ཡི་དམ་དབལ་ཕུར་བསྙེན་སྒྲུབ་ལས་གསུམ་གྱི་བསྡུས་དོན་ཅུང་ཙམ་བཤད་པ།

དགེ་བཤེས་རིན་ཆེན་བསྟན་འཛིན།
རང་བྱུང་ཁྲོ་བོ་ཕུར་ནག་ལྷ་ལ་ཕྱག་འཚལ་ལོ།  ༧རྒྱལ་བ་སྨན་རི་བའི་སྒྲུབ་པ་བཅུ་གཉིས་ཀྱི་ནང་ཚན་ལས་ལོ་ལྟར།  ཕྲིན་ལས་ཀྱི་ཁྲོ་བོ་ཡི་དམ་དབལ་ཕུར་ནག་པོའི་བསྙེན་སྒྲུབ་ལས་སྦྱོར་གྱི་སྒྲུབ་པ་མཛད་ཀྱི་ཡོད་ཀྱང་། འདི་ལོར་དམིགས་བསལ་༧སྐྱབས་རྗེ་སྨན་རིའི་ཡོངས་འཛིན་སློབ་དཔོན་བསྟན་འཛིན་རྣམ་དག་རིན་པོ་ཆེ་མཆོག་ནས་བཀའ་གསུང་ཕེབས་དོན་བཞིན། སངས་རྒྱས་གཡུང་དྲུང་བོན་གྱི་བསྟན་པ་སྤྱི་དང་། སྒོས་སུ་དེ་འཛིན་གྱི་སྐྱེས་བུ་གང་ན་སུ་བཞུགས་པ་རྣམས་དང་། ཡང་སྒོས་༧རྒྱལ་བ་སྨན་རི་བའི་བསྟན་དང་བསྟན་འཛིན་གྱི་བུ་སློབ་རྣམས་ལ་ཕྱི་ནང་གསང་བའི་འགལ་རྐྱེན་ཇི་སྙེད་རབ་ཏུ་ཞི་ཕྱིར། ༧གཡུང་དྲུང་བོན་གྱི་གདན་ས་གོང་མ་དཔལ་གཤེན་བསྟན་སྨན་རིའི་གླིང་དུ།  བོད་ལྕགས་སྟག་ལོའི་ཟླ་བ་༡༡ སྔ་མའི་ཚེས་ ༢༣ ནས་ ༢༩ བར་༧སྐྱབས་རྗེ་རྒྱལ་བ་སྨན་རིའི་ཁྲི་འཛིན་སོ་གསུམ་པ་ཆེན་པོ་མཆོག་དང་། ༧སྐྱབས་རྗེ་སྨན་རིའི་སློབ་དཔོན་ཡང་སྟོན་འཕྲིན་ལས་ཉི་མ་རིན་པོ་ཆེ་མཆོག་རྣམ་ གཉིས་དབུ་བཞུགས་ཐོག་འདུས་གྲྭ་ཡོངས་ནས། ཡི་དམ་དབལ་ཕུར་ནག་པོའི་སྤྱི་དོན་ཉི་ཤུ་རྩ་ལྔའི་གཞུང་བསྲངས་ཏེ་བསྙེན་སྒྲུབ་ ལས་གསུམ་གྱི་འཕྲིན་ལས་མཐར་ཕྱིན་པ་ཞིག་གནང་ཡོད་པ་དང་། སྐབས་དེར་བདག་ལ་དབལ་ཕུར་བསྙེན་སྒྲུབ་ལས་གསུམ་དང་། སྤྱི་དོན་ཉི་ཤུ་རྩ་ལྔའི་སྐོར་ཅུང་ཙམ་འབྲི་བར་འདོད་པའི་འདུན་པ་བྱུང་བ་དང་འབྲེལ། ད་ལན་དབལ་ཕུར་ནག་པོའི་སྐོར་ཅུང་ཙམ་འབྲི་བར་སྤྲོ་ན།

དེ་ཡང་དབལ་ཕུར་བསྙེན་སྒྲུབ་ལས་གསུམ་གྱི་བསྡུས་དོན་ཅུང་ཙམ་བཤད་པ་འདི་ལ་ དོན་བཞི་ཡིས་བསྟན་ཏེ།  མཚན་གྱི་དོན་བཤད་པ་དང།  ཁུངས་ཀྱི་ལོ་རྒྱུས་བསྟན་པ་དང།  རྒྱུད་ལུང་མན་ངག་གི་སྡེ་ཚན་བཤད་པ་དང། སྒྲུབ་པ་འཕྲིན་ལས་ཀྱི་དོན་བཤད་པ་དང་བཞི་ལས། དང་པོ་དབལ་ཕུར་རྒྱས་པ་རྒྱུད་སྡེའི་མཚན་དང་། དབང་པོ་རབ་ཀྱི་དོན་དུ་སྒྲུབ་པ་དབལ་ཕུར་དྲག་པོ་གཏིང་རྫོགས་དང་།   འབྲིང་གི་དོན་དུ་སྒྲུབ་པ།  ཏི་ཀ་གསང་བའི་གཟེར་བུ་དང། ཐ་མའི་དོན་དུ་སྒྲུབ་པ།  དབལ་ཕུར་ནག་པོ་སྲོག་ལེན་དང།   སྦྱིན་སྲེག་དང།   ཐུན་ཟོར་དང།   གཏད་གནན་ལ་སོགས་ཏེ།  སོ་སོར་དཔེ་དོན་རྟགས་གསུམ་གྱི་མཚན་མང་དུ་ཡོད་ཀྱང་། སྐབས་འདིར་མཚན་གྱི་དོན་ནི།   སྒྲུབ་ཐབས་ཀྱི་རྒྱལ་པོ་དབལ་གྱི་ཕུར་པ་ནག་པོ་ཞེས་བྱ་བའོ།   དེ་ཡང་སྒྲུབ་ཐབས་ཞེས་པ་རྣམ་གྲངས་ལ་མཚན་དུ་གསོལ་ཏེ། སྒྲུབ་ཐབས་གསུམ།   ལས་སྦྱོར་གསུམ།    མཆོང་ལྔ།   དོན་དྲུག      ཁ་ཚར་དགུ   སྒྲུབ་ཆུང་ཉི་ཤུ་རྩ་གཅིག་སོགས་སྒྲུབ་ཐབས་མང་དུ་བསྟན།    རྒྱལ་པོ་ཞེས་པའི་དོན་ནི།    སྒྲུབ་ཐབས་འདི་རྒྱུད་ལུང་མན་ངག་དང་བཅས་པས།   འདི་ཡི་གོང་ངམ་བླ་ན་གང་ཡང་མེད་ཅིང་འཇིག་རྟེན་དང་དེ་ལས་འདས་པའི་ལྷ་ཚོགས་བྲན་ དང་ཕོ་ཉ་བྱས་ཏེ་ཐམས་ཅད་དབང་དུ་འདུས་ཤིང་ཐོགས་སྡུག་མེད་པར་གྲུབ་པས།  སྒྲུབ་ཐབས་ཀྱི་རྒྱལ་པོའོ།  དབལ་ཞེས་པ་ནི།   དོན་ལ་མཚན་དུ་གསོལ་ཏེ།  ཕྱི་ལྟར་ཐུན་མོང་འབྱུང་བའི་དབལ་གྱིས།   ཕྱི་ལས་ལ་གྱུར་པའི་དགྲ་བགེགས་ཐམས་ཅད་འབུགས་ཤིང་སྲེག་པར་བྱེད་པ།   ནང་ལྟར་ཐུན་མིན་ཡེ་ཤེས་ཆེན་པོའི་དབལ་གྱིས།   དོན་ལས་ཕྱི་ཅི་ལོག་པའི་རྣམ་རྟོག་ཐམས་ཅད་སྲེག་ཅིང་འཇོམས་པར་བྱེད་པའི་ཕྱིར་ན་ དབལ་ཞེས་སོ།    ཕུར་ཞེས་པའི་དོན་ནི།   ལས་དང་ཉོན་མོངས་མ་དག་པའི་ཕྱོགས་ཐམས་ཅད།   དག་པ་སྐུ་དང་ཡེ་ཤེས་རྣམ་པར་མི་རྟོག་པའི་ངང་དུ་ཕུར་བས་ན་ཕུར་པའོ།   ནག་པོ་ཞེས་པ།  རྟགས་ལ་མཚན་དུ་གསོལ་ཏེ།   འགྱུར་བ་མེད་ཅིང་ལོག་འདྲེན་ཟིལ་གྱིས་གནོན་པས་ཐམས་ཅད་ཁྲོག་བརླག་ཏུ་གཏོང་ཞིང་ དབང་དུ་བསྡུས་པས་ན་ནག་པོའོ།།

གཉིས་པ་ཁུངས་ཀྱི་ལོ་རྒྱུས་བསྟན་པ་ནི།   བོན་ཉིད་ཀྱི་དབྱིངས་ཡངས་དོག་མེད་པའི་ཀློང་།    འོག་མིན་བདལ་པ་ཆེན་པོའི་ཞིང་ནས།   ལོངས་སྤྱོད་རྫོགས་སྐུ་མཁའ་འགྱིང་རྒྱལ་པོས།   གྲུ་སུམ་དགྱེས་པ་ཆེན་པོའི་གཞལ་ཡས་སུ།  ལྷ་མོ་ཐུགས་རྗེ་བྱམས་མ་ལ།  ཐུགས་རྗེ་བྱིན་རླབས་ཀྱིས་བཤད།  དེས་མཐིང་གུར་གཡུ་འཐིབས་ཀྱི་གནས་སུ།   སྤྲུལ་སྐུ་གཤེན་རབ་ལ།  རྨི་ལམ་དང་མདངས་ལྟ་བུར་བཤད།    དེས་དྲག་པོ་འོ་མ་ཚལ་གྱི་གནས་སུ།    སྣོད་དང་བཅུད་ཀྱི་ཚུལ་དུ་དབལ་བོན་སྟག་ལ་མེ་འབར་ལ་བཤད།   དེས་དབལ་བོན་ཁ་ཡལ་མེ་འབར་ལ་བཤད།   དེ་ནས་ཚེ་ཡི་རིག་འཛིན་ཐོབ་པའི་དབལ་གྱི་བོན་པོ་བཅོ་བརྒྱད་གཅིག་ནས་གཅིག་དུ་ བརྒྱུད་དེ།   བླ་ཆེན་དྲན་པ་ནམ་མཁའི་བར་དུ་བརྒྱུད།  སྤྱི་ལོའི་དུས་རབས་བརྒྱད་པའི་ནང།  བོད་ཀྱི་རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་གྱི་དུས་སུ་སེམས་ཅན་སྤྱི་འཐུས་ཀྱི་ལས་ དང་བདུད་སྲིན་ལོག་པའི་དབང་གིས།   གཡུང་དྲུང་བོན་གྱི་བསྟན་པ་ལ་བར་ཆོད་ཀྱི་གཉན་འཕྲང་ཆེན་པོ་ཞིག་བྱུང་བའི་སྐབས་ སུ།   བླ་ཆེན་དྲན་པ་ནམ་མཁས་ཐུགས་ཀྱི་བརྣག་པ།   དབལ་ཕུར་ནག་པོ་འདི་ལ་སྡེ་སྐོར་དོན་གསུམ་དུ་ཕྱེས་ཏེ།   རྒྱུད་འགྲེལ་རྩ་བ་ལུང་དོན་རྒྱས་པའི་སྐོར་རྣམས་ལྕགས་སྒྲོམ་དུ་ཁྲོ་ཆུས་རྒྱས་ བཏབས་ནས་བླ་ཡི་ཕོ་བྲང་བསེ་སྒོ་ཅན་དུ་སྦས།  ཉམས་སུ་བླང་བ་ལས་ཐིག་འགྲེལ་ཆུང་གི་སྐོར་སེང་ལྡེང་གི་སྒྲོམ་བུར་བཀའ་རྟགས་ ཀྱིས་རྒྱས་བཏབས་ནས་དབུས་ཀྱི་ཡང་རྩེར་སྦས།   མན་ངག་ཐུགས་ཀྱི་བརྣག་པ་གསང་བའི་སྐོར།   རིན་པོ་ཆེའི་སྒྲོམ་བུར་བཀའ་རྟགས་ཀྱིས་རྒྱས་བཏབས་ནས་མགྲིན་བཟང་གཙུག་ལག་ཁང་ དུ་སྦས།  དེ་ནས་དྲན་པ་ནམ་མཁའ་མི་ལོ་སུམ་ཅུ་རྩ་བདུན་ནན་བན་དུ་བཅུགས་སོ།

དུས་རེ་ཞིག་ན་ཡབ་ཁྲི་སྲོང་ལྡེའུ་བཙན་ཟུར་མཁར་དུ་གཤེགས་ཚེ།   རྒྱལ་སྲས་མུ་ཐུག་བཙན་པོ་དང་ཁྱུང་པོ་གྱེར་ཆེན་ཟླ་མེད་གཉིས་ཀྱིས་བོན་འདི་ རྣམས་ནུབ་ཏུ་དོག་གིས་དབུས་ནས་གཏོན་ཏེ།  ལྷོ་སྤ་གྲོ་ཕུག་གཅལ་གྱི་གཡོན་ངོས་བྲག་སོག་པོ་དམག་ལ་ཆས་པ་འདྲ་བའི་སྐེད།   སེང་གེ་ཁ་གདངས་པ་འདྲ་བའི་འོག    རུས་སྦལ་ནག་པོས་ཆུ་འཐུང་བ་འདྲ་བའི་འགབ།   ཕ་བོང་སྡིག་རུ་ཅན་གྱི་རྩ།   བྲག་ཕུག་ཉི་མ་རིས་སུ་སྦས་ནས་བཀའ་སྲུང་གཏེར་བདག་དྲུག་ལ་གཏད་དོ།   ཕྱིས་སྤྱི་ལོའི་དུས་རབས་བཅུ་པའི་ནང་ས་ཕོ་སྟག་ལོའི།   སྟོན་ཟླ་ར་བའི་ཉ་ལ་བླ་མ་ཟླ་འོད་འབར་གྱིས་གཏེར་ཞལ་ཕྱེས་ནས་གཏེར་སྒྲོམ་རྣམས་ བདག་ཏུ་བཞེས།   དེ་ནས་དབལ་ཕུར་སྡེ་སྐོར་དོན་གསུམ་རྣམས་བླ་མ་མགར་ནག་ལ་གནང་།   དེ་ནས་རིམ་པར་བརྒྱུད་དེ།  སྙིགས་དུས་ཀྱི་༧རྒྱལ་བ་གཉིས་པ་མཉམ་མེད་ཤེས་རབ་རྒྱལ་མཚན་ནས།   རྩ་བའི་བླ་མ་༧སྨན་རིའི་ཁྲི་འཛིན་སོ་གསུམ་པ་ལུང་རྟོགས་བསྟན་པའི་ཉི་མ་རིན་ པོ་ཆེ་མཆོག་གི་བར་དུ། སྨན་རིའི་མཁན་རབས་རིམ་བྱོན་རྣམས་ཀྱིས་རྩ་བའི་ཐུགས་དམ་མཛད་ནས་སྒྲུབ་པའི་ རྒྱུན་མ་ཆད་དབང་དང་བྱིན་རླབས་ཀྱི་ན་བུན་མ་ཡལ་བར་ད་ལྟའི་བར་དུ་འགྲོ་བའི་དོན་ ལ་བཞུགས་སོ།།

གསུམ་པ་རྒྱུད་ལུང་མན་ངག་གི་སྡེ་ཚན་བསྟན་པ་ལ་གསུམ་ཏེ།   དོན་བསྡུས་རྩ་བའི་འགྲེལ་ཆེན་ལས་རྒྱུད་ཀྱི་ཚུལ་དུ་བྱས་ཏེ་ཕུན་སུམ་ཚོགས་པ་ བདུན་གྱིས་སྒོ་ནས་བསྟན་པ་དང་།   ལུང་སྒྲུབ་ཐབས་ཀྱི་དབང་དུ་བྱས་ཏེ།   རྩིས་འགོ་རྣམ་པ་དྲུག་གིས་སྒོ་ནས་བསྟན་པ་དང།   མན་ངག་གི་དོན་དུ་བྱས་ཏེ་ཐུན་མོང་མ་ཡིན་པའི་སྒོ་ནས་བསྟན་པའོ།  ཞེས་གསུངས་པ་ལྟར།  དང་པོ་སྟོན་པ་ཕུན་སུམ་ཚོགས་པ་ནི།   ཐུགས་ཉིད་གཡོ་བ་མེད་པ་བོན་གྱི་སྐུ་བདལ་པ་ཆེན་པོའི་ཀློང་ལས་བདེ་སྟོང་ཡེ་ཤེས་ ཀྱི་ཆོ་འཕྲུལ་གསལ་བའི་བདག་ཉིད། ངེས་པ་ལྔ་ལྡན་གྱི་སྐུ་མཁའ་འགྱིང་ཁྲོ་བོ་དབལ་ཕུར་རྩ་བའི་ལྷ་ཚོགས་རྣམས་ལོངས་ སྤྱོད་རྫོགས་སྐུའི་སྟོན་པའོ།  ལོངས་སྐུ་བདེ་བའི་ཡེ་ཤེས་ཡོན་ཏན་དཔག་ཏུ་མེད་པའི་འོད་ཟེར་ལས།  སྤྲུལ་པའི་སྟོན་པ་གཤེན་རབ་མི་བོ་མཆོག་སྟོང་གསུམ་འཇིག་རྟེན་གྱི་ཁམས་སུ།  འགྲོ་བའི་དོན་མཛད་པ་ནི།  སྤྲུལ་པའི་སྐུ་ཡི་སྟོན་པ་ཞེས་བྱ།  གཡུང་དྲུང་བོན་གྱི་བསྟན་པ་སྲུང་བ་དང་།  བདུད་དང་སྲིན་པོ་ལོག་འདྲེན་ཚར་གཅོད་ཅིང་།   ལས་དང་ཉོན་མོངས་རྣམ་རྟོག་འདུལ་བའི་ཕྱིར་དུ།   སྟོན་པ་དེ་ཡི་ཐུགས་ལས་དབལ་བོན་སྟག་ལ་མེ་འབར་དུ་སྤྲུལ་པའོ།  དེ་ནི་གདུལ་དཀའ་འདུལ་མཛད་ཀྱི་སྟོན་པ་ཞེས་བྱའོ།

གཉིས་པ་གནས་ཕུན་སུམ་ཚོགས་པ་ལ་གཉིས་ཏེ་འོག་མིན་དོན་གྱི་གནས་དང་ཐུགས་རྗེས་ སྤྲུལ་པའི་གནས་གཉིས་ལས།   དང་པོ་འོག་མིན་དོན་གྱི་གནས་ནི་སྟོན་པ་སངས་རྒྱས་གཤེན་རབ་མི་བོའི་ཐུགས་ཀྱི་ སྤྲུལ་པ་དབལ་བོན་སྟག་ལ་མེ་འབར་གྱི་ཐུགས་ཉིད་དབྱེར་མེད་པའི་ཀློང་དེའོ།

གཉིས་པ་ནི་ཡུལ་ལྷོ་ནུབ་ཀྱི་མཚམས་སུ།   སྲིན་པོ་འདུ་བའི་གླིང་།   རྒྱ་ཚོ་ཆེན་པོའི་དཀྱིལ་ན།   དབལ་རི་ཟུར་སུམ་དུ་འདུག་པ་ལ།  རི་དེ་ཡི་རྐེད་པ་ལ་བྲག་ཕུག་ཁ་ནུབ་ཏུ་བལྟས་པར།   གཏིང་ཟླ་གམ་དུ་འདུག་པ་ཁ་ཟུར་སུམ་དུ་འདུག་པ་ཁ་དོག་དམར་ནག་དུ་འདུག་པ་དེ་ནི་ སྔོན་གྱི་བྱིན་རླབས་ཐུགས་རྗེས་སྤྲུལ་པའི་གནས་སོ།

གསུམ་པ་འཁོར་ཕུན་སུམ་ཚོགས་པ་ལ་གསུམ་སྟེ།   དང་པོ་སྟག་ལ་མེ་འབར་མངའ་བདག་རྩ་བའི་འཁོར་ནི།   བཀའ་ཉན་ལྷ་སྲིན་གྱི་འཁོར་དང།  འགུག་བྱེད་ཕོ་ཉའི་འཁོར་དང།   རྒྱུགས་སྒྲོལ་མངག་པའི་འཁོར་དང།   གདུང་བ་སྲུང་མའི་འཁོར་དང་བཞིའོ།   གཉིས་པ་ཐུགས་རྗེ་བྱམས་མ་བྱིན་རླབས་ཁ་གནོན་གྱི་འཁོར་ནི།  ཉིད་ལས་སྤྲུལ་པ་ས་བདག་མོའི་འཁོར་དང།   ཡིད་སེམས་སྤྲུལ་པ་མ་བདུན་གྱི་འཁོར་དང་།   ཕོ་ཉ་ལས་ལ་མངག་པ་ཁ་སྡུད་མའི་འཁོར་དང་གསུམ་མོ།   གསུམ་པ་འབྲུག་གསས་ཆེམ་པ་དབལ་ཕུར་རྩ་བའི་ཁོར་ནི།   ཉིད་ལས་མི་གཞན་པའི་ཁྲོ་བོའི་འཁོར་དང་།   ཟ་བྱེད་ཁྲོ་མོའི་འཁོར་དང།   རྒྱུགས་བྱེད་ཕོ་ཉའི་འཁོར་དང་།   གདུང་བ་སྲུང་མའི་འཁོར་དང།   ཕུར་འདེབས་ལས་མཁན་གྱི་འཁོར་དང།     བཀའ་ཉན་དྲེགས་པའི་འཁོར་དང་དྲུག་གོ     བཞི་པ་དུས་ཕུན་སུམ་ཚོགས་པ་ལ་བཞི་སྟེ།    དང་པོ་མངོན་པ་ཕྱི་ཡི་དུས་ནི་བསྐལ་པའི་དང་མ།  སྲིད་པའི་ཐོག་མ།   འབྱུང་བའི་སྙིང་པོ་ལ།  སྲིད་པའི་མངའ་བདག་སྟོན་པ་གཤེན་རབ་མི་བོ་ཡིས། དབལ་བོན་སྟག་ལ་མེ་འབར་དུ་སྤྲུལ་ནས་འཕྲིན་ལས་གོང་ལྟར་མཛད་པའི་དུས་སོ།    གཉིས་པ་སྦས་པ་ནང་གི་དུས་ནི།  བདག་ཉིད་རྩ་བའི་ལྷར་གྱུར་པ་དང། འཁོར་རྣམས་དང།    བྱིན་རླབས་སོགས་འདུ་འབྲལ་མེད་པ་ལ་བྱའོ།   གསུམ་པ་མངོན་གྱུར་གསལ་བའི་དུས་ནི།    ལྷ་ཡི་གཙོ་བོ་དང།   དེ་ལས་སྤྲོས་པའི་འཁོར་རྣམས་དང།    དེ་ཡི་སྙིང་པོ་དང་མཐུ་དང་ཡེ་ཤེས་ཐམས་ཅད་སྤྲོས་པ་མེད་པར་དབྱིངས་སུ་རང་དག་རང་ གྲོལ་དབྱེ་བར་མི་ཕྱེ་བ་ལ་བྱའོ།    བཞི་པ་སྒྲུབ་པ་གནས་སྐབས་ཀྱི་དུས་ནི།  འཇུག་པ་དང་ལས་སྦྱོར་གཉིས་ཆར།   ལོ་དང་ཟླ་བ་གཟའ་སྐར་དུས་ཚོད་བཞི་ལས།   ལོ་ནི་སྟག་སྤྲེལ་ཕག་སྦྲུལ་གདུག་པ་ཅན་གྱི་ལོ་བཞི་ལའོ།  ཟླ་བ་ནི་ཐ་ཆུང་བཞི་གཤེད་ནག་གི་ཟླ་བ་ལ་བྱའོ།   ཚེས་གྲངས་ནི་མར་ངོའི་ཉི་ཤུ་གཉིས་དང་ཉི་ཤུ་ལྔ་ཉི་ཤུ་བདུན་སོགས་ལ་གཏད་དེ་ བསྒྲུབས་པའོ།  གཟའ་ཕུར་བུ་དང་སྐར་མ་རྟའི་མདེལ་རྩེ་ལ་གཏད་དོ།   དུས་ཚོད་ནི་དྲོ་བླ་གཟན་ཉི་མྱུར་ཡིད་འབྲོས་ཉིན་གུང་ལྷ་ཉལ་མཚན་གུང་བླ་འཁྱམས་ རྣམས་ཀྱི་དུས་སུའོ།

ལྔ་པ་བཀའ་ཕུན་སུམ་ཚོགས་པ་ནི།   སྒྲུབ་ཐབས་ཀྱི་རྒྱལ་པོ་དབལ་ཕུར་ནག་པོའི་རྩ་བ་དང་ཡན་ལག་གི་རྒྱུད་ཆེན་དགུ་ སོགས་བཀའ་རྒྱས་འབྲིང་བསྡུས་པ་བྱེ་བྲག་ལས་ཀྱི་ཁ་ཚར་སྒྲུབ་པ་ཁ་སྐོང་མཆོང་དང་ བཅས་པ་རྣམས་སོ།

དྲུག་པ་རྫས་དང་ཡོ་བྱད་ཕུན་སུམ་ཚོགས་པ་ལ་གསུམ་སྟེ།  དུས་འབྱུང་ཕྱི་ཡི་ཡོ་བྱད་དང། སྒྲུབ་པ་ནང་གི་རྫས་དང་ཡོ་བྱད་དང།    གསང་བ་ཐུན་མོང་མ་ཡིན་པའི་རྫས་དང་ཡོ་བྱད་དང་གསུམ་ལས།  དང་པོ་དུས་འབྱུང་ཕྱི་ཡི་ཡོ་བྱད་ནི་སྔོན་འབྱུང་གོང་མ་ལྟ་བུའི་གནས་དང་། བསྙེན་སྒྲུབ་གཞུང་ལས་ཇི་ལྟར་དགོས་པའི་རྫས་དང་ཡོ་བྱད་གཏན་ལ་ཕབ་ཅིང་ཚོགས་པར་ བསགས་ཤིང་གཙོ་འཁོར་གྱི་ལྷ་རྣམས་དགྱེས་ཤིང་མཉེས་པའི་མཆོད་པ་རྣམས་སོ།

གཉིས་པ་སྒྲུབ་པ་ནང་གི་རྫས་དང་ཡོ་བྱད་ལ་གསུམ་སྟེ།  སྔོན་འགྲོ་བསྙེན་པའི་ཡོ་བྱད་དང།  སྒྲུབ་པ་རྫས་ཀྱི་ཡོ་བྱད་དང།   ལས་སྦྱོར་དྲག་པོའི་ཡོ་བྱད་དོ།      དང་པོ་ལ་བཞི་སྟེ།    དང་པོ་ནི་ཞི་བཟློག་ཡས་ཀྱི་ཡོ་བྱད་ནི།   གཞུང་མཐུན་གྱི་གནས་སུ་ཕྱིན་ནས།  སྒྲུབ་ལ་བར་དུ་གཅོད་པའི་ལྷ་མ་སྲིན་སྡེ་བརྒྱད་དྲེགས་པ་ཅན་རྣམས་ཞི་བར་བྱེད་ པའི་ཐལ་གླུད་ལ་སོགས་ཡས་རྣམས་དང་།   དགྲ་བགེགས་བཟློག་པའི་གོ་མཚོན་རྫས་དང་བཅས་པ་རྣམས་སོ།    གཉིས་པ་འཚོ་བ་ཟས་ཀྱི་ཡོ་བྱད་ནི།  སྒྲུབ་པ་མཐར་ཕྱིན་གྱི་བར་དུ་འདང་བའི་འཚོ་ཆས་རྣམས་སོ།   གསུམ་པ་དུག་འཇོམས་སྨན་གྱི་ཡོ་བྱད་ནི།   གནས་དེར་ཕུང་ཁམས་ཉེས་གསུམ་དང་བཅས་པ་ཆ་སྙོམས་ཤིང་གནས་སུ་འཇོག་པའི་སྨན་གྱི་ ཡོ་བྱད་ཕྱེ་རིལ་ལྡེ་གུ་ལ་སོགས་སོ།     བཞི་པ་མཆོད་པའི་ལོངས་སྤྱོད་ཀྱི་ཡོ་བྱད་ལ་དྲུག་སྟེ།   མཆོད་པའི་རྫས་དང།   སྐོང་བའི་རྫས་དང།   མཐུན་པའི་རྫས་དང།   རྒྱན་གྱི་རྫས་དང།  སྲུང་བའི་རྫས་དང།    བཟློག་པའི་རྫས་རྣམས་སོ།   དང་པོ་ཕྱི་ཡི་མཆོད་པའི་ཡོ་བྱད་རྣམ་ལྔ་དང།   ནང་གི་ཤ་ཁྲག་རུས་གསུམ་དང།   གསང་བའི་དམ་རྫས་བདུད་རྩི་རྣམས་སོ།   གཉིས་པ་སྐོང་བའི་རྫས་ནི་ཚོགས་དང་གཏོར་མ་གཉིས་ལས།   དང་པོ་ཚོགས་ལ་རྒྱུ་བསོད་ནམས་ཀྱི་ཚོགས་ནི།    མཆོད་པ་ཚོགས་ཀྱི་འཁོར་ལོ་དང།    སྐོང་བ་ཚོགས་ཀྱི་འཁོར་ལོ་དང།   བསྟབ་པ་ཚོགས་ཀྱི་འཁོར་ལོ་སོགས་འདོད་རྒུ་ཚོགས་པའི་ཡོ་བྱད་གནམ་ས་བར་སྣང་གང་ བར་བྱིན་གྱིས་རླབས་ནས་འབུལ་བ་དེའོ།   འབྲས་བུ་ཡེ་ཤེས་ཀྱི་ཚོགས་ནི།   ཀུན་གཞི་བྱང་ཆུབ་ཀྱི་སེམས་ལ།   རིག་པའི་ཡེ་ཤེས་ཀྱི་གསལ་ཐེབས་པ་དང།   རིག་པའི་སྙིང་པོ་ཏིང་ངེ་འཛིན་གྱི་ཚོགས་སུ་སྤྲུལ་ཞིང་བྱིན་གྱིས་བརླབས་པ་ དང།   ཚོགས་ཀྱི་ཡོ་བྱད་ལ་སེར་སྣ་མེད་པ་མ་ཆགས་མ་ཞེན་པར་སྤེལ་བའོ།   གཉིས་པ་གཏོར་མ་ལ་གསུམ་སྟེ།   གཏན་དམ་འབེན་གྱི་གཏོར་མ་དང།    བཅོལ་བསྐུལ་འཕྲིན་ལས་ཀྱི་གཏོར་མ་དང།     མཆོད་སྐོང་རྒྱན་གྱི་གཏོར་མའོ།    དང་པོ་འབྲུ་ལྔའི་ངར་ཕྱེ་ལ་རིན་ཆེན་གྱི་འཕྲད་བསྩལ་ནས།    རུས་སྦལ་ཁོག་པའམ།   ཟངས་སམ་བསེ་ཡི་སྣོད་དུ་དབལ་ཕུར་རྩ་བའི་དཀྱིལ་གཏོར་བཞེངས་པ་དང་།     ནས་ནག   སྲན་མ།   སོ་བ།   རམ་བུ།    མོན་སྲན།  ཤིང་ཚེར་མ་ཅན་གྱི་འབྲས་བུ་སྣ་ཚོགས་ཀྱི་ཕྱེ་མ་དང།   ཤ་སྣ།  ཁྲག་སྣ། རུས་སྣ།  རྐང་སྣ་ཚོགས་ཚད་སྦྱར་ལ།   རིན་པོ་ཆེའི་བཟེད་ཞལ་དུ།    ཕོ་ཉའི་འགུགས་གཏོར་བཞེངས།    འབྲུ་སྣ་ཚང་བའི་ཕྱེ་ལ།   ཁྲག་སྣ་ཚོགས་ཀྱིས་སྦྲུས་ལ།    སྲུང་མ་མ་ཚོགས་ཀྱི་གཏོར་མ་དང་།   ལས་བྱེད་དྲག་པོའི་གཏོར་མ་བཞེངས།     གཉིས་པ་བཅོལ་བསྐུལ་འཕྲིན་ལས་ཀྱི་གཏོར་མ་ནི།    ཉ་སྟོང་ཚེས་བརྒྱད་ལ་གཏོང་ངོ་།   གསུམ་པ་མཆོད་སྐོང་རྒྱུན་གྱི་གཏོར་མ་ནི།    དུས་མིན་དུ་གཏོང་བའོ།     གསུམ་པ་མཐུན་པའི་རྫས་ནི།    གཏོར་མ་དེ་རྣམས་ལ་རྒྱན་དུ་གསོལ་བའི་ཤ་ཁྲག་སོགས་སྙིང་སྣ་རྣམས་སོ།  བཞི་པ་རྒྱན་གྱི་རྫས་ནི།    དཀྱིལ་འཁོར་གྱི་རྒྱན་ནི།    བླ་རྒྱན་དང་།   བར་རྒྱན་དང།    འོག་རྒྱན་རྣམས་སོ།    དབལ་ཕུར་གྱི་རྒྱན་དར་གྱི་ཕོ་ལོང་དང་།   དབལ་བོན་གྱི་རྒྱན་དང་ཆ་ལུགས་ལ་སོགས་པ་རྣམས་སོ།   ལྔ་པ་སྲུང་བའི་རྫས་ནི།    ཙན་དན་ནམ་རྒྱ་ཤུག་གི་ཕུར་པ་དང་།   བཟང་དྲུག་སྨན་སྣ་དང།   དར་དཀར་དམར་ཟ་འོག་གི་ཁུག་མ་སྲུང་སྐུད་དང་བཅས་པ་རྣམས་སོ།  དྲུག་པ་ཟློག་པའི་རྫས་ནི།    གཙང་དང་།   ཟོར་གཏོར་དང།    ཐུན་རུ་དང་།    དུག་གཏོར་ལ་སོགས་པ་རྣམས་སོ།    དེ་རྣམས་ནི་སྔོན་དུ་འགྲོ་བ་བསྙེན་པའི་ཡོ་བྱད་དོ།

གཉིས་པ་སྒྲུབ་པ་རྫས་ཀྱི་ཡོ་བྱད་བསྟན་པ་ལ་གསུམ་སྟེ།    བསྒྲུབ་བྱ་དམིགས་པའི་རྟེན་ཕུར་པ་བསྟན་པ་དང་།   སྒྲོལ་བྱེད་འབྲུབ་ཁུང་གི་བཅའ་ཐབས་བསྟན་པ་དང།     བསྒྲལ་བྱ་བཟས་པའི་འབེན་གྱི་བཅའ་ལུགས་བསྟན་པའོ།     དང་པོ་ལ་བཞི་སྟེ།   ཕུར་པའི་རྒྱུ་བསྟན་པ་དང་།   དབྱིབས་བསྟན་པ་དང།   ཚད་བསྟན་པ་དང་།    གྲངས་བསྟན་པའོ།     དང་པོ་སྒྲུབ་རྟེན་དྲག་པོའི་རྒྱུ་བདུན་ནི།    དྲག་པོའི་རྒྱུ་ལྕགས་སྣ་ལྔ་ལ་བྱས་པ་དང་གཅིག    ཐུགས་རྗེ་ཆེན་པོའི་བྱབ་ཕུར་ཞེས།    བྱ་རྒོད་དར་མའི་རྗེ་ཕུར་དང་གཉིས།    ཡེ་ཤེས་མཁའ་ལ་འབེབས་ཕུར་ཞེས་པ།    མི་ལོ་སུམ་ཅུ་ལོན་པའི་མཆོག་ཕུར་དང་གསུམ།   ཞི་བའི་ལས་ཀྱིས་སྲིད་པ་ཚར་གཅོད་པའི་ཕུར་པ་ཞེས་བྱ་བ།    ཤེལ་ལམ་འཁར་བའི་ཕུར་པ་དང་བཞི།     སྲིད་པ་དབང་དུ་སྡུད་པའི་ཕུར་པ་ཞེས་བྱ་བ།    སེང་ལྡེང་གི་ཕུར་པ་དང་ལྔ།     ཡེ་ཤེས་རོལ་པའི་ཕུར་པ་ཞེས་བྱ་བ།    གསེར་རམ་ར་གན་གྱི་ཕུར་པ་དང་དྲུག     མངོན་སྤྱོད་དྲག་པོ་འབེན་ལ་འབེབ་པའི་ཕུར་པ་ཞེས་བྱ་བ།    སྐྱེར་ཚེར་དང།    དུག་ཚེར་དང།     ཚེར་ནག་གང་རུང་གི་ཕུར་པ་དང་བདུན་ནོ།    རྒྱུ་དེ་བདུན་ལས་བྱས་པའི་ཕུར་པ་རྣམས་ནི།     གཙོ་བོའི་འགྱིང་ཕུར་རོ།    རྒྱུགས་ཕུར་གྱི་རྒྱུ་ནི།   བྱ་རྒོད་ཀྱི་རྗེ་ཕུར་དང།    གཅན་སྤྱང་གི་རྐང་ཕུར་རམ།    མི་ཡི་མཆོག་ཕུར་རྣམས་སོ།     མངག་ཕུར་གྱི་རྒྱུ་ནི།     ཤིང་གདུག་པ་ཅན་ཚེར་ནག་ཆགས་པ་ལ་བྱའོ།    འདེབས་ཕུར་གྱི་རྒྱུ་ནི།    མི་བསད་པའི་མཚོན་ཆ་ལས་བརྡུང་བའི་ལྕགས་ཕུར་ལ་བྱའོ།

གཉིས་པ་ཕུར་པའི་དབྱིབས་ནི།     མགོ་བོ་རྒྱ་མདུད་ཟུར་བཞི་ལོགས་བརྒྱད།    ཡབ་ཀྱི་གཞལ་ཡས་ཁང་།     རྐེད་པ་རྒྱ་མདུད་ཡེ་ཤེས་ཀློང་དུ་འཁྱིལ་བ།     ཁྲོ་མོ་ཡུམ་གྱི་གཞལ་ཡས་ཁང་།      བར་གྱི་ལྕུམ་བཞོག་ཡེ་ཤེས་བརྒྱད་དང་ལྡན་པ།     མཁའ་ཀློང་དབྱིངས་གསུམ་གསལ་སྟོང་འགྱུར་མེད་ལྷུན་གྲུབ་ཀྱི་ཁོང་སེང་སྦུ་གུར་ དོད་པ།    མ་དག་ལས་ཉོན་ཐམས་ཅད་ཁྲོག་བརླག་ཏུ་གཏོང་བའི་ཕྱིར།    སྨད་ཆུ་སྲིན་གདུག་པའི་ཞལ་ཕྱུང་བ།       སྐུ་གསུང་ཐུགས་འདུ་འབྲལ་མེད་པའི་བརྡར་ཟུར་སུམ་དབལ་དང་ལྡན་པ།     ལས་བཞི་འཕྲིན་ལས་མཐར་ཕྱིན་པའི་བརྡར།     རྩེ་དབྱིབས་འཕྲིན་ལས་བཞི་དང་མཐུན་པ།    ལས་ཉོན་ཟིལ་གྱིས་གནོན་པའི་རྟགས་སུ་སྤྱི་གཙུག་བྱ་ཁྱུང་གི་ཁྲི་ཆགས་པའོ།

གསུམ་པ་ཕུར་པའི་ཚད་ནི།     དབལ་ཕུར་ཁྲོ་བོ་ཡབ་ཡུམ་གྱི་ཕུར་པ་སོར་བཅུ་དྲུག་པ། ཁྲོ་མོ་ཡུམ་གྱི་ཕུར་པ་སོར་བཅུ་གཉིས་པ།   ཁྲ་ཐབས་ལ་གཙང་ཕུར་སོར་བཅུ་གཉིས་པ།       སྒོ་བའི་ཕུར་པ་སོར་བརྒྱད་པ།    རྒྱུགས་ཕུར་དང།     མངག་ཕུར་དང་།      འདེབས་ཕུར་ཐམས་ཅད།      སོར་བརྒྱད་པ་དང་དྲུག་པ།     སེམས་ཀྱི་མ་བདུན་གྱི་འདེབས་ཕུར་ནི་སོར་བཞི་པ་བཅས་དགོས།        བཞི་པ་ཕུར་པའི་གྲངས་བསྟན་པ་ནི།      རྩ་བའི་འགྱིང་ཕུར་ཉེར་གཉིས་ཁྲ་ཐབས་གཙང་ཕུར་ཉེར་གཉིས།      སྒོ་བའི་ཕུར་པ་བརྒྱད།      རྒྱུགས་ཕུར་བཅུ།     མངག་ཕུར་ཉེར་བརྒྱད།    ཕྱི་མ་རྣམས་ནི་ཐུན་རྫས་ཉུངས་དཀར་ལ་བརྟེན་ན་འགྲིག

གཉིས་པ་སྒྲོལ་བྱེད་འབྲུབ་ཁུང་གི་བཅའ་ཐབས་བསྟན་པ་ལ་བཞི་སྟེ།      དང་པོ་རྒྱུ་གཅན་གཟན་གདུག་པ་ཅན་གྱི་ཐོད་པ་སྣ་ཚོགས།      ཤ་གཟན་བྱ་ཡི་མཆུ་སྡེར་ཕུང་ཤུལ་དང་ཕམ་རྒྱལ་དྲག་པོ་བྱུང་བའི་ས་ནག    མི་ར་ཁྱི་ཕག་གི་ཁྲག་དང་སྦྲུས་པའོ།     གཉིས་པ་དབྱིབས་ཚད་ནི།    ཞབས་སུ་ཁྲུ་གང་རྐོ།    ཁ་ཁྱེར་ཡང་ཁྲུ་གང་རྩེག།    དཀྱུས་སུ་ཁྲུ་གང་ཡོད་པ།     རྩེག་པའི་ཞིང་དུ་མཐོ་གང་སོར་ལྔ་པ་བྱ།     འབྲུབ་ཁུང་བང་རིམ་སུམ་རྩེག་གྲུ་གསུམ་ལ།    གཅན་གཟན་གདུག་པ་ཅན་གྱི་ཐོད་པ་སྣ་ཚོགས་དང་།      ཤ་གཟན་བྱ་ཡི་མཆུ་སྡེར་རྣམས་ཁ་ནང་དུ་བསྟན་ལ་བཟའ་འདྲུད་འཐེན་པའི་ཚུལ་དུ་ བྱ།      གསུམ་པ་ཁ་དོག་ནི།    ཁ་ཁྱེར་དང་པོ་སྔོན་པོ་ལ།    ཞགས་པ་དང་ལྕགས་ཀྱུ་སྒྲིལ་མ་གཏམས་པར་བྱ།     ཁ་ཁྱེར་བར་མ་དམར་པོ་ལ་ཐོ་བ་དང་དགྲ་སྟ་གཏམས་པར་བྱ།  ཁ་ཁྱེར་ཐ་མ་སེར་ནག་ལ་མདའ་གཞུ་དང་གཙང་གིས་གཏམས་པར་བྱ།    གྲུ་སུམ་ནང་དུ་ཁྲག་དང་སོལ་བས་བྱུག།   གཏིང་དུ་དུག་ཚེར་གྱི་སོལ་བ་བརྡལ།     ཕྱི་རོལ་གྱི་ལོགས་གསུམ་མེ་རི་སྔོ་དམར་དམར་ནག་སོགས་བྲི།     ནང་གི་ཤར་ལོགས་སུ་སྦྲུལ་ནག་བདུན།   བྱང་ནུབ་གི་ནང་ལོགས་སུ་ལྕགས་ཀྱི་སྡིག་པ་བདུན།     ལྷོ་ཡི་ནང་ལོགས་ན་ཟངས་ཀྱི་སྡོམ་ཆེན་ཁ་བརྒྱད་པ་དེ་རྣམས་ཁ་བཙུག་ལ་བཞག     ཧོམ་ཁུང་གི་ཟུར་རེར་གཟུ་ཤིང་གསུམ་བཙུག      དགྲ་བོ་ཕོ་རྒྱུད་ཀྱི་མིང་རུས་བྲིས་པ།    ཁྱི་རྒྱ་བོའི་གསོབ་བརྒྱངས་བའི་ཁ་རུ་བཅུགས་ལ་སེང་ལྡེང་འཁར་བ་འདོམ་གང་བའི་ གཟུ་ཤིང་ལ་བཏགས།     དགྲ་བོ་ཆུང་རྒྱུད་ཀྱི་མིང་རུས་བྲིས་པ།    ར་རོག་པོའི་གསོབ་བརྒྱངས་བའི་ཁ་རུ་བཅུགས་ལ་སྐྱེར་པའི་བེར་རྒ་འདོམ་གང་བའི་ གཟུ་ཤིང་ལ་བཏགས།     བུད་མེད་ནག་མོའི་གསོབ་བརྒྱངས་ལ་ལག་གཡས་པས་རྔ་མ་ཁམ་པས་རླུང་གཡབ་པ་གཡོན་པས་ དར་ནག་ཕྱར་ཐབས་ཅན་དེ་ཡི་ཁ་རུ།   དགྲ་བོ་མོ་རྒྱུད་ཀྱི་མིང་རུས་བྲིས་པ་བཅུག་ལ།   ཚེར་ནག་གི་བེར་རྒ་འདོམ་གང་བའི་གཟུ་ཤིང་ལ་བཏགས།    དེ་རྣམས་གསོབ་དངོས་མ་བྱུང་ན་ཤོག་གུ་ལ་བྲིས་ཏེ་སོ་སོར་བཏགས་ནས་ཁ་དགྲ་ཕྱོགས་ སུ་བསྟན།      སྟེང་ན་རེ་བའི་གུར་ཕུབ།    གཟུ་ཤིང་གི་བར་དུ་སྔོ་དམར་ཐག་པས་རྒྱ་བྲེས།    དཀར་ནག་གི་རྙི་བཟུགས།    དེ་ནི་དཀྱིལ་འཁོར་གྱི་ལྷོ་ནུབ་མཚམས་སུ་བཅའོ།     དེ་ཡང་སྔོན་དབལ་བོན་སྟག་ལ་མེ་འབར་གྱིས།      ལྷོ་ནུབ་སྒྲོལ་བྱེད་ཨེ་ཡི་འབྲུབ་ཁུང་གཏིང་རིང་དུ་བདུད་སྲིན་ལོག་པ་རྣམས་ བསྒྲལ་བ་ཡིན་པས།     ད་ལྟ་དབལ་གཤེན་རྣམས་ཀྱིས་དྲག་པོ་ཨེ་ཡི་འབྲུབ་ཁུང་ལྷོ་ནུབ་དུ་བཅའ་བའོ།།

གསུམ་པ་བསྒྲལ་བྱ་གཟས་པ་པོ་འབེན་གྱི་བཅའ་ལུགས་ལ་རྒྱུ་དང་བཅའ་ཐབས་གཉིས་ ལས།   དང་པོ་རྒྱུ་ལ་བདུན་ཏེ།      དང་པོ་ནི་སུ་མ་ཞེས་པ་གཟས་པའི་སྐྲ་དང་།     དེ་མ་རྙེད་ན་དགྲ་ཕྱོགས་ཀྱི་རྩ་གྲེས་མ་ལ་བྱ།     གཉིས་པ་རྩང་འགྲམ་ནི་རྐང་རྗེས་ཀྱི་ས་ལ་བྱ།    གསུམ་པ་གྲོགས་མཁར་ས་ཞེས་པ།    དགྲ་བོའི་ལུས་ཀྱི་དྲེག་པ་ལ་བྱ།    མ་བྱུང་ན་དགྲ་ཕྱོགས་གྲོགས་མཁར་གྱི་ས་ལ་བྱ།    བཞི་པ་བུང་བའི་བདུད་རྩི་ནི།    དགྲ་བོའི་ཕྱི་ས་ལ་བྱ།    ལྔ་པ་གང་ཆད་པའི་དུམ་བུ་ཞེས་པ།    དགྲ་ཡི་སྣབས་ལུད་དང་དྲི་ཆུ་ལ་བྱ།    མ་རྙེད་ན་དགྲ་ཕྱོགས་ཀྱི་ཆུ་ལ་བྱ།    དེ་རྣམས་གྲོ་དང་ཇུ་ཙེའི་ཕྱེ་དང་སྦྱར་རོ།

གཉིས་པ་བཅའ་ཐབས་ནི།   གཟས་པ་པོ་རང་མཐུན་གྱི་གཟུགས་སོར་བཞི་པ་དང་།     གྲོ་ག་ལ་མིང་བྲིས་པ་དཔྲལ་བར་ན་གླན།  ཤོག་ཤོག་ལ་རུས་བྲིས་པ་སྙིང་ཁར་གླན།    བགེགས་རྣམས་ར་སོག་ལ་ཕག་ཁྲག་གིས་དམ་སྲི་མ་ར་ཡ་ཛ་བྲིས་པའི་ཐ་མར་བསད་སྔགས་ ཀྱིས་བསྐོར་ལ། གཞན་ཡང་གནག་པ་ལས་བྱང་ལྟར་ལིང་ག་བྲིས་ནའང་འགྲིག་དེ་ནས་འགུག་གཞུག་བྱ་སྟེ་རེ་ ནག་གིས་བཏུམས་ལ་འབྲུབ་ཁུང་དུ་བཅུག་གོ
གསུམ་པ་དྲག་པོ་ལས་སྦྱོར་གྱི་རྫས་དང་ཡོ་བྱད་བསྟན་པ་ལ་ལྔ་སྟེ།      དང་པོ་ལྷ་དང་ཁྲལ་བའི་རྫས་བོང་ང།    གུ་ཁུལ།    ཁྱི་ལུད།    ཡུགས་ས་མོའི་ཞབས་མ་།    རྟ་སྦང།    རྔ་སྲེག     རབ་ཆད་ཀྱི་འབོག་སུ།    མཛེ་ཕོའི་རོ་ཤུལ་གྱི་ས།     སྐྲན་ཅན་གྱི་གོས་དུམ།    གྲེས་མ་རུལ་བ་སོགས་ཀྱི་དུད་པ་དང་ཆུས་བྲན།     གཉིས་པ་བསད་པའི་རྫས་ནི་འགྱིང་ཕུར་དང་།    འདེབས་ཕུར་དང།    ཐོ་སྟ།    རལ་གྲི།    ལྕགས་ཀྱུ།    ཞགས་པ།     མདའ་གཞུ་སོགས་མཚོན་ཆ་སྣ་ཚོགས་རྣམས་སོ།    གསུམ་པ་མནན་པའི་རྫས་ནི།    ཐོད་པ་མཚན་ངན་དང་།      སྙིང་ལྗིབ།      རྩི་ནག     ཞབ་མ།     ཉི་མས་མ་ཕོག་པའི་གནམ་རྡོ་ལ་སོགས་སོ། བཞི་པ་སྲེག་པའི་རྫས་ནི་ཚེར་མ་ཅན་གྱི་ཤིང་དང།    མཆོད་པའི་རྫས་དང།     སྲེག་རྫས་རྣམས་ནི་སྦྱིན་སྲེག་གཞུང་ནས་བསྟན་པ་རྣམས་སོ།     ལྔ་པ་འཕངས་པའི་རྫས་ལ།     ཐོད་པ་མཚན་ངན།     རིམས་ནད་དང་།     དལ་ཡམས་ཀྱིས་ཤི་བའི་ཁྲག     སྨེ་ཁྲག    ཉུངས་དཀར་ལ་སོགས་ཐུན་རྫས་རྣམས་སོ།  གསུམ་པ་གསང་བ་ཐུན་མོང་མ་ཡིན་པའི་རྫས་དང་ཡོ་བྱད་ནི།    ཀུན་གཞིའི་གནས་ལུགས་བདེ་བ་ཆེན་པོའི་དབྱིངས་སུ།   རང་རིག་པའི་ཡེ་ཤེས་སྐྱེ་མེད་རང་ཤར་དུ་ལོངས་སྤྱོད་པ་དེའོ།།

བདུན་པ་སྡུད་པ་ཕུན་སུམ་ཚོགས་པ་ལ་གཉིས་སྟེ།     དང་པོ་སྔོན་བྱུང་དབལ་ཆེན་གྱིས་ལུང་དོན་བསྡུས་ཏེ་བསྟན་པ་ནི།  རྒྱུད་སྐོར་རྣམས་དབྱིངས་ཀྱི་ལྷ་ལྔས་བཤད་ཅིང་།   ཡུམ་ཐུགས་རྗེ་བྱམས་མ་སོགས་ཀྱིས་བསྡུས།      དབལ་ཕུར་སྡེ་སྐོར་གྱི་ལུང་སྒྲུབ་ཐབས་རྒྱས་འབྲིང་བསྡུས་གསུམ་སོགས།     ཡེ་ཤེས་ཀྱི་སྟག་ལ་མེ་འབར་གྱིས་བཤད།     སྤྲུལ་པའི་སྟག་ལ་མེ་འབར་གྱིས་བསྡུས།     གང་ཟག་སྟག་ལ་མེ་འབར་སོགས་དབལ་གཤེན་མཐུ་ལྡན་བཅོ་བརྒྱད་ཀྱིས་རིམ་པར་བསྒྲུབས་ ཤིང་བསྡུས་ཏེ་གཏན་ལ་ཕབ། གཉིས་པ་རྗེས་འཇུག་རིག་འཛིན་རྣམས་ཀྱི་སྒྲུབ་པ་ཉམས་སུ་བླང་ནས་དོན་བསྡུས་ཏེ་ བསྟན་པ་ལ་གཉིས་ཏེ།     དང་པོ་ཀུན་རྫོབ་དུ་བསྡུ་བ་དང་།     དོན་དམ་དུ་བསྡུ་བ་གཉིས་ལས།    དང་པོ་ལ་ལྔ་སྟེ།  དང་པོ་ནི་ལྷ་སྐུ་ཕྱག་རྒྱ་རྣམས་གསལ་ལ་མ་འདྲེས་པར་རྡུལ་མཚོན་གྱི་དཀྱིལ་འཁོར་ ལ་བསྡུ་བ་དང་།      གཉིས་པ་དགྲ་བགེགས་རྣམས།      ཕོ་ཉ་དང་ཏིང་འཛིན་གྱིས་བཀུག་ནས་བསད་ཁུང་ཨེ་ཡི་བཙོན་རར་སྡུག་ཅིང་རིད་པར་ བསྡུ་བ་དང།    གསུམ་པ་དགྲ་བགེགས་ཀྱི་མིང་རུས་རྣམ་ཤེས་མ་ནོར་བར་གསལ་བར་ལིང་ག་ལ་བསྡུ་བ་ དང་།     བཞི་པ་ནི་འགྱིང་ཕུར་ལྔ་ནི་དུག་ལྔ་གཏིང་ལེན་དུ་འདེབས་པར་བསྡུབ་དང་།    ས་བདག་མོ་ཡི་ཕུར་པ་བཞི་བསྡུས་ལེན་ལ་འདེབས་པར་བསྡུ་བ་དང་།     སེམས་ཀྱི་མ་བདུན་ཀྱི་ཕུར་པ་རྩ་གནད་འཁྲོལ་ལ་འདེབས་པར་བསྡུབ་དང་།     ཁ་སྡུད་ཕུར་པ་ཕུང་པོ་བཤིག་པའི་དོན་དུ་འདེབས་པར་བསྡུ་བའོ།   ལྔ་པ་ནི་ཕུར་པ་རྣམས་རབ་གནས་བྱིན་རླབས་དབང་བསྐུར་སོགས་ངར་དང་ལྡན་པར་བྱ་བ་དེ་ རྣམས་ཀུན་རྫོབ་ཀྱི་བསྡུ་བའོ།    གཉིས་པ་དོན་དམ་པར་བསྡུ་བ་ནི།   གཟས་པ་འབེན་གྱི་སེམས་སྔོན་པོ་སྦྲ་བུར་དུ་གནས་པ་དེ།     ཕུར་པ་གཡུང་དྲུང་གི་རྩེ་ལ་བསྡུ་བས་འོད་ཀྱི་ཐིག་ལེ་དམར་པོར་འདྲིལ།    ཕུར་པ་ཐུགས་ཀར་གཏད་པས་ཕུར་པའི་ཐུགས་དབལ་བོན་གྱི་རིག་པ་བྱང་ཆུབ་ཀྱི་སེམས་ དཀར་པོ་འོད་ཀྱི་གང་བུར་གནས་པ།   དེ་རྣམས་རོལ་པ་དང་སྙིང་པོ་སྐུ་གསུང་ཐུགསཀྱི་ངོ་བོར་བསྡུ་བའོ།  མགོ་བརྙན་ཁྲ་ཐབས་མཆེ་བ་ཅན་རྣམས་ཡབ་ལ་བསྡུ།  གཤོག་པ་ཅན་རྣམས་ཡུམ་ལ་བསྡུ།    ཡུམ་ཡང་ཡབ་ལ་བསྡུ།    ཡབ་རྣམས་གཙོ་བོ་ལ་བསྡུ་བ་ནི།    ཡབ་ཀྱི་བསྡུ་བའོ།   ས་བདག་ལྔ་ལ་སོགས་པའི་མ་མོ་དང་།    དབལ་མོ་ཐམས་ཅད་ཡུམ་ཐུགས་རྗེ་བྱམས་མའམ་ས་བདག་སྟོང་ཁྱབ་མའི་དབྱིངས་སུ་བསྡུ་བ་ ནི།     ཡུམ་གྱི་བསྡུ་བའོ།    ཁྲ་གཅང་སྤྲུལ་པ་དང་བཅས་པ་རྣམས།    ཡུམ་ཁྱུང་སྨན་ལ་བསྡུ།     ཁྱུང་སྨན་ཡབ་ཁྲ་གསས་ལ་བསྡུ་བ་ནི།     གཉིས་མེད་ཀྱི་བསྡུ་བའོ།     དེ་ཡང་ཡབ་ཐབས་ཀྱི་རང་བཞིན།     ཡུམ་ཤེས་རབ་ཀྱི་རང་བཞིན།      ཐབས་ཤེས་གཉིས་སུ་མེད་པའི་ཕོ་ཉ་རྫུ་འཕྲུལ་གྱི་རང་བཞིན་རྣམས།      སྟག་ལ་མེ་འབར་གྱི་རང་བཞིན་ལ་འདུས།    དེ་དག་སྐུ་གསུམ་ལ་འདུས་ཏེ།     སྤྲུལ་པ་ཅིར་སྣང་ཐམས་ཅད་སྤྲུལ་སྐུ་གཤེན་ལ་འདུས།    སྤྲུལ་སྐུ་གཤེན་རབ་རྫོགས་སྐུ་མཁའ་འགྱིང་ལ་འདུས།     མཁའ་འགྱིང་ཡང་བོན་སྐུ་སྤྲོས་བྲལ་ལ་འདུས་སོ།

གཉིས་པ་ལུང་སྒྲུབ་ཐབས་ཀྱི་དབང་དུ་བྱས་ཏེ།      རྩིས་འགོ་རྣམ་པ་དྲུག་གིས་བསྟན་ཏེ།   དང་པོ་མཛད་པའི་དཔོན་གསས་ནི།    དབྱིངས་ཀྱི་ལྷ་མཁའ་འགྱིང་རྒྱལ་པོ་དང།     ལྷ་མོ་ཐུགས་རྗེ་བྱམས་མ།     སྤྲུལ་པའི་སྟོན་པ་གཤེན་རབ་མི་བོ་དང་གསུམ་གྱི།    ཐུགས་ལས་སྤྲུལ་པའི་དབལ་བོན་སྟག་ལ་མེ་འབར་གྱིས་མཛད།   གཉིས་པ་རྒྱུད་གང་ལས་བཏུས་ན།    ཀ་བ་ནག་པོ་མན་ངག་རྩ་བའི་རྒྱུད་སོགས་རིགས་ལྔ་རྩ་བའི་རྒྱུད་ཆེན་པོ་རྣམས་ལས་ བཏུས།  གསུམ་པ་ཕྱོགས་གར་ལ་གཏོགས་ན།     བདག་ཉིད་ཆེན་པོ་རོལ་པ་སྡེ་ལྔའི་ཕྱོགས་སུ་གཏོགས།  བཞི་པ་དོན་ཆེད་ཅིའི་ཕྱིར་མཛད་ན།  གཤེན་གྱི་བསྟན་པ་བསྲུང་ཞིང་བདུད་སྲིན་ལོག་པ་ཅན་ཚར་གཅོད་པའི་དོན་དུ་མཛད། ལྔ་པ་མཛད་པའི་ཡོན་ཏན་ནི། སངས་རྒྱས་གཡུང་དྲུང་བོན་གྱི་བསྟན་ལ་གནོད་པའི་ལས་དང་ཉོན་མོངས་ལས་གྱུར་པའི་ དགྲ་བགེགས་དང་མི་མ་ཡིན་ཐམས་ཅད་འདུལ་ཞིང་གྲོལ་བར་བྱེད་པའོ།    མ་མཛད་པའི་སྐྱོན་ནི།     སྒྲུབ་ཐབས་འདི་མ་མཛད་ན་སངས་རྒྱས་གཤེན་རབ་ཀྱི་བསྟན་པ་མི་ཚུགས་ཤིང།        ལས་ཉོན་འགོ་ལོ་རྒོད་ཅིང་ཐར་པའི་བདེ་འབྲས་རྒྱང་དུ་འགྲོ་བའོ། དྲུག་པ་དབུ་ཞབས་འཕྲིན་ལས་ཀྱི་གོ་རིམ་བསྟན་པ་ནི།  དང་པོ་གནས་བཙལ་བ་ནས།  གཏོར་མ་བཏང་ཞིང་གནས་སུ་བཞུགས་པ་ཡན་ཆད་གཞུང་ནས་གསལ་བ་ལྟར་རོ།

གསུམ་པ་མན་ངག་གི་དོན་དུ་བྱས་ཏེ་ཐུན་མོང་དང་ཐུན་མོང་མ་ཡིན་པའི་སྒོ་ནས་ བསྟན་པ་ནི།    དང་པོ་ཐུན་མོང་གི་སྒོ་ནས་རིན་པོ་ཆེ་གཏེར་ལྟར་བསྒྲུབ་པའི་མན་ངག་ཅེས་ པ།     རྫས་ཀྱི་ནོར་བུ་རིན་པོ་ཆེར་བཀུར་ན་དགོས་འདོད་འབྱུང་ཞིང་།    མི་ཟད་པའི་གཏེར་དང་ལྡན་པ་འདྲ་སྟེ།    གཞུང་འདི་སྒྲུབ་ན་འཇིག་རྟེན་འདིར་བཀའ་བཙན་ཞིང་དབང་དང་དངོས་གྲུབ་བྱིན་རླབས་ སོགས་ཅི་ལྟར་འདོད་པའི་གཏེར་ལ་ལོངས་སྤྱོད་ནུས་པ་དེའོ།    གཉིས་པ་ཐུན་མོང་མ་ཡིན་པའི་བྱང་ཆུབ་སྨྱུ་གུ་ལྟར་བསྒྲུབ་པའི་མན་ངག་ཅེས་པ།   སྒྲུབ་ཐབས་འདིས།    སྐུ་དང་ཡེ་ཤེས་རྣམས་མཁའ་ཀློང་འདུ་འབྲལ་མེད་ཅིང་ཐབས་ཤེས་གཉིས་མེད་ཟུང་འཇུག་ བདེ་ཆེན་སྐུ་གསུམ་གྱི་འབྲས་བུ་ཐོབ་པའོ།        དེ་རྣམས་རྒྱུད་ལུང་མན་ངག་གི་དོན་བསྡུས་པར་བསྟན་པའོ།

བཞི་པ་སྒྲུབ་པ་འཕྲིན་ལས་ཀྱི་སྐོར་ལ་སྤྱི་དོན་ཉི་ཤུ་རྩ་ལྔའི་དོན་བཤད་པ་ལ་ གསུམ་ཏེ།  བསྙེན་པ་གཞི་ཡི་བོན་དང།   སྒྲུབ་པ་ལམ་གྱི་བོན་དང་།  ལས་མཐའ་འཆོང་གི་བོན་གསུམ་ལས།   དང་པོ་བསྙེན་པ་ལ་གཉིས་ཏེ།  ཉེ་བར་བསྙེན་པ་སྔོན་དུ་འགྲོ་བའི་དོན་དང།   ཉམས་སུ་བླངས་པ་སྒྲུབ་ལ་བསྙེན་པའི་དོན་བསྟན་པ་དང་གཉིས།  དང་པོ་ལ་སྤྱི་དོན་དྲུག་བསྟན་ཏེ།

༼༡༽སྤྱི་དོན་དང་པོ་སྒྲུབ་གནས་བཙལ་ཞིང་འཇུག་པའི་དུས་བསྟན་པ་ལ་གཉིས་ཏེ།    དང་པོ་སྔོན་འབྱུང་གི་སྒྲུབ་གནས་ནི་གོང་དུ་བསྟན་པ་ལྟར་ལ།            རྗེས་འཇུག་གིས་མཚན་དང་ལྡན་པའི་སྒྲུབ་གནས་ཀྱི་དབྱིབས་ནི་།   ཟུར་སུམ་དང་ཟླ་གམ་ཁ་དོག་དམར་པོའམ་ནག་པོ།    དམར་ནག་འདྲེས་པ་དང་ལོགས་ལ་ཚེར་ཤིང་གི་ནགས་ཚལ།     རྩ་བ་མཚེའུ་དང་ཆུ་མིག་གཙང་པོ་རྒྱུགས་པ།     རྩེ་མོ་ཤ་ཟན་གྱི་བྱ་རིགས་ལྡིང་པ།     སྐེད་པ་གཅན་གཟན་དང་རི་དྭགས་འགྲོ་བ།      རྩ་བ་ཀླུ་གཉན་ས་བདག་ཉུལ་བ།   བཙན་དང་ལྷ་བདུད་མ་རུང་པ་གནས་པ་ནི་རབ་ཀྱི་གནས་སོ།     ཡང་བྲག་དམར་མེ་རི་འཆད་པ་ལྟ་བུ་ནི་སྒྲུབ་ཐག་ཉེ་ཤིང་བྱིན་རླབས་འབྱུང་བའི་གནས་ དེ་ནི་འབྲིང་གི་གནས་སོ། ཐ་མ་གྲོང་ཡུལ་དང་འདུ་འཛི་ལས་འཕགས་པའི་རིའམ་བྲག་བཙན་ཞིང་ཉམས་དགའ་བ་ལྷ་སྲིན་ མ་རུང་པ་འདུ་བའི་གནས་སོ། གཉིས་པ་དུས་ནི་གོང་དུ་བཤད་ཟིན་པ་ལྟར་རོ།

༼༢༽སྤྱི་དོན་གཉིས་པ་ས་བླང་ཞིང་བྱིན་གྱིས་བརླབ་པ་བསྟན་པ་ལ་གསུམ་ཏེ།    དང་པོ་ཕྱི་ནང་ལྷ་བཤགས་བདེན་བདར་དང་བཀའ་བསྒོ་སོགས་བྱ།     གཉིས་པ་ས་བླང་བ་ནི།     ས་ཡི་བདག་པོ་རྣམས་ལ།    མངོན་ཆ་སོགས་འབུལ་ཤིང་ས་བླང།     གསུམ་པ་ས་རྣམས་བྱིན་གྱིས་རླབས་ལ་གནས་བདག་རྣམས་བཀའ་ཉན་ཤིང་བྲན་དུ་འཁོར་བ་བྱ།

༼༣༽སྤྱི་དོན་གསུམ་པ་དཀྱིལ་འཁོར་བརྩེགས་ཤིང་ཆག་ཆག་གདབ་པ་ནི།     དཀྱིལ་འཁོར་གྱི་རྒྱུ་དང་།   ཚད་དང་།    དབྱིབས་རྣསས་མཚན་ཉིད་དང་ལྡན་པར་བྱ།

༼༤༽སྤྱི་དོན་བཞི་པ་ཐིག་གདབ་ཅིང་ཚོན་བཀྱེ་བ་བསྟན་པ་ནི།     དུག་གསུམ་རྩད་ནས་བཅད་པའི་རྒྱུ་ཡི་ཐིག་སྐུད་ཀྱིས།      འཁོར་མཚོ་གཏིང་སྐེམ་ཀྱི་རྫས་ལ་དྲངས་ནས།    གནམ་སའི་ཐིག་རྣམས་མ་འཁྲུགས་པར་གདབ།   སྣ་ཚོགས་ཚོན་ལ་དཔའ་བོ་འབྲུ་ལྔས་རང་བྱུང་ལྷུན་གྲུབ་ཡེ་ཤེས་ཆེན་པོར་བྱིན་ གྱིས་རླབས་ལ།       བསྙེན་པའི་དུས་སུ་དྲག་པོ་མཚོན་ཆ་འཁོར་ལོ།      ཨེ་ཀློང་འབར་བའི་འོད་དང་བཅས་པ་བྲི།  སྒྲུབ་པའི་དུས་སུ་གླིང་བཞི་རྒྱ་མདུད་ལྡེག་པའི་ཕོ་བྲང་།      ཨེ་ཀློང་དང་བཅས་པ་བྲི།      ལས་སྦྱོར་གྱི་དུས་སུ་འཇིགས་བྱེད་ཨེ་ཡི་གཞལ་ཡས་བསད་ཁུང་དང་བཅས་པ་བྲིའོ།

༼༥༽སྤྱི་དོན་ལྔ་པ་ཕུར་པ་དང་རྫས་བྱིན་གྱིས་བརླབས་པ་ལ།     སྒྲུབ་རྟེན་ཕུར་པ་དང་།     མཆོད་པའི་ལོངས་སྤྱོད་དང།      དམིགས་པའི་འབེན་དང།       མཛེས་བརྗིད་རྒྱན་རྣམས་གོང་དུ་བཤད་ཟིན་ལ།     གཉིས་པ་བྱིན་གྱིས་རླབས་པ་ལ་གསུམ་སྟེ།     ཕུར་པ་གཞལ་ཡས་ཁང་དུ་བྱིན་གྱིས་བརླབས་པ་ནི།    སྤྱི་གཙུག་ཁྱུང་ཁྲ་རྣམས་ཀྱི་གཞལ་ཡས།       ལྕུམ་གཞོགས་ཕོ་ཉ་དང་གཅན་གཟན་གདུག་པའི་གཞལ་ཡས།     ཆུ་སྲིན་སྲུང་མའི་གཞལ་ཡས།     རྩེ་མོ་ལས་བྱེད་ཀྱི་གཞལ་ཡས།   རྒྱ་མདུད་གོང་མ་ཁྲོ་བོ་ཡབ་ཀྱི་གཞལ་ཡས།      འོག་མ་ཁྲོ་མོ་ཡུམ་གྱི་གཞལ་ཡས་སུ་བྱིན་གྱིས་བརླབས་སོ།     གཉིས་པ་ལྷ་རུ་བྱིན་གྱིས་རླབས་པ་ནི་ཕུར་པའི་སྤྱི་གཙུག་དུ་ཨ་ལས་མ་པང་དབྱིངས་ ཆེན་སོགས་དབུ་རྒྱན་གྱི་ལྷ་རུ་བྱིན་གྱིས་བརླབས།       དེ་འོག་ཨཱོཾ་ལས་ཐུགས་ཡེ་ཤེས་ཀྱི་ཁྲོ་བོར་བྱིན་གྱིས་བརླབས།   རྒྱ་མདུད་གོང་མའི་ཨེ་ལས་ཡབ་རྣམས་དང་།       འོག་མ་མུཾ་ལས་ཡུམ་རྣམས་བྱིན་གྱིས་བརླབས།   ཆུ་སྲིན་ལ་ཛ་ལས་སྤྲུལ་པའི་ཕོ་ཉ་དང་།      དབལ་ལོགས་གསུམ་གྱི་ཧཱུྃ་ལས་སྐུ་གསུང་ཐུགས་སུ་བྱིན་གྱིས་བརླབས།        རྩེ་མོར་ལྷན་ལས་ཉོན་མོངས་གཏིང་ལེན་དུ་བྱིན་གྱིས་བརླབས་སོ།    གསུམ་པ་རྩ་བའི་ཕུར་པ་གོང་འོག་གི་གནས་བཞི་ལ་ལྷ་རྣམས་རྫོགས་པར་བྱིན་གྱིས་ བརླབས་པའོ།   གཉིས་པ་རྫས་བྱིན་གྱིས་བརླབས་པ་ནི།     སྤོས་སྣ་དང་།    ཁྲག་སྣ་དང།   དུག་སྣ་ལ་རིན་པོ་ཆེའི་ཕྱེ་མ་དང།    མཚོན་ཆའི་ཞོགས་མ་གསལ་ཏེ་ངར་བླུད་ཅིང་བྱིན་གྱིས་བརླབས་སོ།     དམིགས་པའི་འབེན་ལ་བྱིན་གྱིས་བརླབས་པ་ནི།    འབྲུབ་ཁུང་བཙོན་རར་བྱིན་གྱིས་བརླབས་པ་དང་།     དགྲ་བགེགས་དངོས་པོར་བྱིན་གྱིས་བརླབས་སོ།     རྒྱན་ལ་བྱིན་གྱིས་བརླབས་པ་ནི།     གནམ་རྒྱན་དར་ནག་ནི་བོན་ཉིད་རང་འབྱུང་ཆེན་པོར་བྱིན་གྱིས་བརླབས།      བར་རྒྱན་འཕྲེང་ཐག་ནི་ཉོན་མོངས་མི་གཏོང་འཛིན་ཞིང།     བོན་ཉིད་ཡངས་པའི་ཀློང་དུ་འགོད་པར་བྱིན་གྱིས་བརླབས།     ས་རྒྱན་འདོད་པའི་ལོངས་སྤྱོད་ཟད་མེད་རིན་པོ་ཆེའི་གཏེར་དུ་བྱིན་གྱིས་བརླབས་ སོ།

༼༦༽སྤྱི་དོན་དྲུག་པ་ཕུར་པ་དཀྱིལ་འཁོར་ལ་འགོད་ཅིང་རྫས་བཀྲམ་པ་ལ་གཉིས་ ཏེ།     ཁྲོ་བོ་ཡབ་ཡུམ་ཀྱི་ཕུར་པ་སྟེང་འོག་ཕྱོགས་མཚམས་བཅུ་ལ་ཉི་ཤུ་དང།    གཡས་གཡོན་དུ་ཁྲ་ཐབས་གཟེ་མའི་རྩང་ཕུར།     ཉི་ཟླའི་ར་བ་ལ་གསང་ཁྲའི་རྗེ་ཕུར།     རི་རབ་ལ་ཁྲ་སྤྱང་གི་རྐང་ཕུར་དང།    གླིང་གཞི་དབུས་དང་ལྔ་ལ་ས་བདག་མོའི་ཕུར་པ་དང།     ཕྱི་རིམ་ལ་ལས་མཁན་གྱི་ཕུར་པ་རྩང་དམར་དང་མཚོན་དབལ་རྣམས་དགོད་ཅིང་གཟུག་གོ      རྒྱན་འགོད་པ་ནི།     དཀྱིལ་འཁོར་གྱི་གནམ་ས་བར་སྣང་གི་རྒྱན་དང་།     ཕུད་དང་མཆོད་པ་སྤྱན་གཟིགས་དམར་གསུམ་དམ་རྫས་བདུད་རྩི་སྦྱོར་སྒྲོལ་ཚོགས་མཆོད་ རྣམས་བཤམས་སོ།      དེ་རྣམས་ནི་ཉེ་བར་བསྙེན་པའི་དོན་བསྟན་པའོ།    གཉིས་པ་ལ་ཉམས་སུ་བླངས་པ་སྒྲུབ་པ་ལ་བསྙེན་པའི་དོན་ལ་ལྔ་ལས།   དང་པོ་ངོ་བོ་ནི་སྒོ་གསུམ་གྱིས་བསྙེན་པར་རྫོགས་ཤིང་།  དམ་མནོས་གུས་པའི་མཆོག་དང་ལྡན་པའོ།  དེ་ཡང་ལུས་ཀྱི་བསྙེན་པར་རྫོགས་པ་ནི།   དབང་པོ་ཚང་ཞིང་ཕྱག་རྒྱ་བཅའ་བསྒྱུར་བཀྲོལ་གསུམ་ནུས་པ།   ངག་གི་བསྙེན་པ་རྫོགས་པ་ནི།   ངག་དིགས་ལྐུགས་འཛེར་གསུམ་ལས་གྲོལ་ཞིང་།   རྒྱུ་མ་ནོར་བ་རྩ་བའི་སྔགས་དང་།   བསྐྱེད་པ་རྐྱེན་གྱི་སྔགས་དང་།   ཟླས་པ་ལས་ཀྱི་སྔགས་སོགས་ཟློ་ཤེས་པ།  ཡིད་ཀྱི་བསྙེན་པ་རྫོགས་པ་ནི། ཡིད་མྱོ་འཐིབ་དང་འདྲེ་ཡིས་བརླམས་པ་ལས་དབེན་ཞིང།   ཏིང་འཛིན་རྣམ་པ་གསུམ་སྒོམ་ཤེས་པའོ།  གཞན་ཡང་དཔོན་གསས་ལྷ་ལ་གུས་པ་སྲོག་ལ་ཐུག་ཀྱང་ཕྱིར་མི་ལྡོག་པའི་བློ་ཅན་ དེའོ།   གཉིས་པ་ངེས་ཚིག་ནི།   གསང་སྔགས་ཟབ་མོའི་དོན་ལ་ལུས་ཀྱིས་ཕྱག་རྒྱ་ངག་གིས་ཟླས་བརྗོད་ཡིད་ཀྱིས་ཏིང་ འཛིན་གྱི་སྒོ་ནས་ཡི་དམ་གྱི་དཀྱིལ་འཁོར་ཆེན་པོར་བསྙེན་པའི་ཕྱིར་ན་བསྙེན་ པའོ།   གསུམ་པ་རྣམ་གྲངས་ལ་དུས་ཀྱི་བསྙེན་པ་དང་གྲངས་ཀྱི་བསྙེན་པ་དང་མཚན་མའི་བསྙེན་ པ་དང་གསུམ་མོ། དུས་ཀྱི་བསྙེན་པ་ནི་ལོ་ཟླ་ཞག་དུས་སོགས་གཞུང་ནས་ཇི་ལྟར་གསལ་བཞིན།  སྣང་དང་མི་སྣང་གི་ཡུལ་ལྷ་མཆོག་དཔོན་གསས་ཀྱི་དྲུང་དུ་དམ་བཅས་པ་དེ་ཉིད་དོ།   གྲངས་ཀྱི་བསྙེན་པ་ནི།  རྒྱུན་དུ་བརྒྱ་སྟོང་ཁྲི་འབུམ་བྱེ་བ་སོགས་ཅི་ལྟར་དམ་བཅས་པ་བཞིན་གྲངས་ཚད་མ་ ཐེབས་བར་བསྐྱལ་བའོ།  མཚན་མའི་བསྙེན་པ་ནི།   རབ་དངོས།  འབྲིང་ཉམས་སྣང་།  ཐ་མ་རྨི་ལམ་དུ་ཡི་དམ་ལྷ་ཡི་སྐུ་སྟོན་པ།  གསུང་སྒྲོགས་པ།  ཐུགས་འགྱུ་བ། ཁྲོ་ཞལ་བཞད་པ།   ཕུར་པ་འགུལ་བ།   རྫས་ལ་མེ་འབར་བ།    དྲོད་རླངས་ཐོན་པ་སོགས་མ་བྱུང་བར་དུ་བསྙེན་པའོ།   བཞི་པ་ཡོན་ཏན་བསྟན་པ་ནི་སྒོ་གསུམ་པོ་ཕྱག་རྒྱ་སྙིང་པོ་ཏིང་འཛིན་དུ་གྱུར་ པས།   ལས་དང་ཉོན་མོངས་པའི་སྒྲིབ་པ་ཐམས་ཅད་བྱང་ཞིང་དག་ནས།   ལྷ་སྐུ་ཕྱག་རྒྱ་ཆེན་པོར་ཉམས་སུ་མྱོང་བ་དེའོ།   དེ་རྣམས་ནི་བསྙེན་པའི་ཚུལ་ལོ།  ལྔ་པ་དེ་ཉིད་ཐབས་ཅི་ལྟར་ཉམས་སུ་བླངས་པ་ལ་སྤྱི་དོན་བཅུ་གཉིས་ཀྱིས་བསྟན་ཏེ།  ༼༧༽སྤྱི་དོན་དང་པོ་ཕྱི་ནང་གསང་བའི་མཚམས་བཅད་ལ།     ཕྱི་ལས་ཀྱི་དགྲ་དང།   ནང་རྣམ་རྟོག་གི་བགེགས།   གསང་བ་མ་རིག་པའི་བདུད་དང་གསུམ་མཚམས་གཅོད་པར་བྱེད་པའི་ཐབས་ནི།    མངོན་སྤྱོད་ཕྱི་ཡི་མཚམས་དང།    སྦས་པ་ནང་གི་མཚམས་དང།    གསང་བ་རྟོགས་པའི་མཚམས་བཅད་པའོ།     དང་པོ་སྒྲུབ་གནས་ཀྱི་ཕྱོགས་བཞིར་ཕྱོགས་མཐུན་གྱི་ཐོ་ལ་རྒྱལ་ཆེན་བཞི་མངའ་ གསོལ་ཞིང་ལས་བཅོལ་ཏེ་མཚམས་བཅད་པས།      མ་རིག་འཁྲུལ་པའི་དགྲ་བགེགས་ནང་དུ་མི་འོང།  གཉིས་པ་ནི་དབལ་ཕུར་སྐུ་གསུང་ཐུགས་ཀྱི་ལྷ་བསྒོམ་སྟེ་མཚོན་ཆ་མེ་རི་ཕུར་པས་ བགེགས་དང་ལོག་འདྲེན་རྣམས་སྟོང་པའི་ཀློང་དུ་བསྐྲད་པས།   ནང་སྐུ་དང་ཡེ་ཤེས་འཕྲིན་ལས་ཀྱི་དངོས་གྲུབ་རྣམས་པ་གཉིས་ཕྱིར་མི་འཆོར་བའོ།   གསུམ་པ་ནི་བདག་ཉིད་མཁའ་ཀློང་དབྱེར་མེད་ལྷུན་གྲུབ་ཆེན་པོའི་ངང་ནས།   གཉིས་སྣང་གཞན་འཛིན་རྟོག་འཁྲུལ་དབང་གིས་ལྷ་སྐུ་ཕྱག་རྒྱ་ལ་མི་ཞེན།    ལས་དང་ཉོན་མོངས་ཀྱིས་མ་སྒྲིབ་པར།   གཡོ་མེད་རང་གསལ་ཆེན་པོ་རྟོག་བྲལ་ལྷང་ངེར་ཤར་བ་ནི།    ལྟ་བའི་མཚམས་བཅད་པ་འོ།

༼༨༽སྤྱི་དོན་གཉིས་པ་ཏིང་འཛིན་རྣམ་པ་གསུམ་བསྒོམ་ཞིང་ལྷ་ཡི་དཀྱིལ་འཁོར་ བསྐྱེད་པ་ལ་གསུམ་སྟེ།   སྟོང་ཞིང་བདག་མེད་པ་དེ་བཞིན་ཉིད་ཀྱི་ཏིང་འཛིན་བསྒོམ་པ་ནི།   ཐོག་མ་མེད་ནས་ད་ལྟའི་བར་ཉོན་མོངས་པའི་བག་ཆགས་ཤིན་ཏུ་སྲ་ཤིང་འཐས་པ་སོགས།   བག་ཆགས་སྔ་བསམ་ཕྱི་མནོའི་རྟོག་སྤྱོད་གང་ཡང་མེད་པ་ཞི་ལྷག་ཟུང་འབྲེལ་རྣམ་པར་ མི་རྟོག་པའི་ཀུན་གཞི་སྤྲོས་བྲལ་རིག་པའི་སྙིང་པོ་སྟོང་གསལ་འགག་མེད་ཁྱབ་བདལ་ གྱི་ངང་དུ་བཞག་པས།  འབྲས་བུ་འཆི་སྲིད་སྦྱངས་ཤིང་བོན་གྱི་སྐུ་སྐྱེ་བ་མེད་པ་ཐོབ་པ་འོ།

གཉིས་པ་བདལ་ཁྱབ་ཆེན་པོ་ཀུན་དུ་སྣང་གི་ཏིང་འཛིན་ནི།      དེ་བཞིན་ཉིད་ཀྱི་ཏིང་འཛིན་མ་གཡོས་པའི་ངང་ནས།      འཁོར་བ་ན་གནས་པའི་སེམས་ཅན་ཐམས་ཅད་གཉིས་འཛིན་འཁྲུལ་པའི་དབང་གིས་སྙིང་པོ་ དོན་དམ་པའི་གནས་ལུགས་ཀྱི་རང་བཞིན་ནི་མ་རྟོགས།   རྟག་ཏུ་འཁྲུལ་པ་རང་ཁ་མར་བདག་དུ་ཞེན་པས་སྡུག་བསྔལ་གསུམ་གྱི་ཀླུང་དུ་བྱིངས་ པ།   འདི་རྣམས་སྡུག་བསྔལ་དང་བྲལ་ན་ཅི་མ་རུང་སྙམ་པའི་གདུང་ཤུགས་དྲག་པོའི་སྙིང་ རྗེ་དང།  དེ་རྣམས་ལ་བདེ་བ་དང་ལྡན་ ན་སྙམ་པའི་ཐུགས་རྗེས་བུ་གཅིག་གི་མ་ལྟར་བྱམས་པ་ནི་བྱམས་པ་ཚད་མེད་པའོ།    དེ་རྣམས་སྡུག་བསྔལ་དང་བྲལ་ན་ཡིད་དགའ་བའི་ཚད་ནི།   ཡུན་དུ་དབུལ་ཕོངས་ཀྱིས་གདུང་བའི་མི་ཡིས་རིན་པོ་ཆེའི་གཏེར་རྙེད་པ་ལྟ་བུ་ ནི།    དགའ་བ་ཚད་མེད་པའོ།    བརྩེ་བའི་ཐུགས་རྗེ་རིས་སུ་མ་ཆད་པ་ཡོངས་ལ་ནམ་མཁའ་ལྟ་བུ་ཁྱབ་གདལ་དུ་གནས་པ་ནི་ བཏང་སྙོམ་ཚད་མེད་པའོ།    དེ་ལྟར་ཐུགས་རྗེ་ཚད་མེད་པ་བཞི་ལྷང་གི་ཤར་བའི་ཀུན་དུ་སྣང་གི་ཏིང་འཛིན་བསྒོམ་ པས།    བར་སྲིད་སྦྱོངས་ཤིང་འབྲས་བུ་ལོངས་སྤྱོད་རྫོགས་པའི་སྐུ་འཐོབ་པའོ།

གསུམ་པ་རོལ་པ་སྤྲུལ་པའི་བྱེ་བྲག་ཆེན་པོ་རྒྱུ་ཡི་ཏིང་ངེ་འཛིན་བསྒོམ་པ་ནི། ཏིང་འཛིན་གོང་ མ་གཉིས་དང་མ་བྲལ་བའི་སྒོ་ནས།   སྐྱེ་བཞི་འཁོར་བའི་རུ་མ་སྐེམ་པར་བྱེད་པའི་ལྷ་ཡི་དཀྱིལ་འཁོར་ཆེན་པོ་བསྒོམ་ པའོ།   དེ་ཡང་སྒོམ་ཐབས་ལ་གསུམ་སྟེ།    དཀྱིལ་འཁོར་དང།    གདན་དང།     ལྷ་བསྒོམ་པའོ།     དང་པོ་འདི་ལྟར་གྱི་སྣང་ཚུལ་རགས་པ་འཁྲུལ་སྣང་བྱུང་བའི་སྣོད་བཅུད་ཀྱི་དངོས་ པོ་དང་།    རང་རྒྱུད་ཀྱི་ཕུང་ཁམས་སྐྱེ་མཆེད་དང་བཅས་པ།  བསྐལ་པ་གསུམ་གྱིས་སྲེག་གཏོར་བཀྲུས་ཤིང་དག་པ་ཆེན་པོར་བསྒོམ་མོ།      དེ་ནས་ཡུམ་ཆེན་མོ་ལྔ་ཡི་མཁའ་རྣམ་པར་དག་པ་ལས།    ས་བོན་ཡིག་འབྲུ་ལྔ་གསལ་བས་འབྱུང་ལྔ་རིམ་བརྩེགས་ཀྱི་དཀྱིལ་འཁོར་རི་རབ་དང་ བཅས་པའི་སྟེང་།   དབལ་ཕུར་ནག་པོ་སྲིད་པ་ཁྲོས་པའི་གཞལ་ཡས།    དྲག་པོ་གཟི་བརྗིད་རྒྱ་མདུད་འབར་བའི་གསས་ཁང་གྲུ་སུམ་ཨེ་ཀློང་བཅུ་ཡི་རྩེ་མོར་ མེ་རི་སྣ་ཚོགས་འབར་བ།     དེ་ལྟར་འཇིགས་བྱེད་དྲག་པོ་དབལ་གྱི་གཞལ་ཡས་ཁང་བསྐྱེད།

གཉིས་པ་ཁྲི་གདན་བསྐྱེད་པ་ལ་གཉིས་ཏེ།     དང་པོ་ཁྲི་ནི་དྲེགས་པ་དབང་བསྡུད་དང།     དེ་སྟེང་རང་གཉེར་འདུལ་སྐལ་གྱི་ཁྲི་བསྐྱེད་པ་གཉིས་ལས།      དང་པོ་ནི་འཇིག་རྟེན་དྲེགས་པ་ཅན་རྣམས་ཟིལ་གྱིས་གནོན་ཞིང་དབང་དུ་བསྡུད་པའི་ རྟགས་སོ།     གཉིས་པ་ནི་མ་རིག་དུག་ལྔ་ལོག་འདྲེན་ཁྱབ་འཇུག་དྲེགས་པ་ང་བདག་སོགས་ཕྱིན་ཅི་ ལོག་པའི་སྡེ་རྣམས་རྩད་ནས་གཅོད་ཅིང་གནས་སུ་དག་པའམ་དབང་དུ་བསྡུད་ཅིང་ཚར་གཅོད་ པའི་དོན་ནོ།     དེ་སྟེང་གདན་གསུམ་གྱི་དང་པོ། སྐྱོན་བྲལ་ཡིད་འོང་པད་མའི་གདན་ནི།     ཡེ་ཤེས་ཀྱི་ཁྲོ་བོ་དེ་རྣམས་ལོག་འཁྲུལ་རྟོག་ཚོགས་ཉེས་སྐྱོན་ཐམས་ཅད་དང་བྲལ་ ནས།      སེམས་ཅན་ཐམས་ཅད་ལ་བདེན་པའི་དོན་གྱིས་ཡིད་དུ་འོང་བའི་དོན་བྱས་པའི་རྟགས་སོ།      གཉིས་པ་གཟི་བརྗིད་འཁྱིལ་བ་ཉི་མའི་གདན་ནི།    ཡེ་ཤེས་ཁྲོ་བོའི་སྐུ་དང་མཁྱེན་པའི་གཟི་བརྗིད་ཀྱིས།    ལས་ཉོན་མི་གནས་རང་དག་ཆེན་པོར་ལྷུན་གྱིས་གྲུབ་པའི་བརྡ་རྟགས་སམ།    ཤེས་རབ་རྒྱ་མ་ཆད་པ་ཡུམ་གྱི་དབྱིངས་ནས་འགྲོ་དོན་མཐར་ཕྱིན་པའི་དོན་ནོ།   གསུམ་པ་ཐུགས་རྗེ་འོད་གསལ་ཟླ་བའི་གདན་ནི།     ཁྲོ་ཚོགས་དེ་རྣམས་རང་གྲོལ་བོན་ཉིད་སྤྲོས་བྲལ་གྱི་དགོངས་པས།   མ་རིག་མུན་པ་བསང་པར་བྱེད་པའི་བརྡའམ།  ཡབ་ཐབས་ཆེན་མཁའ་ཡི་རང་བཞིན་གྱིས།     ལོག་རྟོག་འཇོམས་ཤིང་མྱ་ངན་བསང་པར་བྱེད་པའི་དོན་ནོ།     །གསུམ་པ་ལྷ་བསྐྱེད་པ་ལ་གཞལ་ཡས་ཀྱི་གདན་ཐོག་ཏུ་བསྒོམ་པའི།   གཙོ་འཁོར་གཉིས་ལས། དང་པོ་བསྙེན་སྒྲུབ་ལས་གསུམ་གྱི་དཀྱིལ་འཁོར་རྩ་བའི་ལྷ།    སྐུ་གསུང་ཐུགས་མངོན་དུ་གྱུར་པའི་ཁྲོ་བོ།    ཁྲོ་རྒྱལ་མཁའ་འགྱིང་།     འབྲུག་གསས་ཆེམ་པ།    སྟག་ལ་མེ་འབར་གསུམ།  སྐབས་ཀྱི་འགྱུར་བས་སོ་སོ་གཙོ་བོར་བསྒོམ་མོ།    དེ་ཡང་དང་པོ་རང་གི་རིག་པ་རྒྱུ་མ་ནོར་བ་རྩ་བའི་ས་བོན་རྣམས་སུ་གྱུར་པ་དེ་ རྣམས་རྃ་གྱིས་བསྐུལ་ཏེ།   འོད་ཟེར་འཕྲོ་འདུས་སྣོད་བཅུད་དང་ཁམས་གསུམ་གྱི་བག་ཆགས་སྦྱངས།   རིག་པ་འོད་དུ་དྲིལ་བ་ལ།   བསྐྱེད་པ་རྐྱེན་གྱི་སྔགས་རྣམས་བརྗོད་པས།  འཇིགས་བྱེད་སྤྲུལ་པའི་ཁྲོ་བོ་ཆེན་པོ་རྣམས།   སྐུ་སྟོད་ཁྲོ་བོ་ཞལ་གསུམ་ཕྱག་དྲུག་པ།   རྐེད་པ་ཡེ་ཤེས་རྒྱ་མདུད་ཆེན་པོ་འཁྱིལ་བ།    སྐུ་སྨད་ཆུ་སྲིན་གདུག་པའི་ཁ་ནས་ཁ་དོག་ཕྱོགས་མཐུན་རང་བཞིན་གདུག་པའི་ཕུར་པ་ ཟུར་སུམ་དུ་ཕྱུངས་པ།    སྐུ་ལ་མེ་རི་འབར་བའི་གཤོག་པས་བརྒྱན་པ།      སྤྱི་གཙུག་བྱ་ཁྱུང་གི་ཁྲི་ལྡིང་བ།     དེ་སྟེང་ཡེ་ཤེས་ཀྱི་ཁྲོ་བོ་ཞལ་གསུམ་ཕྱག་དྲུག་པ།    དེ་སྟེང་རྒྱལ་བ་དབྱིངས་ཀྱི་ལྷ་ཞལ་གཅིག་ཕྱག་གཉིས་པ།    དེ་ཡི་ཐོར་ཙུག་ན་ཡི་གེ་ཨ་ཡིས་བརྒྱན་པའོ།     དེ་ཡང་དང་པོ་ཐོར་གཙུག་ན་ཡི་གེ་ཨ་ཡིས་བརྒྱན་པ་ནི།     བོན་སྐུ་གཡོ་མེད་སྤྲོས་བྲལ་ཁྱབ་བདལ་ཆེན་པོའི་ངང་ལས།    ཡོན་ཏན་ཐམས་ཆད་ལྷུན་གྱིས་གྲུབ་པའི་དོན་ནོ།      དེ་འོག་རྒྱལ་བ་དབྱིངས་ཀྱི་ལྷ་བཞུགས་པ་ནི།   རྫོགས་སྐུ་མཚན་དང་དཔེ་བྱད་ལྡན་ཞིང་།     ཐུགས་རྗེ་བྱིན་རླབས་འགྲོ་བའི་དཔལ་དུ་ཤར་བས་སེམས་ཅན་གྱི་དོན་མཛད་པའི་རྟགས་ སོ།      དེ་འོག་ཐུགས་ཡེ་ཤེས་ཀྱི་ཁྲོ་བོ་ཞལ་གསུམ་ཕྱག་དྲུག་ཞབས་བཞི་དང་ལྡན་པ་ནི།     སྤྲུལ་པའི་སྐུ་ཡིས་འགྲོ་དོན་མཛད་ཅིང་ལས་ཉོན་བག་ཆགས་རྩད་ནས་གཅོད་པའི་དོན་ ནོོ།      དེ་འོག་བྱ་ཁྱུང་གི་ལྡིང་ཁྲི་ནི།    མངོན་པར་བྱང་ཆུབ་པའི་སྐུ་སྟེ།    མཁའ་ཀློང་དབྱིངས་ཀྱིས།    འཁོར་འདས་ཁོབས་འོག་ཏུ་ཆུད་ཅིང་སྐྱེ་འགག་མེད་པའི་ཐུགས་རྗེས་རིས་སུ་མ་ཆད་པར་ འགྲོ་དོན་མཛད་པའི་དོན་ནོ།   དེ་འོག་ཐུགས་ཀྱི་བརྣག་པ་སྤྲུལ་པའི་སྐུ་ཁྲོ་བོ་ཕུར་པ་ནི།    ངོ་བོ་ཉིད་ཀྱི་སྐུ་སྟེ་ཕྲིན་ལས་རྣམ་པ་བཞི་ཡིས་འགྲོ་དོན་རྩལ་མེད་ལྷུན་གྱིས་ གྲུབ་པའི་དོན་ནོ།     དེ་ལྟར་ཁྲོ་བོ་རེར་སྐུ་ལྔ་ལྔ་རྫོགས་པས་དུག་ལྔ་གནས་སུ་དག་ཅིང་འཁོར་བའི་ལམ་ ལྔ་སྟོན་ནས།    ཕུང་པོ་སྐུ་ལྔར་གྲུབ་པའི་དོན་ནོ།   དེ་ཡང་ཞལ་གསུམ་གྱི་གཡས་དཀར་ནི་སྐྱོན་གྱིས་མ་གོས་ཤིང་ཞེ་སྡང་གནས་སུ་དག་པ་ དང།     གཡོན་དམར་ནི་དབང་དང་ལྡན་ཞིང་འདོད་ཆགས་གནས་སུ་དག་པ་དང་།    དབུ་མཐིང་བོན་ཉིད་གཡོ་བ་མེད་ཅིང་གཏི་མུག་གནས་སུ་དག་པའི་དོན་ནོ།   ཕྱག་དྲུག་དང་པོ་གཉིས་ན་དབྱིངས་ནས་འགུག་པའི་བྱབས་ཕུར་བསྣམས་པ་ནི།   ཡེ་ཤེས་ཀྱི་དགོངས་པས་ཀུན་ལ་ཁྱབ་པའི་དོན་ནོ།    བར་མ་གཉིས་ཀློང་དུ་འབེབས་པའི་ཕུར་པ་བསྣམས་པ་ནི།    དབྱིངས་ཤེས་གཉིས་མེད་དུ་རོལ་ཏེ་དོན་མ་ནོར་བར་དབྱིངས་ནས་ཕོག་པའི་དོན་ནོ།    ཐ་མ་གཉིས་ན་མཁའ་ལ་འདེབས་པའི་ཕུར་པ་བསྣམས་པ་ནི།    ཐུགས་རྗེ་བྱིན་རླབས་རོལ་པ་ཆེན་པོའི་དོན་ནོ།     སུམ་སྒྲིལ་ནི་ཐུགས་ཡེ་ཤེས་གསལ་ལ་རྟོག་པ་མེད་པའི་རྟགས་སོ།  ཁོང་སེང་ནི།   ཐམས་ཅད་ཅིར་ཡང་གསལ་བའི་རྟགས་སོ།    རྒྱ་མདུད་ནི།    ཕྲིན་ལས་ཅི་ལྟར་བསྟན་པ་རྣམས་བོན་ཉིད་དབྱིངས་ལས་མ་གཡོས་པའི་དོན་ནོ།    ཆུ་སྲིན་གདུག་པའི་ཞལ་ནི།   འཁོར་བ་ན་གནས་པའི་སེམས་ཅན་ཐམས་ཅད།    ཐུགས་རྗེེ་ཆེན་པོས་མི་འཆོར་དབྱིངས་སུ་འདེབས་པའི་དོན་ནོ།     ཟུར་སུམ་ཕུར་པའི་ལྕེ་ཕྱུངས་པ་ནི།     སྐུ་གསུམ་ལྷུན་གྱིས་གྲུབ་པའི་རྟགས་སོ།    རྩེ་མོ་དབལ་དང་ལྡན་པ་ནི།   མཁའ་ཀློང་དབྱིངས་སུ་དྲིལ་བའི་ཐུགས་རྗེས་འཁོར་བའི་གཏིང་ནས་ལེན་པའི་དོན་ནོ།   མེ་འོད་ཕྱོགས་བཅུར་འབར་ཞིང་མེ་རིའི་གཤོག་པ་གདེངས་པ་ནི།   ཉོན་མོངས་བག་ཆགས་ཐམས་ཅད་སྲེག་པར་བྱེ་པའི་དོན་ནོ།   ཁྲ་ཐབས་སྤྲུལ་པའི་ཕོ་ཉ་ཟུང་རེ་ལྡན་པ་ནི།     ཐབས་ཤེས་དབྱེར་མེད་ཅིང་།    ཕྲིན་ལས་ལྷུན་གྱིས་གྲུབ་པའི་རྟགས་སོ།    དེ་ལྟར་ཡབ་ཡུམ་སྤྲུལ་པའི་འཁོར་ཚོགས་རྣམས་ཁྲོ་དབལ་རྔམ་སྟབས་གོ་རྒྱན་མཐུ་དང་ གཟི་བརྗིད་ལྷག་ལྷག་དུ་འབར་བར་བསྒོམ་པའོ།    སྲུང་མ་ལས་མཁན་ཕོ་ཉ་རྣམས་ས་བོན་ལས་བསྐྱེད་མི་དགོས་ཏེ།   འཇིགས་བྱེད་དབལ་ཕུར་རྩ་བའི་ལྷ་ཚོགས་བསྐྱེད་པས་འཁོར་རྣམས་ཤུགས་ཀྱིས་གནས་ པའོ།  དེ་ཡང་གང་ལ་གང་འདུལ་ཞི་ཁྲོ་ཕུར་པའི་དཀྱིལ་འཁོར་ལྷ་ཚོགས་གཙོ་འཁོར་རྣམས།        སྣང་ལ་དངོས་མེད་མེ་ལོང་གི་གཟུགས་བརྙན་དང་།    མཉམ་ལ་མ་འདྲེས་གཞའ་ཚོན་གྱི་རི་མོ།   རང་བཞིན་མེད་པ་ཆུ་ཟླའི་དཀྱིལ་འཁོར་ལྟར།  གསལ་ལ་རྟོག་པ་མེད་པར་ཤེས་པར་བྱའོ།    དེ་ལྟར་བསྒོམ་པས་ཏིང་འཛིན་རིག་པའི་དཀྱིལ་འཁོར་ཟད་པ་དང་བྲི་བ་སྟོར་བ་མེད་པ་ དེས།   སྐྱི་༼ཇི༽སྲིད་སྦྱངས་ཤིང་།         འབྲས་བུ་ཅིར་ཡང་སྤྲུལ་པའི་སྐུ་ཐོབ་པའོ།།
༼༩༽སྤྱི་དོན་གསུམ་པ་བཞེངས་སུ་གསོལ་བ་ནི།    བདག་དམ་ཚིག་སེམས་དཔའ་ཏིང་འཛིན་རིག་པའི་དཀྱིལ་འཁོར་ལ་གནས་ཤིང།    ལྷ་ཡེ་ཤེས་སེམས་དཔའ་རང་བཞིན་དབྱིངས་ཀྱི་དཀྱིལ་འཁོར་ནས་བཞེངས་སུ་གསོལ་བ་ ནི།   བོན་ཉིད་མཚན་མེད་ཁྱབ་བདལ་ནམ་མཁའ་ལྟ་བུའི་ངང་ནས།    ལོངས་སྤྱོད་རྫོགས་སྐུ་ཉི་མ་ཤར་བ་ལྟ་བུར་བཞེངས།   དེ་ལས་ཅིར་ཡང་སྤྲུལ་སྐུ་འོད་ཟེར་ལྟ་བུར་མཁའ་ལ་བཞེངས།   དེ་ཡང་ངོ་བོ་རྟོག་འཛིན་ངོས་བཟུང་གང་ཡང་མེད་ཅིང།   རྣམ་པ་ལྷ་ཡི་སྐུ་ཁ་མིག་རྣ་བ་ཅན་གཙོ་འཁོར་རྣམས་དུག་གསུམ་རྩད་ནས་གཅོད་དེ་ འཁོར་བ་གཏིང་ནས་སྤྲུག་པའི་དོན་དུ་བཞེངས་སུ་གསོལ་བའོ།།

༼༡༠༽སྤྱི་དོན་བཞི་པ་སྤྱན་འདྲེན་པ་ནི།     བདག་དམ་ཚིག་སེམས་དཔའི་དཀྱིལ་འཁོར་ལྷ་ཚོགས་དང་སྤྲུལ་པའི་ལྷ་མོ་གྲངས་མེད་ ཀྱིས།   དམིགས་མེད་མཁའ་ཀློང་དབྱིངས་གསུམ་རང་བཞིན་རྣམ་པར་དག་པ་ཨེ་ཡི་གཞལ་ཡས།    དོན་གྱི་འོག་མིན་ཆེན་པོའི་གནས་ནས།    ལྷ་ཡེ་ཤེས་སེམས་དཔའ་རྣམས།     མཚན་མ་རྡུལ་ཚོན་གྱི་དཀྱིལ་འཁོར་ལ་གཉིས་སུ་མེད་པར་སྤྱན་འདྲེན་པའོ།      དེ་ཡང་འཇིགས་བྱེད་སྤྲུལ་པའི་ཁྲོ་བོ།   ཁྲ་ཐབས་སྒོ་བ་དང་བཅས་པ་སྤྱན་དྲངས་ལ།    གཞན་འཁོར་རྣམས་དམིགས་ཀྱིས་སྤྱན་འདྲེན་མི་དགོས་ཏེ།   དཔེར་ན་རྒྱལ་པོ་སྤྱན་འདྲེན་པ་ན་འབངས་འཁོར་ཆེད་དུ་འབོད་མི་དགོས་པར་ཤུགས་ ཀྱིས་འོང་བ་བཞིན་ནོ།  དེ་ཡང་ཕྱི་ལྟར་བདུད་སྲིན་དྲེགས་པ།    ནང་ལྟར་ལོག་རྟོག་ཉོན་མོངས།   གསང་བ་མ་རིག་བག་ཆགས་རྣམས་རྩད་ནས་བཅད་པའི་ཕྱིར་དུ་སྤྱན་འདྲེན་པའོ།།

༼༡༡༽སྤྱི་དོན་ལྔ་པ་ཕྱག་འཚལ་བ་ནི།    སྒྲུབ་པའི་གཤེན་བོན་རང་ཉིད་ནི་མི་ཕྱེད་པ་ལྔ་དང་ལྡན་ཅིང་།  ལུས་ཡན་ལག་སྨད་ལྔས་འཇུག་པ་དང་།    ངག་རིགས་ཀྱི་ཡོན་ཏན་སོགས་ལ་བསྟོད་དབྱངས་དང།    ཡིད་ཏིང་འཛིན་མ་འཆོར་བའི་སྒོ་ནས་གཞན་དོན་དུ་སྐྱབས་སུ་འགྲོ་བ་སོགས་དད་མོས་ གུས་པའི་མཆོག་གིས།  སྤྱན་དྲངས་པའི་ཡི་དམ་ལྷ་ཡི་དཀྱིལ་འཁོར་ལ་ཕྱག་འཚལ་བའོ།   འབྲས་བུ་ནི་མ་དག་པའི་སྒོ་གསུམ།    དག་པ་ཡི་དམ་ལྷ་ཡི་སྐུ་གསུང་ཐུགས་ཀྱི་དངོས་གྲུབ་ཐོབ་བོ།།

༼༡༢༽སྤྱི་དོན་དྲུག་པ་གདན་འབུལ་ཞིང་གཞུགས་སུ་གསོལ་བ་དང་དམ་བཅའ་བ་ལ་གཉིས་ ཏེ།   དང་པོ་གནས་ནི་ཕྱི་རྒྱ་མདུད་འབར་བའི་གཞལ་ཡས།   ནང་ཨེ་ཀློང་འབར་བའི་ཕོ་བྲང་།    གསང་བ་མེ་རི་འབར་བའི་གཞལ་ཡས།   དེ་གསུམ་དབྱེར་མེད་པའི་གནས་ན་བཞུགས་སུ་གསོལ་བའོ།   ཁྲི་གདན་ནི་གང་དུ་བསྟན་པ་ལྟར་རོ།   དེ་སྟེང་དྲེགས་པ་འདུལ་བའི་བརྡར།    ཕྱོགས་སྐྱོང་གན་སྦུབས་སུ་བསྣོལ་བའི་གདན་ལ།    དགྲ་བགེགས་ཉོན་མོངས་ལོག་འདྲེན་བསྒྲལ་བ་དང་།   དབང་དང་དངོས་གྲུབ་ཐོབ་པའི་ཕྱིར་དུ་བཞུགས་སུ་གསོལ་ལོ།།   གཉིས་པ་དམ་བཅའ་བ་ནི།   ཁྲོ་བོ་ཕུར་ནག་འགྲོ་འདུལ་སྤྲུལ་པའི་དཀྱིལ་འཁོར་ཆེན་པོ་གང་ལ་གང་མོས་ཅི་ལྟར་ འཆར་བ་བཞིན་དུ།   སྒྲུབ་པའི་གཤེན་པོ་བདག་གིས་དེ་ཁོ་ན་འདྲ་བར་དམ་བཅའོ།    བདག་དང་དཀྱིལ་འཁོར་གཉིས་སུ་མེད་པ།     དཔེར་ན་སྒྲོན་མེ་དང་འོད་གཉིས་གཅིག་ཏུ་དྲིལ་བ་བཞིན།    གཉིས་སུ་མེད་པ་གཟི་བྱིན་མཐུ་དབང་གཅིག་ཏུ་འདུས་པའི་བདག་ཉིད་ཆེན་པོར་རྟག་ཏུ་ བསྒོམ་མོ།  དེ་ལྟར་བསྒོམ་པས།  སྒོ་གསུམ་འཁོར་བར་མི་འཁྱམས་ཤིང་།   བདེར་གཤེགས་ཀྱི་སྐུ་གསུང་ཐུགས་སུ་འགྲུབ་བོ།   ༼༡༣༽སྤྱི་དོན་བདུན་པ་ཕྱག་རྒྱ་འཇིགས་ཚོགས་ལ་བཅུ་སྟེ།  དང་པོ་ཕྱག་རྒྱའི་དཀྱིལ་འཁོར་ཆེན་པོའི་ཕོ་བྲང་གཞལ་ཡས་ནི།   ཕྱོགས་བཅུའི་འཇིགས་རྟེན་གྱི་ཁམས་དང་།   ཕྱི་ནང་བེམ་པོས་བསྡུས་པ་རྣམས།   དཀྱིལ་འཁོར་དུ་རོལ་པ་ནི།    ཕྱི་སྣང་བའི་གཞལ་ཡས་བཀོད་པ་རྒྱན་གྱི་ཕོ་བྲང་ངོ་།       །ལས་དང་ཉོན་མོངས་འདུལ་བའི་ཕྱོགས་བཅུའི་ཨེ་ཀློང་།   གྲུ་སུམ་དགྱེས་པ་ཆེན་པོའི་ཕོ་བྲང་།   གཉེན་པོ་བོན་ཉིད་ཡེ་ཤེས་ལྷུན་གྱིས་གྲུབ་པའི་དཀྱིལ་འཁོར་ནི།   བསྒྲུབ་བྱ་ནང་གི་གཞལ་ཡས།    མ་དག་འབྱུང་དུག་ཕུང་པོའི་འཁྲུལ་སྣང་ཐམས་ཅད་ལ།  དག་པ་ལྷ་སྐུ་རིགས་སྟོབས་ཡེ་ཤེས་དཀྱིལ་འཁོར་གྱི་རྟེན་བཅས་ཏེ།  རང་སར་དག་པ་ནི་ཉམས་མྱོང་རིག་པ་གསང་བའི་གཞལ་ཡས་ཁང་ངོ།   དེ་རྣམས་ཕྱག་རྒྱའི་དཀྱིལ་འཁོར་ཆེན་པོ་ཕྱོགས་བཅུ་འབར་བའི་ཨེ་ཀློང་ངོ་།    །གཉིས་པ་ནི་མ་ཆགས་གནས་སུ་དག་པའི་བརྡར་མཛེས་བརྗིད་རིན་ཆེན་གྱི་ཁྲི་དང་།    འཁོར་བའི་རྒྱུ་དུག་ལྔ་གཏིང་ནས་གཞོམ་པའི་བརྡར།    ཐུལ་རྟགས་སེམས་ཅན་གྱི་ཁྲི་དང་།    འཇིག་རྟེན་དྲེགས་པ་ཅན་ཐམས་ཅད་ཁོབས་འོག་དུ་ཆུད་ཅིང་དབང་དུ་བསྡུད་པའི་བརྡར།   དྲེགས་པ་དབང་སྡུད་ཀྱི་ཁྲི་དང་།  ལས་དང་ཉོན་མོངས་ཆགས་སྡང་རང་སར་དག་པའི་བརྡར།   རང་གཉེར་འདུལ་སྐལ་གྱི་ཁྲི་དང་།   ཐབས་ཤེས་དབྱེར་མེད་ཀྱི་གདན་ནི་གོང་དུ་བསྟན་པ་ལྟར་ལ།   དེ་རྣམས་ནི་འདུལ་བརྗིད་གདན་གྱི་དོན་ནོ།  །གསུམ་པ་རང་འབྱུང་ཡེ་ཤེས་བོན་ཉིད་བདེ་ཆེན་རྩོལ་སྒྲུབ་ཡེ་ནས་བྲལ་བ་ཡིན་ བཞིན་དུ།  ལྷན་སྐྱེས་མ་རིག་པ་ལ་རང་བཞིན་གྱིས་ཁྲོ་བས་ན་ཁྲོ་བོ་དང།    འཁོར་འདས་ཀྱི་བོན་རྣམས་བོན་ཉིད་བདེ་བ་ཆེན་པོའི་ངང་དུ་ཕུར་བས་ན་ཕུར་པ་ དང་།    བོན་ཉིད་རིག་པའི་སྙིང་པོ་ལ་བསྒྱུར་ཞིང་བཅོས་སུ་མེད་པས་ན་ནག་པོའོ།   དུས་གསུམ་དུ་འགྱུར་བ་མེད་པ་བདེ་བ་ཆེན་པོ་དེ་ནི་བོན་གྱི་སྐུ་ཡི་ཕུར་པའོ།   དེ་ལྟར་འོག་མིན་མཁའ་གསང་དག་པའི་ཕོ་བྲང་ནས།    ཨེ་དང་རྃ་ལས་སྤྲུལ་པའི་དབལ་ཕུར་རྩ་བའི་ལྷ་ནི་ལོངས་སྤྱོད་རྫོགས་སྐུའི་ཕུར་པ་ དང་།   དེ་ལས་འཕྲོས་པའི་འཁོར་གྱི་ཁྲོ་བོའི་ཕུར་པ་རྣམས་ནི་གདུག་པ་སྤྲུལ་པའི་སྐུ་ཡི་ ཕུར་པ་སྟེ།   སྐུ་གསུམ་དོན་རྟགས་ཀྱི་ཕུར་པའོ།     །བཞི་པ་སྐུ་ལྔ་རྫོགས་པའི་ཕུར་པ་རྣམས་རྒྱ་མདུད་འབར་བའི་ཨེ་ཀློང་གྲུ་གསུམ་ གྱི་གནས་ན་ཞི་ཁྲོ་ཕུར་པའི་ལྷ་རྣམས་མ་འདྲེས་པར་ཝ་ལེར་གསལ་བ་ནི།  རྒྱན་ཆ་ཡོན་ཏན་གྱི་ཚུལ་ལོ།    །ལྔ་པ་ཕྱག་དྲུག་ན་དབྱིངས་ནས་བྱབས་ཕུར་དང།    མཁའ་ལས་ཕབ་པའི་མཆོག་ཕུར་དང།   ཀློང་དུ་འདེབས་ཕུར་རྣམས་ནི།   ཕྱི་ཡི་འབེན་ཡ་བདུད་སོགས་དྲེགས་པ་དང།    ནང་གི་འབེན་ནི་ཕུང་པོ་ཁམས་དང་སྐྱེ་མཆེད་ལྔ་དང།    གསང་བའི་འབེན་ནི་མ་རིག་ལོག་རྟོག་བཅས་ལ་འདེབས་པ་ནི་རང་རྟགས་ཕྱག་མཚན་གྱི་དོན་ ནོ།     །དྲུག་པ་ཡི་དམ་ལྷ་ཡི་ཐུགས་རྗེ་མི་ཟད་པ་དེས་ཀྱང་ལས་ཉོན་མི་འཆོར་དབྱིངས་སུ་ འཛིན་པར་བྱེད་པ་དང།    སྐུ་གསུང་ཐུགས་ཀྱི་ཚབས་རྔམ་འབར་བའི་ཀུན་རྫོབ་རྩོལ་སྒྲུབ་ཀྱི་ཕྲིན་ལས་དང།   དོན་དམ་རྩོལ་མེད་ཀྱི་ཕྲིན་ལས་གཉིས་ཀྱིས་འཁོར་བའི་རྒྱ་མཚོ་ཀློང་དུ་བསྟབས་པ་ ནི།   རང་གཉེར་ཕྲིན་ལས་ཀྱི་དོན་ནོ།    །བདུན་པ་ལྷ་སྐུ་རིགས་སྟོབས་ཡེ་ཤེས་སོགས་བསྐྱེད་པས་ན་ཡུམ་ལ།   སྣང་སྲིད་འཇིག་རྟེན་ཐམས་ཅད་ཀུན་ནས་གཉེན་པོས་འཇོམས་ཤིང་ཤེས་རབ་ཡུམ་གྱི་ཆ་ འཛིན་པའི་ཕྱིར་ན་ཁྲོ་མོའོ།    ཕྱོགས་བཅུའི་ཁྲོ་བོ་དང་གཉིས་སུ་མེད་པར་རོལ་པ་ནི་ཤེས་རབ་ཡུམ་གྱི་དོན་ནོ།།   །བརྒྱད་པ་ཡབ་ཡུམ་གཉིས་མེད་རོལ་པའི་ཡེ་ཤེས་ཀྱི་ཆོ་འཕྲུལ་ལས།  ཡབ་ཀྱི་སྤྲུལ་པ་ཐབས་ཀྱི་རང་བཞིན་མཆེ་བ་ཅན་ཁྲ་ཐབས་རྣམས་གཡས་སུ་འགྱེད་པ།    ཡུམ་གྱི་སྤྲུལ་པ་ཤེས་རབ་ཀྱི་རང་བཞིན་གཟེ་མ་རྣམས་གཡོན་དུ་འགྱེད་པ།    དེ་ཡང་གདུག་པ་ལྟར་སྣང་བ་ནི་གདུག་པ་རང་རྒྱུད་པར་དག་པར་བྱེད་པའི་ཡབ་ཡུམ་ཐབས་ ཤེས་གཉིས་སུ་མེད་པའི་དོན་ནོ།།   །དགུ་པ་གདུལ་བྱ་སེམས་ཅན་གྱི་ལས་ཉོན་གཟུང་འཛིན་སྲ་ཞིང་འཐས་པ་རྣམས་དམིགས་པའི་ འབེན་དུ་གྱུར་པ་དེ་རྣམས་འདུལ་ཞིང་ཚར་གཅོད་པར་བསྐུལ་བ་ནི།   ཕྲིན་ལས་བཅོལ་བའོ།   །བཅུ་པ་ཕྱི་འཇིགས་ཆགས་སྟོང་གནས།   ནང་ཉོན་མོངས་དུག་ལྔ་དང་སྐྱེ་རྒ་ན་འཆི་སོགས་འཇོམས་པར་བྱེད་པ་ནི།   དྲག་པོ་སྔགས་ཀྱི་ཡོན་ཏན་ནོ།   དེ་ལྟར་ལྷ་ཚོགས་ཀྱི་རང་བཞིན་ཡོན་ཏན་རྣམ་པ་བཅུ་ཡི་དོན་མ་ནོར་བར་གསལ་ལྷག་ལྷག་ དུ་བསྒོམ་པས།    སྒྲིབ་གཉིས་ཕྱག་ཅིང་སྣང་བ་སྟོང་པར་རྒྱ་ཐེབས་པ་དང།    འཇིགས་བྱེད་ཕུར་པའི་དཀྱིལ་འཁོར་ལྷ་དང་བཅས་པའི་ཚོགས་རྣམས་ཞལ་མངོན་དུ་མཐོང་ བའོ།།

༼༡༤༽སྤྱི་དོན་བརྒྱད་པ་བཤགས་པ་བསྟན་པ་ནི།    གསང་སྔགས་ཟབ་མོའི་སྒོར་ཞུགས་པའི་སྒྲུབ་པ་པོ་བདག་གིས།    མཐའ་ཡས་པའི་སེམས་ཅན་རྣམས་ཀྱིས་དུས་གསུམ་དུ་བསགས་པའི་ལས་ཉོན་བག་ཆགས་སྒྲིབ་ པའི་ཚོགས་སུ་གྱུར་པ་ཐ་དག་ཉེས་པར་མཐོང་ཞིང་ཤིན་ཏུ་གནོང་འགྱོད་དྲག་པོའི་སྒོ་ ནས།    དཔང་པོ་ཁྱད་པར་ཅན་ཕྱི་ལྟར་ཕྱོགས་བཅུའི་དུས་གསུམ་བདེར་གཤེགས།    ནང་ལྟར་ཡི་དམ་མཁའ་འགྲོ་སྲུང་མ།    གསང་བ་བཀའ་དྲིན་སུམ་ལྡན་དཔོན་གསས་བླ་མ།    ཡང་གསང་གནས་ལུགས་བདག་ཉིད་ཆེན་པོའི་དཀྱིལ་འཁོར་ལ།   ལུས་གུས་པ་དང་ངག་འཛབ་ དབྱངས།     ཡིད་མི་ཕྱེད་དད་པའི་སྒོ་ནས་སྔར་བྱས་གྱི་སྡིག་པ་ཕྲ་རགས་ཐམས་ཅད་བཤགས་སོ།    ཕྱིས་དེ་ལྟར་མི་བགྱི་བའི་དམ་བཅའ་ཡིད་ལ་རྟག་ཏུ་འཆང་སྟེ་བསྡོམ་པ་ནི།   དཔེར་ན་ལྷག་རླུང་ཆེན་པོས་ཆུ་བོ་འཆག་པར་བཏབས་པ་བཞིན།    དྲན་ཤེས་དང་བརྩོན་འགྲུས་ཀྱིས་སྒོ་གསུམ་ཐ་མལ་དུ་སྐད་ཅིག་ཙམ་ཡང་མི་བཞག་པ་དགེ་ བར་འཇུག་པའོ།   དེ་ལྟར་འཇུག་པས།   དཔེར་ན་སྒྲོན་མེའི་འོད་ལ་མུན་པ་མི་གནས་པ་ལྟར།   མི་དགེ་བ་འབྱུང་བའི་གོ་སྐབས་དབེན་ཞིང་རྟག་ཏུ་དཀྱིལ་འཁོར་ལ་འཇུག་པ་དང་ལྷ་དང་ བོན་གྱི་སྤྱན་སྔར་མཛེས་ཤིང་འདི་ཕྱིའི་དོན་གཉིས་འགྲུབ་པར་བྱེད་པའོ།།

༼༡༥༽སྤྱི་དོན་དགུ་པ་ཕྱི་ཡི་མཆོད་པ་རྣམ་ལྔ་ནི།   དཀྱི་འཁོར་ཕྱི་ནང་ཐུན་མོང་སྤྱི་རུ་རྒྱུགས་པའི་མཆོད་པ་ཡིན་པས་ན་ཕྱི་ཡི་མཆོད་ པ་དང།   དེ་ཡང་རྒྱུ་སོགས་གོང་དུ་བཤད་ཟིན་པ་ལྟར་ལ།   དང་པོ་ང་རྒྱལ་གནས་སུ་དག་པའི་བརྡ་མེ་ཏོག་དང་།   འདོད་ཆགས་གནས་སུ་དག་པའི་བརྡ་སྤོས་མཆོད་དང་།   ཞེ་སྡང་གནས་སུ་དག་པའི་བརྡ་མར་མེ།   ཕྲག་དོག་གནས་སུ་དག་པའི་བརྡ་གསས་བཤོས།   གཏི་མུག་གནས་སུ་དག་པའི་བརྡ་ཚན་ཆབ་དང་ལྔ་ནི།   ཡེ་ཤེས་ལྔ་ལས་གྲུབ་པའི་ལྷ་མོ་ལྔས་གནམ་ས་བར་སྣང་བྱུར་བུར་གང་བར་བྱིན་གྱིས་ རླབས་ཏེ།    དཀྱིལ་འཁོར་གྱི་ལྷ་ལ་ཕུལ་བས།    འབྱུང་དུག་ཕུང་པོས་བསླང་བའི་བག་ཆགས་དག་ནས།    སྐུ་ལྔའི་ཡོན་ཏན་གྱི་རོལ་པ་ཆེན་པོར་ཤར་བའི་དགོས་པ་ཡོད་དོ།།

༼༡༦༽སྤྱི་དོན་བཅུ་པ་ལ་གསུམ་སྟེ།     དང་པོ་སྨན་གྱི་མཆོད་པ་ནི་སྣོད་མཚན་ལྡན་ཀ་པ་ལིའམ།   རུས་སྦལ་ཁོག་པའམ།    རིན་ཆེན་སྣོད་དུ།     བཅུད་ཕུད་རྒོད་ལ་དམ་རྫས་བདུད་རྩི་ལྔ་དང་སྦྱར་ནས།    སྒྲུབ་གཤེན་ཏིང་འཛིན་དགོངས་པས་སྣོད་བཅུད་སྦྱངས་སྤེལ་ནམ་མཁའ་རྒྱ་མཚོའི་གཏོས་ ལྟར་ཟད་ཅིང་བྲི་བ་མེད་པར་དཀར་ལྡེམ་གྱིས་ཞུ་བར་བསྒོམ་ལ།   ཉོན་མོངས་བག་ཆགས་མཐུག་པོས་བཅིངས་པའི་གཙང་སྨེ་གཉིས་འཛིན་གྱི་བདུད་དུ་གྱུར་ པ་ཐམས་ཅད།    དཔོན་གསས་ལྷ་དང་མཆེད་ལྕམ་རྣམས་ཅི་ལྟར་མཐུན་པ་ཡེ་ཤེས་ཀྱི་རྩིར་བྱིན་གྱིས་ བརླབས་པ་དང་།       དེ་ཡང་སྨན་གྱི་རྒྱུན་རྩ་ལྡན་པའི་སྲིན་མཐེབ་ཉི་ཟླའི་གདན་སྟེང་དུ།  བདུད་རྩི་བླངས་ཏེ་དཀྱིལ་འཁོར་གྱི་ལྷ་ལ་མཆོད་པས།   སྨན་ལ་བྱིན་ཆེན་ཕེབས་པ་དང།    བདུད་ལྔ་བཅོམས་ནས་རྟོག་པའི་ཡེ་ཤེས་བསྐྱེད་པས་རྩི་རུ་གྲུབ་པ་དང།   ཐབས་གཞན་ལས་ཁྱད་པར་དུ་འཕགས་པས་སྐུ་དང་ཡེ་ཤེས་རྒྱས་ཤིང་གསོ་བར་བྱེད་པས་ན་ སྨན་ནོ།།    གཉིས་པ་དངོས་གྲུབ་བླང་བ་ནི།      དེ་ལྟར་བྱིན་གྱིས་རླབས་པའི་བདུད་རྩི་སྲིན་མཐེབ་ཀྱི་རྩེ་རུ་བླངས་ཏེ་གནས་ གསུམ་དུ་བཞག་པས་དབལ་ཕུར་སྐུ་གསུང་ཐུགས་ཀྱི་དངོས་གྲུབ་ཐོབ་པའོ།    གསུམ་པ་སྨན་གྱི་བཤགས་པ་ནི།   བོན་ཉིད་ལྷུན་གྱིས་གྲུབ་པའི་ཡེ་ཤེས་ཆེན་པོའི་རྩིར་མ་རྟོགས་པར།   མ་རིག་འཁྲུལ་པའི་བདུད་ཀྱིས་ཞེན་ཅིང་བཅིངས་པ་བཤགས།    འབྲས་བུ་ཚངས་པའི་ཡོན་ཏན་ནོད་ཅིང།    ཉེས་ཚོགས་ཐམས་ཅད་སླར་ཡེ་ཤེས་ཆེན་པོའི་རྩིར་འགྱུར་བའོ།།    བཞི་པ་སྨན་གྱི་བསྟབས་པ་ནི།  ཕྱི་ལྟར་རྣམ་པ་ཐབས་ཤེས་ཡབ་ཡུམ་ཀྱི་ཞལ་ཆེན་ཨེ་ཀློང་དུ།   མཚན་མ་བདུད་སྲིན་གྱི་སྣང་བ་དང།   རྣམ་རྟོག་བག་ཆགས་ཉེས་འཁྲུལ་ཐམས་ཅད་སྨན་གྱི་ལྷག་མ་དང་བཅས་ཏེ་བསྟབས།   ནང་ལྟར་ངོ་བོ་གསལ་སྟོང་ཟུང་འཇུག་བདག་ཉིད་ཆེན་པོ་སྣང་སྲིད་འཁྲོས་པའི་དཀྱིལ་ འཁོར་ཨེ་ཀློང་དུ།   ང་བདག་བཟུང་འཛིན་གཉིས་སྣང་ཐམས་ཅད་བསྟབས་པས་ཁྲོག་བརླག་དུ་སོང་བའོ།།

གཉིས་པ་ནང་གི་མཆོད་པ་ནི།།   སྤྱིར་ཡི་དམ་ལྷ་ལ་ཞེན་ཆགས་དང་སྦྲིབས་སྐྱིམས་སོགས་མི་མངའ་ཡང་།    གདོོས་ཅས་ཕུང་ཁམས་ཀྱི་བསྡུས་པའི་འགྲོ་བ་ཐ་དག   ཚེ་རབས་ནས་ད་ལྟའི་བར་དུ་འདོད་ཆགས་བག་ཆགས་ཀྱི་མཐུ་བརྟས་ཤིང་སྨིན་པའི་ཁྲག་གི་ རྒྱ་མཚོ་ནི།   འདོད་ཆགས་རྩད་ནས་གཅོད་པའི་ཕྱིར་དུ་འབུལ་བ་དང་།   ཚེ་རབས་ནས་ད་ལྟའི་བར་དུ་ཞེ་སྡང་བག་ཆགས་ཀྱི་མཐུ་བརྟས་ཤིང་སྨིན་པའི་རུས་མཁར་ ནི།   ཞེ་སྡང་རྩད་ནས་གཅོད་པའི་ཕྱིར་དུ་འབུལ་བ་དང་།   ཚེ་རབས་ནས་ད་ལྟའི་བར་དུ་གཏི་མུག་བག་ཆགས་ཀྱི་མཐུ་བརྟས་ཤིང་སྨིན་པའི་ཤ་ཆེན་ གྱི་རི་བོ་ནི།    གཏི་མུག་རྩད་ནས་གཅོད་པའི་ཕྱིར་དུ།    རྣམ་པ་ཡི་དམ་ལྷ་ཡི་ཞལ་དུ་འབུལ་ཞིང་།   ངོ་བོ་བོན་ཉིད་གཡོ་བ་མེད་པའི་ཀློང་དུ་བསྟིམས་པས།  དུག་གསུམ་འཁྲུལ་སྒྲིབ་བྱང་ཤིང་ཆགས་སྡང་རྨོངས་གསུམ་གནས་སུ་དག་པའི་ཡོན་ཏན་ ཐོབ་པའོ།།      གསུམ་པ་གསང་མཆོད་ལ་གཉིས་ཏེ།    དང་པོ་སྦྱོར་མཆོད་ནི།   རང་བཞིན་ལྷུན་གྱི་གྲུབ་པ་བོན་ཉིད་དབྱིངས་ཀྱི་གཞི་དེས།    འཁོར་འདས་ཀྱི་བོན་ཐམས་ཅད་ལ་མ་ཁྱབ་པ་དང་།    མ་སྦྱོར་པ་མེད་པས་ན་རང་བཞིན་དབྱིངས་ཀྱི་སྦྱོར་བ་དང།།     རིག་པའི་ཡོན་ཏན་དང་།   མ་རིག་པའི་ཉེས་ཚོགས་ཐམས་ཅད།   ཀློང་ཆེན་གྱི་ངང་དུ་མ་བྱུང་པ་མེད་ཅིང་།     གཉེན་པོའི་ཡོན་ཏན་ཤར་བས།   ཉེས་ཚོགས་ཀུན་འཇོམས་ཤིང་སྦྱོར་བ་ནི་ཀློང་ཆེན་བོན་གྱི་སྦྱོར་བའོ།།    ཐབས་སྣང་བ་མ་འགག་པར། ཤེས་རབ་རིག་པའི་ཡེ་ཤེས་ཀྱིས་གཟིགས་ཤིང་སྦྱོར་བ་ནི། ཐབས་ཤེས་མཁའ་ཡི་སྦྱོར་བའོ།།     དེ་ལྟར་དགོངས་པ་གསུམ་གྱི་དོན་རྟོགས་ནས།   རྫས་བྱང་སེམས་དཀར་དམར་སྦྱར་བ་དངོས་སམ་ཚབ་གང་རུང་།   སྒྲུབ་གཤེན་རྟོགས་པའི་ཚད་དང་སྦྱར་ཏེ་འབུལ་བའོ།   དེ་ཡང་སྦྱོར་ཞེས་པ་ནི་ངོ་བོ་གཉིས་སུ་མེད་པ་ཆུ་དང་ཆུ་ཞག་༼ཆུ་ལ་ཆུ་བཞག་༽ལྟར་ དབྱེར་མ་མཆིས་པར་འདྲེས་པ་ལ་བྱའོ།   དེ་ལྟར་མཁའ་ཀློང་དབྱིངས་གསུམ་སྦྱར་བ་ནི།   སྦྱོར་མཆོད་ཀྱི་དོན་ནོ།།  །གཉིས་པ་སྒྲོལ་བའི་མཆོད་པ་ནི།   འཁོར་འདས་མཉམ་ཉིད་དུ་རྟོགས་ནས་རྒྱུ་དྲུག་རང་གྲོལ་དུ་གནས་པ་ནི།   ཡེ་བསྒྲལ་ཆེན་པོ་རང་བཞིན་གྱིས་བསྒྲལ་བ་དང་།།    འདི་ལྟར་གྱི་སྣང་བ་རྣམས་དང་།    བདག་དུ་སྣང་བ་ཡང་གདོད་ནས་བོན་ཉིད་སྐྱེ་མེད་དང་གཉིས་སུ་མེད་པར་རྟོགས་པ་ ནི།    རྟོགས་པས་བདག་བསྒྲལ་གྱི་དོན་ནོ།།     ཡི་དམ་ལྷ་ཡི་ཐུགས་རྗེ་དང་།    སྒྲུབ་གཤེན་ཏིང་འཛིན་སྟོབས་ཀྱིས།     ལས་ཉོན་བག་ཆགས་ཐམས་ཆད་མི་གནས་དབྱིངས་སུ་བསྒྲལ་བ་ནི།    བྱིན་རླབས་ཀྱིས་བསྒྲལ་བའོ།།   དེ་ལྟར་བསྒྲལ་བ་གསུམ་གྱི་དོན་རྟོགས་ནས།    མཚན་མའི་བགེགས་གཟུགས་བསྒྲལ་ཏེ།  ཐམས་ཅད་མཉམ་པ་ཆེན་པོར་འབུལ་བ་ནི།    སྒྲོལ་མཆོད་ཀྱི་དོན་ནོ།

༼༡༧༽སྤྱི་དོན་བཅུ་གཅིག་པ་ལོངས་སྤྱོད་ཚོགས་ཀྱི་མཆོད་པ་འབུལ་བ་ལ་གཉིས་ ཏེ།     དང་པོ་ལ་ཚོགས་དངོས་དང་འབུལ་བའི་རིམ་པ་གཉིས་ལས།    དང་པོ་ཚོགས་རྣམ་པ་གཉིས་ནི་གོང་དུ་བསྟན་པ་ལྟར་ལ།    གཉིས་པ་འབུལ་བའི་རིམ་པ་ལ་དྲུག་སྟེ།      དང་པོ་སྒྲུབ་གཤེན་གྱི་ཏིང་འཛིན་སྔགས་དང་བྱིན་རླབས་ཀྱིས་སྣོད་བཅུད་སྦྱོང་ ཞིང་སྤེལ་ཏེ།    ཚོགས་སྣོད་ནི་སྣང་ཞིང་སྲིད་པའི་འཇིགས་རྟེན་གྱི་གཏོས་དང།     བཅུད་ནི་ཀུན་བརྟག་དང་ཉོན་མོངས་ཀྱི་སྒྲིབ་པར་མཚོན་པའི་བམ་ཆེན་སྐམ་པོའོ་ཚོགས་ མཆོད་སོགས་ཡོ་བྱད་རྣམས་ལ།   ཁམས་གསུམ་སེམས་ཅན་ཐམས་ཅད་ཞལ་ཟས་ཚོགས་ཀྱི་ལོངས་སྤྱོད་འདོད་པའི་ཡོན་ཏན་ལྔ་དང་ ལྡན་ཞིང་།    མི་ཟད་རྒྱན་གྱི་འཁོར་ལོ་ཆེན་པོར་བྱིན་གྱིས་རླབས་སོ།   །གཉིས་པ་སྤྱན་འདྲེན་པ་ནི།   མཁའ་ཀློང་དབྱིངས་གསུམ་གཡོ་བ་མེད་པ་ཡེ་ཤེས་ལྷུན་གྱིས་གྲུབ་པའི་དཀྱིལ་འཁོར་ ནས།   གཡོ་བའི་ཆོ་འཕྲུལ་ཁྲོ་བོ་ཕུར་ནག་གི་ལྷ་ཚོགས་རྣམས།    གྲུ་སུམ་དགྱེས་པ་ཆེན་པོ་བཀོད་པ་རྒྱན་གྱི་ཕོ་བྲང་དུ་འཇིགས་བྱེད་ཟ་བྱེད་ཁྲོག་ བརླག་ཆེན་པོའི་ཚུལ་དུ་སྤྱན་འདྲེན་ལ།    །གསུམ་པ་མཆོད་པ་ནི།   དེ་ལྟར་སྤྱན་དྲངས་པའི་དཀྱིལ་འཁོར་ལྷ་ཡི་མདུན་དུ།    ཀུན་རྫོབ་ཏུ་ཡེ་ཤེས་ཀྱི་སྤྲུལ་པའི་ལྷ་མོ་གྲངས་མེད་ཀྱིས།  འདོད་སྤྱོད་ཚོགས་ཀྱི་ཡོ་བྱད་རྣམས་སྣང་ཞིང་སྲིད་པའི་འཇིག་རྟེན་གང་བར་དམིགས་ ལ་ཚོགས་ཕུད་དང་པོ་འབུལ་ལོ།    དེ་ལྟར་ཕུལ་བས་བསོད་ནམས་ཀྱི་ཚོགས་རྫོགས་ཤིང་།    ཉོན་མོངས་པའི་སྒྲིབ་པ་བྱང་ཐུན་མོང་གི་དངོས་གྲུབ་ཐོབ་པའོ།   དོན་དམ་པར་བོན་ཅན་སྣང་བ་སྣ་ཚོགས།   བོན་ཉིད་ཀྱི་ཀློང་དུ་གཉིས་སུ་མེད་པར་བསྟིམ་པས།   རྣམ་གྲོལ་ཏིང་འཛིན་འབྲས་བུ་ཡེ་ཤེས་ཀྱི་ཚོགས་རྫོགས་ཤིང་ཤེས་བྱའི་སྒྲིབ་པ་ དག   མཆོག་གི་དངོས་གྲུབ་ཐོབ་པའོ།། །བཞི་པ་བཤགས་པ་ནི།  དབྱར་དམ་ཉམས་པ་སྐོང་ཞིང་བག་སྒྲིབ་ཕྲ་རགས་རྣམས་སྦྱོང་བའི་ཕྱིར།    ལོངས་སྤྱོད་ཚོགས་ཀྱི་ཕུད་མཆོད་གཉིས་པ་འབུལ་ལ།   བདག་དང་ལྷ་ཚོགས་ཐུགས་དམ་དབྱེར་མེད་དུ་བསྲེས་ཏེ།     དམ་ཚིག་ཉམས་པ་སོགས་སྡིག་སྒྲིབ་བཤགས་ཤིང།    ལྷ་དང་གཉིས་མེད་གཅིག་ཏུ་གནས་པས།   དག་ཚངས་སྐུ་གསུང་ཐུགས་ཀྱི་དངོས་གྲུབ་ཐོབ་པའོ།།  །ལྔ་པ་བསྟབས་པ་ནི།   ཀུན་རྫོབ་དུ་ཕྱི་ནང་གསང་བའི་བདུད་རྣམས།   ཕོ་ཉས་བཀུག་སྟེ་ཤེས་སྒྲིབ་དང་ལྷན་སྐྱེས་ཀྱི་སྒྲིབ་པར་མཚོན་པའི་འབེན་གྱི་ ལིང་ག་ལ་བསྟིམ།    དེ་ནས་མཚོན་གྱིས་དུམ་བུར་བཏུབ་པའི་ཕྱེ་མ་ཚོགས་ཀྱི་ཕུད་མཆོད་གསུམ་པ་དང་སྦྱར་ ཏེ་དཀྱིལ་འཁོར་དུ་བསྟབ་བོ།   དོན་དམ་པར་ཕྱི་དངོས་སྣང་མཚན་མ་ལོག་འདྲེན་བསྒྲལ་བའི་ཞིང་བཅུ།   རང་བཞིན་མཁའ་གསལ་དག་པའི་ངང་དུ་བསྟབ།    ནང་དུག་ལྔ་ལོག་རྟོག་འཁྲུལ་པའི་ཚོགས་ཐམས་ཅད།    ཀློང་ཀུན་འབྱུང་གི་ངང་དུ་བསྟབ། གསང་བ་འདིར་སྣང་འཁྲུལ་བའི་སྣོད་བཅུད་དང་ཤེས་པས་བསྡུས་པ་ཐམས་ཅད།    དབྱིངས་མཚན་མ་མེད་པའི་ངང་དུ་བསྟབ་པའོ།    དེ་ཡང་བསྟབ་པ་ཞེས་པའི་དོན་ནི།   ཀུན་རྫོབ་ཏུ་དམིག་པའི་འབེན་ལིང་ག་བཏུབ་པའི་ཕྱེ་མ་ཚོགས་མཆོད་དང་སྦྱར་ཏེ།   བཀོད་པ་རྒྱན་གྱི་དཀྱིལ་འཁོར་ལྷ་ལ་ཕུལ་བས་ཐུགས་དམ་བསྐངས་ཏེ་དབྱེར་མེད་དུ་ རྒྱས་བཏབ་པ་དང་།      དོན་དམ་པར་གཉིས་སྣང་བོན་ཅན་ཀུན་བརྟག་མངོན་མཚན་སྲ་ཞིང་འཐས་པ་རྣམས།   རང་བཞིན་བོན་ཉིད་ལྷུན་གྱིས་གྲུབ་པའི་དཀྱིལ་འཁོར་ལ་དབྱེར་མེད་དུ་བསྲེས་པས།  སྟོང་གཟུགས་སྒྱུ་མའི་ངང་དུ་རྒྱས་བཏབ་པ་དང་།   མ་རིག་པའི་རྟོག་ཚོགས་ཐམས་ཅད་།    རྩལ་ཤལ་རིག་པའི་ཡེ་ཤེས་ཀྱིས་གཟིགས་པས།    རྟོག་ཚོགས་རྣམས་རྡོ་ཚན་ལ་ཁ་བ་བབ་པ་ལྟར།   སེམས་ཉིད་མ་བཅོས་འཛིན་བྲལ་ཆེན་པོའི་ངང་ལ་འཛིན་མེད་དུ་བསྐྱལ་བས།   སྣང་སྟོང་ཟུང་འཇུག་དུ་རྒྱས་བཏབ་པ་ནི་བསྟབ་པའི་དོན་ནོ།    །
དྲུག་པ་ཚོགས་ཀྱི་སྨོན་ལམ་བཏབས་པ་ནི།    དབལ་ཕུར་དཀྱིལ་འཁོར་ལྷ་ཚོོགས་རྣམས་ལ། དངོས་གྲུབ་བྱིན་རླབས་ནོད་པའི་དོན་དུ་སྙན་གསན་དབབ་པ་དང་།     ཚོགས་ཀྱི་མཆོད་པ་ལ་རྟེན་ནས་དམ་ཚིག་ཉམས་པ་སྐོང་བ་དང་ལོག་འཁྲུལ་བཤགས་ཤིང་ བཟོད་པར་གསོལ་བ་དང།   སྣོད་བཅུད་ཀྱིས་བསྡུས་པ་ཐམས་ཅད་མཆོད་པ་མི་ཟད་པར་ཕུལ་བའི་བྱིན་རླབས་ཀྱི་ ཚོགས་རྣམ་པ་གཉིས་དངོས་སུ་རྫོགས་པ་དང་།    གཞན་དོན་དུ་འབྲས་བུ་སྐུ་གསུམ་ལྷུན་གྲུབ་ཐོབ་པ་དང་།    ཕྲིན་ལས་ཅི་ལྟར་བཅོལ་བ་ལྟར་སྒྲུབ་ཤིང་།     སངས་རྒྱས་ཀྱི་བསྟན་ལ་གནོད་པའི་དགྲ་བགེགས་མི་གནས་པར་གྱུར་ཅིག་ཅེས་རེ་དོག་ མེད་པའི་སྨོན་ལམ་དམིགས་མེད་ངང་དུ་བཏབ་པས་འབྲས་བུ་དེ་ལྟར་འགྲུབ་པའོ།།

༼༡༨༽སྤྱི་དོན་བཅུ་གཉིས་པ་འཛབ་བགྲང་ཞིང་བསྒྲུབས་པའི་རྟགས་བསྟན་པ་ལ་ལྔ་ ལས།   དང་པོ་ཏིང་འཛིན་རྣམ་པ་གསུམ་མ་གཡོས་པའི་ངང་ནས།    འཕྲོ་འདུས་བདེར་གཤེགས་བསྙེས་ཤིང་།   མ་དག་སྣོད་བཅུད་དང་འཁྲུལ་པའི་བག་ཆགས་སྦྱོང་བ་དང་།   སྐུ་དང་ཡེ་ཤེས་ཕུན་སུམ་ཚོགས་པའི་བདག་ཉིད་དུ་སྒོམ་པའི་ངང་ནས།    སྤྱིར་བསྙེན་སྒྲུབ་ལས་སྦྱོར་གྱི་སྟོང་འཛབ་ཟླས་པ་དང།    སྒོས་ཀྱི་རྩ་བའི་ལྷ་འཛབ་དང་།    ཕོ་ཉའི་རྒྱུག་འཛབ་དང་།  སྲུང་མའི་མངག་འཛབ་དང་།   མ་མོའི་བརྣག་འཛབ་དང་།   ལས་མཁན་གྱི་སྲོག་འཛབ་བཟླས་པའོ།    དེ་ཡང་རབ་ཀྱིས་ཆུ་བོའི་རྒྱུན་བཞིན་ཉིན་མཚན་འཁོར་མོ་ཡུག་ཏུ་བཟླས།    འབྲིང་གིས་དུས་བཞི་གྲངས་སུ་བཟུང་སྟེ།    སྔ་དྲོ་དང།   དགོང་མོ།    ཉིན་གུང་དང་མཚན་གུང་ལ་བརྒྱ་ཐམ་པ་ཡན་བཟླས་པའོ།   ཐ་མས་ཀྱང་ཞག་རེར་བརྒྱ་ལས་མི་ཉུང་བར་བཟླ་བའོ།     གཞན་ཡང་སྐུ་གསུང་ཐུགས་ཆེ་བའི་ཡོན་ཏན་མི་ཟད་རྒྱན་གྱི་འཁོར་ལོ་གསུམ་དང་ལྡན་ པའི་ལྷ་གཙོ་འཁོར་གྱི་བསྙེན་པ་གྲངས་སུ་བགྲང་བར་བྱ་བའི་འཛབ་མཆོད་དང།       ལྷ་ཡི་ས་བོན་དང་སྤྱི་འཛབ་དང་གསང་མཚན་དུ་གྱུར་པའི་སྙིང་པོའི་མཆོད་པ་ཕུལ་ བ་དང་།    སྒྲུབ་གཤེན་བདག་གི་འདི་ནས་གཡུང་དྲུང་སྙིང་པོའི་བར་དུ་ཉམས་སུ་ལེན་ཞིང་ སྒྲུབ་པར་དམ་བཅས་པས། ཚེ་རབས་གོང་ནས་སྒྲུབ་པའི་ཡི་དམ་ལྷ་མཆོག་གི་ཞལ་མངོན་དུ་གསལ་ཞིང་དབང་དང་བྱིན་ རླབས་དངོས་གྲུབ་རྩལ་བའོ།     །ལྔ་པ་བསྒྲུབས་པའི་རྟགས་ནི།   རབ་ལ་རྫས་ཀྱི་ཕུར་པའི་ཁྲོ་ཞལ་བཞད་པ་དང།   འབྲིང་གཡོ་ཞིང་འགུལ་བ།   ཐ་མ་འཚིག་ཅིང་དྲོད་འབྱུང་བ་སོགས་ཡོང་ངོ་།།    གཉིས་པ་དོན་ལ་འཇུག་པ་སྒྲུབ་པ་བསྟན་པ་ལ་གཉིས་ཏེ།   སྒྲུབ་པ་ཞེས་པའི་དོན་དང་དེ་ཡི་སྤྱི་དོན་བསྟན་པའོ།   དང་པོ་ནི་སྒྲུབ་པ་པོ་དེ་ཉིད་སྒོ་གསུམ་བསྙེན་པར་རྫོགས་ཤིང།   ཕྱག་རྒྱ་དང་ཟླས་བརྗོད་ཏིང་འཛིན་ཟུང་དུ་འཇུག་པའི་སྒོ་ནས་དྲག་པོ་ཕུར་པའི་ལྷ་ ཚོགས་མི་ཟད་རྒྱན་གྱི་འཁོར་ལོ་ཆེ་བའི་ཡོན་ཏན་དཔག་ཏུ་མེད་པ་དེ་རྣམས།    གསལ་བར་དམིགས་ཤིང་ཉམས་སུ་བླངས་པས།  སྐུ་གསུང་ཐུགས་ཡེ་དག་ཆེན་པོ།   རང་བཞིན་འདུ་འབྲལ་མེད་པ་ལྷུན་གྱིས་གྲུབ་པའི་སྐུ་མངོན་དུ་གྱུར་ནས།   འཁོར་བ་དོང་ནས་སྤྲུགས།   བག་ཆགས་རྩད་ནས་བཅད་དེ།    རང་གྲོལ་ཆེན་པོའི་སྐུ་རུ་གྲུབ་པས་ན་སྒྲུབ་པའོ།            གཉིས་པ་ལ་གསུམ་ལས།

༼༡༩༽སྤྱི་དོན་དང་པོ་བསྟོད་ར་བསྟན་པ་ནི།    དབལ་ཕུར་ནག་པོའི་དཀྱིལ་འཁོར་ལྷ་ཚོགས་ཀྱི་ཆེ་བའི་ཡོན་ཏན་རྨད་དུ་བྱུང་བའི་ བྱིན་རླབས་ཀྱི་རོལ་པ་ཆེན་པོར་ཤར་བ་ལ།   སྔོན་གྱི་རིག་འཛིན་གོང་མས་བསྟོད་པ་དང།    འཇིག་རྟེན་གྱི་མངའ་བོ་ཆེ་རྣམས་ཀྱིས་བསྟོད་པ་དང།   རྗེས་འཇུག་སྒྲུབ་པའི་གཤེན་གྱི་སྒོ་གསུམ་ཕྱག་རྒྱ་དང་སྙིང་པོ་ཏིང་འཛིན་གྱིས་ བསྟོད་པ་ཕུལ་བས།    རྫས་ཀྱི་ཕུར་པ་ལ་བྱིན་གྱིས་རླབས་པ་དང་།   གཤེན་ལ་དབང་དང་གཟི་བརྗིད་མཐུ་རྩལ་དངོས་གྲུབ་ནོད་པའོ།།

༼༢༠༽སྤྱི་དོན་གཉིས་པ་རྔ་བཙལ་ཞིང་གསས་དབབ་པ་ལ་གསུམ་ལས།    དང་པོ་དབལ་གྱི་ཕྱག་ཆ་རྔ་བཙལ་བ་ནི།    སྔོན་སྲིད་པའི་དབལ་བོན་སྟག་ལ་མེ་འབར་གྱིས།    དབལ་གྱི་ཕུར་པ་བསྒྲུབས་ཏེ།   སྲིན་པོ་བསྒྲལ་བའི་དུས་ན་ཐུགས་དམ་བསྐུལ་བའི་རྔ་མ་མཆིས་པས།    ཁྲོ་བོ་ལ་གཟི་བྱིན་མ་བྱུང་།      ཁྲོ་མོ་ལ་བྱིན་རླབས་མ་ཤར།    ཕོ་ཉས་འགུག་འདྲེན་མ་བྱས།   དབལ་མོ་ལས་ལ་མ་འདུས།   ལྷ་སྲིན་སྡོང་དང་གྲོགས་ལ་མ་འཁོར།    སྒྲུབ་པ་པོ་སྟོབས་ཆུང་བའོ།   དེ་ནས་ལྷ་མོ་ཐུགས་རྗེ་བྱམས་མས་ལུང་བསྟན་བཞིན།    དབལ་བོན་ཉིད་ཀྱིས་རི་རབ་ཀྱི་ཕྱོགས་བཞིར་བཙལ་བས།   དྲག་པོ་དབལ་གྱི་རྔ་མ་རྙེད།   དེ་ནས་དབུས་ཕྱོགས་སྲིད་པ་འདུས་པའི་རི་ལས་དྲག་པོའི་དབལ་རྔ་རྙེད་པའོ།    དེ་ཡང་དབྱིབས་གྲུ་སུམ་ནི་སྐུ་གསུང་ཐུགས་དང་ལྡན་ཞིང་སྲིད་གསུམ་ཟིལ་གྱིས་ གནོན་པའི་དོན་ནོ།  ལྕགས་ཀྱི་གཟེར་ནི་བོན་ཉིད་འགྱུར་བ་མེད་པ་དང།     སྟག་མོའི་པགས་པས་གཡོག་པ་ནི་སོར་རྟོགས་ཡེ་ཤེས་ལྡན་ཞིང་ཕྲག་དོག་གནས་སུ་དག་ པའི་དོན་ནོ།    དོམ་དྲེད་རྒྱུས་པས་ཚེམ་པ་ནི།   ཟ་བྱེད་རྔམ་པའི་ཚུལ་གྱིས་གཏི་མུག་གནས་སུ་དག་པའི་དོན་ནོ།    ཁྱུང་གི་རྔ་མགོ་ནི་འཁོར་བ་ཁོབས་འོག་ཏུ་ཆུད་ཅིང་།   འདོད་ཆགས་གནས་སུ་དག་པའི་བརྡའོ།      བྱ་རྒོད་ཀྱི་རྔ་རྟ་ནི་མཁའ་ལ་རྒྱུ་བ་དབང་དུ་བསྡུས་ཤིང་།    ང་རྒྱལ་གྱི་རི་བོ་འཇོམས་པའི་རྟགས་སོ།    དེ་ཡང་དབལ་གཤེན་སྟག་ལའི་ཕྱག་ཏུ་བཞེས་པས་བོན་གཉན་ལ་གཤེན་བརྗིད་པའོ།   མཆོག་ཆེན་གྱི་མཐེ་འུས་བརྡུང་པ་ནི།    ཉོན་མོངས་གཞི་ལ་དག་ཅིང་ཐབས་ཤེས་དབྱེར་མེད་པའི་དོན་ནོ།    སྔ་དྲོ་ཐེབས་གསུམ་བརྡུངས་པས་དབྱིངས་ཀྱི་ལྷ་ཚོགས་བསྐངས།   གུང་ལ་ཐེབས་གསུམ་བརྡུངས་པས་ཀློང་གི་ཁྲ་ཐབས་གཟེ་མ་ལས་ལ་ཆས།     ཉི་ནུབ་དང་ཐོ་རང་ལ་ཐེབས་གསུམ་བརྡུངས་པས་ཕོ་ཉ་སྲུང་མ་ལས་མཁན་རྣམས་ཀྱིས་དྲག་ པོའི་ལས་མཐར་ཕྱིན་པར་འགྱུར་བའོ།   དེ་ལྟར་ཡོན་ཏན་དུ་མ་འབྱུང་བའི་དབལ་གྱི་རྔ་འདི་ནི་སྔོན་དབལ་གཤེན་སྟག་ལ་མེ་ འབར་གྱི་ཕྱག་ཆའོ།     རྗེས་འཇུག་གཤེན་གྱིས་རི་བྲག་ཟུར་སུམ་ངམ་ནག་འཇིགས་པའི་ས་ནས།    ཚེར་ནག་དྲག་པོའི་ཤིང་བཙལ་ཞིང་རྔ་རུ་འཆོས་པས་ཡོན་ཏན་གོང་དང་མཚུངས་སོ།།

གཉིས་པ་གསས་དབབ་ཅིང་ཕོ་ཉ་འགྱེད་པ་ལ་གཉིས་ལས།   དང་པོ་གསས་དབབ་པ་ནི་རང་བཞིན་དབྱིངས་ཀྱི་དཀྱིལ་འཁོར་རྒྱ་མདུད་འཁྱིལ་བའི་ཨེ་ ཀློང་ནས། ལྷ་ཡེ་ཤེས་སེམས་དཔའ་དབལ་ཕུར་རྩ་བའི་ལྷ་ཁྲོ་བོ་ཡབ་ཡུམ་ཁྲ་ཐབས་གཟེ་མ་སྒོ་བ་ བཅས་ལྷ་གསས་ཆར་ལྟར་ཕབ་སྟེ།    བདག་དམ་ཚིག་སེམས་དཔའ་ཏིང་འཛིན་རིག་པའི་དཀྱིལ་འཁོར་གྱི་ལྷ་ཚོགས་ལ་དབབ་པས།    གཅིག་མཐུ་གཅིག་ལ་ཤར།    གཅིག་བྱིན་གཅིག་གིས་བསྐྱེད།    གཅིག་དབང་གཅིག་གིས་བསྐུར་ཏེ་གསས་དབབ་པའོ།།

༼༢༡༽སྤྱི་དོན་གསུམ་པ་ཕོ་ཉ་འགྱེད་པ་ལ་བཞི་སྟེ།   དང་པོ་ཡབ་ཐབས་ཆེན་སྲིད་པའི་ཁྲ་གསས་ཁྱུང་རྒོད་དང་།   ཡུམ་ཤེས་རབ་ཁྱུང་སྨན་ནམ་མཁའི་རླུང་གཤོག་མ་གཉིས་ཐབས་ཤེས་དབྱེར་མེད་རོལ་པ་ ལས།   གསེར་གཡུ་དུང་ལྕགས་ཟངས་སྒོང་ལྔ་བརྡོལ་བའི་ནང་ནས།    ཁྲོ་མོ་ཡུམ་ལྔ་ཡི་སྤྲུལ་པ་ཁྱུང་གྱི་བྱ་ཁྲ་ཆེན་མོ་ལྔ་བྱུང་བ་དང་།    དེ་ལྔ་ཡི་ཐུགས་ཉིད་སྤྲོས་བྲལ་ཆེན་པོའི་ངང་ལས་ལྷུན་གྱིས་གྲུབ་པའི་བདག་ཉིད་ སྤྲུལ་པ་ལས་ཀྱི་ཁྲ་ལྔ་བྱུང་བའོ།།    གཉིས་པ་དབལ་ཕུར་ཁྲོ་བོ་ཡབ་ལྔ་ཡི་སྤྲུལ་པ་གཅན་སྤྱང་ལྔ་དང།    ཁྲོ་མོ་ཡུམ་ལྔ་ཡི་སྤྲུལ་པ་ཁྱུང་གི་བྱ་ཁྲ་ལྔ་དང་ཐབས་ཤེས་དབྱེར་མེད་དུ་འཚོས་ པ་ལས་ཕྲ་མེན་རིན་ཆེན་སྒོང་ལྔ་བྱུང་བ་དེ་རྣམས་བརྡོལ་བ་ལས།  སྤྲུལ་པ་གདུག་པའི་ཁྲ་སྤྱང་ལྔ་བྱུང་བའོ།     དེ་ལྔ་ཡི་ལས་ལ་མངག་པའི་སྤྲུལ་པ་ལྔ་དང་བཅས་པ་བྱུང་བའོ། གསུམ་པ་ཁྲོ་བོ་འབྲུག་གསས་ཆེམ་པའི་སྤྲུལ་པ་ས་བདག་ཙང་ཙང་འཁོར་བ་དང་ཡུམ་ཆེན་ས་ བདག་སྟོང་ཁྱབ་མ་གཉིས་ཐུགས་རྗེ་ཐབས་ཀྱི་འཚོས་པ་ལས།    ས་བདག་ཐིག་ལེ་བུད་མེད་ཕུར་པའི་ལུས་ཅན་མ་ལྔ་བྱུང་།    དེ་རྣམས་དྲག་པོའི་ལས་སུ་མཛད་པའི་དབང་བསྐུར་ཞིང་གླིང་བཞི་དབུས་ལྔའི་བདག་ཏུ་ བསྐོས་པའོ།    ས་བདག་དེ་ལྔ་ཡི་ཐུགས་ཉིད་ཡེ་ཤེས་ཀྱི་རྫུ་འཕྲུལ་ལས།    སྤྲུལ་པའི་བུད་མེད་ཕུར་པའི་ལུས་ཅན་མ་ལྔ་བྱུང་བའོ།   དེ་རྣམས་ནི་གཡུང་དྲུང་བོན་གྱི་བསྟན་པ་བསྲུང་ཞིང་།    དུག་ལྔ་འཇོམས་པར་བྱེད་པ་དང་།    བག་ཆགས་གཏིང་ནས་ལེན་པར་བྱེད་པའི་ཕྱིར་དུ་ཕོ་ཉར་འབྱེད་པའོ།     བཞི་པ་ཉུངས་དཀར་རྒྱལ་པོ་དེ་ནི།    དང་པོ་ཁྲོ་བོ་མཁའ་འགྱིང་ཐུགས་ཀྱི་འོད་ཟེར་ཚ་ཚ་འཕྲོས་པ་ལས་བྱུང་།    དེ་ནས་དབལ་བོན་སྟག་ལའི་ཕྱག་དུ་བྱུང་སྟེ་ཐུན་དང་ཕོ་ཉར་བཀྱེས་ནས་བཞག     དེ་ཡང་གྲི་ཐོད་དུ་ཉུངས་དཀར་གྱི་འབྲུ་བཞི་བཅུ་རྩ་དྲུག་ས་བོན་དུ་བཏབས་ནས་ བདུད་རྩིའི་ཆུ་ལུད་དང་སྦྱར།    དབལ་ཕུར་གྱི་འཛབ་བརྒྱ་རྩ་བརྒྱད་བཟླས་ལ་སྟོན་ཟླ་ཐ་ཆུང་གི་ཉ་ལ་བརྔས་སོ།   འབྲུ་ཡི་ཁ་དོག་གསེར་མདོག་ལྟ་བུ་འདུག་པ་དེ་ནི་བསེ་ཁབ་དུ་བླུགས་ཏེ་བཟུང་ཐག་ བཏགས་ལ་དཀྱིལ་འཁོར་དུ་བཀོད།   བསེ་ཁབ་ཀྱི་དབུས་སུ་བུག་པ་ལ་ཞལ་བཙུགས་ཏེ་རླུང་ཕྱི་ལ་མི་འཆོར་བར་སྔགས་ཤིང་ བསྒྲུབ་བོ།    དེ་ཡང་ནམ་དགོས་པའི་དུས་སུ་ཉུངས་དཀར་མཐེབ་མཛུབ་ཀྱི་བར་དུ་དྲིལ་ཏེ།    གང་ལ་དམིགས་པའི་འབེན་ལ་འཕངས་པས།   རེངས་ཤིང་མྱུར་དུ་འགུག་པར་བྱེད་པའོ།།    དེ་ལྟར་ཕོ་ཉ་ལས་མཁན་སྲུང་མའི་ཚོགས་རྣམས་ཀྱིས་གཟས་པ་པོ་བཀུགས་ཤིང་འབེན་ལ་ བསྟིམས་སོ། །    དེ་རྣམས་ནི་སྒྲུབ་པའི་སྤྱི་དོན་བསྟན་པའོ།།

གསུམ་པ་བརྣག་པ་མཐར་ཕྱིན་ལས་སྦྱོར་ལ་གཉིས་སྟེ།    ལས་སྦྱོར་ཞེས་པའི་དོན་དང་།    ཞོར་བྱུང་མཐའ་ལས་སོ་སོར་བསྟན་པའོ།  དང་པོ་ལས་སྦྱོར་ཞེས་པའི་དོན་ནི།    ལས་གང་ལ་སྦྱར་ཡང་དེ་མྱུར་དུ་འགྲུབ་པར་བྱེད་པའི་ནུས་པ་མཐུ་ཅན་ནོ།    དེ་ཡང་ལས་ནི་དབལ་ཕུར་ནག་པོ་བསྙེན་པའི་བྱིན་ཕེབས་ཤིང།    སྒྲུབ་པའི་དྲོད་ཚད་རྙེད་ནས།    དོན་ཆུད་མི་ཟ་བའི་ཕྱིར་དུ་སྲུང་བཟློག་བསད་གསུམ་དང་།   མནན་སྲེག་འཕང་གསུམ་སོགས་མཐའ་བསྒྱུར་རྣམས་ནི་ལས་ཡིན་ལ།    སྦྱོར་ནི་བདག་ཡི་དམ་ལྷ་དང་སྦྱོར་བ།    ཕུར་པ་ཁྲོ་བོ་དང་སྦྱོར་བ།      ལིང་ག་གདབ་སའི་གནས་དང་སྦྱོར་བའོ།    དེ་གསུམ་སེམས་ཉིད་ཐིག་ལེ་ཉག་གཅིག་གི་ཀློང་དུ་རྣམ་པ་གསལ་ལ་ངོས་བཟུང་མེད་པར་ སྦྱོར་བས་ན་སྦྱོར་ཞེས་བྱའོ།      གཉིས་པ་མཐའ་ལས་ཀྱི་དང་པོ་སྲུང་བའི་རྫོང་དུ་ཞུགས་པ་ལ་གསུམ་སྟེ།   དང་པོ་ཕྱི་ལྟར་དགྲ་བགེགས་སྲུང་བ་ནི། འབྲི་བ་ཡི་གེའི་འཁོར་ལོ་མཚན་ཉིད་དང་ལྡན་པར་འབྲི་ཞིང་འདོགས་པ་དང་དབུབ་པ་གང་ རུང་བྱ།    གཉིས་པ་བསམ་པ་ཏིང་འཛིན་གྱི་འཁོར་ལོས།     རང་ཉིད་ཡི་དམ་ལྷ་ཡི་ང་རྒྱལ་ངང་ནས་མཚམས་བཅད་ཅིང་སྐྱབས་སུ་འགྲོ་བ་དང་།  བདག་དང་འཁོར་རྣམས་བསྲུང་བའི་ཕྱིར་དུ།   མ་དག་པའི་ཕུང་པོ་ཁམས་དང་སྐྱེ་མཆེད་རྣམས།   དག་པ་ཡི་དམ་ལྷ་རུ་བསྒོམ་སྟེ་སྲུང་བ་དང་།       ཕྱི་རིམ་འབྱུང་བ་ལྔའི་གུར་ཁང་དང་།  ཁྲོ་ཚོགས་དང་མཚོན་ཆའི་སྲུང་གུར་བསྒོམ་པས།  གང་གིས་ཀྱང་མི་ཚུགས་པའོ།     གསུམ་པ་བདག་འཁོར་སྲུང་བའི་འཛབ་ཀྱི་ནུས་པས་ཕྱི་ལས་ལ་གྱུར་པའི་དགྲ་བགེགས་ རྣམས།   མཎྡལ་འབྲུབ་ཁུང་གི་འཁོར་ལོའི་ལིང་གར་བཀུགས་ཏེ་བསྒྲལ་ཞིང་སྲུང་བའོ།   །

གཉིས་པ་ནང་ཉོན་མོངས་རྣམ་རྟོག་གི་བདུད་སྲུང་བ་ནི།  འཁྲུལ་རྟོག་གི་རྗེས་སུ་མ་འབྲིང་པར།    བསྲུང་བྱ་སྲུང་བྱེད་གཉིས་སུ་མེད་པར་རང་རིག་མ་བཅོས་གཉུག་མ་ཆེན་པོའི་ངང་དུ་ བཞག་པས།    རྣམ་རྟོག་རང་གྲོལ་དུ་ཕྱིན་ནས་རྟོག་མེད་འཛིན་མེད་དམིགས་མེད་ཀྱི་ཀློང་དུ་གནས་ པ་དེའོ།   གསུམ་པ་གསང་བ་མ་རིག་པའི་བདུད་སྲུང་བ་ནི།   འཁོར་འདས་གཉིས་མེད་མཉམ་པ་ཆེན་པོར་རྟོགས་པའི་ངང་ནས།   སྣང་སྲིད་ཐམས་ཅད་སྟོང་གཟུགས་སྒྱུ་མའི་འཕྲུལ་འཁོར་ཡི་དམ་ལྷ་ཡི་སྐུ་གསུང་ ཐུགས་ཀྱི་རོལ་པར་ཤེས་ཏེ་འཁྲུལ་པའི་ཕུ་ཐག་ཆོད་པ་དེའོ།།   གཞན་ཡང་དེང་དུས་སྒྲུབ་ཐབས་གང་གི་སྒོ་ནས་སྲུང་བའི་ལས་བྱེད་ན།   སྐོང་བའི་རྟེན་དུ་ཡི་དམ་ཀྱི་སྐོང་མདོས་རྒྱས་བསྡུས་གང་རུང་ཞིག་བཞེངས་སྲོལ་ འདུག་མོད་ཀྱང་།   སྐོང་མདོས་ནི་མདོས་ཡིན་པས་སྣང་གཤེན་ཐེག་པའི་བོན་དུ་གཏོག་པའོ།  འོ་ན་རི་རབ་སྐོང་མདོས་དང་། ཟློག་མདོས་དང།  ཟོར་མདོས།   བསད་མདོས་སོགས་ནི་སྒྲུབ་པ་འདི་ཡི་ཆ་རྐྱེན་དུ་འོག་མ་རྒྱུ་ཐེག་སྣང་གཤེན་ལས་ གཡར་བ་ཡིན་པར་སེམས་སོ།   སྒྲུབ་ཐབས་འདི་ཡི་རྒྱུད་གཞུང་ལས་སྐོང་མདོས་དངོས་སུ་མ་གསལ།    །

གཉིས་པ་ཟློག་པའི་དམག་དཔུང་འགྱེད་པ་ལ་གཉིས་ཏེ།   བཟློག་པ་ཞེས་པའི་དོན་དང་།   ཟློག་མདོས་ཀྱི་སྐོར་བཤད་པའོ།   ད་པོ་ནི་ཀུན་རྫོབ་ཏུ་ཐོགས་བཅས་ལས་ཀྱི་དགྲ་བགེགས་ལ།   ལྷ་དང་སྲུང་མའི་དམག་ཚོགས་བསྐུལ་ཏེ་མཐའ་ཡི་མུན་པའི་ཀློང་དུ་བདས་ཤིང་བཟློག་ པས་ན་བཟློག་པའོ།   དོན་དམ་པར་བདག་འཛིན་མ་རིག་པས་ཀུན་ནས་སློང་བའི་ཉོན་མོངས་རྣམ་རྟོག་གི་དགྲ་ རྣམས།   བཟློག་བྱ་དང་ཟློག་བྱེད་གཉིས་སུ་མེད་པའི་བོན་ཉིད་མཉམ་པ་ཆེན་པོའི་དབྱིངས་སུ་ བསྐྱལ་བས་ན་བཟློག་པའོ།

གཉིས་པ་དབལ་ཕུར་ནག་པོའི་རྩ་བའི་རྒྱུད་ལྔ་དང་།    ཡན་ལག་གི་རྒྱུད་བཞིའི་འགྲེལ་དང་བཅས་པ་རྣམས་ལས་ཟློག་མདོས་དངོས་སུ་མ་གསལ་ ཡང་།   སངས་རྒྱས་གཡུང་དྲུང་བོན་གྱི་བསྟན་ལ་གནོད་པའི་བར་ཆོད་དང་།  སྒྲུབ་པའི་གཤེན་གྱི་སྐུ་ཚེ་དང་ཕྲིན་ལས་ལ་རློམ་པའི་འགལ་རྐྱེན་དང་།  འཁོར་བ་ན་གནས་པའི་སེམས་ཅན་རྣམས།  མཐོ་རིས་ཐར་པའི་གེགས་བྱེད་ཅིང་ངན་སོང་དམྱལ་བའིི་གཏིང་ཕུལ་བྱེད་པའི།  དམ་སྲི་རྒྱལ་འགོང་སོགས་ལོག་པའི་སྡེ་ཚོགས་རྣམས་བཟློག་པའི་ཕྱིར་དུ།   དབལ་བོན་སྟག་ལ་མེ་འབར་དང་།  ཞང་ཞུང་སྟོང་རྒྱུང་མཐུ་ཆེན་དང་བླ་ཆེན་དྲན་པ་ནམ་མཁའ་སོགས་ཀྱིས།  བཟློག་མདོས་ཀྱི་གཞུང་མང་པོ་འོག་མ་སྣང་གཤེན་ཐེག་པའི་གཞུང་ལས་གཡར་ཏེ།   ཨ་དཀར་ཐེག་པའི་གཞུང་དབལ་ཕུར་ནག་པོའི་སྒྲུབ་ཐབས་འདི་ཡི་ཆ་རྐྱེན་དུ་མཛད་ འདུག་པ་དང་།   འདི་རྣམས་ལས་སྦྱོར་གྱི་ཚུལ་དུ་བཅའ་གཞི་ལས་རིམ་སོགས་དཀྱུས་ལྟར་རོ།     སྤྱིར་སྒྲུབ་ཐབས་གང་གི་སྒོ་ནས་བཟློག་མདོས་བྱེད་ན།   དཀྱིལ་འཁོར་དེ་ཡི་ལྷ་གྲངས་ལྟར་དབལ་གཏོར་གཙོ་འཁོར་མཐུན་རྫས་རྒྱན་དང་བཅས་པའི་ ཟློག་མདོས་བརྗིད་ལྡན་ལ་།  ཆོག་ཁྲིག་ལག་ལེན་མདོས་ཆེན་སྤྱི་འགྲོས་ལྟར་ཚངས་རྒྱུང་འཇིག་རྟེན་གྱི་བཀོད་པ་ དང་སྦྱར་ཏེ་བཞེངས་སྲོལ་ཡོད་པ་ནི་སྣང་གཤེན་པའི་ལུགས་སུ་སྣང་ངོ་།     སྐབས་འདིར་ཡིག་ཚོགས་མང་བར་དྭོགས་ཕྱིར་རེ་ཞིག་དེ་ཙམ་མོ།།

གསུམ་པ་བསད་པའི་མཚོན་ཟོར་བརྡེག་པ་ལ་གསུམ་སྟེ།     རྫས་དང་འབྲུབ་ཁུང་བཅའ་གཞི་བསྟན་པ་དང།    བསད་པ་ཞེས་པའི་དོན་བསྟན་པ་དང།      ལས་སྦྱོར་གྱི་སྤྱི་དོན་གསུམ་བསྟན་པའོ།   དང་པོ་ནི་གོང་དུ་རྫས་ཕུན་སུམ་ཚོགས་པ་བསྟན་པའི་སྐབས་སུ་བཤད་ཟིན་ལ།    གཉིས་པ་བསད་པ་ཞེས་པའི་དོན་ནི།    ཀུན་རྫོབ་ཏུ་སྲོག་གིས་བསྡུས་པའི་སེམས་ཅན་རྒྱུ་ཉོན་མོངས་ཀྱིས་ཁ་དྲངས་ཞིང་ལས་ སྡིག་པ་མི་དགེ་བ་ཁོ་ནར་སྤྱོད་པའི་ཞིང་བཅུ་སོགས་ཕོ་ཉས་བཀུག་ཅིང་།   སྟི་གྲི་རྣོ་དབལ་མཚོན་ཕུར་གྱིས་དུག་ལྔའི་རྟེན་མ་དག་པའི་སྒོ་གསུམ་ཕུང་ཁམས་ དང་སྲོག་གི་དབང་པོ་ཕྲལ་ཏེ།   དག་པ་ལྷ་ཡི་སྐུ་གསུང་ཐུགས་སུ་བསྒྱུར་ཞིང་བསྒྲལ་བས་ན་བསད་པའོ།    དོན་དམ་པར་སྣང་སྲིད་འཇིག་རྟེན་ཐམས་ཅད་གཞན་དུ་སྣང་བའི་ལྷན་སྐྱེས་ཀྱི་མ་རིག་ པ་དང།    སྲ་འཐས་ཀྱི་དངོས་པོ་འདི་ལྟར་དུ་འཛིན་པའི་ཀུན་བརྟག་ཀྱི་མ་རིག་པ་སོགས།   འཁོར་བའི་ལམ་ལྔར་ཁ་འདྲེན་པའི་ཉོན་མོངས་རྟོག་ཚོགས་རྣམས། སྟོང་ཉིད་སྙིང་རྗེ་ཟུང་དུ་འཇུག་པའི་བྱི་གྲི་ཡེ་ཤེས་ཆེན་པོའི་མཚོན་གྱིས།   འཁོར་འདས་གཉིས་མེད་རང་བྱུང་བདག་ཉིད་ཆེན་པོའི་དཀྱིལ་འཁོར་གྱི་དབྱིངས་སུ་ བསྒྲལ་བ་དང་རྒྱས་བཏབས་པས་ན་བསད་པའོ།།   ལས་ཀྱི་རིམ་པ་ནི།   བརྣག་པ་ལས་བྱང་ལྟར་རོ།

གསུམ་པ་ལས་སྦྱོར་ཀྱི་སྤྱི་དོན་བསྟན་པ་ལ་བཞི་སྟེ།    ༼༢༢༽སྤྱི་དོན་དང་པོ་ཕུར་པ་གདབ་པ་ལ་གསུམ་ལས།   དང་པོ་ཀུན་རྫོབ་ཏུ།    གོང་ལྟར་ཕོ་ཉ་སྲུང་མ་ལས་མཁན་རྣམས་ཀྱིས་བསྒྲལ་བྱ་དམིགས་པའི་འབེན་ལ་བཀུགས་ནས་ ཕུར་པ་གདབ་པ་བསྟན་པ་ནི།   ཕྱོགས་བཞི་དབུས་དང་ལྔ་ཡི་ཕུར་པ་མ་དག་པའི་ཕུང་ཁམས་ལྔ་ལ་བཏབ་པས།   འབྱུང་ལྔ་རང་སར་དག   བག་ཉལ་གྱི་ཉོན་མོངས་ཞི།    ཕུང་པོ་ལྔ་ཡི་གཏན་བཅོམ།   སྐུ་ལྔ་ལྷུན་གྱིས་གྲུབ་པར་འགྱུར་རོ།   མཚམས་ཀྱི་ཁྲོ་བཞི་སྟག་ལ་དང་ལྔ་ཡི་ཕུར་པ་དུག་ལྔ་རྒྱུ་བའི་རྩ་ལྔ་ལ་བཏབ་པས།  རིགས་དྲུག་གི་སྡུག་བསྔལ་རྒྱུན་བཅད།  རིགས་དྲུག་གི་གནས་རིས་མི་གནས་སྟོང་པར་བྱས།   དུག་ལྔ་མ་སྤང་གནས་སུ་དག་དུག་ལྔ་རྒྱུད་ལ་མི་སྐྱེ་བར་རྒྱས་གདབ།    ཕྱིན་ཆད་ཀྱང་རིགས་དྲུག་གི་གནས་སུ་འགྲོ་བའི་ལམ་བཅད་པའོ།   །སྲུང་མ་ས་བདག་མོ་ལྔ་ཡི་ཕུར་པ་ནི་མི་གདབ་སྡིག་ཐབས་སུ་ཕྱར་བས།   ཕྱི་འབྱུང་བ་ཁོད་སྙོམས་ཤིང་བཅུད་བསྡུས་ལ།  ནང་ཕུང་ཁམས་ཆ་སྙོམས་ཤིང་མདངས་བསྡུད་པའོ། །ཡུམ་ནམ་མཁའི་ལྷ་མོ་ཐུགས་རྗེ་བྱམས་མ་དང་ས་བདག་ཁྲོ་མོ་གཉིས་ཀྱི་ཡིད་བྱ་བ་མོ་ དང་སེམས་བྱེད་པ་མོ་ལས་སྤྲུལ་ཞིང་རྒྱུག་པའི་མ་བདུན་གྱི་ཕུར་པ་ཕུང་པོ་རྩ་གནད་ ཁྲོལ་བའི་དོན་དུ་གདབ་པ་དང་།    །ཡབ་ཡུམ་ཐབས་དང་ཤེས་རབ་སྦྱོར་བའི་འདུ་ཕྲོ་ལས་བྱུང་བའི།   ཡེ་ཤེས་རྫུ་འཕྲུལ་ལས་ཀྱི་མ་མོ་ཁ་ཚར་ཀུན་བསྡུད་པའི་ཁ་སྡུད་བུད་མེད་ཉེར་གཅིག་ གི་ཕུར་པ་ནི།   བོན་ལ་སྡང་བར་བྱེད་པའི་འབེན་གྱི་ཤ་ཁྲག་དྲོད་དབུགས་སྲོག་གིས་བསྡུས་པའི་ཕུང་ པོ་བཤིགས་པའི་དོན་དུ་གདབ་པའོ།   །དོན་དམ་པར།    རྒྱུད་ཀ་བ་ནག་པོ་ལས།    བདག་དང་ཕུར་པ་འབེན་དང་གསུམ།   སེམས་ཉིད་གཅིག་ཏུ་ཐེབས་པར་བྱ།    ཞེས་པ།   སེམས་ཉིད་ཀྱི་ངང་དུ་ཅིར་ཡང་མ་གྲུབ་སྟོང་པར་གནས་པ།   དངོས་པོ་མཚན་མར་མ་སོང་།   གང་ཡང་མི་དམིགས།   ཉོན་མོངས་པར་མ་ཞེན།    དུག་ལྔ་རུ་མ་གྱེས་པས།    བདག་དང་ཕུར་པ་འབེན་དང་གསུམ་བསྒྲལ་བྱ་སྒྲོལ་བྱེད་གཉིས་སུ་མ་གྲུབ།   སྟོང་པར་གནས་པ་ནི།    སྐྱེ་བ་མེད་པ་ཐབས་ཀྱི་ཕྱག་རྒྱའོ།    དེ་ཡི་ངང་ལས་ཅིར་ཡང་གསལ་ཞིང་སྣ་ཚོགས་རང་འབྱུང་དུ་ཤར་ཡང་སྟོང་པ་དེ་ལས་འགྱུར་ བ་མེད་པ་ནི།    འགག་པ་མེད་པ་ཤེས་རབ་ཀྱི་ཕྱག་རྒྱའོ།    ཐབས་ཤེས་དབྱེར་མེད་ཟུང་འཇུག་ཆེན་པོའི་དོན་མཐོང་ཞིང་ཡེ་ནས་རྒྱུན་ཆད་མེད་པར་ ཤེས་པ་ནི་ཡེ་ཤེས།    དེ་ཡི་རྩལ་འགག་མེད་ཀྱི་སྣང་བ་ལ་འཛིན་ཞེན་མེད་པར་སྣང་སྟོང་སྒྱུ་མའི་སྐུ་རུ་ ལྷང་ངེར་གཟིགས་ཤིང་བརྟན་པ་ཐོབ་ནས་རང་ས་ཟིན་པ་ནི་ལྷུན་གྲུབ་ཆེན་པོ་ཡེ་ཤེས་ ཀྱི་ཕུར་པ་ཞེས་བྱའོ།   དེ་ལྟར་རང་བྱུང་ཡེ་ཤེས་རྟོགས་པའི་དུས་ན།   འཁོར་འདས་ཀྱི་བོན་ཐམས་ཅད་དེ་ཡི་ངང་དུ་ཕུར་བས་ན་ཕུར་ཞེས་བྱ་ལ།    རིག་པའི་ཡེ་ཤེས་ཀྱིས་ཀུན་ལ་ཁྱབ་པས་ན་པ་ཞེས་བྱའོ།   བོན་ཐམས་ཅད་གནས་ལུགས་དེ་ཡི་ཀློང་དུ་རྒྱས་ཐེབས་པས་ན་གདབ་ཅེས་བྱའོ།    །གཉིས་པ་སྔགས་ཀྱིས་གདབ་པ་ལ།   མུ་སྟེགས་བྲམ་ཟེ་དྲང་སྲོང་གསུམ་གྱིས།    སྙིང་འདྲབ་ཡིད་འདྲབ་དབུགས་འདྲབ་དུ་གདབ་ཅེས་པ།   དང་པོ་མུ་སྟེགས་ལྕེ་ནག་ཕུར་བུ་གདོང་གི་སྔགས་ཀྱིས་བཏབ་པས།     སྙིང་ཁ་ཕྱེས་ལ་ཀུན་གཞི་གནས་པའི་རྟེན་ནམ་བག་ཆགས་སོག་པའི་གཞི་ཕྲལ་བའོ།   བྲམ་ཟེ་མཆུ་ནག་ཉུངས་དཀར་མིག་གི་སྔགས་ཀྱིས་བཏབ་པས་སྙིང་གི་དཀྱིལ་འཁོར་ལ་ཡིད་ ཉོན་མོངས་པ་དང་བཅས་པ་འགྱུ་བར་བྱེད་པ་དེ།   ལེན་ཞིང་འདྲལ་བའོ།   དྲང་སྲོང་གནམ་འབུག་མཆུ་རིང་གི་སྔགས་ཀྱིས་བཏབ་པས་ཡིད་དང་ཉོན་མོངས་འགྱུ་བར་ བྱེད་པའི་རླུང་ངམ་དབུགས་ཕྲལ་བར་བྱེད་པའོ།   ཁ་ཐམ་བཅུ་ཡི་སྔགས་ནི།   འགྱིང་ཕུར་སླར་ཕྱུངས་པའི་ཤུལ་དུ་གདབ་པའོ།    །གསུམ་པ་ཕྱག་རྒྱས་གདབ་པ་ལ་གཉིས་ལས།   དང་པོ་གདུག་པ་སྦྲུལ་ནག་འཁྲིལ་བའི་ཕྱག་རྒྱས་འབེན་གྱི་ཕུང་ཁམས་ཡན་ལག་རྣམས་ སྦྲུལ་མདུད་ལྟ་བུར་བཅིང་བའོ།    གཉིས་པ་འཆོར་མེད་ཆུ་སྲིན་གྱི་ཕྱག་རྒྱས་བསྡམ་པ་ནི།    ལོག་འདྲེན་རྣམས་ཆུ་སྲིན་གདུག་པའི་ཞལ་དུ་བསྟབ་པས་མི་འཆོར་བར་བྱེད་པའོ།

༼༢༣༽སྤྱི་དོན་གཉིས་པ་གཏུབ་ཅིང་བསྟབ་པ་བསྟན་པ་ལ་གསུམ་སྟེ།    གཏུབ་པ་དང་།   བསྟབ་པ་དང་།    ཞོར་བྱུང་སྦྱིན་སྲེག་བཤད་པའོ།   དང་པོ་ཡེ་ཤེས་ཀྱི་དགོངས་པ་བྱི་གྲི་ཤེས་རབ་རལ་གྲིས་ལས་དང་ཉོན་མོངས་རྣམས་ སྒྲོལ་བར་བྱེད་པ་དང་།    ཐུགས་ཉིད་ཞི་བ་ཆེན་པོ་འི་ངང་ནས་སྐུ་མཆོག་འབར་བ་ཁྲོ་བོའི་སྟབས་ཀྱིས་སྟི་གྲི་ དངོས་པོ་མཚན་མའི་རྣོ་མཚོན་གྱིས་བཟས་པ་པོའི་དུག་གསུམ་གྱི་རྟེན་ཤ་ཁྲག་རུས་ གསུམ་དང་བཅས་པ་དུམ་བུར་གཏུབ་པ་དང་།   རྣམ་པར་ཤེས་པ་བོན་ཉིད་ཀྱི་དབྱིངས་སུ་བསྟིམ་པའོ།    གཉིས་པ་འབེན་གྱི་ཕུང་པོ་བསྒྲལ་བའི་ཕྱེ་མ་ཚོ་གསུམ་བྱས་ལ།    ཚོ་གཅིག་མཆོད་པའི་ལོངས་སྤྱོད་བདུད་རྩི་ཆེན་པོའི་རང་བཞིན་འདོད་རྒུ་འབྱུང་བར་ བསམ་ལ།    དབལ་ཕུར་ནག་པོའི་དཀྱིལ་འཁོར་ལྷ་ཚོགས་རྣམས་ལ་གཏང་རག་དང་དྲིན་ལན་གྱི་ཚུལ་དུ་ མཆོད་པ་ཆེན་པོར་དམིགས་ལ་བསྟབས་སོ།   གསུམ་པ་ཞོར་བྱུང་སྦྱིན་སྲེག་བཤད་པ་ལ་གཉིས་སྟེ།   དང་པོ་སྦྱིན་སྲེག་ཞེས་པའི་དོན་དང་།    དེ་ཡི་ལས་རིམ་གཉིས་སོ།   ཀུན་རྫོབ་ཏུ་དབལ་ཕུར་ནག་པོ་འཇིགས་བྱེད་སྤྲུལ་པའི་ལྷ་ཚོགས་མེ་ལྷ་རླུང་ལྷ་དང་ བཅས་རྣམས།   ཏིང་འཛིན་སྟོབས་ཀྱིས་དབྱིངས་ནས་སྤྱན་དྲངས་ཏེ།   དྲག་པོ་སྲེག་བྱེད་མེ་ཡི་ཕོ་བྲང་མཚན་མ་རྫས་ཀྱི་འཁོར་དུ།   མེ་དང་གཉིས་སུ་མེད་པར་བཞུགས་སུ་གསོལ་ལ།   མཆོད་པའི་རྫས་རྣམ་པ་ལྔ་སྟོང་གསུམ་གང་བར་སྤྲུལ་ནས་ཕུལ་བས་མཆོད་ཡུལ་མཉེས་ཤིང་ སྦྱིན་ཡུལ་ཚིམས་པས་ན་སྦྱིན་ཞེས་བྱ།      སྲེག་རྫས་བདུད་རྩིའི་མཆོད་པ་དང་ལིང་ག་གཏུབ་པའི་ཕྱེ་མ་ཆ་གཅིག་དང་བཅས་པ་མི་ ཟད་གཏེར་གྱི་ཕུང་པོར་དམིགས་ཏེ་ཕུལ་བས།   ལས་དང་ཉོན་མོངས་དགྲ་བགེགས་མི་མཐུན་པའི་ཕྱོགས་སུ་གྱུར་པ་རྣམས།   ཡི་དམ་ལྷ་དང་གཉིས་སུ་མེད་པ་འབར་བ་མེ་ཡི་ཧོམ་ཞལ་དུ་སྲེག་ཤིང་སྦྱངས་པས་ན་ སྲེག་ཅེས་བྱའོ།  དོན་དམ་པར།    གནས་ལུགས་ཡེ་དག་ཆེན་པོའོ་ཀློང་དུ་བསྲེག་བྱ་སྲེག་བྱེད་གཉིས་སུ་མ་གྲུབ་ཀྱང།   གཉིས་སྣང་ལྷན་སྐྱེས་ཀྱི་སྒྲིབ་པ་དང་གཞན་འཛིན་ཀུན་བརྟག་ཀྱི་སྒྲིབ་པས་བསྡུས་ པའི་ལས་ཉོན་འཁྲུལ་སྒྲིབ་གོལ་གསུམ་གྱིས་ཁ་དྲངས་བའི་འདིར་སྣང་ཕྲ་རགས་རྣམས།   ངོ་བོ་བསམ་འདས་བརྗོད་བྲལ་ལྷུན་གྲུབ་ཕྱག་རྒྱ་ཆེན་པོའི་བདག་ཉིད། རང་བཞིན་དབྱིངས་ཀྱི་དཀྱིལ་འཁོར་དང་གཉིས་སུ་མེད་པར་རྒྱས་བཏབ་པས་ན་སྦྱིན་ཞེས་ བྱ།   འཁྲུལ་སྣང་དེ་ཡི་རྗེས་སུ་མ་འབྲེང་ཞིང་རང་རིག་པའི་ཡེ་ཤེས་ཆེན་པོའི་མེ་ཡིས་ རྣམ་རྟོག་རང་གྲོལ་དུ་བཏང་བས་རྦ་རླབས་ཆུ་ལ་ཐིམ་པ་ལྟ་བུ།    རྣམ་རྟོག་སེམས་ཉིད་ཀྱི་ཀློང་དུ་ཞི་བས་ན་སྲེག་ཅེས་བྱའོ།    གཉིས་པ་ལས་རིམ་ནི་མེ་ལྕེ་འབར་བའི་གཞུང་དང་བསྟུན།

༼༢༤༽སྤྱི་དོན་གསུམ་པ་མནན་ཞིང་གཟིར་བ་བསྟན་པ་ལ་གཉིས་ལས།    དང་པོ་མནན་པ་ནི་འཁོར་ལོ་བཞི་སྦྲག་གི་གཞུང་དང་བསྟུན་ནས།    གོང་ལྟར་དགྲ་བགེགས་གཏུབ་པའི་ཕྱེ་མ་ཚོ་གཅིག།   ཕྱི་ལྟར་དཀྱིལ་འཁོར་ལྷོ་ནུབ་སྒྲོལ་བྱེད་ཨེ་ཡི་འབྲུབ་ཁུང་གཏིང་རིང་དུ་ནམ་ཡང་ མ་འཆོར་མི་འཆོར་བར་མནན་ལ།   ནང་ལྟར་རྣམ་རྟོག་མཚན་མའི་དགྲ་བགེགས་རྣམས།   རྟོག་བྲལ་བོན་ཉིད་ཀྱི་ཀློང་དུ་བསྟིམ་ཞིང་སླར་འཁོར་བར་འཁྲུལ་པའི་སྒོ་བཅད་ པའོ།   གཉིས་པ་གཟེར་བ་ནི།   དེ་ལྟར་སྒྲོལ་བྱེད་ཨེ་ཡི་འབྲུབ་ཁུང་གི་ཐོག་དུ།    སྒྲུབ་པའི་གཤེན་པོ་རྣམས་དབལ་ཕུར་ནག་པོའོ་ལྷ་ཚོགས་མ་འདྲེས་གསལ་བར་བསྒོམ་པའི་ ངང་ནས་།  གསུང་ཚངས་པའི་གླུ་དབྱངས་ལེན་ཞིང་། ཕྱག་གི་སྲིན་མཐེབ་རྣམས་ལུ་གུ་བརྒྱུད་དུ་སྦྲེལ་ཏེ།   ཞབས་སྟག་འགྲོས་སེང་སྟབས་ཀྱིས་སྐོར་ལ་བྲོ་བརྡུང་བའོ། ༼༢༥༽སྤྱི་དོན་བཞི་པ་གཏོར་མ་གནས་སུ་གཞུག་ཅིང་བཏང་བ་ལ་གསུམ་ལས།   བྱིན་གྱིས་རླབས་པའི་དགོངས་པ་དང་།    མཆོད་ཅིང་བསྔོ་བ་བསྟན་པ་དང་།   དཀྱིལ་འཁོར་བསྡུ་བ་བསྟན་པའོ།    དང་པོ་ལ་ལྷ་སྒོམ་པ་དང་།   སྦྱོང་བ་དང་།   སྤེལ་བའོ།    དང་པོ་ནི་སྒྲུབ་པའི་གཤེན་པོ་བདག་ཉིད་དབལ་བོན་སྟག་ལ་མེ་འབར་དུ་གསལ་བའི་ངང་ ནས།  གཉིས་པ་སྣང་སྲིད་འཇིག་རྟེན་ཐམས་ཅད་སྟོང་ཞིང་བདག་མེད་པའི་རང་བཞིན་ནམ་མཁའ་དང་ འདྲ་བར་ཡོངས་ལ་ཁྱབ་བདལ་དུ་གནས་པར་བསྒོམ་པ་ནི་སྣང་བ་ཀློང་གི་སྦྱོང་བའོ།      དེ་ལས་རང་བྱུང་རིག་པའི་ཡེ་ཤེས་ཀྱི་འཕྲོ་འདུ་ཉི་མ་ཤར་བ་འདྲ་བའི་འོད་ཀྱིས།    འཁོར་འདས་ཐམས་ཅད་རིག་པའི་སྙིང་པོས་མཁའ་ལྟར་ཁྱབ་པར་བསྒོམ་པ་ནི།    རིག་པ་མཁའ་ཡི་སྦྱོང་བའོ།    མཁའ་ཀློང་གཉིས་སུ་མེད་པའི་ངང་ནས་གཏོར་གཞོང་སྐྱེད་པར་བྱེད་པའི་ས་གཞི་དང་འདྲ་ བའམ།   ཡུམ་གྱི་བ་ག་ལས་ཐམས་ཅད་འབྱུང་བ་དང་འདྲ་བར།    སྣང་སྲིད་ཐམས་ཅད་ཀྱི་གཞི་ནམ་མཁའ་ལྟར་རྒྱ་མ་ཆད་ཅིང།  ཀློང་བདལ་པ་ཆེན་པོའི་ངང་དུ་བསྒོམ་པ་ནི་གཉིས་མེད་ཀྱི་ངང་དུ་སྦྱོང་བའོ།    གསུམ་པ་སྤེལ་བའི་དགོངས་པ་ནི།    གཏོར་སྣོད་ཡུམ་གྱི་མཁའ་ཀློང་ཡངས་དོག་མེད་པའི་ངང་ལ།   གཏོར་མ་འདོད་ཡོན་ཕུན་སུམ་འཚོགས་པའི་ཡོན་ཏན་སྣ་ཚོགས་སྲས་དང་འདྲ་བ།    ཟད་པ་མེད་ཅིང་བྲི་བ་ཡང་མེད་པའི་ལོངས་སྤྱོད་ཆེན་པོར་གྱུར་པར་བསྒོམ་མོ།     གཉིས་པ་མཆོད་ཅིང་བསྔོ་བ་བསྟན་པ་ལ་ལྔ་སྟེ།    དང་པོ་གཏོར་མ་འདོད་པའི་ཡོན་ཏན་ཆེན་པོ་དབལ་ཕུར་དཀྱིལ་འཁོར་གྱི་ལྷ་ལ་སྤྱི་ བསྡུས་སུ་འབུལ་བ་དང་།    གཉིས་པ་ལྷ་ཚོགས་རྣམས་ལ་དྲིན་ལན་གྱི་ཚུལ་དུ་དམིགས་ཀྱིས་མཆོད་པ་འབུལ་བ་དང་།

གསུམ་པ་གཏོར་མ་ཁྲི་ཐོག་ལས་ཕབ་སྟེ་མདུན་གྱི་བར་སྣང་ལ་བཏེགས་ནས།    ཕོ་ཉ་སྲུང་མ་ལས་མཁན་རྣམས་ལ་དམག་ཟས་ཀྱི་ཚུལ་དུ་བསྔོ་ཞིང་སྔོན་གྱི་ཐ་ཚིག་ བསྐུལ་ཏེ་ཕྲིན་ལས་བཅོལ་བའོ།   བཞི་པ་ནི་བདག་དང་གཞན་གྱི་དོན་དུ་འབྱུང་བ་ལྔ་ལ་གཏེར་དུ་གཞུག་ཅིང་ཡུམ་ཆེན་ལྔ་ ཡི་དབྱིངས་སུ་བཏངས་བས།   རིགས་ལྔའི་བདེར་གཤེགས་མཉེས།    ཡུམ་ལྔ་ཐུགས་དམ་བསྐངས།    འབྱུང་ལྔའི་བདག་པོ་ཚིམས་ཤིང་།   འདོད་པའི་ཡོན་ཏན་ལྔར་གྲུབ་པར་བྱེད་པའོ།     ལྔ་པ་ལས་ཀྱི་སྡོང་གདབ་པའི་ཕྱིར།    གཡའ་རི་གངས་རྒྱུད་ཀྱི་སྨན་མོ་རྣམས་ལ་བསྔོས་ཤིང་བཏངས་བ་ནི།     སྒྲུབ་ཁང་གི་སྒོ་ནས་གོམ་པ་བཅུ་གཉིས་ཀྱི་སར་གཏོར་མ་རླུང་རྒྱུ་ཕྱོགས་དང་ བསྟུན་ལ་ཟོར་དུ་འཕང་ངོ་།     སྐབས་འདིར་ལིང་རོ་གཏུབ་པའི་ཕྱེ་མ་ཆ་གཅིག་འཕང་བ་རྒྱ་མདུད་སྲོག་བསྡོམ་ གྱི་ལེའུ་དང་བསྟུན་ནས་དགྲ་ཕྱོགས་སུ་འཕང་ངོ་།   དེ་ཡང་གཏོར་སྣོད་དང་ཐུན་སྣོད་ཐོད་པ་སོགས་ཁ་ཕྱིར་ལ་བསྟན་པ་དང་ཁ་སྦུབས་སུ་ སོང་ན་ཐེབས་པ་ཡིན་ལ།    དེ་རྣམས་ཁ་ཚུར་ལ་བསྟན་པ་དང་གྱེན་ལ་བསྟན་ན་མ་ཐེབས་པ་ཡིན་པས་བསྐྱར་དུ་ བྱའོ།      གསུམ་པ་དཀྱིལ་འཁོར་བསྡུ་བ་བཤད་པ་ལ་གཉིས་ཏེ།    ཉམས་ཆགས་བཤགས་པ་དང་།    དཀྱིལ་འཁོར་བསྡུ་བ་དངོས་སོ།   དང་པོ་ལྷ་རྫས་མཆོད་རྫས་སྒྲུབ་རྫས་རྟེན་རྫས་སྦྱིན་རྫས་སོགས་མ་ཚང་བ་དང།    ཏིང་ངེ་འཛིན་མ་གསལ་ཤིང་སྙོམ་ལས་སུ་ཤོར་བ་དང་།   འཛབ་དང་སྙིང་པོ་སྔགས་ཀྱི་གྲངས་མ་ཐེབས་པ་དང་སྒྲ་ཟུར་ཉམས་པ་དང་།    ཕྲིན་ལས་གོ་རིམ་ནོར་བ་སོགས་འགལ་འཁྲུལ་གྱི་ཚོགས་ཐམས་ཅད་ཤིན་ཏུ་གནོང་འགྱོད་ དྲག་པོའི་སྒོ་ནས་བཤགས་པ་འབུལ་བའོ།     གཉིས་པ་དཀྱིལ་འཁོར་བསྡུ་བ་དངོས་ལ་གཉིས་ཏེ།   ལྷ་དང་དཀྱིལ་འཁོར་བསྡུ་བ་གཉིས་སོ།   དང་པོ་སྔར་སྤྱན་དྲངས་པའི་ཡེ་ཤེས་སེམས་དཔའ་རྣམས་བོན་ཉིད་ཀྱི་དབྱིངས་སུ་ བསྐྱོད་ལ།    དམ་ཚིག་སེམས་དཔའ་རྣམས་སེམས་ཉིད་ཀྱི་ཀློང་དུ་བསྐྱོད་དོ།   གཉིས་པ་ནི་གསལ་ཆ་རང་བཞིན་དབྱིངས་ཀྱི་དཀྱིལ་འཁོར་ནི།    སྟོང་ཆ་བོན་ཉིད་ཀྱི་དབྱིངས་སུ་གསལ་སྟོང་ཟུང་འཇུག་དུ་བསྡུས།    དམིགས་པ་ཏིང་འཛིན་རིག་པའི་དཀྱིལ་འཁོར་ནི།   སེམས་ཉིད་ཀྱི་ཀློང་དུ་བསྒོམ་བྱ་སྒོམ་བྱེད་གཉིས་སུ་མེད་པར་རིག་སྟོང་ཁྱབ་བདལ་ ཆེན་པོའི་ངང་དུ་ཁྲོལ་ལེར་བཞག་པས།    སྣང་སྟོང་མྱོང་གསུམ་དང་ལྡན་པའི་གནས་ལུགས་རང་བྱུང་ཡེ་ཤེས་གསལ་ལྷག་གེར་མཐོང་ བ་དེ་ཡི་ངང་དུ་མི་དམིགས་པར་རྒྱས་གདབ་པའོ།    མཚན་མ་རྡུལ་ཚོན་གྱི་དཀྱིལ་འཁོར་ནི་ས་ཚོན་རྣམས་མཐའ་ནས་དབུས་སུ་བསྡུས་ལ་ འབྱུང་བཞིའི་ཁམས་སུ་བོར་བ་དང་།    རྒྱན་རྣམ་པ་གསུམ་དང་ཕུར་པ་རྟེན་རྫས་རྣམས་ནི་སྤོས་ཆུས་བྲན་ཞིང་དར་དང་ཟ་འོག་ གིས་དྲིལ་ལ།   རིན་པོ་ཆེ་ཡི་སྒྲོམ་བུར་བཅུག་ནས་གསས་ཁང་གི་དབུས་སུ་གཞན་གྱིས་མི་མཐོང་བར་ བཞུགས་སུ་གསོལ་བའོ།    དེ་ཡང་དཔེར་ན་རྣོ་གཅོད་རལ་གྲི་ངར་མ་ཤུབས་བཟང་དུ་གཞུག་ནས་ཉར་ཚག་བྱས་ན་རྣོ་ ངར་མི་ཡལ་བར་གང་ལ་བཏབ་ཀྱང་ཆོད་པར་འགྱུར་བ་དང་མཚུངས་སོ།    དེ་ལྟར་དབལ་ཕུར་དྲག་པོ་གཏིང་རྫོགས་ཀྱི་ཕྲིན་ལས་སྤྱི་དོན་ཉི་ཤུ་རྩ་ལྔའི་དོན་ མདོར་ཙམ་བཤད་པ་རེ་ཞིག་རྫོགས་སོ།།

དེ་ཡང་དབལ་ཕུར་རྒྱུད་དགུ་དང་།    དོན་བསྡུས་རྩ་བའི་འགྲེལ་ཆེན།    སྤྱི་དོན་ཉི་ཤུ་རྩ་ལྔའི་སྒྲུབ་གཞུང་།    གསང་སྔགས་བཀའ་འགྲེལ་གསལ་བྱེད་སོགས་ལ་གཞི་བཅོལ་ནས་དཔལ་གཤེན་བསྟན་སྨན་རིའི་ དགེ་བཤེས་སྤུ་ལ་བ་རིན་ཆེན་བསྟན་འཛིན་པས། དབལ་ཕུར་ནག་པོའི་སྤྱི་དོན་རྣམས་རང་བློར་ཅུང་ཙམ་ངེས་པའི་ཆེད་དུ་བྲིས་པ་ཡིན་ པས། འགལ་འཁྲུལ་ཅི་མཆིས་ཕུར་ནག་ལྷ་ལ་བཤགས།  དགེ་བ་འགྲོ་ཀུན་རྫོགས་བྱང་ཐོབ་ཕྱིར་བསྔོ། དགེའོ།   བཀྲ་ཤིས་སོ།།  །།

གཡུང་དྲུང་བོན་གྱི་སྒྲུབ་གནས་ཁག་གི་ངོ་སྤྲོད་དམར་མོའི་མཛུབ་ཁྲིད།
གཡུང་དྲུང་བོན་གྱི་སྒྲུབ་གནས་ཁག་གི་ངོ་སྤྲོད་དམར་མོའི་མཛུབ་ཁྲིད།
ཞང་ཞུང་སྙན་རྒྱུད་བཀའ་རྒྱུད་སྐོར་བཞིའི་གླེང་བརྗོད།
ཞང་ཞུང་སྙན་རྒྱུད་བཀའ་རྒྱུད་སྐོར་བཞིའི་གླེང་བརྗོད།
བརྡ་སྤྲོད་སྲིད་པའི་སྒྲོན་མེའི་རྩ་ཚིག
བརྡ་སྤྲོད་སྲིད་པའི་སྒྲོན་མེའི་རྩ་ཚིག
མེ་སྟོན་ཉི་མ་རྒྱལ་མཚན་མཆོག་གི་གསུང་འབུམ།
མེ་སྟོན་ཉི་མ་རྒྱལ་མཚན་མཆོག་གི་གསུང་འབུམ།
བོན་ཆོས་དཔྱད་བསྡུར།
བོན་ཆོས་དཔྱད་བསྡུར།
ལེགས་བཤད་རིན་པོ་ཆེའི་གཏེར་མཛོད།
ལེགས་བཤད་རིན་པོ་ཆེའི་གཏེར་མཛོད།
 རྗེ་མཉམ་མེད་ཤེས་རབ་རྒྱལ་མཚན་གྱི་གསུང་འབུམ་ཆ་ཚང་གི་གློག་རྡུལ་འཕྲུལ་དེབ།
 རྗེ་མཉམ་མེད་ཤེས་རབ་རྒྱལ་མཚན་གྱི་གསུང་འབུམ་ཆ་ཚང་གི་གློག་རྡུལ་འཕྲུལ་དེབ།
རྒྱུན་ཁྱེར་བོན་སྤྱོད་ཕྱོགས་བསྡུས་དད་ལྡན་ཐར་ལམ་འཛེགས་པའི་ཐེམ་སྐས་ཞེས་བྱ་བ་བཞུགས་སོ།
རྒྱུན་ཁྱེར་བོན་སྤྱོད་ཕྱོགས་བསྡུས་དད་ལྡན་ཐར་ལམ་འཛེགས་པའི་ཐེམ་སྐས་ཞེས་བྱ་བ་བཞུགས་སོ།
སྨན་རིའི་སྟེགས་འཇོག་ལོ་ཐོ།
སྨན་རིའི་སྟེགས་འཇོག་ལོ་ཐོ།
previous arrow
next arrow