུས་གསུམ་གྱི་བདག་ ཉིད་ཆེན་པོ་ཡི་དམ་གྱི་སྐུ་མཆོག་བརྙེས་པར་འདོད་དོ། དེས་ན་དུག་ལྔ་སྤང་ལོག་ཡེ་ཤེས་མཚོན་དུ་མེད།ཅེས་དང༌།དུག་ལྔའི་ངོ་བོ་ཡེ་ཤེས་ ལྔ། དབྱེར་མེད་གཅིག་ཏུ་ཤེས་ན་སྦྱོང་དུ་མེད་ཅེས་པའི་ལུང་དོན་གྱིས་ཀྱང་གྲུབ་པས་ སོ།