ཨ་ཧོ། བཀའ་དྲིན་འཁོར་ཐབས་མེད་པའི་དྲིན་ཅན་གྱི་བླ་མ། སངས་རྒྱས་མི་ཡི་སྒྲོམ་བུ་མངོན་སུམ་དུ་
བྱོན་པའི། གྲུབ་དབང་དམ་པ་མངྒ་ཝེར་ཞི་དེ་མཁྱེན་ནོ། ནམ་ཡང་གཟིགས་པ་མ་རལ་ཐུགས་རྗེས་
རངས་ཟུངས་ཤིག སྔོན་ནས་ལས་འཕྲོ་དཀར་བའི་བུ་སློབ་རྣམས་གསོན་དང་། སྙིང་ནས་ཡང་དག་དོན་
ཞིག་སྒྲུབ་པ་རེ་དགོངས་ན། ཀུན་མཁྱེན་བླ་མའི་གསུང་སྒྲོས་རྗེས་སུ་ནི་ཟློའོ། ཇི་བཞིན་ཐུགས་ལ་འཆང་
དང་ཟོལ་མེད་ཀྱི་གཏམ་ཡིན། དལ་བརྒྱད་འབྱོར་བཅུ་ཚང་བའི་མིི་ལུས་འདི་ཐོབ་ལུགས། ༼མཆན་་་དལ་བ་
བརྒྱད་ནི་མི་ཁོམས་པའི་གནས་བརྒྱད་དང་བྲལ་བ་སྟེ། མི་ཁོམས་པའི་གནས་བརྒྱད་ནི་ཕྱི་ཡི་མི་ཁོམས་པ་བཞི་དང་ནང་གི་མི་ཁོམས་པ་བཞི་སྟེ་བརྒྱད་དོ། དང་པོ་ཕྱི་ཡི་མི་ཁོམས་པ་བཞི་ནི། དམྱལ་བ་ཚ་གྲང་གིས་གཟེར་བས་བོན་བྱེད་མི་ཁོམས་པ་དང་། ཡི་དྭཌ་བཀྲེས་སྐོམ་གྱིས་གདུངས་བས་བོན་བྱེད་མི་ཁོམས་པ་དང་། བྱོལ་སོང་གླེན་ལྐུགས་དང་བཀོལ་སྤྱོད་ཀྱི་སྡུག་བསྔལ་དབང་གིས་བོན་བྱེད་མི་ཁོམས་དང་། ལྷ་ཚེ་རིང་པོ་དགེ་སྡིག་གི་འདུ་ཤེས་མེད་པས་བོན་བྱེད་མི་ཁོམས་པ་དང་བཞིའོ། ནང་གི་མི་ཁོམས་པ་བཞི་ནི། འོན་ལོང་གཉིས་འཛོམས་དང་དིག་པ་དང་ལྐུགས་པ་རྣམས་རྣམ་ཤེས་ལས་མ་རུང་བས་བོན་བྱེད་མི་ཁོམས་པ་དང། སྒྲ་མི་སྙན་ལ་སོགས་གླིང་གསུམ་གླིང་ཕྲན་དང་བཅས་པ་བསྟན་པ་རྣམ་གསུམ་མ་འཛོམས་པས་བོན་བྱེད་མི་ཁོམས་པ་དང། འཛམ་བུ་གླིང་དུ་སྐྱེས་ཀྱང་གླ་གློ་༼བཟང་ངན་བླང་དོར་མི་ཤེས་མཁན་
ལ་ཟེར་༽མོན་སོགས་སངས་རྒྱས་ཀྱི་བསྟན་པ་མེད་པས་བོན་བྱེད་མི་ཁོམས་པ་དང་བཞི་དང་བརྒྱད་ཡིན་ནོ། དེའི་སྐྱོན་བརྒྱད་དང་བྲལ་བའི་ཁོམས་པ་བརྒྱད་ལ་་དལ་བ་བརྒྱད་ཞེས་བྱའོ། འབྱོར་བ་བཅུ་ནི། རང་འབྱོར་ལྔ་དང་གཞན་འབྱོར་ལྔ་སྟེ་བཅུའོ། རང་འབྱོར་ལྔ་ནི། མི་ལུས་ཁྱད་པར་ཅན་དང་ལྷ་ལུས་གཡེངས་བ་མེད་པའི་རྟེན་མ་ཐོབ་ན་སངས་རྒྱས་སྒྲུབ་པའི་རྟེན་དུ་མི་རུང་བས། ད་རེས་ཐོབ་པར་དཀའ་བ་མིའི་ལུས་རྟེན་རྙེད་པ་ནི་རྟེན་གྱི་འབྱོར་བ་༡། བསྟན་པ་མེད་པའི་ཡུལ་མཐའ་ཁོབས་ཏུ་སྐྱེས་ན་བོན་དང་མི་འཇལ་ནའང། ད་རེས་སྐྱེ་དཀའ་བ་འཛམ་བུ་གླིང་གི་དབུས་སུ་སྐྱེས་པ་ནི་གནས་གཙང་ཡུལ་གྱི་འབྱོར་བ་དང་༢། མི་ལུས་ཐོབ་ཀྱང་དབང་པོ་མ་ཚང་ན་བོན་སྤྱོད་པ་ལ་གེགས་སུ་འགྱུར་ནའང། ད་རེས་དབང་པོ་སྒོ་ལྔ་ཚང་ཞིང་གླེག་ལྐུགས་སོགས་མ་ཡིན་པ་ནི་དབང་པོ་ཡོན་ཏན་གྱི་འབྱོར་བ་དང་༣། གནས་ཀྱིས་བསྐལ་ན་ཡོན་ཏན་གྱི་གནས་སངས་རྒྱས་ཀྱི་བསྟན་པ་ལ་མི་དད་ཅིང་བོན་ལ་ཡིད་མི་ཕྱོགས་ནའང། ད་རེས་བློ་ཁ་བོན་ལ་ཕྱོགས་པ་ནི་རང་འབྱོར་ལྔ་ཡི་གཙོ་བོ་དད་པ་མོས་འདུན་གྱི་འབྱོར་བ་དང་༤། དུས་ཀྱི་མཐའ་ལོག་ན་མཚམས་མེད་ལྔ་ལ་སོགས་མི་དགེ་བ་སྤྱོད་ཅིང་བོན་ལ་རྒྱབ་ཀྱིས་ཕྱོགས་ནའང། ད་རེས་དགེ་བ་ལ་མོས་པའི་བསམ་པ་སྐྱེས་པ་ནི་ཁྱད་པར་བློ་སྟོབས་ཀྱི་འབྱོར་བ་དང་༥ལྔའོ། འདི་དག་ཐམས་ཅད་རང་ངོ་ལ་ལྟོས་ནས་ཚང་དགོས་པས་རང་འབྱོར་རམ་རང་རྒྱུད་སྐལ་པའི་འབྱོར་བ་ཞེས་བྱ་བ་ཡིན་ནོ། གཞན་འབྱོར་ལྔ་ནི། སྟོན་པ་འཇིག་རྟེན་དུ་བྱོན་པའི་སྒྲོན་སྐལ་ལ་མ་བྱོན་ན་བོན་ཞེས་སྒྲ་ཙམ་ཡང་མི་གྲགས་ནའང། ད་རེས་འཕྲོད་པར་དཀའ་བ་སངས་རྒྱས་འཇིག་རྟེན་དུ་བྱོན་པའི་བསྐལ་བ་དང་འཕྲོད་པ་ནི་སྟོན་སངས་རྒྱས་ཀྱི་འབྱོར་བ་དང་༡། སྟོན་པ་བྱོན་ཀྱང་དེས་བོན་མ་གསུངས་ན་སྟོན་པ་མ་བྱོན་པ་དང་ཁྱད་མེད་ནའང། ད་རེས་བོན་གྱི་འཁོར་ལོ་རིམ་པ་གསུམ་མམ་སྒོ་བཞི་མཛོད་ལྔ་ཐེག་པ་རིམ་དགུ་སོགས་གསུངས་པ་ནི་སྡེ་སྣོད་བཀའ་ཡི་འབྱོར་བ་དང་༢། བོན་བསྟན་པ་དེ་ནུབ་ན་མུན་བསྐལ་དང་ཁྱད་མེད་ནའང། ད་རེས་བསྟན་པའི་གནས་ཚད་ཀྱི་ཡུན་མ་རྫོགས་པ་དང་ད་ལྟའི་བར་སྲུང་སྐྱོབས་ཐུབ་པ་ནི་དུས་ཀྱི་འབྱོར་བ་དང་༣། བསྟན་པ་གནས་ནའང་དེ་ཉིད་རང་གི་བསྒྲུབས་ཤིང་གཞན་ལ་སྟོན་པའི་དཔོན་གསས་མེད་ན་བསྟན་པ་ཡོད་པ་ཙམ་གྱིས་མི་ཕན་ནའང་། ད་རེས་དེ་སྟོན་པའི་བཤེས་གཉེན་བླ་མ་ཡང་བཞུགས་པ་དང་རང་ལ་དེའི་རྗེས་སུ་འཇུག་པའི་སྟོབས་ཡོད་པ་ནི་རང་གི་སྐལ་པའི་འབྱོར་བ་དང་༤། དེ་ཉིད་སྟོན་པ་པོ་ཡོད་ནའང་དེའི་ཐུགས་བརྩེ་བ་ཆེན་པོས་རྗེས་སུ་མ་ཟིན་ན་བསྟན་པའི་སྒོར་འཇུག་པའི་ཐབས་མེད་པ་ལས། ད་རེས་བོན་བསྟན་པའི་བླ་མ་དེ་ཉིད་སེམས་ཅན་གྱི་དོན་ལ་ཐུགས་བརྩེ་བ་
དང་ལྡན་པ་ནི་ལྷག་པ་ཐུགས་རྗེའི་འབྱོར་བ་དང་ལྔ་སྟེ་བཅུའོ་༽ སངས་རྒྱས་གཡུང་དྲུང་བོན་གྱི་བསྟན་པ་དང་འཕྲད་ལུག ས། དགེ་སྡིག་གང་བྱས་རང་དབང་ཡོད་ལུགས་ལ་བསམ་ན། ཚེ་སྔོན་རྣམ་དཀར་བསགས་པའི་འབྲས་བུ་ནི་ལོས་ཡིན། རྟེན་བཟང་འདི་འདྲ་རྙེད་པ་ད་རེས་ཙམ་ཡིན་པས། ད་ནས་རྣམ་གཡེངས་མི་ཚེ་སྟོང་ཟད་དུ་མ་ཤོར། ཡང་དག་རྣམ་དཀར་དགེ་ལ་རྒྱུན་དུ་ནི་བརྩོན་དང་། དལ་འབྱོར་དོན་ཡོད་མཛོད་ཅིག་ལས་ལྡན་གྱི་གྲོགས་རྣམས། ཐར་པ་བྱང་ཆུབ་སྒྲུབ་ལ་དམ་བཅའ་ཞིག་མེད་ན། དགེ་སེམས་མི་འབྲལ་ཡོད་ཀྱང་འགྲུབ་དུས་ནི་མི་ཡོང་། དལ་འབྱོར་སྟོང་ལོག་བྱས་ཚེ་དུད་འགྲོ་དང་ཅི་ཁྱད། ལུས་འདི་ཡུན་རིང་མི་རྟག་ལས་ལྡན་གྱི་གྲོགས་རྣམས། ཐམས་ཅད་མི་རྟག་འཆི་བའི་རང་བཞིན་ཅན་ཡིན་པས། རང་ཡང་དེ་བཞིན་མི་འཆི་རྟག་ཐབས་ནི་ཨི་ཡོད། དེ་རིང་མི་འཆི་བསམ་པའི་གདེངས་ཚོད་ནི་མེད་པས། འཆི་བ་ཕྱི་འཇོག་མ་བྱེད་ལས་ལྡན་གྱི་གྲོགས་རྣམས། རང་ཉིད་ན་ཚོད་ཆུང་ལ་ཡིད་བརྟན་ནི་མ་བྱེད། རང་བའི་རྒན་དང་ན་མཉམ་ཆུང་བ་སོགས་འཆི་ལུགས། གཟིགས་དང་དེ་བཞིན་ཚེ་ལ་ངེས་པ་ནི་མེད་པས། ནམ་འཆི་ངེས་མེད་སོམས་ཤིག་ལས་ལྡན་གྱི་གྲོགས་རྣམས། ད་ལྟ་ན་ཞིང་རྒས་པའི་སྡུག་བསྔལ་གྱིས་མ་གཏུབ། ཅི་བྱས་རང་ལག་ཡོད་པའི་དུས་ཚོད་འདིའི་ཐོག་ལ། རྣམ་དཀར་དགེ་བ་ཡང་དག་སྒྲུབ་པ་རེ་མེད་ན། འཆི་ཁ་འགྱོད་ཀྱང་མི་ཕན་ལས་ལྡན་གྱི་གྲོགས་རྣམས། དེའི་ཕྱིར་ཕ་མ་བུ་ཚ་ཁྱིམ་གཞི་དང་ཉེ་འབྲེལ། བརྩེ་གདུང་ཞན་ཆགས་བྱས་ཀྱང་སོ་སོ་རུ་འབྲལ་ནས། འཆི་དུས་རོགས་མེད་གཅིག་པུར་ཕ་རོལ་དུ་འགྲོ་དགོས། གཉེན་ལ་ཆགས་སེམས་མ་བྱེད་ལས་ལྡན་གྱི་བུ་རྣམས། སྡིག་སྡུག་དུ་མས་བསགས་པའི་ནོར་རྫས་ཞིག་ཡོད་ཀྱང་། ཐ་མ་ཁབ་རྐུད་ཙམ་ཞིག་ཁྱེར་དབང་ནི་ཨེ་འདུག གཞན་དག་རྣམས་ལ་གཟིགས་དང་གོ་རྒྱུ་ཞིག་ལུས་ཡོད། ནོར་ལ་ཆགས་ཞེན་མ་བྱེད་ལས་ལྡན་གྱི་བུ་རྣམས། འདི་སྡུག་ཕྱི་སྡུག་སྦྱར་བའི་ཕུང་རྒན་གྱི་བུད་མེད། འགྲོགས་པ་ཙམ་གྱིས་ཐར་པའི་སྲོག་རྩ་དེ་བཅད་ནས། ཐར་མེད་དམྱལ་གནས་འཕེན་པའི་སྔོན་ལས་ཀྱི་དགྲ་དང། ནམ་ཡང་འགྲོགས་དགོས་མེད་དོ་ལས་ལྡན་གྱི་བུ་རྣམས། ཚེ་འདིའི་བྱ་བཞག་སྒྲུབ་པ་ཅི་ལྟར་དུ་མཁས་ཀྱང། ཅི་ནས་ཕན་པ་མེད་པ་སྡུག་བསྔལ་གྱི་རྒྱུ་ཡིན། རང་སྡུག་རང་གིས་སྦྱང་བ་འཁོར་ངན་གྱི་བྱ་བཞག ད་ནས་སྒྲུབ་དགོས་མེད་དོ་ལས་ལྡན་གྱི་བུ་རྣམས། སྔོན་བྱོན་གྲུབ་ཐོབ་བླ་མ་གོང་མ་དག་རྣམས་ཀྱང། འདི་དོན་རྒྱབ་བསྐྱུར་ཕྱི་མ་དང་ལེན་ཞིག་མ་
གཏོགས། འདི་ཕྱི་མཉམ་བཞེས་མཛད་པའི་བླ་མ་དང་གྲུབ་ཐོབ། ས་སྟེང་འདི་ན་མ་བྱུང་ལས་ལྡན་གྱི་
བུ་རྣམས། དེའི་ཕྱིར་སྡུག་བསྔལ་འབྱུང་གནས་འཁོར་ངན་གྱི་གྲོང་ནག ཆགས་སྡང་རྨོངས་གསུམ་སྐྱེས་
བའི་མི་སྲུན་༼མཆན་་རྩིང་སྤྱོད་དམ་ཞི་དུལ་མེད་པའི་༽གྱི་གླིང་འདིར།རྣམ་གཡེངས་འཁྲུལ་པའི་བྱ་བ་ཟིན་དུས་༼མཆན་་རྫོགས་དུས་༽ནི་མེད་པས། འཁོར་ངན་འབྲེལ་ཐག་ཆོད་ཅིག་ལས་ལྡན་གྱི་བུ་རྣམས། ཚེ་འདིའི་ཁོ་ནའིི་དོན་ལ་བསམ་པ་རུ་ཤོར་ན། འདུག་ས་རི་ལ་བྱས་ཀྱང་ཕན་པ་མི་འདུག། ལག་ལེན་དགེ་ལ་བྱས་ཀྱང་བཟང་པོ་ནི་དཀའ་བས། དེ་བས་ཚེ་འདིར་མ་བསམ་ལས་ལྡན་གྱི་བུ་རྣམས། དང་པོ་ཆོས་པ་ཡིན་ཟེར་རི་ཁྲོད་ཞིག་བརྟེན་ལོ། བར་དུ་རང་རྒྱུད་ཉོན་མོངས་ཇེ་རྒྱས་ལ་སོང་ནས། ཐ་མ་ངོ་ཚ་མེད་པ་གྲོང་ནག་ཏུ་འཁྱམས་པའི། དེ་འདྲའི་ཆོས་པ་མ་བྱེད་ལས་ལྡན་གྱི་བུ་རྣམས། དང་པོ་བླ་མ་བསྟེན་ནས་དད་
མོས་ཞིག་ཡོད་མདོག བར་དུ་བླ་མར་མི་བརྩི་རང་རང་གི་ཅི་མོས། ཐ་མར་བླ་མའི་གསུང་ལ་ཐན་ལྟར་
དུ་མཐོང་བ། དེ་འདྲའི་སློབ་མ་མ་བྱེད་ལས་ལྡན་གྱི་བུ་རྣམས། དང་པོ་དགོས་མེད་ཟེར་ནས་བྱ་བྲལ་
ཞིག་ཡིན་སྐད། བར་དུ་རང་དོན་མ་འགྲུབ་གཞན་དོན་ཞིག་ཡིན་མདོག ཐ་མ་དཀོར་ཟས་བླ་མ་ངོམས་
དུས་ནི་མེད་པ། དེ་འདྲའི་བྱ་བྲལ་མི་དགོས་ལས་ལྡན་གྱི་བུ་རྣམས། སྐུ་ལུས་མཛེས་མཛེས་བྱས་ཀྱང་རང་
རྒྱུད་ནི་མ་ཐུལ། གསུང་སྐད་སྙན་སྙན་བྱས་ཀྱང་ཚིག་དོན་ནི་མ་ཁྲོལ། སྒོམ་པ་མཐོ་མཐོ་བྱས་ཀྱང་རང་
ངོ་ནི་མ་མཐོང། དེ་འདྲའི་བླ་གཟུགས་མི་དགོས་ལས་ལྡན་གྱི་བུ་རྣམས། གོང་མའི་ཡོན་ཏན་མ་མཐོང་
དད་མོས་ཀྱི་རྒྱུན་ཆད། འགྲོ་དྲུག་ཕ་མར་མ་ཤེས་ཆགས་སྡང་གི་ལས་བསགས། དགེ་སྡིག་སྐྱོན་ཡོན་མི་
ཤེས་སེར་གཟུགས་ཞིག་ཡིན་མདོག དེ་འདྲའི་གྲྭ་པ་མ་བྱེད་ལས་ལྡན་གྱི་བུ་རྣམས། དེ་དགེ་སློང་ཡིན་
ཟེར་ཕྱི་ཚུལ་ནང་ཁྲིམས་ནི་མི་སྲུང། བྱང་སེམས་ཁུར་ལེན་རང་བདེ་གཞན་ཕམ་གྱི་ལས་བསགས། གསང་སྔགས་རྟོགས་སྐད་བསྐྱེད་རྫོགས་ཟུང་འཇུག་༼མཆན་་་་བསྐྱེད་རྫོགས་ཞེས་པ་བསྐྱེད་རིམ་དང་རྫོགས་རིམ་གཉིས་ཀྱི་བསྡུས་མིང་ཡིན་པས། དང་པོ་བསྐྱེད་རིམ་གྱི་དོན་ནི། སྐྱེ་ཤི་བར་དོ་གསུམ་ཅི་རིགས་སྦྱོང་བྱེད་ཀྱི་བོན་མཐུན་ཁྱད་པར་ཅན་གྱི་ལམ་གྱི་དངོས་གཞི་སྒྲུབ་པ་གང་ཞིག། ཡི་དམ་རྫོགས་བྱེད་དང་བརྙེས་པར་བྱེད་པ་གཉིས་ལས་ཕྱི་མའི་མིང་ཅན་དུ་གྱུར་པའི་རྣལ་འབྱོར་དང།༽༼རྫོགས་རིམ་
གྱི་དོན་ནི། རང་རྒྱུ་བསྐྱེད་རིམ་སྨིན་ཚོད་ཀྱི་ལམ་རྫོགས་རྗེས་སུ་བྱུང་བའི་མ་བཅོས་ཐབས་ཀྱིས་སྒྲུབ་པའི་ཡི་དམ་རྗོགས་བྱེད་ཀྱི་རིམ་པ་དེའོ།༽ ༼འདིའི་སྐབས་བསྐྱོདརྫོགས་ཟུང་འཇུག་ནི་མ་རྟོགས་ཞེས་པའི་དོན་གསང་སྔགས་ཀྱི་བསྐྱེད་ཆོག་ལ་བརྟེན་ནས་ལྷ་དང་ལྷ་མོ་གང་སྒོམ་ཐམས་ཅད་སྟོང་ཉིད་སྙིང་རྗེའི་སྙིང་པོ་ཅན་གྱི་ལྷ་སྐུའི་རྣམ་པ་མ་རྟོགས་པ་ལ་གོ་དགོས་སྙམ། རྒྱུ་མཚན་ནི་གོང་གི་རིམ་པ་གཉིས་ཀྱི་ཉམས་ལེན་
བསྐྱེད་རྫོགས་མཚན་ཉིད་པ་ནི་གང་ཟག་སོ་སོའི་ཉམས་སུ་ལེན་སྐབས་རང་རྒྱུད་ཀྱི་བསྐྱེད་རིམ་ནི་རང་རྒྱུད་རྫོགས་རིམ་སྨིན་བྱེད་ཀྱི་རྒྱུ་ཡིན་ཕྱིར་རྒྱུ་འབྲས་ཚུལ་དུ་ཉམས་སུ་ལེན་དགོས་པས་ན་ཚེ་གཅིག་ལ་དེ་གཉིས་ཉམས་སུ་བླངས་པའམ་རྒྱུད་གཅིག་ལ་དེ་གཉིས་ཉམས་སུ་བླངས་པ་ལ་ཟུང་འཇུག་ཞེས་འཇོག་ན་མ་གཏོགས་གཞན་དུས་གཅིག་ལ་རིམ་པ་གཉིས་པོ་ཟུང་དུ་འཇུག་ཚུལ་དཀའ་བས་སོ། རྒྱུ་མཚན་ནི་དེ་གཉིས་རྒྱུ་འབྲས་ཡིན་པས་དུས་མཉམ་མི་སྲིད་པས་ནའོ།༽ནི་མ་རྟོགས། དེ་འདྲའི་གཉིས་མགོ་མ་བསྐོར་ལས་ལྡན་གྱི་བུ་རྣམས། རང་ངོ་མ་འཕྲོད་རོ་ལ་ངོ་སྤྲོད་ཞིག་འདོན་མདོག། རང་མགོ་མི་ཐོན་རོ་མགོ་འཕོ་བ་ཞིག་འཕེན་མདོག སེམས་བསྐྱེད་མེད་པ་འབུལ་བ་ཆེ་ཆུང་ལ་བསམ་པ།དེ་འདྲའི་འདྲེན་སྟོན་མ་བྱེད་ལས་ལྡན་གྱི་བུ་རྣམས། འདྲེ་རྟོག་ནང་ནས་མ་ཆོད་གཉིས་འཛིན་གྱི་གཅོད་པ། ལྷ་འདྲེ་རང་སྣང་མ་ཤེས་འདྲེ་ཉུག་གི་གཉེན་ས། ཕཊཿསྒྲས་གནམ་ས་འགེངས་ཀྱང་ངར་འཛིན་ནི་མི་ཆོད། དེ་འདྲའི་གཅོད་མཁན་མི་དགོས་ལས་ལྡན་གྱི་བུ་རྣམས། སྐུ་ཚེ་བཀོར་ལ་འབགས་ཀྱང་ཚོགས་བསགས་ནི་མི་བྲ། བཀོར་ཟས་གང་བྱུང་ཁྱིམ་དང་བུད་མེད་ཀྱི་ཁ་གསོ། ད་དུང་རང་མཚང་མི་ཤེས་འགྲོ་དོན་ཞིག་ཡིན་སྐད། དེ་འདྲའི་རང་བླ་མ་བཙོང་ལས་ལྡན་གྱི་བུ་རྣམས། བདུད་སྲིན་དམག་ལ་ཆས་འདྲའི་དམར་ཆོག་གི་མཁན་པོ། ཤ་ཆང་ཟས་ལ་རྔམས་པ་གཅན་སྤྱང་ལྟར་འཚོཌ་ནས། ཉེས་མེད་སྲོག་ལ་འཚེ་བའི་ཤན་པ་དང་ཅི་ཁྱད། དེ་འདྲའི་གྲོང་ཆོག་མ་བྱེད་ལས་ལྡན་གྱི་བུ་རྣམས། དབང་ལུང་བསྙེན་སྒྲུབ་མེད་པའི་གསང་སྔགས་འདི་གྲོང་ཁྱེར། ལག་ལེན་ཞལ་ཁྲིད་མེད་པའི་ཕོ་ཚོད་ཀྱི་བཅའ་འདོན། སྙིང་རྗེས་གཞི་བཟུང་མེད་པའི་ང་རྒྱལ་གྱི་དྲག་ལས། དེ་འདྲའི་གཏོར་སྒྲུབ་མི་དགོས་ལས་ལྡན་གྱི་བུ་རྣམས། ད་ནི་སུ་དང་འགྲོགས་ཀྱང་ཡང་དག་དང་རྒྱབ་འགལ། སུ་ལ་བློ་སྣ་བསྟུན་ཀྱང་དགེ་བ་ཡི་གེགས་ཤིང། དུས་ངན་མི་དང་འགྲོགས་ཚེ་བཟང་པོ་ནི་འོང་དཀའ། ཀུན་ཀྱང་འབྲེལ་ཐག་གཅད་དགོས་ལས་ལྡན་གྱི་བུ་རྣམས། གོང་མར་བསྟོད་ཀྱང་ཐུགས་ངོ་ཟིན་དུས་ནི་མི་འོང། དམན་པ་སྐྱོང་ཡང་དེ་དག་མགུ་དུས་ནི་མི་འོང། ཕ་མའི་ངག་ལ་ཉན་ཀྱང་ཡང་དག་དང་རྒྱབ་འགལ། འཇིག་རྟེན་མི་ངོ་མ་བསྲུང་ལས་ལྡན་གྱི་བུ་རྣམས། ཕ་མའི་དྲིན་ལན་རང་གིས་སོད་པ་ཞིག་བསམ་ན། ཡང་དག་དགེ་བ་མ་གཏོགས་གང་གིས་ཀྱང་མི་སོད། དེའི་ཕྱིར་ཕ་མའི་གཙོར་བྱས་སེམས་ཅན་གྱི་དོན་དུ། དམིེཊ་ནས་དགེ་ལ་བརྩོན་དགོས་ལས་ལྡན་གྱི་བུ་རྣམས། དེང་སང་སྙིགས་མའི་སྐྱ་སེར་སུ་ཞིག་དང་འགྲོགས་ཀྱང། ངོ་དགའ་ལྐོག་གཤེ་དགེ་བའི་གགས་ཤིང་ཞིག་མ་གཏོགས། ཡང་དག་བོན་ལ་མོས་པའི་གྲོགས་པོ་ནི་དཀོན་པས། གྲོགས་ངན་འབྲེལ་ཐག་གཅད་དགོས་ལས་ལྡན་གྱི་བུ་རྣམས། རང་གི་བླ་མར་གཤེ་ལ་ལྟ་ལོག་གི་གྲོགས་དང། ཅི་བྱེད་སྡིག་ལ་དགའ་བ་སྡིག་ཅན་གྱི་གྲོགས་དང། སྡོམ་པ་དམ་ཚིག་འཆལ་བའི་དམ་ཉམས་ཀྱི་གྲོགས་དང། ནམ་ཡང་འགྲོགས་དགོས་མེད་དོ་ལས་ལྡན་གྱི་བུ་རྣམས། བསམ་བསམ་འགྲུབ་དུས་མི་འོང་འཁྲུལ་པ་ཡི་གཞི་ཡིན། བསམ་ཚད་དོན་དུ་མི་ཁེལ་སྡུག་བསྔལ་གྱི་རྒྱུ་ཡིན། མདོ་ཤོར་དྲན་བསམ་མང་བ་དོན་དམ་དང་རྒྱང་རིང། བསམ་པའི་བློ་སྣ་མ་མང་ལས་ལྡན་གྱི་བུ་རྣམས།སྙིང་ནས་ཡང་དག་དགེ་ལ་འདུན་པ་ཞིག་ཡོད་ཚེ། རང་ཐག་རང་གི་ཆོད་པ་ཅི་ནས་ཀྱང་མཛོད་དང། རང་ལས་གཞན་པའི་དབང་ཆེན་སུ་ཞིག་ཀྱང་མེད་པས། དེ་ཕྱིར་རང་ཐག་ཆོད་དགོས་ལས་ལྡན་གྱི་བུ་རྣམས། ཕྱི་མར་ཕན་པའི་དགེ་བ་རྣམ་དག་ཞིག་སྒྲུབ་ཚེ། གཞན་དག་སུ་མ་མགུ་ཡང་རང་ཉིད་ནི་བློ་བདེ། མདོ་མེད་ཤེས་མེད་ཟེར་ཡང་ནམ་ཕུག་གི་དོན་འགྲུབ། བློ་ཕུག་དགེ་ལ་གཏོད་མཛོད་ལས་ལྡན་གྱི་བུ་རྣམས། རྒྱལ་བ་གོང་མ་རྣམས་ཀྱི་བསྔགས་བསྟོད་ཀྱི་གནས་མཆོག། གྲུབ་དབང་བླ་མ་དམ་པ་གཤེགས་ཤུལ་གྱི་གྲུབ་གནས། རྟག་ཏུ་དབེན་པའི་རི་ཁྲོད་ཁོ་ན་རུ་བཟུངས་ནས། ན་ཤི་དུར་ས་གྱིས་ཤིག་ལས་ལྡན་གྱི་བུ་རྣམས། བློ་ཡི་གཏད་སོ་དྲིན་ཅན་བླ་མ་དེ་གྱིས་དང། རང་གི་བྱུང་ན་སངས་རྒྱས་དངོས་དང་ནི་མཚུངས་པས། འདི་དང་ཕྱི་མའི་བདེ་བ་ཁོང་གིས་ནི་མཛད་འོང། རང་དབང་བླ་མར་འབུལ་དགོས་ལས་ལྡན་གྱི་བུ་རྣམས། བླ་མར་བསྟེན་ནས་སངས་རྒྱས་དངོས་མཐོང་གི་སྒོ་ནས། ཅི་མཛད་ལེགས་པར་མཐོང་བའི་དད་མོས་ཀྱི་གདུང་བའི། ངོས་ལྐོག་མེད་པར་ཅི་གསུང་ཚད་མ་རུ་འཛིན་ནས། བླ་མ་ཚུལ་བཞིན་བསྟེན་དགོས་ལས་ལྡན་གྱི་བུ་རྣམས། དེས་ན་སྤྲང་ལུས་ཆོས་པའི་གཏད་སོ་ནི་ཡིན་ལ། ལས་ལྡན་བུ་སློབ་ཁྱེད་རྣམས་མི་ཡུལ་དང་རང་ཡུལ། གར་བྱོན་གར་བཞུགས་སྤྲང་པོ་ཁོ་ནའི་ཚུལ་བཟུང་ནས། རང་མཐོང་ང་རྒྱལ་སྤང་དགོས་ལས་ལྡན་གྱི་བུ་རྣམས། དབེན་པའི་རི་ལ་ཉལ་བའི་ཡང་དག་གི་དགེ་བྱེད། ལུས་ལ་མཛེས་འདོད་གོས་རྒྱན་བཟང་པོ་ཡི་ཅི་བྱ། བཟང་སྡུག་མེད་པ་རབ་ཏུ་བྱུང་བ་ཡི་ན་བཟའ། གང་བྱུང་དུག་པོ་གོན་དང་ལས་ལྡན་གྱི་བུ་རྣམས། བཟའ་བའི་ཟས་ལ་བསོད་སྙོམས་ཁོ་ན་ལ་གྱིས་དང། སྡིག་པས་མི་གོས་སྔོན་བྱོན་གོང་མ་ཡི་ཕྱག་ལེན། ངོ་བསྲུང་སེར་སྣ་མི་དགོས་བསླང་བས་ན་ཆོག་པའི། དགེ་པའི་འཚོ་བ་བསྟེན་དགོས་ལས་ལྡན་གྱི་བུ་རྣམས། བསགས་པའི་ནོར་ལ་འཕགས་པའི་ནོར་བདུན་འདི་མཆོག་ཡིན། ༼མཆན་་་འཕགས་པའི་ནོར་བདུན་ནི། ༡༽མི་རྟག་པ་རྒྱུད་ལ་བསམ་ཞིང་བླ་མ་ཡི་དམ་མཁའ་འགྲོ་སོགས་ལ་མཁྱེན་པ་གསོལ་བ་དང་། ༢༽གཞན་དོན་དུ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ། ༣༽རང་གཞན་འཁོར་བའི་གདུང་བ་ལས་སྐྱོབས་ཕྱིར་ཡུལ་མཆོག་བཞི་ལ་སྐྱབས་སུ་འགྲོ་བ། ༤༽ཚེ་རབས་ནས་བསགས་པའི་སྡིིག་སྒྲིབ་ཐམས་ཅད་ཡུལ་མཆོག་གནས་བཞིའི་དྲུང་དུ་བཤགས་པ། ༥༽སྲི་ཞུ་མགྲོན་ལ་དངོས་འབྱོར་ཡིད་ལས་སྤྲུལ་པའི་ཕྱི་ནང་གསང་བའི་མཆོད་པ་འབུལ་བ། ༦༽བྱིན་རླབས་འཇུག་ཕྱིར་བླ་མ་ལ་གསོལ་བ་འདེབས་པ། ༧༽འཇུག་བསྔོ་སྨོན་རྣམ་པར་དག་པའི་མཚམས་སྦྱར་བ་བཅས་སོ། ༼ཡང་གསུང་ཚུལ་གཞན་ཞིག་ལ་འདི་ལྟར།༽ ༼ ༡ ལས་འབྲས་ལ་ཡིད་ཆེས་པའི་༼དད་པ་༽སྟེ། ཉིན་མཚན་དགེ་བའི་ལམ་ལ་འདྲེན་པར་བྱེད་པས་འཁོར་ལོ་རིན་པོ་ཆེ་དང་མཚུངས་པའོ། ༢༽ སྒོ་གསུམ་གྱི་ཉེས་སྤྱོད་སྡོམ་པ་ཚུལ་ཁྲིམས་ཏེ། ཡོན་ཏན་གྱི་རྒྱན་གྱིས་ཀུན་ཡིད་འཕྲོག་པས་བཙུན་མོ་རིན་པོ་ཆེ་དང་མཚུངས་པའོ། ༣༽ གཞུང་ལུགས་རབ་འབྱམས་གསན་བསམ་མཛད་པའི་ཐོས་བསམ་སྟེ། ལོག་རྟོག་གི་གཡུལ་ངོ་བཟློག་པས་དམག་དཔོན་རིན་པོ་ཆེ་དང་མཚུངས་པའོ།
༤ ༽ ཟང་ཟིང་གི་དངོས་པོ་སོགས་གཞན་ལ་གཏེར་བའི་སྦྱིན་པ་སྟེ། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཆེན་འགྲུབ་པས་གླང་པོ་རིན་པོ་ཆེ་དང་མཚུངས་པའོ། ༥༽ རང་ངོར་ལྟོས་པའི་ཁ་ན་མ་ཐོ་བ་༼ཁ་ནས་བརྗོད་ཀྱང་མི་རུང་བའི་ཉེས་ལྟུང་ངམ་སྡིག་པ་༽འཛེམ་པའི་ངོ་ཚ་སྟེ། ཉོན་མོངས་པ་བདག་མེད་རྟོགས་པའི་ཤེས་རབ་ཀྱི་སྦུབས་སུ་སྦ་བས་རྟ་མཆོག་རིན་པོ་ཆེ་དང་མཚུངས་པའོ། ༦༽ གཞན་ངོར་ལྟོས་ཏེ་ཁ་ན་
མ་ཐོ་བ་༼ཁ་ནས་བརྗོད་ཀྱང་མི་རུང་བའི་ཉེས་ལྟུང་ངམ་སྡིག་པ་༽འཛེམ་པའི་ཁྲེལ་སྟེ། དགེ་བའི་བོན་རྣམས་སྲུང་ཞིང་ཉེས་པའི་ཚོགས་བཟློག་པར་བྱེད་པས་བློན་པོ་རིན་ཆེ་དང་མཚུངས་པའོ། ༧༽ བོན་རབ་ཏུ་རྣམ་པར་འབྱེད་པའི་ཤེས་རབ་སྟེ། རང་གཞན་གྱི་རེ་བ་སྐོང་བས་ནོར་བུ་རིན་པོ་ཆེ་དང་མཚུངས་པའོ།༽ ཉོན་མོངས་དུག་ལྔའི་དགྲ་ལ་མ་ཤོར་ཞིག་བྱས་ན། བྱང་ཆུབ་བར་ཏུ་མི་མཛད་ཇེ་འཕེལ་དུ་འགྲོ་བའི། ཕུགས་ནོར་དགེ་བཅུ་བསགས་དགོས་ལས་ལྡན་གྱི་བུ་རྣམས། མདོ་མེད་༼མཆན་་་ཕྱི་མ་ལས་འདི་དོན་སྒྲུབ་པ་དོན་མེད་པ་༽ངས་ཀྱང་ཕྱི་མ་ཁོ་ན་ཞིག་མ་གཏོགས། ཚེ་འདིར་མི་སྒྲུབ་བསམ་པའི་དམ་བཅའ་རུ་ཡོད་པས། དེ་བཞིན་ཚེ་འདིའི་བྱ་བཞག་བློ་ཡིས་ནི་ཐོངས་དང། ཕྱི་མ་ཁོ་ནར་བསྒྲུབ་དགོས་ལས་ལྡན་གྱི་བུ་རྣམས། ཕྱི་མ་སྒྲུབ་ཐབས་དག་ལ་དུ་བ་ཞིག་གསུངས་ཀྱང། བསྡུ་ན་སྤང་བསྒྱུར་གྲོལ་༼མཆན་་་་མདོ་སྔགས་རྫོགས་༽གསུམ་འདིའི་ཁོངས་སུ་འདུས་ཏེ། དུག་ལྔ་སྤང་དང་བསྒྱུར་དང་རང་ས་རུ་གྲོལ་
དགོས། ལམ་གྱི་དངོས་གཞི་ཡིན་ནོ་ལས་ལྡན་གྱི་བུ་རྣམས། དེ་ལས་ངེས་འབྱུང་༼མཆན་་་་རང་རྒྱུད་ཀྱི་སྡུག་བསྔལ་ལ་སུན་ནས་འདི་མེད་པ་བྱུང་ན་ཅི་མ་རུང་སྙམ་པ་༽བློ་དང་གཞན་ཕན་གྱི་སེམས་བསྐྱེད། སྟོང་ཉིད་ཟབ་མོ་གསུམ་གྱིས་ཟིན་པ་ཞིག་མེད་ན། ཐར་པའི་ལམ་ལ་འགྲོ་བ་གཅིག་ཀྱང་ནི་མེད་གསུངས། དེ་དག་རྒྱུད་ལ་སྐྱེ་དགོས་ལས་ལྡན་གྱི་བུ་རྣམས། དེ་ཕྱིར་དང་པོ་བློ་ལྡོག་རྣམ་པ་བཞིའི་༼མཆན་་་་དལ་འབྱོར་རྙེད་དཀའ་བ། ཚེ་མི་རྟག ལས་རྒྱུ་འབྲས། འཁོར་བའི་ཉེས་དམིཌ་ཏེ་ཐུན་མོང་གི་སྔོན་འགྲོ་བཞིའོ་༽སྒོ་ནས།སྔོན་འགྲོའིི་ཁྲིད་རྣམས་བློ་སྦྱོང་ཞིབ་མོ་རུ་བཏང་ནས། རང་རྒྱུད་རྐོ་རྒོག་༼མཆན་་་་མ་མཉེད་པའི་ཀོ་བ་སྐམ་པོ་༽ལྟ་བུ་གྱོང་ཁེངས་༼མཆན་་་འབོལ་པོ་མེད་པ་༽འདི་འདུལ་ལ། སེམས་གཏིང་འཁུལ་ངེས་༼མཆན་་་སེམས་གཏིང་ནས་འདུལ་བའམ་ཐུལ་བ་ངེས་པར་དུ་དགོས་༽དགོས་སོ་ལས་ལྡན་
གྱི་བུ་རྣམས། དེ་ནས་སྲིད་རྩེ་མན་ཆད་མནར་མེད་ཞིང་ཡན་ཆད། བདེ་བ་མེད་པ་སྡུག་བསྔལ་ཁོ་ན་ཡི་
རང་བཞིན། ཡིན་ཕྱིར་དེ་ལས་ཐར་འདོད་ངེས་འབྱུང་གི་བློ་འདི། རྒྱུན་དུ་མི་འབྲལ་ཡོད་དགོས་ལས་
ལྡན་གྱི་བུ་རྣམས། རིགས་དྲུག་ཞིང་དུ་འཁོར་བའི་འགྲོ་དྲུག་གི་སེམས་ཅན། གང་ཡང་ཕ་མར་མ་གྱུར་
གཅིག་ཀྱང་ནི་མེད་པས། དེ་རྣམས་དོན་དུ་སངས་རྒྱས་ཐོབ་འདོད་ཀྱི་སེམས་བསྐྱེད། བཅོས་མིན་བློ་ལ་
སྐྱེ་དགོས་ལས་ལྡན་གྱི་བུ་རྣམས། འདི་ལྟར་འཁོར་འདས་ལམ་གསུམ་བསྡུས་པ་ཡི་བོན་ཀུན། རྫུན་སྣང་
སྒྱུ་མ་ཙམ་ལས་བདེན་པ་ནི་མེད་པས། སྤྱོད་ལམ་གང་ཡང་རང་ཁར་༼མཆན་་་ཐ་མལ་དུ་༽མི་ཤོར་བའི་ངང་ནས། སྟོང་ཉིད་ཟབ་མོས་ཟིན་དགོས་ལས་ལྡན་གྱི་བུ་རྣམས། དུས་གསུམ་བསགས་པའི་རྣམ་དཀར་དགེ་བའི་ཚོགས་གང་བགྱིས། ཕྱོགས་གཅིག་བསྡུས་ནས་མཁའ་མཉམ་འགྲོ་དྲུག་གི་སེམས་ཅན། མྱུར་དུ་སངས་རྒྱས་ཐོབ་ཕྱིར་དམིགས་མེད་ཀྱི་བསྔོ་སྨོན། རྒྱུན་དུ་མ་ཆག་བྱ་དགོས་ལས་ལྡན་གྱི་བུ་རྣམས། སྡུག་བསྔལ་ཀུན་གྱི་གཞི་མ་འཁོར་ངན་གྱི་ཞིང་འདིར། འཇིགས་རུང་སྡུག་བསྔལ་དུ་མས་ཡང་ཡང་དུ་
མནར་ཚུལ། འདི་ལ་བསམ་ནས་དད་ལྡན་མོས་གུས་ཀྱི་སྒོ་ནས། གནས་བཞིར་༼མཆན་་་་བླ་མ་སངས་རྒྱས་བོན་དང་གཤེན་རབ་བཞི་ལ་༽སྐྱབས་སུ་བཟུང་དགོས་ལས་ལྡན་གྱི་བུ་རྣམས། དགེ་སྡིག་ལས་སྤྱོད་འབྲས་བུ་བདེ་སྡུག་ཏུ་སྨིན་ཚུལ། ཡིད་ཆུད་༼མཆན་་་ཤོང་བའམ་ཤེས་པ་༽ངེས་པར་བླང་དོར་ཚུལ་བཞིན་དུ་གཟོབ་ནས། སྔོན་བསགས་ལས་དང་བག་ཆགས་སྒྲིབ་གཉིས་དང་བཅས་པ། སྟོབས་བཞིས་༼མཆན་་་་སྔར་བྱས་ལ་འགྱོད་པའི་སྟོབས། ཕྱིས་མི་བྱེད་པ་དམ་བཅའི་སྟོབས། གཉེན་པོ་དགེ་བའི་སྟོབས། དཔང་པོ་རྟེན་ཀྱི་སྟོབས་བཅས་བཞིའོ་༽ བཤགས་སྦྱངས་བྱ་དགོས་ལས་ལྡན་གྱི་བུ་རྣམས། བསོད་ཚོགས་༼མཆན་་་་་ཀུན་རྫོབ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་དང་བརྩེ་བ་སྙིང་རྗེ་ཆེན་པོ་སོགས་མཚན་བཅས་ཀྱི་དགེ་བ་༽མ་བསགས་ཡེ་ཤེས་ཚོཌ་ཆེན་༼མཆན་་་མཚན་མེད་ཀྱི་དགེ་བ་སྟོང་ཉིད་རྟོགས་པའི་ཤེས་རབ་༽ནི་མི་རྫོཌ། དེའི་ཕྱིར་སྟོང་གསུམ་༼མཆན་་་སྟོང་དང་པོ་སྤྱི་ཕུད་གྱི་འཇིག་རྟེན། སྟོང་གཉིས་པ་བར་མའི་འཇིག་རྟེན། སྟོང་གསུམ་མཐར་ཐུག་གི་འཇིག་རྟེན་ཏེ་གསུམ་ལ་ཚངས་རྒྱུང་བྱེ་བ་ཕྲག་བརྒྱ་ ༼100,0000000༽ དེ་འདྲ་སྟོང་ལ་བཀོད་པ་དང་པོ། བཀོད་པ་དང་པོ་སྟོང་ལ་བཀོད་པ་གཉིས་པ། གཉིས་པ་སྟོང་ལ་བཀོད་པ་གསུམ་པ། བཀོད་པ་གསུམ་པ་སྟོང་ལ་མུ་ཁྱུད་དང་པོ།མུ་ཁྱུད་དང་པོ་སྟོང་ལ་མུ་ཁྱུད་གཉིས་པ། མུ་ཁྱུད་གཉིས་པ་སྟོང་ལ་མུ་ཁྱུད་གསུམ་པ། མུ་ཁྱུད་གསུམ་པ་སྟོང་ལ་དོག་གདལ་དང་པོ།དོག་གདལ་དང་པོ་སྟོང་ལ་དོག་གདལ་གཉིས་པ། དོག་གདལ་གཉིས་པ་སྟོང་ལ་དོག་གདལ་གསུམ་པ། དོག་གདལ་གསུམ་པ་སྟོང་ལ་མེ་ཏོག་བརྒྱན་པའི་འཇིག་རྟེན། མེ་ཏོག་བརྒྱན་པའི་འཇིག་རྟེན་སྟོང་ལ་གངྒའི་ཀླུང་གི་འཇིག་རྟེན། དེ་དག་བསྡོམས་པའི་མིང་ལ་འཐུག་པོ་བཀོད་པའི་ཞིང་ཁམས་ཞེས་བྱའོ་༽སྣོད་བཅུད་བདག་ལུས་དང་ལོངས་སྤྱོད། མཎྜལ་དམིགས་ནས་རྒྱལ་བའི་ཞིང་མཆོག་ལ་འབུལ་ནས། ཚོགས་བསགས་རྒྱུན་དུ་མ་ཆགས་ལས་ལྡན་གྱི་བུ་རྣམས། སངས་རྒྱས་བསྟན་པའི་རྩ་བ་ཚུལ་ཁྲིམས་ལ་
ཐུག་སྟེ། ཚུལ་ཁྲིམས་༼མཆན་་་་ཕྱི་ཡི་ཚུལ་དང་ནང་གི་ཁྲིམས་གཉིས་༽མེད་ན་བསྟན་པ་མེད་ཅེས་ནི་གསུངས་པས། དེའི་ཕྱིར་ཕྱི་ཚུལ་ནང་ཁྲིམས་འབྲལ་བ་ནི་མེད་པ། མིག་འབྲས་བཞིན་དུ་བསྲུང་དགོས་ལས་ལྡན་གྱི་བུ་རྣམས། རྟོགས་པའི་ཀློང་སྒོམ་༼མཆན་་་ཀློང་སྒོམ་ནས་དྲན་པ་ཉིད་ཀྱང་མེད་པ་སྟེ། དྲན་པའི་ཐག་པ་ཆད། སྒོམ་པའི་རྟོད་ཕུར་ཐོན་ཞེས་པ། དཔེར་ན་བུད་ཤིང་མེད་ན་མེ་ཡང་ཡལ་ནས་འགྲོ་བ་བཞིན་འཁྲུལ་པ་ཟད་པ་དང་གཉེན་པོ་རང་ཡལ་དུ་འགྲོ་བ་བཞིན་ཞེས་ཀྱང་གསུངས་ལ། དེའང་ཀློང་སྒོམ་དང་པོའི་དུས་སུ་སྒོམ་མེད་ཆུང་ངུའི་ཉམས་འཆར་བས། བསྒོམ་བྱ་སྒོམ་བྱེད་ཀྱི་རྩོལ་བ་ཟད་ནས་སྒོམ་མེད་ཡེང་མེད་ཀྱི་ངང་ལ་དྲན་པ་རྒྱུན་ཆགས་སུ་གནས་པའོ། ཀློང་སྒོམ་གཉིས་པའི་དུས་སུ་སྒོམ་མེད་འབྲིང་གི་ཉམས་འཆར་བས་གོང་གི་དྲན་པའི་ཐག་པ་ཆད། རིག་པའི་སོ་བ་འགྱེལ་ཉིན་མཚན་དབྱེར་མེད་དུ་འབྱོངས་བའི་དུས་སོ། ཀློང་སྒོམ་གསུམ་པའིི་དུས་སུ་སྒོམ་མེད་ཆེན་མོ་ཞེས་སྒོམ་བྱ་བ་ཐ་སྙད་ཙམ་དུ་ཟད་ནས་བོན་ཉིད་ཀྱི་དབྱིངས་ལ་རང་བཞིན་གྱིས་གཡོ་བ་མེད་པར་གནས་ཏེ། རྟོགས་པ་མཐར་ཕྱིན་པའང་མངོན་དུ་གྱུར་པ་ཞེས་བྱ་ལ། རང་འབྱུང་ཡེ་ཤེས་ཡུལ་མེད་ཟང་ཐལ་མངོན་དུ་གྱུར་པ་ལ་རྟོགས་པའི་ཡེ་ཤེས་ཞེས་བཏགས་པས་དེའི་ཚེ་ལྟ་སྒོམ་སྤྱོད་པའི་ཞེ་འདོད་ཐམས་ཅད་ཟད་ནས་རིག་པའི་རང་སར་ཟིན་པའོ།༽མངོན་དུ་མ་ཤར་དུ་བར་དུ། མཚན་བཅས་མཚན་མེད་དགེ་ལ་བརྩོན་པ་ཞིག་མ་གཏོགས། དངོས་སུ་འགྲོ་དོན་བྱེད་པའི་དུས་ཚོད་ནི་མ་ཡིན། ད་དུང་རང་དོན་སྒྲུབ་དགོས་ལས་ལྡན་གྱི་བུ་རྣམས། དེང་སང་ང་འདྲའི་ཐུན་སྒོམ་༼མཆན་་་་དྲན་ཀྱང་དགོས་ལ་སྒོམ་ཀྱང་དགོས་པས། འདིའི་ཐུན་སྒོམ་དང་པོའི་དུས་སུ་རྩེ་ཅིག་ཆུང་ངུའི་ཉམས་འཆར་པས་དྲན་པ་འབའ་ཞིག་མ་ཐོབ་པས། རེས་འཆར་ལ་རེས་མི་འཆར་བ་དགེ་སྦྱོར་ལ་ཐེ་ཚོམ་ཟ་བ་དང་ཡ་ང་བ་ལ་སོཌ་འབྱུང་བའི་དུས་ཏེ་བརྩོན་འགྲུས་བསྐྱེད་ཅིང་མ་བསྐྱུར་བ་གལ་ཆེ། ཐུན་སྒོམ་གཉིས་པའི་དུས་སུ་རྩེ་གཅིག་འབྲིང་གི་ཉམས་འཆར་ཏེ། སྔ་བས་གསལ་ངེས་ཆེ་ཞིང་ཤེས་པ་ཡུལ་ལ་འཁྱམས་ནས་རྟོག་པ་རྒྱུད་མར་གྱུར་པའི་དུས་ཏེ། ཐབས་ཀྱི་རིག་པ་གཅུན་ལ་མི་ཡེང་རྒྱུན་ཆགས་སུ་བསྒོམ་པ་གལ་ཆེ། ཐུན་གསུམ་པའི་དུས་སུ་རྩེ་གཅིག་ཆེེན་པོའི་ཉམས་འཆར་བས། རྟོགས་པ་ལྷག་གི་ཤར་ནས་དགེ་སྦྱོར་ལ་བྲོད་པ་སྐྱེ་བའི་དུས་ཏེ། རྣམ་རྟོག་གི་དུམ་བུར་ཆད་པའི་ཚུལ་དུ་འོང་བས་དུམ་བུ་རྒྱུན་འཐུད་ལ་འབད་ཅིང་ང་འོ་དང་རློམ་སེམས་མེད་པ་གལ་ཆེ།༽ ༼ངང་སྒོམ་ལའང་གསུམ་སྟེ། ངང་སྒོམ་དང་པོའི་དུས་སུ་སྤྲོས་བྲལ་ཆུང་ངུའི་ཉམས་འཆར་བས། སྔར་གྱི་དེ་དག་བློས་
བྱས་སུ་སོང་བར་ཤེས་ནས་སེམས་ཀྱི་དྭངས་སྙིགས་ཕྱེད་པའི་དུས་ཏེ། སྒོམ་བློའི་རྩོལ་བ་བཤིག་ཅིང་ངང་གི་དྲན་པའི་རྒྱུན་ཐག་འཐུད་པ་གལ་ཆེ། ངང་སྒོམ་གཉིས་པའི་དུས་སུ་སྤྲོས་བྲལ་འབྲིང་གི་ཉམས་འཆར་བས། རིག་པའི་རྒྱ་ཕྱོཌ་མེད་ནས་རལ་ནས་རྣམ་རྟོག་ཡེ་ཤེས་སུ་འཆར་བའི་དུས་ཏེ། རིག་པའི་གསལ་ངར་ཕྱུང་ལ་ཡུལ་སྣ་ཕྱོགས་ལ་རྩལ་སྦྱང་བ་གལ་ཆེ། ངང་སྒོམ་གསུམ་པའི་དུས་སུ་སྤྲོས་བྲལ་ཆེན་པོའི་ཉམས་
འཆར་བས། ཐམས་ཅད་སེམས་སུ་གྲོལ་ནས་དབྱེར་མེད་རོ་གཅིག་ཏུ་རྟོགས་པའི་དུས་ཏེ། སྣང་སྲིད་རྒྱས་འདེབས་སུ་ཉམས་སུ་བླངས་ལ་དྲན་པའི་རྒྱུན་མི་བཅད་པ་གལ་ཆེའོ།༽ཙམ་ཡང་ནི་མི་ཤེས། བསྙེན་སྒྲུབ་ཟླ་མཚམས་ཙམ་ལ་ཡིད་བརྟན་རེ་བྱས་ནས། འགྲོ་དོན་བྱ་ཆོག་བསམ་ནས་ཟ་འདོད་ཀྱི་བློ་དེ། བདུད་༼མཆན་་་སྤྱིར་བདུད་ཞེས་པ་སེམས་ཅན་ལ་གནོད་འཚེ་གཏོང་མཁན་གྱི་གང་ཟག་བདུད་ཞེས་པ་ཞིག་ཡོད་ཀྱང། དོན་དངོས་ཐོག་དགེ་བ་ལ་བར་ཆོད་བྱེད་པ་ལ་བདུད་ཞེས་བྱ་སྟེ། དེ་ལ་བཞི་སྟེ། འདོད་ཆགས་དང་ཞེ་སྡང་སོགས་ཤས་ཆེ་བའི་དབང་གིས་དགེ་བ་ལ་བར་ཆོད་བྱེད་པ་ཉོན་མོངས་པའི་བདུད་དང། ལས་དང་ཉོན་མོངས་པའི་བསྐྱེད་པའི་ཕུང་པོ་འདི་གྲུབ་ན་རང་དབང་མེད་པ་ན་བ་དང་རྒས་པ་ལ་སོགས་པས་དགེ་བ་ལ་བར་ཆོད་བྱེད་པ་ཕུང་པོའི་བདུད། ཚེའི་འདུ་བྱེད་ཞིག་ནས་སྲོག་དང་བྲལ་ཞིང་དགེ་བ་བྱེད་པའི་རྒྱུན་བཅད་པའི་འཆི་བདག་ལས་བཙན་ཀྱི་བདུད། ལྷ་ཡི་བུ་རྣམས་ཕྲག་དོག་གི་དབང་གིས་དགེ་བར་བར་ཆོད་བྱེད་པ་ལྷའི་བུ་ཡི་བདུད་བཅས་བཞིའོ།༽ ཀྱིས་བསླུ་བ་ཡིན་ནོ་ལས་ལྡན་གྱི་བུ་རྣམས།རང་འདོད་རྐྱང་པ་འདི་ལ་ཡིད་གཏད་ཙམ་བྱེད་ནས། ངོམས་མེད་དཀོར་ནག་ཟ་བ་འགྲོ་དོན་ནི་མ་ཡིན། འགྲོ་དོན་འདོད་ན་དབེན་པའི་རི་ཁྲོད་དུ་བཞུགས་ནས། བྱང་ཆུབ་སེམས་ཉིད་སྒོམ་དགོས་ལས་ལྡན་གྱི་བུ་རྣམས། མདོར་ན་ཅི་བསམ་ཅི་སྒྲུབ་གཞན་དོན་དུ་དམིགས་ནས། རྣམ་དཀར་དགེ་བཅུ་དང་ལེན་ཚུལ་བཞིན་དུ་སྒྲུབས་དགོས། སྡིག་པ་མི་དགེ་བཅུ་པོ་དུག་བཞིན་དུ་སྤངས་ནས། བསམ་སྤྱད་དགེ་ལ་འབད་དགོས་ལས་ལྡན་གྱི་བུ་རྣམས། དགེ་བའི་གཞི་མ་དད་པ་རང་རྒྱུད་ལ་སྐྱེ་དགོས། དེ་ཡི་གྲོགས་སུ་ཡེངས་མེད་བརྩོན་འགྲུས་འདི་དགོས་ཀྱི། དེ་དག་བསྐྱེད་བྱེད་ནམ་འཆི་ངེས་མེད་ནི་སྒོམ་དགོས།འདི་དག་ཚུལ་བཞིན་སློབ་མཛོད་ལས་ལྡན་གྱི་བུ་རྣམས།
གཞན་ལ་སྐྱོན་དང་སྐུར་འདེབས་ཁྱད་གསོད་ནི་མ་བྱེད། དོན་མེད་སྡིག་ཚོགས་བསགས་པའི་དགོས་པ་ནི་ཅི་ཡོད། དེ་བས་རང་མིན་གཞན་བསྟོད་གོང་དུ་ནི་བཀུར་ནས། རང་མགོ་རང་གིས་སྨད་དགོས་ལས་ལྡན་གྱི་བུ་རྣམས། གལ་སྲིད་གཞན་སྐྱོན་མཐོང་ཚེ་དེ་འདྲ་ཡི་སྐྱོན་དེ། རང་ལ་ཨེ་འདུག་ལྟ་ནས་ཡོད་པ་རེ་ཡིན་ན། དེ་མ་ཐག་ཏུ་ངོས་བཟུང་རང་སྐྱོན་འདི་སྤང་དང། གནད་
ཀྱི་དམ་པ་༼མཆན་་་ཁྱད་པར་འཕགས་པའམ་ཡང་དག་པ་༽ཡིན་ནོ་ལས་ལྡན་གྱི་བུ་རྣམས། རྒྱུན་དུ་བཞུགས་གནས་དབེན་པའི་རི་ཁྲོད་ལ་མཛད་ནས། རང་རྒྱུད་རང་གིིས་འདུལ་ཞིང་བྱང་ཆུབ་ཀྱི་སེམས་དང།
བླ་མས་རང་ངོ་སྤྲད་པའི་རང་སེམས་ཀྱི་གནས་ལུགས། ཡེངས་མེད་རྒྱུན་དུ་སྐྱོང་དགོས་ལས་ལྡན་གྱི་བུ་རྣམས། བསམ་རྒྱུ་བླ་མ་མིན་པས་ཡིད་ལ་ནི་མེད་པ། སྒྲུབ་རྒྱུ་དགེ་བ་མ་གཏོགས་སེམས་ལ་ནི་མེད་པ། སྒོམ་རྒྱུ་རང་སེམས་མིན་པས་གཞན་མེད་གཅིག་མཛོད་དང། སངས་རྒྱས་འགྲུབ་ལ་མི་རིང་ལས་ལྡན་གྱི་བུ་
རྣམས། དེ་སྐད་ཤེས་མེད་མདོ་ཤོར་ས་མཐའ་ཡི་འཁྱར་མ། བརྒྱ་ཐོས་གཅིག་ཀྱང་མེད་པ་བོན་རྒན་གྱི་
གླེན་གཏམ༼མཆན་་་་མི་ཤེས་ཨུ་ཚུགས་ཀྱི་སྐད་ཆ་༽། རང་ལ་ཡོན་ཏན་མེད་ཀྱང་ཕན་སེམས་ཀྱི་སྒོ་ནས། གོང་མའི་གསུང་ཚུལ་ཅི་བཞིན་བྲིས་པ་ཞིག་ཡིན་པས། ཅི་བཞིན་འགལ་མེད་ཉམས་སུ་ལེན་པ་རེ་མཛོད་དང། རྒྱལ་བའི་བཀའ་དང་མཐུན་པའི་གདམས་ངག་ཀྱང་ཡིན་ལ། རང་གི་བསམ་པ་དཀར་བའི་ཁ་ཏ་ཡང་ཡིན་ལགས། སྙིང་ནས་མོས་པ་ཡོད་ན་སྙིང་གཏམ་ཡང་ཡིན་ལགས། བླ་མར་བླ་མ་འཛིན་ན་གདམས་ངག་ཀྱང་འདི་ཡིན། ཅི་བཞིན་ཉམས་སུ་བཞེས་ན་སློབ་མ་ཡང་ལོས་ཡིན། དེ་མིན་ཁ་དོན་འཛོལ་བའི་སློབ་མ་ལ་མི་སྤྲོ། ངོ་དགའ་ལྐོག་གཤེ་བྱེད་པའི་གྲོགས་པོ་ལ་མི་དད། འཁོར་ངན་ཁ་འཛིན་བྱེད་པའི་བླ་
གཟུགས་ལ་མི་མོས། མགོ་དམ་མཇུག་ལྷོད་བྱེད་པའི་དགེ་སློང་ལ་མི་དགའ། ཁ་ལྟ་འུད་༼མཆན་་་་དངོས་དོན་རང་གི་ཉམས་ལེན་ལས་བརྒལ་བའི་སྟོང་གཏམ་༽སྐད་འདོན་པའི་སྒོམ་ཆེན་ལ་མི་སྨོན། སྐྱ་མིན་སེར་མིན་བྱེད་པའི་གྲྭ་པ་ལ་མི་འདོད། འདི་ལྟར་མ་རབས་ཐ་ཆད་རྗེས་སུ་ནི་མི་སྙག༼མཆན་་་མི་འགྲོ་༽ཡ་རབས་གོང་མའི་རྗེས་བཟུང་ལས་ལྡན་གྱི་བུ་སློབ། སྙི་ཡུལ་བདེ་ཆེན་བསམ་གཏན་རི་ཁྲོད་ཀྱི་ཞིང་ན། སྔོན་འགྲོ་ཉན་བཤད་བྱ་བའི་ཐུན་མཚམས་ཀྱི་སྐབས་སུ། དབྲ་སྲས་ཀུན་བཟང་ནམ་མཁའི་སྙིང་པོ་དེས་བྲིས་པས།
དོན་དེ་ཅི་བཞིན་འགྲུབ་པའི་རྒྱུ་རུ་ནི་ཤོག་ཅིག མངྒ་ལཾ།།