བླ་ཆེན་དྲན་པ་ནམ་མཁས་མཛད།
སྟོན་པ་ཀུན་དུ་བཟང་པོ་ལ་ཕྱག་འཚལ་ལོ། །གསང་སྔགས་ཐམས་ཅད་ཀྱི་དེ་ཉིད། རྩ་རྒྱུད་ཀུན་འདུས་སྟོན་པའི་འགྲེལ་བ་ཉི་ཟེར་དྲྭ་བ་ལས། ཐོག་མར་ཕྱག་འཚལ་བ་སྟོན་ཏེ། སྟོན་པ་ཞེས་པ་ལ་བཞི་སྟེ། དཔེ་ནམ་མཁའི་སྟོན་པ། དོན་བོན་ཉིད་ཀྱི་སྟོན་པ། རྟགས་སེམས་ཉིད་ཀྱི་སྟོན་པ། ཡོན་ཏན་ཁུངས་ཀྱི་སྟོན་པའོ། །དེ་ལ་དཔེ་ནམ་མཁའ་འདི་ཉིད་ཀྱི་ངང་ནས། སྣང་ཞིང་སྲིད་པ་ཐམས་ཅད་སྟོན་པས་ན་སྟོན་པའོ། །དོན་བོན་ཉིད་རྣམ་པར་དག་པའི་ངང་ནས། བོན་ཅན་མཚན་མར་སྣང་བ་ཐམས་ཅད་སྟོན་པས་ན་སྟོན་པའོ། །རྟགས་སེམས་ཉིད་སྐྱེ་བ་མེད་པའི་ངང་ནས། ཕུང་པོ་ཁམས་དང་སྐྱེ་མཆེད་ཐམས་ཅད་སྟོན་པས་སྟོན་པའོ། །དོན་དེ་གསུམ་ཡང་ཀུན་ཏུ་བཟང་པོ་ཉིད་ལ་འདུས་པས་ན་སྟོན་པའོ། །ཡོན་ཏན་ཁུངས་ཀྱི་སྟོན་པ་ནི། ཀུན་ཏུ་བཟང་པོ་ཉིད་ཡིན་ཏེ། དེ་ཡང་ཀུན་ཏུ་བཟང་པོ་ཞེས་པ། དཔེར་ན་གསེར་གླིང་ན་རྡོ་དང་བོང་བའི་མིང་མེད་པ་ལྟར། སེམས་ཉིད་ཀུན་ཏུ་བཟང་པོ་དེའི་ངང་ནས། ལས་དང་འཁོར་བའི་འཁྲུལ་པ་རྡུལ་ཙམ་ཡང་མེད་པ་དེ་ལ་བྱའོ། །དེ་ལ་དབྱེ་ན་གཉིས་ཏེ། བརྡའ་གདགས་སུ་ཡོད་པའི་ཀུན་ཏུ་བཟང་པོ་ནི། བཞི་བཅུ་རྩ་ལྔ་ཐེག་པའི་ཡང་གོང༌། ས་དཀར་ལ་ལྗོན་པའི་ཡང་སྟེང་ན། འོག་མིན་འདའ་བ་མེད་པའི་ཕོ་བྲང༌། ཡི་གེ་འཁོར་ལོ་རྫོགས་པའི་དཀྱིལ་འཁོར་ན། ལོངས་སྤྱོད་རྫོགས་པའི་སྐུ་མཚན་དང་དཔེ་བྱད་དུ་ལྡན་པ་དེ་ལ་བྱའོ། །གདགས་སུ་མེད་པའི་ཀུན་ཏུ་བཟང་པོ་ནི། བོན་སྐུ་ཀུན་ཏུ་བཟང་པོ་ནམ་མཁའ་ལྟ་བུ་སྤྲོས་པའི་མཚན་མ་ཐམས་ཅད་དང་བྲལ་བ་དང༌། སེམས་ཉིད་ཀུན་ཏུ་བཟང་པོ་ནམ་མཁའ་ལྟ་བུ་སྤྲོས་པའི་མཚན་མ་ཐམས་ཅད་དང་བྲལ་བ་ལ་བྱའོ། །རྣམ་རྟོག་ཅེས་པ་བསལ་བྱའི་ཉོན་མོངས་པ་སྟེ། བཟང་རྟོག་དང་ངན་རྟོག་གཉིས་སོ། །དྲྭ་བ་ཞེས་པ་རྟོག་པའི་དཔེ་སྟེ། དྲྭ་བས་གཡོག་ནས་ཐོན་དཀའ་བ་ལྟ་བུའོ། །སེལ་མཛད་ཅེས་པ་སེལ་བྱེད་ཐུགས་རྗེ་སྟེ། རྟོག་མེད་ཅིར་ཡང་འཆར་བ་གསལ་བ་ཡེ་ཤེས་ཀྱིས་སེམས་ཅན་གྱི་རྣམ་རྟོག་འཇོམས་པའོ། །
ཟབ་ཅིང་བརྒྱ་ཆེ་བའི་སྐུ་མངའ་ཙ༽ བ། །ཞེས་པས་སྐུའི་ཡོན་ཏན་ཏེ། ཟབ་པ་རྒྱ་མཚོའི་གཏིང་དཔག་ལྟ་བུ་རྟོགས་པ་དཀའ་བའི་སྐུ་མངའ་བ། རྒྱ་ཆེ་བ་ནམ་མཁའི་མཐའ་ལྟར། འགྲོ་བ་ཡོངས་ལ་ཁྱབ་པའོ། །ཐམས་ཅད་མཁྱེན་ལ་ཞེས་པ་ཀུན་ཏུ་བཟང་པོ་དེས་ཤེས་བྱ་ཐམས་ཅད་ནམ་མཁར་ཉི་མ་ཤར་བ་ལྟར་གསལ་བའོ། །ལ་ཞེས་པ་སྟོན་པ་ཕྱག་གི་ཡུལ་དུ་འཇོག་པའོ། །ཕྱག་འཚལ་ཞེས་པ་ལ་དྲུག་སྟེ། ངོ་བོ་དང༌། ངེས་ཚིག་དང༌། དབྱེ་བ་དང༌། དཔེ་དང༌། ཡོན་ཏན་དང༌། དུས་ཚིགས་སོ། །དེ་ལས་ཕྱག་འཚལ་བའི་ངོ་བོ་ནི་ལུས་ངག་ཡིད་གསུམ་མོ། །ངེས་ཚིག་ནི་སྒྲིབ་པ་ཐམས་ཅད་ཕྱག་པའི་ཕྱིར་ན་ཕྱག་གོ། །དབྱེ་བ་ལ་གསུམ་སྟེ། ལུས་ཕྱག་ཡན་ལག་ལྔ་བཏུད། ངག་ཕྱག་སྐྱབས་འགྲོ་དབྱངས་སྙན། ཡིད་ཕྱག་མོས་གུས་འདུན་པའོ། །དཔེ་ནི་ལུས་ཀྱི་ཕྱག་འཚལ་བའི་དཔེ་ལྗོན་ཤིང་རླུང་གིས་བསྐྱོད་པ་ལྟ་བུ། ངག་གི་ཕྱག་འཚལ་བའི་དཔེ་སྙན་པའི་དབྱངས་ལྟ་བུ། ཡིད་ཕྱག་གི་དཔེ་བུ་གཅིག་གི་མ་ལྟ་བུ། ཡོན་ཏན་ནི་ལུས་ཀྱི་ཕྱག་བཙལ་བས་ལུས་ཀྱི་སྡིག་པ་སྲོག་བཅད་པ་རྐུ་དང་འདོད་ལོག་གཡེམ་པ་གསུམ་གྱི་སྒྲིབ་པ་འདག ངག་གིས་རྫུན་དང་འཕྲ་མ་ཚིག་རྩུབ་ངག་འཁྱལ་བཞི་ཡི་སྒྲིབ་པ་འདག ཡིད་ཀྱིས་མངན་སེམས་གནོད་སེམས་ལོག་ལྟ་གསུམ་འདག་གོ། །དུས་ཚྀགས་ནི་ཐམས་ཅད་མཁྱེན་པའི་སངས་རྒྱས་མ་ཐོབ་བར་དུ་འཚལ་ལོ། །
ད་ནི་ཕུན་སུམ་ཚོགས་པའི་གླེང་གཞི་དྲུག་གི་དང་པོ། སྟོན་པ་ཕུན་སུམ་ཚོགས་པ་སྟོན་ཏེ། སྟོན་པ་ཙ༽ པའི་ཐུགས་ཀྱི་དཀྱིལ་འཁོར་ནས། །ཞེས་པ་སྟོན་པ་ཕུན་སུམ་ཚོགས་པ་ཡིན་ནོ། །སྟོན་པ་དེ་སྐུ་ཕུན་སུམ་ཚོགས་པ་མཚན་བཟང་པོ་སུམ་ཅུ་རྩ་གཉིས་དང༌། དཔེ་བྱད་རྒྱད་བཅུ་རྩ་གཉིས་དང༌། ངེས་པའི་ཐོ་ཡིག་བཞི་བཅུ་ལ་སོགས་པ་མཚན་དང་དཔེ་བྱད་དུ་ལྡན་པ་ཡོན་ཏན་གྱི་ཕུང་པོ་མངའ་བའོ། །ཐུགས་རྗེ་ཕུན་སུམ་ཚོགས་པ་བཞི་དང་ལྡན་ཏེ་དཔག་ཏུ་མེད་པ་ནམ་མཁའ་ལྟ་བུའི་ཐུགས་རྗེ། ཀུན་ལ་སྙོམས་པས་ཉི་ཟླ་ལྟ་བུ་དང༌། ཟད་པ་མེད་པ་ས་གཞི་ལྟ་བུ་དང༌། རྒྱུན་ཆད་མེད་པ་ཆུ་བོ་ལྟ་བུའི་ཐུགས་རྗེ་དང་ལྡན་པའོ། །ཡེ་ཤེས་ཕུན་སུམ་ཚོགས་པ་ནི་སྟོང་པ་ཉིད་ཀྱི་ཡེ་ཤེས་དང༌། མཉམ་པ་ཉིད་ཀྱི་ཡེ་ཤེས་གཉིས་ནི་སྣང་མེད་ཇི་ལྟ་བ་མཁྱེན་པའི་ཡེ་ཤེས་དང༌། མེ་ལོང་ལྟ་བུའི་ཡེ་ཤེས་དང༌། བྱ་བ་ནན་ཏན་གྱི་ཡེ་ཤེས་དང༌། སོ་སོར་རྟོགས་པའི་ཡེ་ཤེས་གསུམ་ནི་སྣང་བཅས་ཇི་སྙེད་པ་མཁྱེན་པ་སྟེ། ཡེ་ཤེས་ཆེན་པོ་ལྔ་དང༌། མཁྱེན་པའི་ཡེ་ཤེས་དྲུག་ཅུ་རྩ་གཅིག་དང༌། འདུལ་བྱེད་ཡོན་ཏན་གྱི་ཡེ་ཤེས་ཁྲི་དང་འབུམ་ལ་སོགས་མངའ་བའོ། །འཕྲིན་ལས་ཕུན་སུམ་ཚོགས་པ་ནི། འབད་རྩོལ་མེད་པའི་ཡིད་བཞིན་ནོར་བུའི་འཕྲིན་ལས་དང༌། གཞན་དོན་རང་ཤུགས་ལ་འབྱུང་བ་འགག་མེད་རོལ་པའི་འཕྲིན་ལས་སོ། དོན་དེ་ལྟ་བུའི་ཐུགས་ཀྱི་དཀྱིལ་འཁོར་བསྟན་པ་སྟོན་པ་ཕུན་སུམ་ཚོགས་པའོ། །
བྱིན་གྱི་རླབས་ཀྱིས་བཤད་པ་ཡི། །ཞེས་པ། བཀའ་ཕུན་སུམ་ཚོགས་པ་སྟེ། ལོངས་སྐུའི་འཆད་ལུགས་ཐུགས་རྗེ་བྱིན་རླབས་ཀྱིས་བཤད་པ་དང༌། སྤྲུལ་སྐུའི་འཆད་ལུགས་གསུང་ཚིག་ཡི་གེར་འཆད་པ་གཉིས་ལས། འདི་ནི་རྫོགས་སྐུའི་འཆད་ལུགས་སོ། །བཀའ་ལ་དབྱེ་ན་གསུམ་སྟེ། བྱིན་གྱིས་རླབས་པའི་བཀའ་དང༌། ཞལ་ནས་གསུངས་པའི་བཀའ་དང༌། རྗེས་སུ་གནང་བའི་བཀའོ། །དེ་ལ་བྱིན་གྱིས་རླབས་པའི་བཀའ་ནི། ཀུན་ཏུ་བཟང་པོ་ངག་ཚིག་གི་སྒྲར་མ་གསུང་སྟེ། བྱིན་རླབས་ཏིང་འཛིན་གྱི་སྒོས་འོག་མ་ཡི་རིག་པའི་རྒྱུད་ཐོག་ཏུ་བཤད་པའི་སྔགས་སེམས་ཐེག་པ་ཆེན་པོར་ངེས་པའི་དོན་གྱི་བོན་རྣམས་ཡིན་ཏེ། ཞལ་ནས་གསུང་པ་ནི་སྤྲུལ་སྐུའི་ཚིག་དང་ཡི་གེར་གསུངས་པའོ། །རྗེས་སུ་གནང་བ་ནི་སངས་རྒྱས་ཀྱིས་ལུང་བསྟན་ནས་གསུངས་པ་རྣམས་སོ། །དེ་ལྟར་བཀའ་གསུམ་ལ། འདི་ནི་བྱིན་གྱིས་རླབས་པའི་བཀའ་ཕུན་སུམ་ཚོགས་པའོ། །
ཀུན་འདུས་རིན་ཆེན་རྩ་བའི་རྒྱུད། །ཅེས་པས་བསྟན་པ་ཕུན་སུམ་ཚོགས་པ་སྟེ། ཀུན་འདུས་ནི་ཡོན་ཏན་ལ་མཚན་དུ་གསོལ་བ་སྟེ། དཔེར་ན་རྒྱལ་པོའི་མངའ་འོག་ཏུ་འཁོར་རྣམས་འདུས་པ་ལྟར། གསང་སྔགས་ཀྱིས་དོན་ཐམས་ཅད་འདིའི་ཁོངས་སུ་འདུས་པའོ། །རིན་ཆེན་ཞེས་པ། དཔེ་ལས་མཚན་དུ་གསོལ་བ་སྟེ། དཔེར་ན་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་ལས་དགོས་འདོད་སྣ་ཚོགས་འབྱུང་བ་ལྟར། རྒྱུད་འདི་ཉིད་ལས་གསང་སྔགས་ཀྱི་དོན་ཐམས་ཅད་འབྱུང་བ་ལ་བྱའོ། །རྩ་བའི་རྒྱུད་ཅེས་པས་དོན་ལ་མཚན་དུ་གསོལ་བ་སྟེ། དཔེར་ན་སྡོང་པོའི་ཡལ་ག་ཐམས་ཅད་རྩ་བ་ལ་འདུས་པ་ལྟར། གསང་སྔགས་ཐམས་ཅད་ཀྱང་དོན་སེམས་ཉིད་དུ་འདུས་པ་ལ་བྱའོ། །དེ་ལྟ་བུའི་དོན་དང་ལྡན་པས་བསྟན་པ་ཕུན་སུམ་ཚོགས་པའོ། །
འོག་མིན་དབྱིངས་ཀྱི་ཕོ་བྲང་དུ། །ཞེས་པས་གནས་ཕུན་སུམ་ཚོགས་པ་སྟེ། འོག་མིན་དབྱིངས་ཀྱི་གནས་དེ་སངས་རྒྱས་ཐམས་ཅད་ཀྱི་བཞུགས་གནས་ཡིན་པས། དེས་ན་འཁོར་བའི་དུཿཁ་ཐམས་ཅད་དང་བྲལ་བས་བདེ་བ་ཕུན་སུམ་ཚོགས་པ་དང༌། དོན་དུ་འདུ་བྱས་དུ་མ་གྲུབ་པས་དོན་དམ་ཕུན་སུམ་ཚོགས་པའོ། །མཐའ་དབུས་མེད་པ་སེམས་ཉིད་ཀྱིས་གནས་ཡིན་པས་ཡོན་ཏན་ཕུན་སུམ་ཚོགས་པའོ། །
སྔོན་སྦྱངས་འཕྲོ་ལེན་འཁོར་རྣམས་ལ། །ཞེས་པ་འཁོར་ཕུན་སུམ་ཚོགས་པ་སྟེ། འདི་ལ་འཁོར་སྡེ་གཉིས་ཏེ། ཕོ་བྲང་ལྷ་ཚོགས་ཀྱི་འཁོར་དང༌། སྦྱངས་པ་འཕྲོ་ལེན་གྱི་འཁོར་རོ། །དེ་ལ་ཕོ་བྲང་ལྷ་ཚོགས་ཀྱི་འཁོར་སྡེ་བརྒྱད་སྟེ། དུག་ལྔ་ངོ་བོ་ཉིད་དུ་གྲོལ་བས་རྒྱལ་བ་ལྷ་ལྔའི་འཁོར་དང༌། ཕུང་པོ་རྣམ་པར་དག་པ་རུ་བཞི་གསུང་གི་འཁོར་དང༌། ཚོགས་བརྒྱད་རང་སར་གྲོལ་བ་ཡེ་ཤེས་བརྒྱད་ཀྱི་འཁོར་དང༌། ཡུལ་བརྒྱད་འདོད་ཡོན་དུ་གྲོལ་བ་ཡེ་ལྕམ་བརྒྱད་ཀྱི་འཁོར་དང༌། གནས་དྲུག་ཕྱག་རྒྱ་རུ་གྱུར་པ་འདུལ་བ་དྲུག་གི་འཁོར་དང༌། དབང་པོ་སྟོབས་སུ་གྱུར་པ་གཙུག་ཕུད་དགུའི་འཁོར་དང༌། སྐྱེ་རྒ་ན་འཆི་བཞིའི་བདུད་ལས་རྒྱལ་བ་སྒོ་བ་བཞིའི་འཁོར་དང༌། འཕྲིན་ལས་བཀའ་དམ་སྐྱོང་བ་སྲུང་མའི་འཁོར་རོ། །སྦྱངས་པ་འཕྲོ་ལེན་གྱི་འཁོར་ནི། སྟོན་པ་ཚད་མེད་འོད་ལྡན། འཕྲུལ་གཤེན་སྣང་ལྡན། ཡེ་ཤེས་གཙུག་ཕུད། བཟང་ཟ་མཚན་དྲུག གསང་བ་འདུས་པ། མུན་པ་ཀུན་སེལ། འོད་ཟེར་དཔག་མེད། ཞིང་ཁམས་དག་པའི་གཡུང་དྲུང་སེམས་དཔའ་རྣམས་སོ། །
ངོ་བོ་ཉིད་ཀྱིས་བཀའ་བསྩལ་པ། །ཞེས་པ་སྟོན་ལུགས་ཕུན་སུམ་ཚོགས་པ་སྟེ། འདི་ལ་འཆད་ལུགས་གསུམ་སྟེ། རང་བཞིན་ངོ་བོ་ཉིད་ཀྱིས་བཤད་པ། ཐུགས་རྗེ་བྱིན་རླབས་ཀྱིས་བཤད་པ། སྒྲ་ཚིག་སྡེབ་སྦྱོར་གྱིས་བཤད་པའོ། །དེ་ལས་རང་བཞིན་ངོ་བོ་ཉིད་ནི། སྟོན་པ་དེས་ངོ་བོ་ཉིད་དུ་བཤད་པས། དེ་རང་བཞིན་གྱི་འཁོར་གྱིས་གོ་བའོ། །ཐུགས་རྗེ་བྱིན་རླབས་ཀྱིས་འཁོར་ལ་བཤད་པས་འཁོར་གྱིས་གོ་བའོ། །སྒྲ་ཚིག་སྦྱོར་སྡེབ་ནི་སྒྲ་དང་ཚིག་གི་སྦྱོར་སྡེབ་ཀྱིས་བསྟན་པ་གོ་བ་གསུམ་ལ། འདི་ནི་ངོ་བོ་ཉིད་དང་བྱིན་གྱིས་རླབས་ཀྱིས་བཤད་པའོ། །ད་ལྟ་རྗེས་སུ་འཇུག་པ་རྣམས་ནི་སྒྲ་ཚིག་སྦྱོར་སྡེབ་ཀྱིས་འཆད་པའོ། །
ད་ནི་བསྟན་པས་སྣོད་ཀྱི་སློབ་མ་སྟོན་ཏེ། འདི་ལ་བོན་གྱི་སྡེ་གསུམ། གང་ཟག་གི་སྣོད་གསུམ་མོ། དེ་ལ་བོན་གྱི་སྡེ་གསུམ་ནི། རྒྱས་པ་རྒྱུད་ཀྱི་སྡེ། འབྲིང་པོ་ལུང་གི་སྡེ། སྡུས་པ་མན་ངག་གི་སྡེ། དེ་རྟོགས་པར་བྱེད་པ་སློབ་མ་བློ་རབ་འབྲིང་ཐ་མ་གསུམ་མོ། །དེ་ལ་བློ་རབ་ནི། དད་པ་ཆེ་ལ་ཡིད་གཞུང་ཙ༽ ཞིང༌། །ཞེས་པ་རྣམས་ནི། སློབ་མའི་མཚན་ཉིད་ལྔ་དང་ལྡན་པ་སྟེ། དད་པ་ཆེ་བ། ཡིད་གཞུང་བ། སེར་སྣ་ཆུང་བ། ཆགས་པ་མེད་པ། སྟོབས་ཆེ་བློ་དང་ལྡན་པའོ། །
དེ་ལ་གསང་སྔགས་སྤྱོད་པའི་སློབ་མ་དེ། དད་པ་ཆེ་བ་དད་པའི་བོན་བཞི་དང་ལྡན་དགོས་ཏེ། མོས་པའི་དད་པ་བུ་གཅིག་པའི་མ་ལྟ་བུ། དྲྭངས་བའི་དད་པ་ནོར་བུ་ཆུ་མདངས་ཀྱི་ཆུའི་དྭངས་སྙིགས་ཕྱེད་པ་ལྟ་བུ། ཡིད་ཆེས་པའི་དད་པ་འགྲོན་པོ་རང་རང་གི་ཡུལ་དུ་སླེབས་པ་ལྟ་བུ། མཐའ་ཕྱིན་པའི་དད་པ་ལོ་ཐོག་ཕུགས་སུ་ཆུད་པ་ལྟ་བུ། དེ་བཞི་དང་ལྡན་ན་རབ། གང་རེ་ཡོད་པ་ཡང་དད་ལྡན་ནོ། །
ཡིད་གཞུང་པ་ལ་གསུམ་སྟེ། གང་ལ་ཡང་མི་ཡེངས་པ་མདའ་སྙུག་སྲང་བ་པ་ལྟ་བུ་བརྩོན་པར་གཞུངས་པ། སོ་མལ་ན་ལྕགས་ལེན་པ་ལྟ་བུ་མ་བརྗེད་པར་ཡིད་གཞུངས་པ། སྐོམ་པ་ཆུས་གདུང་བ་ལྟ་བུ། དོན་ཉམས་སུ་ལེན་ལ་ཡིད་གཞུངས་པའོ། །
སེར་སྣ་ཆུང་བ་ནི། རབ་རང་གཞན་གཉིས་ཀའི་ཡོ་བྱད་གཏོང་བར་ནུས་པ། འབྲིང་རང་གི་གཏོང་ནུས་པ། ཐ་མ་གཞན་གྱི་གཏོང་ནུས་པའོ། །
ཆགས་པ་མེད་པ་ནི། བླ་མ་དང་བདེར་གཤེགས་ཀྱི་ཕྱོགས་སུ་འཁོར་གསུམ་གཉེན་བཤེས་དང༌། ལུས་སྲོག་འཛིན་པའི་ཟས་ནོར་ལ་ཡང་མ་ཆགས་པ་བཟའ་བཏུང་གོན་པ་དང༌། གཉེན་བཤེས་ཟས་ནོར་རྣམས་ཡིད་ལ་མི་བྱེད་པ་གཅིག་དགོས་པའོ། །
བློ་ཞེས་པ་བློ་རིག་བརྒྱད་ཡིན་ཏེ། ཡངས་པ་ནམ་མཁའ་ལ་མདུང་བསྐོར་བ་ལྟ་བུའི་བློ། རྣོ་བ་ཆུ་ལ་རལ་གྲི་བཏབ་པ་ལྟ་བུའི་བློ། མྱུར་བ་ནགས་ཚལ་ལ་མེ་མཆཻད་པ་ལྟ་བུའི་བློ། གསལ་བ་སྒྲོན་མེ་བཏེགས་པ་ལྟ་བུའི་བློ། སྟོབས་ཆེ་བ་གླང་པོ་ལྟ་བུའི་བློ། འགྱུར་ལྡོག་མེད་པ་གསེར་ལྟ་བུའི་བློ། མ་ཡེངས་པ་བརྟན་པར་གྲུ་གུས་གཡུ་འབུག་པ་ལྟ་བུའི་བློ། ཐོགས་རྡུག་མེད་པ་རི་གཟར་གྱི་རྦབ་ལྟ་བུའི་བློ་དང་བརྒྱད་ལས། རབ་ནི་སྟོབས་ཆེའི་བློ་གླང་པོ་ལྟ་བུ་གཅིག་དགོས་ཏེ། དཔེར་ན་གླང་པོས་བཀལ་ཚད་ཐེག་པ་ལྟར། སློབ་མའི་བློ་སྟོབས་ཀྱིས་གང་ཡང་ཐེག་པ། རྣམ་པར་ཤེས་དང་ཉམ་ང་མེད་པ། སྨད་ཀྱང་ཞུམ་པ་མེད་པ། ཅི་ཡང་ཤོང་བ། གང་ཡང་སློབ་པར་འདོད་པའོ། །བློ་དེ་ལ། རྒྱུད་འགྲེལ་རྩ་བའི་མན་ངག་བསྟན། །ཞེས་པས་བརྒྱུད་བསྟན་པའོ། །
དད་པ་ཆེ་ལ་ཡིད་གཞུང་ཞིང༌། །ཞེས་པ། སློབ་མ་བློ་འབྲིང་གི་མཚན་ཉིད་གསུམ་དང་ལྡན་པ་སྟེ། དད་པ་ཆེ་བ། ཡིད་གཞུང་བ། འགྱུར་ལྡོག་མེད་པའི་བློ་དང་ལྡན་པའོ། །དེ་ལ་དད་པ་དང་ཡིད་སྔར་དང་འདྲ། འགྱུར་ལྡོག་མེད་པ་གསེར་ལྟ་བུ་ནི། བློ་འབྲིང་ཡིན་ཏེ། དཔེར་ན་གསེར་དེ་གང་དུ་ཡང་མི་འགྱུར་བ་བཞིན། སློབ་མ་དེ་ཡང་དགེ་བ་ལས་སྡིག་པར་མི་ལྡོག་པ་གཅིག་དགོས་པས། མདོ་དང་རྩ་བར་དྲིལ་ཞེས་པ། དེ་ལ་ལུང་གི་བོན་སྟན་ནོ། །
ཐ་སྙད་ཚིག་བོར་དོན་ལ་ཞུགས། །ཞེས་པས། སློབ་མ་བློ་ཐ་མ་མཚན་ཉིད་གསུམ་དང་ལྡན་པ་སྟེ། ཐ་སྙད་ཀྱི་ཚིག་བོར་བ། དོན་ལ་ཞུགས་པ། མི་ཡེངས་བརྟན་པའི་བློ་དང་ལྡན་པའོ། དེ་ལ་ཐ་སྙད་ཀྱི་ཚིག་བོར་བ་ནི། ཚིག་གི་ན་ཡ་ལ་བྱང་ཆུབ་མི་རེ་བ་ཚིག་ཕྱིར་མ་འབྲང་པ། དོན་གནས་ལུགས་བསྒོམ་པས་ཐུན་བཞི་ཡལ་བར་མ་ཤོར་བ། མི་ཡེངས་བརྟན་པ་གྲུ་གུས་གཡུ་འབུག་པ་ལྟ་བུའི་བློ་ཡོད་པ་སྟེ། དཔེར་ན་གྲུ་གུས་གཡུ་འབུག་པ་ཡང༌། དེ་ལས་གཞན་ལ་མ་ཡེངས་པར་བརྟན་པ་བཞིན། སློབ་མ་དེ་ཡང་གནས་ལུགས་ལ་མ་ཡེངས་པར་བསྒོམ་པའི་བློ་ཡོད་པའོ། །
མན་ངག་དོན་སྟོན་ནན་ཏན་བསྲེ། །ཞེས་པས། ཚིག་བོར་དོན་ལ་ཞུགས་པ་ལ་མན་ངག་གི་བོན་བསྟན་པ་ཡིན་ནོ། །ད་ནི་རྣམ་པར་གསལ་བའི་གཞུང་དོན་ལ། དབྱེ་བ་གྲངས་ཀྱི་མདོར་བསྟན་ཏེ། སྤྱིར་ན་གསང་སྔགས་ལུགས་ཀྱིས་ཀྱང༌། །ཞེས་པས། ཐེག་པ་གསང་སྔགས་ཐམས་ཅད་ཀྱི་གོ་དོན་སྟོན་པའོ། །དེ་ལ་སྤྱིར་ཞེས་སྔགས་སྤྱིའི་དོན་ནོ། །
གསང་ཞེས་པ་ལ་བཞི་སྟེ། ངོ་བོ་གང་གསང༌། ཡུལ་གང་ལ་གསང༌། ཚུལ་ཇི་ལྟར་གསང༌། གཏན་ཚིགས་ཅིའི་ཕྱིར་གསང་ངོ༌། །དེ་ལ་ངོ་བོ་ནི། གསང་སྔགས་ཀྱི་བཀའ་རྒྱུད་རྣམས་གསང༌། ཡུལ་བཅུ་ལ་གསང་སྟེ། བསྟན་པའི་གནས་མ་ཡིན་པ་གསུམ་ལ་གསང༌། བསྟན་པའི་དོན་ལ་ལོག་པ་གསུམ་ལ་གསང༌། བསྟན་པའི་བར་ཆོད་གསུམ་ལ་གསང༌། མ་རྟོགས་འཁྲུལ་པའི་བློ་ཅན་ལ་གསང་ངོ༌། །དེ་ལས་བསྟན་པའི་གནས་མ་ཡིན་པ་ནི། ལོག་ལྟ་ཅན་ལ་ཐར་ལམ་གྱི་རྩ་བ་ཆད་པས་གསང༌། མ་མོས་སྐུར་འདེབས་ལ་གསང་སྔགས་ཀྱི་དོན་མི་སྐྱེ་བས་གསང༌། ཐ་མལ་རྨོངས་པའི་སྒྲིབ་པས་ཆོད་པས་གསང་ངོ༌། །དོན་ལ་ལོག་པ་ནི། དམ་ཉམས་དམ་ལོག་དམ་དྲེད་གསུམ་ལ་གསུང་ངོ༌། །བར་ཆོད་གསུམ་ནི་བདུད་དང་སྲིན་པོ་དགྲ་གེགས་ལ་གསང་ངོ༌། །མ་རྟོགས་འཁྲུལ་པ་ནི་ལོག་པ་མུ་སྟེགས་ལྟ་བུ་ལ་གསང་ངོ༌། །ཚུལ་ཇི་ལྟར་གསང་ན། ཏིང་ངེ་འཛིན་སྔགས་དང་ཕྱག་རྒྱ་འཕྲིན་ལས་དམ་རྫས་རྣམས་ལ་མཐོང་བ་དང་ཐོས་པ་ལྟ་བུ་ཅི་སྨོས་ཏེ། ཚུལ་སྤྱོད་ཙམ་ཡང་མི་བསྟན་པར་གསང་ངོ༌། །གཏན་ཚིགས་ཅིའི་ཕྱིར་གསང་ན། སངས་རྒྱས་ཀྱི་བཀའ་ཡང་དག་པའི་དོན་ལ། ཐུགས་རྗེ་བྲི་བཀོལ་མི་མངའ་སྟེ། མ་རྟོགས་པ་དེ་དག་ཐམས་ཅད་ནི་གཏི་མུག་རང་གསང་ཐབས་ཀྱིས་བཅད་ན་འཁྲུལ་པའི་ཕྱིར་གསང་སྟེ། དཔེར་ན་བྲག་ཕུག་ཁ་བྱང་དུ་བལྟས་པ་ལ་ཉི་མ་མི་འཆར་བ་ལྟ་བུའོ། །
སྔགས་ཞེས་པ་ལ་གསུམ་ཏེ། སྔགས་ཀྱི་ངོ་བོ་དང༌། ངེས་ཚིག་དང༌། དབྱེ་བའོ། །ངོ་བོ་ནི་དོན་སྒྲུབ་པའི་ཟླས་བརྗོད་དོ། །ངེས་ཚིག་ནི་དོན་ལ་སྔགས་པའི་ཕྱིར་ན་སྔགས་ཞེས་བྱ། དུག་ལྔ་ཡེ་ཤེས་སུ་བསྒྱུར་བས་ཕྱིར་ན་སྔགས་ཞེས་བྱ། མ་རྟོགས་འཁྲུལ་པའི་བློ་བྱང་ཆུབ་སེམས་ལ་སྔགས་པའི་ཕྱིར་ན་སྔགས་ཞེས་བྱའོ། །དབྱེ་བ་ལ་གཉིས་ཏེ། སྡེ་ཚན་གྱི་སྒོ་ནས་དབྱེ་བ་དང༌། བྱེད་པའི་སྒོ་ནས་དབྱེ་བའོ། །དེ་ལ་སྡེ་ཚན་བཞི་སྟེ། རིགས་སྔགས་དང༌། གཟུངས་སྔགས་དང༌། དྲག་སྔགས་དང༌། གསང་སྔགས་སོ། །དེ་ལ་རིགས་སྔགས་ནི། ཞི་བའི་རིགས་སྔགས་དང༌། ཁྲོ་བོའི་རིགས་སྔགས་དང༌། དབང་གི་རིགས་སྔགས་དང༌། རྒྱས་པའི་རིགས་སྔགས་སོ། །གཟུང་སྔགས་ནི། བསྲུང་བའི་སྔགས་ཐབས་མཐའ་དག་རྣམས་སོ། །དྲག་སྔགས་ནི་བསྒྲུབ་པའི་དྲག་སྔགས་དང༌། འཕངས་པའི་དྲག་སྔགས་དང༌། གདབ་པའི་དྲག་སྔགས་གསུམ། མུ་སྟེགས་བྲམ་ཟེ་དྲང་སྲོང་གི་སྔགས་དང༌། ཞང་ཞུང་གི་སྔགས་ཀྱི་མཐའ་རྒྱ་དུག་དམུ་དཔུ་ཏ༽ མུར་ཕུ་དང་གསུམ་རྣམས་སོ། །གསང་སྔགས་ནི། ཡང་དག་པའི་དོན་ཀུན་གཞི་བྱང་ཆུབ་ཀྱི་སེམས་ཀྱིས་དུག་ལྔ་ཡེ་ཤེས་སུ་བསྒྱུར་བ་ལ་བྱ་སྟེ། ད་ཐོབ་གསང་སྔགས་ཀྱི་རྒྱུད་སྡེ་འདིས། དུག་ལྔ་ཡེ་ཤེས་སུ་བསྒྱུར་བ་སྟོན་ལ། ཞོར་ལ་སྔགས་ཀྱི་རིགས་གཞན་ཐམས་ཅད་ཀྱང་འདིའི་ཡོན་ཏན་དུ་ཚང་པར་སྟོན་པའོ། བྱེད་པའི་སྒོ་ནས་དབྱེ་ན་བཞི་སྟེ། རྒྱུ་མ་ནོར་བ་རྩ་བའི་སྔགས་དང༌། བསྐྱེད་པ་རྐྱེན་གྱི་རྩ་བའི་སྔགས་དང༌། བཟླས་པ་ལས་ཀྱི་སྔགས་དང༌། ཐུན་མོང་མ་ཡིན་པ་རྩ་བའི་སྔགས་སོ། །དེ་ལ་རྒྱུ་མ་ནོར་བ་ནི་ལྷ་རྣམས་བསྐྱེད་པའི་རྒྱུའི་རྩ་བའི་ཡིག་འབྲུའོ། །སྙིང་པོའི་ལྷ་བསྐྱེད་པ་རྣམས་ལ་བསྐྱེད་པ་རྐྱེན་གྱི་སྔགས་སོ། །བཟླས་པ་ལས་ཀྱི་སྔགས་ནི་འཛབ་དང་སྙིང་པོའོ། ཐུན་མོང་མ་ཡིན་པ་ནི། རིགས་སྔགས་བྱེ་བྲག་ཏུ་ཕྱེ་བ་རྣམས་སོ། །
ལུགས་ཀྱིས་ཀྱང༌། ཞེས་པ་ལ་གསང་སྔགས་ཀྱི་ལུགས་སུ་ཡོད་ན། རིགས་བསྡུས་ན་གསང་བ་སྒྱུ་འཕྲུལ་གྱི་འཕྲིན་ལས་ལ་སྡེ་ལྔ་སྟེ། སྐུ་གསུང་ཐུགས་ཡོན་ཏན་འཕྲིན་ལས་ལྔ་སྟེ། འཕྲུལ་ཁུག་ཞི་ཁྲོ་གཉིས་ནི་འགྱུར་མེད་སྐུའི་སྒྲུབ་པའོ། །ལྷ་ཁུག་ཕྱ་ཁུག་གཉིས་ནི་འགག་མེད་གསུང་གི་སྒྲུབ་པའོ། །ཨ་ལུང་སྙིང་ཁུག་དང་ལྷ་མོ་ཐུགས་ཁུག་གཉིས་ནི་སྐྱེ་མེད་ཐུགས་ཀྱི་སྒྲུབ་པའོ། །ཨ་དྲུག་གནས་ཀྱི་ཁུག་མ་དང༌། །ཞི་བ་ཐེག་ལེ་གཉིས་ནི་ཡོན་ཏན་གནས་ཀྱི་སྒྲུབ་པའོ། །བཀའ་མཆིད་ཏ༽ མཆེད་གཏོ་ལུང་བསྲུང་བ་གྱད་ཀྱི་འཕྲིན་ལས་དང༌། རྡོ་བཟློག་དང་དབལ་ཕུར་ནག་པོ་གསུམ་ནི། བཟློག་བསྒྲལ་འཕྲིན་ལས་ཀྱི་སྒྲུབ་པའོ། །སྒྲུབ་པ་ཁྱད་པར་གྱི་སྡེ་ལྔ་ནི། རྫོགས་པ་སྡེ་ལྔ་སྟེ། ཞི་བ་ཡོངས་རྫོགས་དང༌། གཡུང་དྲུང་ཁྲོ་རྫོགས། ལྷ་རྩེ་དབང་རྫོགས། བདུད་རྩི་སྨན་རྫོགས། སྒྱུ་འཕྲུལ་གསང་བ་གཏིང་རྫོགས་དང་ལྔའོ། །མན་ངག་གནད་ཀྱི་སྡེ་གསུམ་ནི། རི་ནག་ཕུར་ནག་ཆབ་ནག་གསུམ་མོ། །དེ་ལ་སོགས་པ་གསང་སྔགས་སྒྱུ་འཕྲུལ་ཐམས་ཅད་ཀྱི་ལུགས་ཀྱིས་རྒྱུད་འདིའི་དོན་ཇི་བཞིན་བྱེད་པའོ། །
གཞི་དང་ལམ་དང་འབྲས་བུ་གསུམ། །ཞེས་པ་གསང་སྔགས་ཀྱི་གཞི་ལམ་འབྲས་བུ་སྟོན་པས། གཞི་བྱ་བ་ནི་གུད་ན་ཡོད་པ་མ་ཡིན་ཏེ། ཀུན་གཞི་བྱང་ཆུབ་ཀྱི་སེམས་འཁོར་འདས་ཐམས་ཅད་ཀྱི་གཞིར་གྱུར་པ་ལ་བྱའོ། །ལམ་ཞེས་པ་ཡང༌། གཞི་རྟོགས་པའི་ཐབས་ལྟ་སྤྱོད་གཉིས་ལ་བྱའོ། །འབྲས་བུ་ནི་གཞི་མངོན་དུ་གྱུར་པའོ། །འདི་ལ་དོན་གཉིས་ཏེ། གནས་ལུགས་དངོས་པོའི་དབང་དུ་བྱ་སྟེ། གཞི་ལམ་འབྲས་བུ་བསྟན་པ་དང༌། སྒྲུབ་ཐབས་གཙོར་ཆེར་བྱས་ལ་གཞི་ལམ་འབྲས་བུ་བསྟན་པའོ། །དེ་ལ་གནས་ལུགས་ནི་ཐེག་པ་ཆེན་པོའི་ནི་གསང་སྔགས་ཀྱི་ལུགས་ཀྱིས། གཞི་སྐྱེ་འགག་གཉིས་མེད། ལམ་ཐབས་ཤེས་གཉིས་མེད། འབྲས་བུ་དབྱིངས་ཤེས་གཉིས་མེད་ཡིན་ནོ། །
དང་པོ་གཞི་ལ་ལྔ་སྟེ། གཞིའི་ངོ་བོ་དང༌། ཡོན་ཏན་ཁྱབ་ལུགས་དང༌། དཔེ་དང༌། དབྱེ་བ་དང༌། འཁྲུལ་པའི་སྐྱོན་སྤང་བའོ། །དེ་ལ་ངོ་བོ་ནི་སྐྱེ་འགག་གཉིས་སུ་མེད་པ་སྟེ། ལུང་ལས་ཀྱང༌། སྐྱེ་འགག་གཉིས་མེད་ཡེ་ཤེས་འབྱེད་པ་མེད། །ཐམས་ཅད་འབྱེད་མེད་རང་འབྱུང་ཀུན་གཞིའི་ཀློང༌། །ཞེས་གསུངས་སོ། །སེམས་ཉིད་དེ་སྣ་ཚོགས་སུ་འཆར་བ་འགག་མེད། ཤར་ཚད་ངོ་བོ་ཉིད་ཀྱི་སྟོང་པས་སྐྱེ་མེད། དེ་གཉིས་ཐ་དད་མེད་པས་སྐྱེ་འགག་གཉིས་སུ་མེད་པ་ཀུན་གཞི་བྱང་ཆུབ་ཀྱི་སེམས་ཉིད་དོ། །
ཡོན་ཏན་གྱི་ཁྱབ་ལུགས་ནི། གཞི་དེ་མཐོ་སྟེ་རྒྱལ་བའི་དཀྱིལ་འཁོར་ནས། དམའ་སྟེ་དམྱལ་བའི་འཇིགས་ཚོགས་ཡན་ཆད་དུ་ཁྱབ་པའོ། །དཔེ་ནི་ཏིལ་ལ་ཏིལ་མར་གྱིས་ཁྱབ་པ་ལྟར་རོ། །ལུང་ལས་ཀྱང༌། ཨེ་མ་འཁོར་བའི་སེམས་ཅན་རྣམས། །ཡེ་ནས་སངས་རྒྱས་སྙིང་པོ་ལ། །རང་གི་རྣམ་པར་རྟོག་པ་འཁྲུལ། །ཞེས་གསུངས་སོ། །
དཔེ་ཞིང་ས་ལྟ་བུ་སྟེ། དེ་ལ་དཔེའི་བོན་གསུམ་ནི། ཅི་ཡང་སྐྱེ་བ། གར་བཏབ་སྨིན་པ། སྨིན་པ་ཆུད་མ་ཟོས་པར་དོན་བྱེད་ནུས་པའོ། །
དབྱེ་བ་ནི། གཞི་ཀ་དག་སྐྱེ་མེད་དང༌། གཞི་ལྷུན་གྲུབ་འགག་མེད་གཉིས་འཆར་ལུགས་ལ་མཚོན་པ་ལས་ངོ་བོ་དབྱེར་མེད་པའོ། །
འཁྲུལ་པ་སྤང་བ་ནི། གཞི་ལ་འཁྲུལ་པ་ཡོད་དམ་མེད། ཡོད་ན་སངས་རྒྱས་ཀྱང་འཁྲུལ་པར་ཐལ་ཏེ། མཐོ་སྟེ་རྒྱལ་བའི་ལྷ་ལ་ཡང་ཁྱབ་པའི་ཕྱིར། མེད་ན་འཁོར་བ་དོང་ནས་སྤྲུག་པར་ཐལ་ཏེ། དམྱལ་བ་ལ་ཡང་ཁྱབ་པའི་ཕྱིར་ཞེ་ན། སངས་རྒྱས་ལ་ངོ་བོ་ཉིད་དུ་ཁྱབ་པས་འཁྲུལ་པ་མེད། སེམས་ལ་འབྱུང་རུང་དུ་ཁྱབ་པས་འཁྲུལ་པ་ཡོད་དོ། །
ལམ་ཐབས་དང་ཤེས་རབ་གཉིས་སུ་མེད་པ་ལ་གསུམ་སྟེ། ལམ་གྱི་ངོ་བོ་དང༌། དཔེ་དང༌། དབྱེ་བའོ། དེ་ལ་ངོ་བོ་ནི་ལྟ་སྒོམ་ཤེས་རབ་ཀྱི་ལམ་དང༌། སྤྱོད་པ་ཐབས་ཀྱི་ལམ་གཉིས་སོ། ལུང་ལས་ཀྱང༌། ཐབས་དང་ཤེས་རབ་གཉིས་མེད་པས། །འབྲས་བུ་འཐའ་རུ་ཕྱིན་པར་འགྱུར། །ཞེས་གསུངས་སོ། །དེ་ལ་ཤེས་རབ་ནི། ལྟ་བའི་ཏིང་ངེ་འཛིན་རྣམས་སོ། །སྤྱོད་པ་ནི། སྔགས་དང༌། ཕྱག་རྒྱ་དང༌། འཕྲིན་ལས་དང༌། ཡོ་བྱད་ཀྱི་རྫས་རྣམས་ཡིན་ཏེ། དཔེ་ནི་གསེར་ཀྱི་སྐྲས་གདང་ལྟ་བུ་སྟེ། དཔེའི་བོན་གསུམ་ནི། དོན་གསེར་ལ་མི་འགྱུར་བ། སྐྲས་ལ་བསྒྲོད་དུ་ཡོད་པ། བསྒྲོད་པས་མཐོང་ཞིང་གསལ་བའོ། །
ལམ་གྱི་དབྱེ་བ་ལ་གསུམ་སྟེ། ཕྱིའི་ལམ། ནང་གི་ལམ། གསང་བའི་ལམ་མོ། །དེ་ལས་ཕྱིའི་ལམ་ནི་ཚོགས་ལམ་སྡེ་གསུམ་རིམ་དགུ། ནང་ལམ་སྦྱོར་ལམ་ཡེ་ཤེས་རིགས་བཞི། གསང་བའི་ལམ་མཐོང་སྒོམ་མཐར་ཕྱིན་ནོ། །དེ་ལས་ཚོགས་ལམ་སྡེ་གསུམ་ནི་ཚོགས་ལམ་དང་པོར་སྤང་བའི་བོན་གསུམ། འབྲིང་པོར་སྒྲུབ་པའི་བོན་གསུམ། ཆེན་པོར་ཏིང་ངེ་འཛིན་གྱི་བོན་གསུམ་མོ། །དེ་ལས་དང་པོ་སྤང་བའི་བོན་གསུམ་ནི། ལུང་ལས་ཀྱང༌། སྲོག་གཅོད་རྐུ་དང་འདོད་ལོག་གཡེམ། །ལུས་ལ་སྤང་བའི་བོན་གསུམ་བཤད། །རྫུན་ཕྲ་ཚིག་རྩུབ་ངག་འཁྱལ་བཞི། །ངག་ལ་འདུལ་བའི་བོན་བཞི་བཤད། །མནར་སེམས་གདུག་སེམས་ལོག་ལྟ་གསུམ། །ཡིད་ལ་སྐྱབས་པའི་བོན་གསུམ་བཤད། །ཅེས་གསུངས་སོ། །འབྲིང་པོ་སྒྲུབ་པའི་བོན་གསུམ་ནི། ལུང་ལས་ཀྱང༌། ལུས་ནི་བཅའ་བསྒྱུར་ཕྱག་རྒྱ་བསྒྲུབ། །ངག་ནི་བཟླས་བརྗོད་འཕྲིན་ལས་ཏེ། །ཡིད་ནི་མི་རྟག་སྒྱུ་མ་ཉིད། །རྒྱུན་དུ་བརྩོན་པའི་ཚོགས་ལ་གནས། །ཞེས་གསུངས་སོ། །ཆེན་པོར་ཏིང་ངེ་འཛིན་གསུམ་ནི། གཞི་ཅི་ཡང་མ་ཡིན་པའི་ཏིང་ངེ་འཛིན། ཡུལ་ལ་བརྩེ་བའི་ཏིང་ངེ་འཛིན། ཐུགས་རྗེས་སྤྲུལ་པའི་ཏིང་ངེ་འཛིན་ནོ། །དེ་ལྟར་སྤང་སྒྲུབ་བསྒོམ་གསུམ་པོ་དེ། ཕྱི་དྲང་སྲོང་དགེ་བསྙེན་གྱི་ཐེག་པ་དང་མཐུན་པས་ཕྱིའི་ལམ་མོ། །
ནང་གི་སྦྱོར་ལམ་རིམ་བཞི་ནི། དྲོད་རྩེ་མོ་བཟོད་པ་བོན་གྱི་མཆོག་སྟེ། དྲོད་ཀྱི་ཡེ་ཤེས་དང༌། རྩེ་མོའི་ཡེ་ཤེས་དང༌། བཟོད་པའི་ཡེ་ཤེས་དང༌། བོན་མཆོག་ཆེན་པོའི་ཡེ་ཤེས་དང༌། ཡེ་ཤེས་བཞི་པོ་འདི་ཐོབ་ནས་ངན་སོང་གསུམ་དུ་ཕྱིར་མི་ལྡོག་པའི་ས་ནོན་ནོ། །ཉོན་མོངས་པའི་སྒྲིབ་པ་འབྱང༌། རྒྱུ་བསོད་ནམས་ཀྱི་ཚོགས་རྫོགས་པའོ། །དེ་ལྟར་ཡེ་ཤེས་བཞི་པོ་འདི་ལྟ་བ་ཁམས་ཆེ་བས། འཇིག་རྟེན་གྱི་ལྟ་བ་རྣམས་ཀྱི་མཐར་ཐུག་པ་དང༌། སྤྱོད་པ་རླབས་ཆེ་བ་སྦྱོར་བ་སྒྲོལ་བ་མངོན་དུ་གྱུར་པའི་ནང་གི་ལམ་མོ། །དེ་ཡང་ཚོགས་སྦྱོར་གཉིས་པོ་འདི་འཇིག་རྟེན་གྱི་ལམ་ཡིན་ཏེ། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཁྱད་པར་ནི། ལུང་ལས། གཉིས་སུ་སྣང་ཞིང་གཉིས་སུ་འཛིན། །སྡུག་བསྔལ་སྤྱོད་པའི་འཇིག་རྟེན་ལ། །གཉིས་སུ་སྣང་ཡང་གཉིས་འཛིན་མེད། །བདེན་པ་མཐོང་ནས་འཇིག་རྟེན་འདས། །ཞེས་གསུངས་སོ། །
གསང་བའི་ལམ་ལ་གསུམ་སྟེ། མཐོང་བའི་ལམ་དང༌། བསྒོམ་པའི་ལམ་དང༌། མཐར་ཕྱིན་པའི་ལམ་མོ། །དེ་ལ་དང་པོ་མཐོང་ལམ་ལ་ལྔ་སྟེ། ངོ་བོ་དང༌། ངེས་ཚིག་དང༌། དབྱེ་བ་དང༌། མཐོང་བའི་ཚད་དང༌། སྒྲིབ་པ་གང་སྤང་བའོ། །དེ་ལས་ངོ་བོ་ནི་རང་འབྱུང་གི་ཡེ་ཤེས་སོ། །ངེས་ཚིག་ནི་སྔར་མ་མཐོང་བའི་དོན་མཐོང་བས་མཐོང་ལམ། དབྱེ་བ་ནི་རྣམ་པར་གྲོལ་བའི་ཡེ་ཤེས་དང༌། མི་རྟོག་པའི་ཡེ་ཤེས་གཉིས་སོ། །མཐོང་བའི་ཚད་ནི་འཇིག་རྟེན་ཐམས་ཅད་ནམ་མཁའ་ལ་ཉི་མ་ཤར་བ་ལྟ་བུར་མཐོང༌། མྱ་ངན་ལས་འདས་པ་སྟོང་ཉིད་རྣམ་པར་དག་པ་མཐོང༌། སྒྲིབ་པ་ནི་ཉོན་མོངས་པའི་སྒྲིབ་པ་སྤང་ངོ༌། །མཐོང་བའི་ལམ་ཐོབ་ནས་འཁོར་བར་ཕྱིར་མི་ལྡོག་པར་འགྱུར་རོ། །
སྒོམ་ལམ་ལ་ལྔ་སྟེ། ངོ་བོ་དང༌། ངེས་ཚིག་དང༌། དབྱེ་བ་དང༌། མཐོང་བའི་ཚད་དང༌། སྒྲིབ་པ་གང་སྤང་བའོ། །དེ་ལས་ངོ་བོ་ནི་གནས་ལུགས་ཀྱི་ངང་ལ་མཉམ་པར་གནས་པའོ། །ངེས་ཚིག་ནི། སྔར་མཐོང་བའི་དོན་བསྒོམ་པའི་ཕྱིར་ན་སྒོམ་ལམ་ཞེས་བྱའོ། །དབྱེ་བ་ནི་མཉམ་བཞག་དང་རྗེས་ཤེས་གཉིས་སོ། །མཐོང་བའི་ཚད་དབྱིངས་ཡེ་ཤེས་གཉིས་མེད་དུ་མཐོང༌། སྒྲིབ་པ་ནི་ཤེས་བྱའི་སྒྲིབ་པ་སྤང་ངོ༌། །ས་གཉིས་པ་ནས་བཅུ་ཚུན་ཆད་ལ་སྒྲིབ་པའི་ཆ་སྲབ་འཐུག་དགུ་ཡོད་པས། དེ་ནི་རང་གི་རྟོགས་པ་གོམས་པ་དང༌། ཀུན་ཏུ་བཟང་པོའི་ཐུགས་རྗེ་གཉིས་ཀྱིས་སྤང་ངོ༌། །ས་བརྒྱད་ནོན་ནས་སངས་རྒྱས་ཀྱི་ལུང་བསྟན་ཏེ། མཚན་མ་ལ་ཕྱིར་མི་ལྡོག་པའི་ས་ནོན། འབྲས་བུ་ཡེ་ཤེས་ཀྱི་ཚོགས་རྫོགས་པའོ། །ས་བཅུ་པ་ནི་མཐར་ཕྱིན་པའི་ལམ་སྟེ། ལུང་ལས་ཀྱང༌། ལྷུན་གྱིས་གྲུབ་པའི་ལམ་སྣར་གཏུག །ཅེས་གསུངས་སོ། དེ་ནི་ལམ་ཐམས་ཅད་ཀྱི་མཐར་ཐུག་པས་ཀྱང་མཐར་ཕྱིན་པའི་ལམ་ཞེས་བྱ་སྟེ། ཤེས་བྱའི་སྒྲིབ་པ་ཕྲ་བ་ཐམས་ཅད་ནི་འདིར་ཟད་ཅིང་སྤང་བའོ། །ལམ་གསུམ་པོ་འདི་ནི་འཇིག་རྟེན་ལས་འདས་པའི་ལམ་མོ། །
འབྲས་བུ་དབྱིངས་དང་ཡེ་ཤེས་གཉིས་སུ་མེད་པ་ནི། དབྱིངས་སྟོང་པ། ཡེ་ཤེས་གསལ་བ། དབྱིངས་དང་ཡེ་ཤེས་གཉིས་སུ་མེད་པ་བོན་གྱི་སྐུ་ཡིན་ཏེ། ལུང་ལས་ཀྱང༌། དབྱིངས་དང་ཡེ་ཤེས་གཉིས་སུ་མེད། །གཡུང་དྲུང་བོན་གྱི་སྐུ་རུ་གྲོལ། །ཞེས་གསུངས་སོ། །
དེ་ལ་བདེ་བ་ཆེན་པོ་བོན་གྱི་སྐུ་གསུམ་ནི། བཅུ་གཅིག་ཀུན་ཏུ་འོད་ཀྱི་ས། བཅུ་གཉིས་མ་ཆགས་པད་མ་ཅན་གྱི་ས། བཅུ་གསུམ་ཡི་གེ་འཁོར་ལོ་རྫོགས་པའི་ས་གསུམ་སྟེ། བཅུ་གསུམ་པ་ནི་བོན་སྐུའི་ས་ཡིན་པས། བོན་སྐུའི་དོན་བསྟན་ན་དྲུག་སྟེ། ངོ་བོ་དང༌། དབྱེ་བ་དང༌། མཐུན་པའི་དཔེ་དང༌། བཀའི་འཁོར་ལོ་དང༌། ཞིང་ཁམས་དང་བོན་སྐུའི་རང་བཞིན་ནོ། །དེ་ལ་ངོ་བོ་ནི་དབྱིངས་ཡེ་ཤེས་གཉིས་སུ་མེད་པའོ། །དབྱེ་བ་ནི་རྣམ་གྲངས་དུ་མར་མ་གྲུབ་པའི་བོན་སྐུ་ཐིག་ལེ་ཉག་གཅིག་གོ། །ཐུན་པའི་དཔེ་ནི་ནམ་མཁའ་ལྟ་བུ། བཀའ་ཡི་འཁོར་ལོ་ནི་སྨྲ་བསམ་བརྗོད་དུ་མེད་པའོ། །འདུལ་བའི་ཞིང་ཁམས་ནི་ནམ་མཁའ་མཐའ་ཀླས་པའོ། །རང་བཞིན་མ་གྲུབ་པ་ལྔ་དང་ལྡན་པ་སྟེ། མཚན་མར་འཛིན་པའི་ཡུལ་མ་གྲུབ། སྐུ་དངོས་འཛིན་པའི་ཚད་མ་གྲུབ། གཟུགས་སྣང་ཉན་པའི་འཁོར་མ་གྲུབ། བཀའ་རྒྱུད་བཤད་པའི་བོན་མ་གྲུབ། བདག་འཛིན་འདུལ་བའི་ཞིང་མ་གྲུབ་པའོ། །
བཅུ་གཉིས་ལོངས་སྤྱོད་རྫོགས་པའི་སྐུའི་ས་ཡིན་པས། རྫོགས་སྐུ་ལ་དོན་དྲུག་ལས། ངོ་བོ་ནི་མཚན་དང་དཔེ་བྱད་དུ་ལྡན་པས། དབྱེ་བ་ནི་ཞི་ཁྲོ་རིགས་ལྔ༌། མཐུན་པའི་དཔེ་ཉི་ཟླ་ལྟ་བུ། བཀའི་འཁོར་ལོ་ཐེག་པ་ཆེན་པོ། འདུལ་བའི་ཞིང་ཁམས་གཡུང་དྲུང་ས་བཅུའོ། །རང་བཞིན་ཕུན་སུམ་ཚོགས་པ་ལྔ་དང་ལྡན་པ་སྟེ། སྐུ་ཕུན་སུམ་ཚོགས་པ་མཚན་དང་དཔེ་བྱད་ལྡན་པ། ཚེ་ཕུན་སུམ་ཚོགས་པ་འགྱུར་མེད་གཡུང་དྲུང་གི་ཚེ་དང༌། ཉན་པའི་འཁོར་ཕུན་སུམ་ཚོགས་པ་ས་བཅུའི་གཡུང་དྲུང་སེམས་དཔའ། བཤད་པའི་བོན་ཕུན་སུམ་ཚོགས་པ་ངེས་དོན་འབའ་ཞིག འདུལ་བའི་ཞིང་ཕུན་སུམ་ཚོགས་པ་ས་བཅུའོ། །
བཅུ་གཅིག་ཀུན་ཏུ་འོད་ནི་ཅིར་ཡང་སྤྲུལ་པའི་སྐུའི་ས་སྟེ། སྤྲུལ་སྐུ་ལ་ཡང་དོན་དྲུག་སྟེ། ངོ་བོ་ནི་ཅིར་ཡང་སྤྲུལ་དུ་བཏུབ་པའོ། །དབྱེ་བ་ནི་སྤྲུལ་སྐུ་བྱེ་བ་ཕྲག་བརྒྱ། མཐུན་དཔེ་ནི་གཞའ་འཚོན་ལྟ་བུ། བཀའི་འཁོར་ལོ་སྒོ་བཞི་མཛོད་དང་ལྔ༌། ཐེག་པ་རིམ་པ་དགུ། བོན་གྱི་སྒོ་མོ་བརྒྱད་ཁྲི་བཞི་སྟོང་ངོ༌། །འདུལ་བའི་ཞིང་ཁམས་སྟོང་གསུམ་མི་བཅེད་པའི་འཇིག་རྟེན། འཛམ་གླིང་བྱེ་བ་ཕྲག་བརྒྱ། རང་བཞིན་མ་ངེས་པ་ལྔ་སྟེ། སྐུའི་ཆ་ལུགས་མ་ངེས་པ། ཚེའི་ཚད་མ་ངེས་པ། ཉན་པའི་འཁོར་མ་ངེས་པ། བཤད་པའི་བོན་མ་ངེས་པ། འདུལ་བའི་ཞིང་ཁམས་མ་ངེས་པའོ། །
ད་ནི་སྒྲུབ་པ་གཙོར་ཆེར་བྱས་ཏེ། གཞི་ལམ་འབྲས་བུ་བསྟན་པ་ནི། རྩ་རྒྱུད་འདིའི་དགོངས་པ་གཞི་དྲུག ལམ་ལྔ་འབྲས་བུ་གསུམ་གྱིས་སྟོན་ཏེ་འོག་ཏུ་སྟོན་ནོ། དེ་ལྟར་འགལ་ཏེ་གསང་སྔགས་ཀྱི་དགོངས་པའི་གཞི་ཀུན་ནི་བྱང་ཆུབ་ཀྱི་སེམས་སུ་འདོད་པ་དང༌། རྒྱུད་འདིའི་དགོངས་པ་གཞི་དྲུག་ལ་འདོད་པ་གཉིས་མ་མཐུན་ནོ། །ཞེ་ན། དེ་ནི་དགོངས་པ་སོ་སོར་ཡིན་ཏེ། གསང་སྔགས་སྤྱིའི་གཞི་ལམ་འབྲས་བུ་ཇི་ལྟར་གནས་པ་བསྟན་པའི་གཞི་ཡིན་ནོ། །རྒྱུད་འདིའི་སྒྲུབ་ཐབས་ཀྱི་གཞི་ལ་གཙོརཆེར་བྱས་ནས་བསྟན་པའོ། །
རྒྱུད་དང་ལུང་དང་མན་ངག་གསུམ། །ཞེས་པས། བོན་ཉིད་རྒྱུད་ལུང་མན་ངག་གསུམ་དུ་འདུ་སྟེ། རྒྱས་པ་རྒྱུད་ཀྱི་སྡེ། འབྲིང་པོ་ལུང་གི་སྡེ། བསྡུས་པ་མན་ངག་གི་སྡེའོ། །
དཔེ་དང་དོན་དང་རྟགས་དང་གསུམ། །ཞེས་པས། དཔེ་ནི་མཚོན་པར་བྱེད་པའི་ཐབས། དོན་ནི་མཚོན་པར་བྱེད་པའི་དངོས། རྟགས་ནི་དཔེ་དོན་འབྲེལ་ནས་བཏགས་པའོ། །
ཕྱི་དང་ནང་དང་གསང་བ་གསུམ། །ཞེས་པ། ཕྱི་ནི་ཡུལ། ནང་ནི་ཡུལ་ཅན། གསང་བ་སེམས་ཉིད་དོ། །བསྐྱེད་པ་རྫོགས་པ་རྫོགས་ཆེན་གསུམ། །ཞེས་པ། ཐ་མལ་གྱི་སྣང་བ་ལུས་ཏ༽ ལ་འཕགས་པའི་བསྐྱེད་རིམ། བསྐྱེད་རིམ་ལ་མི་གནས་པ་རྫོགས་རིམ། རྫོགས་རིམ་ལ་མི་གནས་པ་རྫོགས་པ་ཆེན་པོའོ། །
བསྙེན་པ་སྒྲུབ་པ་ལས་སྦྱོར་ཙ༽ ཁ་གསུམ། །ཞེས་པ། བསྙེན་པ་སྔོན་དུ་འགྲོ་བ། སྒྲུབ་པ་དོན་ལ་སྒྲུབ་པ། ལས་སྦྱོར་མདོ་དོན་བསྡུ་བའོ། །
འདི་རྣམས་སྒོ་ནས་གཏན་ལ་དབབ། །ཅེས་པ། འཕྲིན་ལས་གཞུང་གང་བྱེད་ཀྱང༌། དོན་འདི་རྣམས་ལྡན་པར་བྱེད་དགོས་པའོ། །
ད་ནི་མཐུན་པ་དཔེ་དང་སྦྱར་ཏེ་མདོར་བསྟན་པ་ནི། གཞི་དང་ལམ་དང་འབྲས་བུ་གསུམ། །ཡུལ་དང་གནས་དང་ཕྱིན་པ་འདྲ། །ཞེས་པ། གཞི་ཡུལ་དང་འདྲ་བའི་ཡུལ་གྱི་བོན་གསུམ། ཡུལ་ལ་ཀུན་བརྟེན། ཡུལ་ལ་ཀུན་སྨིན། ཅི་བྱེད་ཀྱང་ཡུལ་ལ་མ་འདས་པ་ལྟར། གཞི་ལ་ཀུན་བརྟེན། གཞི་ལ་ཀུན་སྨིན། ཅི་བྱེད་ཀྱང་གཞིའི་ངང་ལ་མ་འདས་པའོ། །ལམ་ནི་ཕྱིན་པ་དང་འདྲ་སྟེ། ལམ་ལ་ཀུན་འགྲོ་བ་བགྲོད་དུ་ཡོད་པ་ལྟར། འགྲོ་བའི་མཐའ་ཕྱིན་པ་ལྟར་རོ། །འབྲས་བུ་ནི་གནས་དང་འདྲ་སྟེ། གནས་ནི་མཐར་ཐུག་གཞན་དུ་མི་འགྱུར་བའོ། །རྒྱུད་ནི་རྗེ་དང་འདྲ་སྟེ། རྒྱལ་པོ་མངའ་ཅན་དེ། བཀུར་བར་འོས་པའི་གཉན་པ། ཡོངས་ལ་སྐྱབས་ཆེ་བ། གསུངས་པ་བཀའ་བཙན་པའོ། ལུང་ནི་བློན་པོ་དང་འདྲ་སྟེ། བློན་པོ་དེ་ཡང་ཐབས་མངའ་བ། ལོག་པར་མི་གཏོང་པ། སྨྲས་ན་ལ་ཆོད་པ་བཞིན་ནོ། །མན་ངག་རྨང་དམངས་དང་འདྲ་སྟེ། རྨང་དམངས་དེ་རང་དོན་གཉེར་བ། སྒོ་གང་དུ་འཇེམ་པ། མདོ་མི་འཆོར་བའོ། །དཔེ་མེ་ལོང་དང་འདྲ་སྟེ་མཚོན་ནུས་པ། དོན་བྱད་དང་འདྲ་སྟེ་མཚོན་པས་ཐོག་ཏུ་ཕེབས་པ། རྟགས་གཟུགས་བརྙན་དང་འདྲ་སྟེ་ངོ་ཤེས་པ་ལྟར་རོ། །ཕྱི་མཛོད་དང་འདྲ་སྟེ་དགོས་འདོད་འབྱུང་བ། ནང་བང་མཛོད་དང་འདྲ་སྟེ་བཙན་པ། གསང་བ་ཡང་དབེན་དང་འདྲ་སྟེ་རྟོགས་དཀའ་བའོ། །བསྐྱེད་པ་སྐྲས་དང་འདྲ་སྟེ་གསལ་བ། རྫོགས་པ་གདང་བུ་དང་འདྲ་སྟེ་གཅིག་ཏུ་མི་གནས་པ། རྫོགས་པ་རིམ་པར་མི་གནས་ཏེ་རང་བཞིན་མེད་པའོ། །བསྙེན་པ་དཔའ་བོ་དང་འདྲ་སྟེ། ལུས་དཔའ་བ་སྟོབས་ཆེ་བ། ངག་དཔའ་བ་ངར་ཆེ་བ། ཡིད་དཔའ་བ་ཞུམ་པ་མེད་པ་བཞིན་ནོ། །སྒྲུབ་པ་གོ་གོན་པ་དང་འདྲ་སྟེ། སྲ་བ་སྐྱོབ་ནུས་པ། གཞན་དབང་དུ་མི་འགྲོ་བའོ། །ལས་སྦྱོར་མཚོན་ཆ་དང་འདྲ་སྟེ། ཐེབས་པ་བཅོད་ནུས་པ། དོན་གྲུབ་པའོ། །དེས་ན་མཆོག་ཏུ་གཅེས་པར་གསུངས། །ཞེས་པ། གསང་སྔགས་ཀུན་ལ་དཔེ་དོན་བཅས་པ་འདི་ཤེས་དགོས་པ་ལ་བྱའོ། །
འདི་ནས་མར་ནི་གཞུང་རྒྱས་པར་སྟོན་ཏེ། དང་པོ། ཞེས་པ་ཐོག་མ་གཞི་སྟོན་པ་དང་པོའོ། །གཞི་ལ་དྲུག་ཡོད་དེ། ཞེས་པ། དབྱེ་བ་གྲངས་ཀྱི་མདོར་བསྟན་པའོ། །དམ་ཚིག་དབང་དང་ཏིང་འཛིན་དང༌། །འཕྲིན་ལས་ལྟ་བ་སྤྱོད་པའོ། །ཞེས་པ། གསལ་བ་མིང་གི་མདོར་བསྟན་པ་སྟེ། དབྱེ་བའི་གྲངས་དྲུག་པོ་དེ། གང་ཡིན་སོ་སོར་བསྟན་པའོ། །དེ་ལ་རྒྱུ་མཚན་བཞི་སྟེ། གྲངས་ངེས་པའི་རྒྱུུ་མཚན་དང༌། གོ་རིམ་ངེས་པའི་རྒྱུ་མཚན་དང༌། མཚན་ཉིད་སོ་སོར་ངེས་པའི་རྒྱུ་མཚན་དང༌། དཽན་གཅིག་དུ་ངེས་པའི་རྒྱུ་མཚན་ནོ། །དེ་ལ་གྲངས་ནི་གསང་སྔགས་ཀྱི་གཞི་ལ་མང་ཉུང་གི་མཐའ་རྣམ་པར་བཅད་ནས། དྲུག་བས་མང་བའི་བདུན་མི་དགོས་ལ། ལྔར་མི་འདུས་པས་དྲུག་ཏུ་གྲངས་ངེས། གོ་རིམ་ནི་འབྱུང་རིམ་གྱི་གོ་རིམ་སྟེ། དམ་ཚིག་ས་གཞི་འདྲ་བས་དང་པོར་བསྟན། དབང་རྩིག་པ་འདྲ་བས་གཉིས་པར་བསྟན། ཏིང་ངེ་འཛིན་ཞལ་ལ་འདྲ་བས་གསུམ་པར་བསྟན། འཕྲིན་ལས་རི་མོ་འདྲ་བས་བཞི་པར་བསྟན། ལྟ་བ་མིག་དང་འདྲ་བས་ལྔ་པར་བསྟན། སྤྱོད་པ་ལྟ་མཁན་དང་འདྲ་བས་དྲུག་པར་བསྟན་པའོ། །མཚན་ཉིད་སོ་སོར་ངེས་པ་ནི། དམ་ཚིག་ནི་བསྲུང་བྱའི་མཚན་ཉིད་ལ་སྨྲས། དབང་ནི་སྨིན་པར་བྱ་བའི་མཚན་ཉིད་ལ་སྨྲས། ཏིང་ངེ་འཛིན་ནི་བསྒོམ་པའི་མཚན་ཉིད་ལ་སྨྲས། འཕྲིན་ལས་ནི་སྒྲུབ་པའི་མཚན་ཉིད་ལ་སྨྲས། ལྟ་བ་ནི་གནས་ལུགས་སྟོན་པའི་མཚན་ཉིད་ལ་སྨྲས། སྤྱོད་པ་ནི་ལྟ་བའི་རང་བཞིན་བྱེད་པའི་མཚན་ཉིད་ལ་སྨྲའོ། །དོན་ནི་གཅིག་ཏུ་ངེས་ཏེ། དེ་ཐམས་ཅད་བླ་ན་མེད་པའི་བྱང་ཆུབ་བསྒྲུབ་པར་གཅིག་པའོ། །
གཞུང་རྒྱས་པ་ལའང༌། གསང་སྔགས་ཀུན་གྱི་གཞི་མ་ནི། །དམ་ཚིག་དག་གི་བཟུང་བ་ལ། །ཞེས་པས། རྒྱས་པའི་རྩ་ཚིག་མདོར་བསྟན་ནས། དོན་དྲུག་གི་ནང་ནས་དམ་ཚིག་བཀར་ནས་བསྟན་པའོ། །དེའི་དོན་རྒྱས་པ་ནི། ངོ་བོ་ངེས་ཚིག་དབྱེ་བ་དང༌། །ཞེས་པ་ལ་སོགས་དམ་ཚིག་དོན་དགུའི་བསྟན་ཏེ། དམ་ཚིག་གི་ངོ་བོ་དང༌། ངེས་ཚིག་དང༌། དབྱེ་བ་དང༌། གང་ཟག་གང་གི་བསྲུང་བ་དང༌། ཡུལ་གང་ལ་བསྲུང་བ་དང༌། བསྲུང་བའི་ཐབས་དང༌། མ་བསྲུང་བའི་སྐྱོན་དང༌། བསྲུང་བའི་ཡོན་ཏན་དང༌། མཐུན་པའི་དཔེའོ། །
དེ་ལ་ངོ་བོ་ནི། རང་སེམས་རྣམ་པར་དག་པ་གཡོ་སྒྱུ་དང་ཁུ་འཕྲིག་མེད་པ་ཡིན་ཏེ། དམ་ཚིག་དམ་ཚིག་ཞེས་བྱ་བ། །གུད་ན་ཡོད་པ་མ་ཡིན་ཏེ། །རང་གི་སེམས་ཉིད་དམ་ཚིག་ཡིན། །རང་སེམས་རྣམ་དག་ཁོ་ནའོ། །ཞེས་གསུངས་པའོ། །
ངེས་ཚིག་ནི། དམ་པའི་དོན་དེ་བསྲུང་ན་སྐྱོན་རྣམས་ཚིག མ་བསྲུང་ནས་ཡོན་ཏན་འཚིག་པའི་ཕྱིར་དམ་ཚིག་ཞེས་བྱ་སྟེ། བསྲུང་ན་ཚིག་པ་ནི། བདེར་གཤེགས་ཀྱིས་བཀའི་དམ་ལ་གནས་པས་ན་དམ། ཚིག་པ་ནི། ཕྱི་ལས་ལ་གྱུར་པའི་དགྲ་བགེགས། ནང་རྟོག་པ་ལས་གྱུར་པའི་བག་ཆགས། གསང་བ་མ་རིག་པ་ལས་གྱུར་པའི་ཉོན་མོངས་རྣམས་ཚིག་པའོ། །མ་བསྲུང་ན་ཚིག་པ་ནི། དམ་ནི་ལས་དང་ཉོན་མོངས་པ་འཁོར་བར་འཆིང་བས་ན་དམ། ཚིག་པ་ནི་རང་གི་ལུས་ངག་ཡིད་གསུམ་གྱི་རྒྱུད་ཚིག་པའོ། །
དབྱེ་བ་ནི། རྩ་བའི་དམ་ཚིག་དང༌། ཡན་ལག་གི་དམ་ཚིག་གོ། །རྩ་བའི་དམ་ཚིག་ལ་གཉིས་ཏེ། བོན་སྤྱིའི་དམ་ཚིག་དང༌། སྔགས་ནང་གི་དམ་ཚིག་གོ། །དེ་ལ་སྔགས་ཕྱིའི་དམ་ཚིག་ནི། དྲང་སྲོང་དང་དགེ་བསྙེན་རྣམས་ཀྱི་བསྲུང་བྱ་ཡིན་ཏེ། སྲོག་བཅོད་པ་དང༌། མ་བྱིན་པར་ལེན་པ་དང༌། མི་ཚངས་པ་སྤྱོད་པ་དང༌། རྫུན་དུ་སྨྲ་བ་དང་བཞི་སྟེ། རྩ་བ་བཞི་ལས་གྱེས་པའི་མི་དགེ་བཅུ་བསྲུང་བའོ། །དེ་ནི་བོན་སྤྱིའི་དམ་ཚིག་ཡིན་པས། སྔགས་ནང་མ་རྣམས་ཀྱིས་ཀྱང་བོན་སྤྱིའི་དམ་ཚིག་བསྲུང་བའོ། །
སྔགས་ནང་གི་དམ་ཚིག་ལ་གཉིས་ཏེ། རྩ་བ་སྤང་བྱའི་དམ་ཚིག་དང༌། རྩ་བ་བསྲུང་བྱའི་དམ་ཚིག་གོ། །དེ་ལ་རྩ་བ་སྤང་བྱ་གསུམ་ནི། སྐུ་གསུང་ཐུགས་ཀྱི་དམ་ཚིག་སྟེ། སྐུའི་དམ་ཚིག་སློབ་དཔོན་དང༌། ཕ་མ་དང༌། མཆེད་དང༌། དམ་ཚིག་གཅིག་པ་དང༌། བསྟན་པ་གཅིག་པ་ལ་ངོ་ལྟས་པ་དང༌། ཟུང་གཟུངསམ་རྣམས་ལ་མཚལ་ཁྲག་དབྱུང་པ་དང༌། བརྡེག་པ་དང༌། བཙོག་པ་དང༌། གསོད་པ་རྣམས་མི་བྱ་བར་སྤང་སྟེ། སེམས་བསྐྱེད་རྩ་བའི་བླ་མ་དང༌། །ལུས་བསྐྱེད་རྩ་བའི་ཕ་མ་དང༌། །མཆེད་དང་དམ་ཚིག་བསྟན་པ་གཅིག །ཟུང་གཟུངསམ་ལ་སོགས་འགྲོ་བ་ལ། །མཚལ་དང་བརྡེག་བཙོག་བསད་པ་སྤངས། །ཞེས་གསུངས་སོ། །གསུང་གི་དམ་ཚིག་བདེར་གཤེགས་བཀའ་ལ་མི་འདའ། བདེན་པའི་བཀའ་མི་བཅག་པ་སྟེ། སངས་རྒྱས་བཀའ་ལ་རྒྱབ་ཀྱིས་ཕྱོགས། །བླ་མ་བདེན་པའི་བཀའ་བཅོག་པ། ཁམས་གསུམ་སེམས་ཅན་བསད་དང་མཚུངས། །ཞེས་གསུངས་སོ། །ཐུགས་ཀྱི་དམ་ཚིག་ཡུལ་དེ་རྣམས་ལ་ལོག་པར་མི་བྱའོ། །ལོག་པར་ལྟ་བའི་སེམས་དེ་ནི། །སྡིག་པ་རྣམས་ནི་མ་རུང་པ། །ཐར་པའི་འབྲས་བུ་བསྲེག་པར་བྱེད། །ཞེས་གསུངས་སོ། །སྤང་བྱའི་དམ་ཚིག་གསུམ་པོ་དེ། །ཉམས་ན་སྐངས་ཐབས་མེད་པ་ཡི། །མནར་མེད་དམྱལ་བ་སྐྱེ་བ་སྟེ། །རྩ་བའི་དམ་ཚིག་ཉམས་འགྱུར་ན། །ས་བོན་མེ་ཡིས་ཚིག་པ་བཞིན། །འབྲས་བུ་མེད་ཅིང་བརླག་པར་འགྱུར། །ཏ་ལའི་མགོ་བོ་བཅད་པ་བཞིན། །ཤིན་ཏུ་ཉམས་ཏེ་ཕུང་བར་འགྱུར། །མེ་ཏོག་སད་ལ་སྐུར་བ་བཞིན། །ཚེ་བཀྲག་གཟི་མདངས་བྲལ་བར་འགྱུར། །དུས་གསུམ་བདེར་གཤེགས་ཐུགས་རྗེ་ནི། །བྲག་ཕུག་བྱང་ལྟས་ཉི་མ་འདྲ། །སྐད་གཅིག་འཆར་བའི་ཐབས་མེད་དོ། །བཀའ་ལ་གནས་པའི་དམ་ཅན་གྱིས། །དམ་ཉམས་གདུང་རྒྱུད་རྩ་ནས་གཅོད། །བསྐལ་པ་ཆེན་པོ་མཐར་བརླག་པར། །སེམས་ཅན་དམྱལ་བ་མནར་མེད་ལྟུང༌། །སྡུག་བསྔལ་དཔག་མེད་གྲོལ་མི་འགྱུར། །ཞེས་གསུངས་སོ། །
རྩ་བ་བསྲུང་བྱའི་དམ་ཚིག་གསུམ་ནི། སྐུའི་དམ་ཚིག་ནི། སྐུ་ཕྱག་རྒྱ་ལ་གནས་པ་དང༌། སློབ་དཔོན་དང༌། ཕ་མ་དང༌། གཡུང་དྲུང་མཆེད་དང༌། དམ་ཚིག་གཅིག་པ་དང༌། གཟུངས་མའི་གྲོགས་རྣམས་ལ། མི་སྤང་པར་གཏན་དུ་བརྩེ་གདུང་བསྐྱེད། ལུས་ངག་ཡིད་གསུུམ་གུས་པར་བསྟོད་དེ། བདེར་གཤེགས་ཀུན་གྱི་ཐུགས་དམ་མཆོག །ཕྱི་རབས་བསྒྲུབ་གཤེན་རྣམས་ཀྱི་སྲོག །དམ་ཚིག་ས་གཞི་ལ་གནས་ཤིང༌། །དབང་དང་དམ་ཚིག་གཙོ་རུ་ལེན། །སྐུའི་ཕྱག་རྒྱ་མི་སྤང་ཞིང༌། །དུས་གསུམ་རྒྱུན་དུ་སྤྱོད་པ་ཡིན། །སློབ་དཔོན་ཕ་མ་གཡུང་དྲུང་མཆེད། །དམ་ཚིག་གཅིག་དང་གཟུངས་མའི་གྲོགས། །བརྩེ་གདུང་ཆེན་པོའི་ངང་ཉིད་ཀྱིས། །མི་སྤང་རྟག་ཏུ་གདུང་སེམས་བསྐྱེད། །ལུས་ངག་ཡིད་གསུམ་གུས་པས་བསྟོད། །འདི་ནི་སྐུ་ཡི་དམ་ཚིག་སྟེ། །ཉམས་ན་བསྐལ་ཆེན་གཉིས་ཀྱི་བར། །མུན་ནག་འཁོར་བར་འཁྱམ་པར་འགྱུར། །ཞེས་གསུངས་སོ། །གསུང་གི་དམ་ཚིག་ནི། ཐུགས་དམ་ལ་བརྩོན་པ་སྔགས་དང་སྙིང་པོ་ཕྱག་རྒྱ་ཏིང་ངེ་འཛིན་རྒྱུན་མི་བཅད་པ་སྟེ། གསུང་གི་ཕྱག་རྒྱ་ལ་གནས་ཤིང༌། རྒྱུན་དུ་ཡིད་དམ་ལ་བརྩོན་ཏེ། བསྐྱེད་རྫོགས་ས་བོན་ཕྱག་རྒྱ་ཡི། །སྔགས་དང་སྙིང་པོ་དབང་དང་ལྡན། །ཕྱག་རྒྱ་ཏིང་འཛིན་རྒྱུན་མི་གཅོད། །འདི་ནི་གསུང་གི་དམ་ཚིག་སྟེ། །ཉམས་ན་བསྐལ་ཆེན་གཉིས་ཀྱི་བར། །བཀྲེས་སྐོམ་འཁོར་བའི་བརྩོན་རར་ཚུད། །རྟག་ཏུ་འཁོར་བར་འཁྱམ་པར་འགྱུར། །ཞེས་གསུངས་སོ། །ཐུགས་ཀྱི་དམ་ཚིག་ནི། གསང་བའི་མན་ངག་སེམས་དོན་རྣམས་སྣོད་མེད་ལ་མི་སྤེལ། སྤེལ་ན་བསྐལ་ཆེན་གསུམ་ལ་མནར་མེད་པར་སྐྱེའོ། ཐུགས་ཀྱི་ཕྱག་རྒྱ་ལ་གནས་ཤིང༌། །མ་ཡེང་འགྱུར་མེད་སེམས་དཀྱིལ་དུ། །གསང་བའི་མན་ངག་སེམས་ཉིད་དོན། །སྣོད་ངན་སྣོད་མེད་སྣོད་མི་རུང༌། །དམ་མེད་དམ་འདྲེད་དམ་ལོག་ལ། །པད་མའི་དབང་པོ་ལྕེ་ཡོད་ཀྱང༌། །ཤིན་ཏུ་གསང་ཞིང་བསྟན་པ་མིན། །ཚུལ་སྤྱོད་ཙམ་ཡང་བསྟན་མི་བྱ། །འདི་ནི་ཐུགས་ཀྱི་དམ་ཚིག་སྟེ། །ཉམས་ན་བསྐལ་ཆེན་གསུམ་གྱི་བར། །མནར་མེད་ན་རག་ལྟུང་བར་འགྱུར། །སྡུག་བསྔལ་དེ་ལས་གྲོལ་མི་སྲིད། །ཅེས་གསུངས་སོ། །དེ་ལྟར་རྩ་བ་བསྲུང་བར་བྱ་བའི་རྩ་བའི་དམ་ཚིག་གསུམ་པོ་དེ་ཉམས་ནས། ཉམས་པའི་འཕྲོ་ལ་ཚེའི་དུས་མ་བྱས་ན། ལན་གསུམ་བར་དུ་སྐང་དུ་རུང༌། དེ་ལས་མང་ན་འབྲས་བུ་ཚིག་སྟེ། དམ་ཉམས་འགྱོད་པའི་གང་ཟག་དེས། །ཕྱིས་་་་་་དམ་ལ་མ་ལོག་ནས། །གསོ་ཞིང་བསྐང་པའི་ཐབས་ཡོད་དེ། །གསེར་དངུལ་བུམ་པ་ཞོམ་པ་ཡང༌། །གཞི་མའི་བརྟེན་དང་མ་བྲལ་ན། །སྲང་ཞིང་བཅོས་པའི་ཐབས་ཡོད་དེ། །རྩ་བའི་དམ་ཚིག་ཉམས་པ་ན། །ལན་གསུམ་བར་དུ་བསྐང་དུ་རུང༌། །དེ་ལས་འདས་ན་མནར་མེད་ལྟུང༌། །ཡན་ལག་དམ་ཚིག་རྒྱུན་དུ་བསྐང༌། །ཞེས་གསུངས་སོ། །
ད་ནི་ཡན་ལག་གི་དམ་ཚིག་དྲུག་སྟོན་ཏེ། ཐུན་མོང་སྤྱིའི་དམ་ཚིག་དང༌། བསྒྲུབ་པ་ཁྱད་པར་གྱི་དམ་ཚིག་དང༌། སྤྱོད་པ་རྒྱུན་གྱི་དམ་ཚིག་དང༌། རང་བཞིན་ལྟ་བའི་དམ་ཚིག་དང༌། གལ་མདོ་ངེས་པའི་དམ་ཚིག་དང༌། ས་མ་ཡ་བྱེ་བྲག་གི་དམ་ཚིག་གོ། །དེ་ལ་ཐུན་མོང་སྤྱིའི་དམ་ཚིག་ནི། མ་ཁྲེལ་བའི་ཚུལ་གྱིས་བསྲུང། མཉམ་པའི་མདོར་བསྲུང་བས། གངས་དཀར་༼སློབ་དཔོན་༽རྩལ་ཆེན་སེང་གེ་དེ། །སྲོག་དང་བྲལ་བར་མི་བྱའོ། །ནགས་ཚལ་གཅན་གཟན་སྟག་ལྤགས་དེ། །འོག་གི་གདན་དུ་བཏིང་༼སློབ་དཔོན་གྱི་ཡུམ་ལ་མི་སྤྱད་༽མི་བྱ། །ནོར་བུ་རིན་ཆེན་རྒྱལ་མཚན་དེ། །རྩེ་ནས་དབོག་པར་མི་༼སློབ་དཔོན་གྱི་སྐུ་ལ་མི་སྨད་༽བྱའོ། །གཡུང་དྲུང་གཏམ་པའི་བྲག་ཆེན་དེ། །རྣམ་པ་ཀུན་ཏུ་བཤིག་མི་༼མཚམས་མི་འབྲལ་༽བྱ། །ཤེལ་སྒོང་དྲི་མེད་མཛེས་པ་དེ། །འདམ་རྫབ་༼ཤེས་རབ་ཅན་མི་སྲུབ་༽ནང་དུ་སྲུབ་མི་བྱ། །རིན་པོ་ཆེའི་ལྕུག་ཕྲན་དེ། །གནམ་ལྕགས་ཟོར་བས་བརྔ་མི་༼གྲྭ་རོགས་མཆེད་ལྕམ་མི་བསད་༽བྱ། །ལྷ་གཡག་དཀར་པོ་བརྗིད་ལྡན་དེ། །མདའ་རྩེ་མདུང་རྩེའི་༼ཡི་དམ་ལྷ་མི་སྤང་༽བསད་མི་བྱ། །ལྡུམ་རའི་མེ་ཏོག་པད་མ་དེ། །སད་དང་སེར་བར་བསྐུར་མི་༼མཆེད་ལྕམ་ལ་མི་སྤྱོད་༽བྱ། །མགྲོན་པོ་ཐག་རིང་ལམ་བསྐྱོད་པ། །བྲག་ཆེན་གཡང་སར་ལམ་མི་༼ལུང་ལོག་པ་མི་སྟོན་༽སྟོན། གནམ་ལྕགས་དབལ་གྱི་ཕུར་པ་དེ། །གཡེང་བའི་ཆུ་ཡིས་ངར་མི་༼ཆང་གི་བཟི་བར་མི་བྱ་༽བསད། །སྟག་གཟིག་༼མཆོད་ཆེ་དབབ་ཆ་༽རོལ་པའི་ཐེད་མི་བསྡུད། །གནམ་ལྕགས་༼སྔགས་པ་ནང་དམེ་མི་རྒྱབ་༽ཨུར་མོའི་ནང་མི་འཐབ། །སྟག་ལྤགས་ཁྲ་བོ་བདན་མི་བྱ། །ཟ་མ་ཏོག་ཏུ་དུག་མི་སྤྱོད། །དྲེད་མོའི་རལ་བ་གདན་མི་བྱ། །སྲིད་པ་སྨད་པའི་ར་རོག་མི་བཤའ། །གནམ་ཆུ་ལྐུགས་པའི་ཆུ་མི་འཐུང༌། །ཧོམ་ཁུང་རིམ་དགུའི་སྒོ་མི་དབྱེ། །པད་མའི་ཟེ་འབྲུའི་ཁ་མི་དབྱེ། །སྣོད་ངན་ནང་དུ་བཅུད་མི་བླུག །བེའུ་རྫི་ནངས་བཞོ་ནུབ་མི་བཞོ། །འདབ་ཆགས་ཁྱུང་གི་གཤོག་མི་བཅད། །མུན་སེལ་སྒྲོན་མེ་རླུང་ལ་འཛེམ། །གཡུང་དྲུང་ར་བ་གོ་མི་འདྲལ། །དབང་གི་ཆུ་བོ་ཁ་མི་བསྒྱུར། །བཀའ་རྟགས་ཕྱག་རྒྱ་བཅག་མི་བྱ། །གཡུང་དྲུང་མཁར་གྱི་རྫོང་མི་བཤིག །རྒོད་དང་གླག་གི་ཐེད་མི་གསུམ། །གཽང་གི་དམ་ཚིག་་་་་འདི། །མཐོང་ངམ་རྟོགས་པའི་ཉམས་བླང་ན། །འདི་ནི་བདུད་རྩི་ཆེན་པོ་ཡིན། །འདི་ནི་ཡེ་ཤེས་སྒྲོན་མ་ཡིན། །འདི་ནི་དམ་ཚིག་ཆེན་པོ་ཡིན། །གང་དག་འདི་དང་མི་ལྡན་ན། །འཆི་བར་བྱེད་པའི་དུག་འཐུང་ཡིན། །མུན་ནག་གླིང་དགུར་འཁྱམ་པ་ཡིན། །དམ་ལ་དུས་འདས་ཚིག་པར་འགྱུར། །ཞེས་གསུངས་སོ། །
བསྒྲུབ་པ་ཁྱད་པར་གྱི་དམ་ཚིག་ཉི་ཤུ་རྩ་ལྔ་སྟེ། སྤྱོད་པར་བྱ་བའི་དམ་ཚིག་ལྔ། མི་སྤང་བར་བྱེད་པའི་དམ་ཚིག་ལྔ། དང་དུ་བླང་བའི་དམ་ཚིག་ལྔ། ཤེས་པར་བྱེད་པའི་དམ་ཚིག་ལྔ། བསྒྲུབ་པར་བྱ་བའི་དམ་ཚིག་ལྔའོ། །དེ་ལ་སྤྱོད་པར་བྱ་བ་ནི། །སྤྱོད་པ་ལྷུན་གྲུབ་ལ་གནས་ཤིང༌། །ལེ་ལོ་སྙོམས་ལས་མ་ཡིན་པའི། །སྦྱོར་བ་དང་ནི་སྒྲོལ་བ་དང༌། །མ་བྱིན་ལེན་དང་ཚིག་རྩུབ་སྨྲ། །རྫུན་དུ་སྨྲ་བ་ལྔ་པོ་ཡང༌། །མི་སྒྲིབ་མི་ནོར་དོན་ལྡན་ཏེ། །སྤྱོད་པར་བྱ་བའི་དམ་ཚིག་ཡིན། །ཞེས་གསུངས་སོ། །མི་སྤང་བ་ནི། སྤང་མེད་རྒྱུ་རུ་ལྷུན་གྲུབ་པ་ཡི། །ཕྲག་དོག་ཞེ་སྡང་འདོད་ཆགས་དང༌། །གཏི་མུག་ང་རྒྱ་རྣམ་པ་ལྔ། །མི་སྤང་ལྷུན་གྲུབ་གྲོལ་བ་སྟེ། །རིགས་ལྔའི་སྐུ་རུ་ལྷུན་གྱིས་གྲུབ། །རྟག་ཏུ་མི་སྤང་དགོས་པའི་མཆོག །ཅེས་གསུངས་སོ། །དང་དུ་བླང་བ་ནི། ཐམས་ཅད་བདུད་རྩིའི་རང་བཞིན་ཏེ། །མང་ས་དྲི་ཆེན་དྲི་ཆུ་དང༌། །པད་མ་རཀྟ་བྱང་ཆུབ་སེམས། །བདེར་གཤེགས་དབུ་ལྔའི་བྱིན་རླབས་ཀྱིས། །སྐུ་ལྔ་ཡེ་ཤེས་ལྔ་ཉིད་དེ། །ཡབ་ཡུམ་ཕྱག་རྒྱའི་སྐུར་སྣང་ཞིང༌། །རྟག་ཏུ་དང་དུ་བླང་བར་བྱའོ། །ཞེས་གསུངས་སོ། །ཤེས་པར་བྱ་བ་ནི། ཕུང་པོ་ལྔ་ཡབ་ལྔར་ཤེས་པར་བྱ། འབྱུང་བ་ལྔ་ཡུམ་ལྔར་ཤེས་པར་བྱ་སྟེ། ཐམས་ཅད་ལྷ་སྐུའི་ཕྱག་རྒྱ་ཡི། །ཕུང་པོ་ལྔ་དང་འབྱུང་བ་ལྔ། །དབང་པོ་ལྔ་དང་ཁ་དོག་རྣམས། །སྐུ་དང་ཡེ་ཤེས་ཡབ་ཡུམ་དུ། །དབྱེར་མེད་གཅིག་ཏུ་ཤེས་པར་བྱ། །ཞེས་གསུངས་སོ། །བསྒྲུབ་པར་བྱ་བ་ནི། གཞུང་དུ་སྤྱོད་པའི་དམ་ཚིག་གིས། །དབུ་ལྔ་ཕྱག་རྒྱ་ལྔ་རུ་གྲུབ། །ཀུན་ཏུ་བཟང་པོ་གར་གསས་དང༌། །རྒོད་གསས་གནམ་གསས་གསས་རྗེ་ལྔ། །འདི་དག་ཉམས་པར་འགྱུར་བ་ན། །ཚེ་འདིར་ནད་མང་སྡུག་བསྔལ་འབྱུང༌། །ཕྱི་མར་ངན་སོང་འཁོར་བར་འཁྱམས། །སྡུག་བསྔལ་སྣ་ཚོགས་ཉམས་མྱོང་འགྱུར། །ཞེས་གསུངས་སོ། །
སྤྱོད་པ་རྒྱུན་གྱི་དམ་ཚིག་ལ་གསུམ། སྐུ་གསུང་ཐུགས་ལ་གནས་ཤིང་ཉིད་ཏ༽ གཉིད་ཀྱིས་དགྲ་གཞོལ། དམ་ལ་གནས་ཞིང་མྱོས་འགྱུར་བསྡོམ། སྤྱོད་པ་དོན་ལ་གནས་ཤིང་ལེ་ལོའི་དགྲ་སྤོང༌།
རང་བཞིན་ལྟ་བའི་དམ་ཚིག་བཞི་སྟེ། སྲིད་གསུམ་ཡོངས་བསྒྲོལ་གྱི་ལྟ་བ་དང༌། ཁམས་གསུམ་ཞིང་དག་གི་ལྟ་བ་དང༌། དུག་ལྔ་རྩི་བསྒྱུར་ལྟ་བ་དང༌། འཁོར་བ་གནས་འགྱུར་གྱི་ལྟ་བའོ། །
གལ་མདོ་ངེས་པའི་དམ་ཚིག་ལ་གསུམ་སྟེ། མ་ཁྲེལ་བའི་ཚུལ། མ་ཉམས་པའི་མདོ། མཐར་ཕྱིན་པའི་རྟགས་སོ། །མ་ཁྲེལ་བའི་ཚུལ་ལ་བཞི་སྟེ། བསྙེན་བསྒྲུབ་ལྟ་བས་མ་ཁྲེལ་བ། སྲི་ཞུ་སློབ་དཔོན་གྱིས་མ་ཁྲེལ་བ། བརྩེ་གདུང་མཆེད་ལྕམ་གྱིས་མ་ཁྲེལ་བ། གཡོ་སྒྱུ་རང་སེམས་ཀྱིས་མ་ཁྲེལ་བའོ། །མ་ཉམས་པའི་མདོ་བཞི་ནི། ཟླ་བའི་མ་ཉམས་པ། ཞོར་ལ་མ་ཉམས་པ། རང་བཞིན་དུ་མ་ཉམས་པ། དབང་མེད་དུ་མ་ཉམས་པའོ། །མཐར་ཕྱིན་པའི་རྟགས་ནི། ཐུན་མོང་གི་དངོས་གྲུབ་ནི། དམ་ཅན་འདུལ་ཞིང་མཐུ་རྩལ་ཆེ་བ། བྱིན་རླབས་ཆེ་ཞིང་རིག་པ་ཆགས་པ། ཡིད་དུ་འོང་ཞིང་འདོད་པ་གྲུབ་པ། མང་པོས་བསྐུར་ཞིང་གྲགས་པ་ཐོབ་པའོ། །
ས་མ་ཡ་བྱེ་བྲག་གི་དམ་ཚིག་ལ། དགོས་པའི་དམ་ཚིག་ལྔ་བཅུ་ནི། དམ་ཚིག་གི་གནད་ལྔ། དམ་ཚིག་གི་དུག་ལྔ། དམ་ཚིག་གི་རྩི་ལྔ། དམ་ཚིག་གི་ལྟ་བ་ལྔ། དམ་ཚིག་གི་རྒྱུ་ལྔ། དམ་ཚིག་གི་གནས་ལྔ། དམ་ཚིག་གི་སྣོད་ལྔ། བྱ་བའི་དམ་ཚིག་ལྔ། མཐུན་པའི་དམ་ཚིག་ལྔ། བསླབ་པའི་དམ་ཚིག་ལྔའོ། །དེ་ལ་གནད་ལྔ་ནི། ལྗི་བའི་ཤ མྱོས་པའི་ཆང༌། འཐིབ་པའི་གཉིད། ལེ་ལོ་བཏང་སྙོམས་སོ། །དེ་ལ་ཤ་ཁྲག་ལ་དད་ཆེ་ན་ཕ་མའི་ཁུ་ཁྲག་གི་ཤ་ལ་ཐར་བའི་དུས་མེད། མྱོས་པའི་ཆང་ལ་དད་ཆེ་ན། སེམས་ལ་བདུད་ཀྱིས་དབང་བྱེད། འཐིབ་པའི་གཉིད་ཆེ་ན། ཡི་དམ་དང་ལྷ་དང་སོ་སོར་འགྲོ། ལེ་ལོ་ཆེ་ན་མན་ངག་གི་དོན་མི་རྟོགས། བཏང་སྙོམས་སུ་སོང་ན་འབྲས་བུ་མི་སྙེད་དོ། །དུག་ལྔ་ནི། ང་རྒྱལ་ཁའི་དུག འདོད་ཆགས་མིག་གི་དུག ཞེ་སྡང་སེམས་ཀྱི་དུག གཏི་མུག་གཉིད་ཀྱི་དུག ཕྲག་དོག་ལུས་ཀྱི་དུག་གོ། །དེ་ལ་ང་རྒྱལ་བྱས་པས་གཅན་གཟན་དུ་སྐྱེ། ཞེ་སྡང་བྱས་པས་སྲིན་པོར་སྐྱེ། ཕྲག་དོག་བྱས་པས་ཁྱི་རུ་སྐྱེ། འདོད་ཆགས་བྱས་པས་བྱ་རུ་སྐྱེ། གཏི་མུག་བྱས་པས་བྱོལ་སོང་དུ་སྐྱེའོ། །རྩི་ལྔ་ནི། སློབ་དཔོན་མཁས་པ་དམ་ཚིག་གི་རྩི། གྲོགས་མཐུན་སེམས་མཐུན་དམ་ཚིག་གི་རྩི། རྒྱུ་རྐྱེན་ཡོ་བྱད་འཛོམས་པ་དམ་ཚིག་གི་རྩི། ལྷའི་སྐལ་པ་བཟང་པོ་དམ་ཚིག་གི་རྩི། མཐོང་ཞིང་གོམ་པ་དམ་ཚིག་གི་རྩི། དེ་ལ་སློབ་དཔོན་མཁས་པས་མན་ངག་བསྟན་པ་བདུད་རྩི་ཆེ། གྲོགས་མཆེད་མཐུན་པ་གཅིག་གནད་ཏ༽ ནད་གཅིག་གིས་སེལ་བ་བདུད་རྩི་ཆེ། རྒྱུ་རྐྱེན་ཡོ་བྱད་འཛོམ་པ་མཐུན་རྐྱེན་འཛོམ་པ་དེ་བདུད་རྩི་ཆེ། ལྷའི་སྐལ་བ་བཟང་པོ་དེ་ཡིད་ལ་བྲོད་པ་བདུད་རྩི་ཆེ། མཐོང་ཞིང་གོམས་པ་སྤྲོ་དད་བསྐྱེད་པ་བདུད་རྩི་ཆེའོ། །ལྟ་བ་ལྔ་ནི། ཡི་དམ་ལྷ་ནི་དངོས་གྲུབ་ཏུ་ལྟ། སློབ་དཔོན་ཁོག་པའི་སྙིང་དུ་ལྟ། མཆེད་གྲོགས་དཔྲལ་བའི་མིག་ཏུ་ལྟ། གསས་མཁར་གཅིག་གིས་བསྡུས་པའི་གཤེན་པོ་ནི་ལུས་ཀྱི་ཡན་ལག་ཏུ་ལྟ། གཤེན་པོ་རྟགས་ཀྱི་འདྲེས་པ་ནི། ཉིང་ལག་ཏུ་བལྟའོ། །དེ་ལ་ཡི་དམ་ལྷ་མ་བརྗེད་པར་མ་བལྟས་ན། གཤིན་རྗེ་མེར་བསྲེག་གླང་མགོའི་གནས་སུ་སྐྱེ། སློབ་དཔོན་ཁོག་པའི་སྙིང་དུ་མ་བལྟས་ནས། གཤིན་རྗེ་ཀ་མ་ལ་སྲོག་གི་སྤུ་གྲིས་སེམས་དྲན་པ་ལུས་གཏུབ། སློབ་དཔོན་གཅིག་པའི་གྲོགས་པོ་དཔྲལ་བའི་མིག་ཏུ་མ་བལྟས་ན། མཚོ་ནག་གཏིང་མེད་ནང་དུ་ལྟུང༌། གསས་མཁར་གཅིག་པའི་གཤེན་མཆེད་ཡན་ལག་ཏུ་མ་བལྟས་ན། འཁོར་བའི་ལུན་ནག་ནང་དུ་ལྟུང༌། རྟགས་ཀྱིས་འདྲེས་པས་གཤེན་པོ་ཉིང་ལག་ཏུ་མ་བལྟས་ན། མི་འདོད་པའི་སྡུག་བསྔལ་བསྐལ་བ་གྲངས་མེད་མྱོང་ངོ༌། །རྒྱུ་ལྔ་ནི། རྒྱུ་མེ་སྒྲོན་ལྟ་བུ་དམ་ཚིག་གི་རྒྱུ། ངང་རྒྱུ་ཆུ་ལྟ་བུ་དམ་ཚིག་གི་རྒྱུ། ཐེག་སྟོབས་ས་གཞི་ལྟ་བུ་དམ་ཚིག་གི་རྒྱུ། བློ་སྟོབས་རླུང་ལྟ་བུ་དམ་ཚིག་གི་རྒྱུ། ཤོང་ཡངས་ནམ་མཁའ་ལྟ་བུ་དམ་ཚིག་གི་རྒྱུའོ། །དེ་ལ་རྒྱུ་མེ་སྒྲོན་ལྟ་བུའི་དོན་མཐོང་བའི་རྒྱུ་རུ་ཆེ། ངང་རྒྱུ་ཆུ་ལྟ་བུ་དམ་ཚིག་མི་སྤང་སྟེ་རྒྱུ་རུ་ཆེ། ཐེག་སྟོབས་ས་གཞི་ལྟ་བུ་དགའ་བ་དང་དུ་ལེན་པའི་རྒྱུ་རུ་ཆེ། བློ་སྟོབས་རླུང་ལྟ་བུ་ཞུམ་པ་མེད་པའི་རྒྱུ་རུ་ཆེ། ཤོང་ཡངས་ནམ་མཁའ་ལྟ་བུ་ཀུན་དང་མཐུན་ཏེ་རྒྱུ་རུ་ཆེའོ། །གནས་ལྔ་ནི། བྱམས་པ་ལྡན་པ་དམ་ཚིག་གི་གནས། སྙིང་རྗེ་བརྩེ་གདུང་ཆེ་བ་དམ་ཚིག་གི་གནས། བྱང་ཆུབ་སེམས་དང་ལྡན་པ་དམ་ཚིག་གི་གནས། རྣམ་སྨིན་འགྱེད་ཏ༽ ཀྱིས་འཇིགས་པ་དམ་ཚིག་གི་གནས། འཁོར་བ་སྡུག་བསྔལ་དུ་གོ་བས་དམ་ཚིག་གི་གནས་སོ། །སྣོད་ལྔ་ནི། ངང་རྒྱུད་བཟང་བ་དམ་ཚིག་གི་སྣོད། སློབ་དཔོན་གསུང་དང་མཐུན་པ་དམ་ཚིག་གི་སྣོད། གཤེན་རབ་བཀའ་བཞིན་སྤྱོད་པ་དམ་ཚིག་གི་སྣོད། བདེན་པ་ཁྱད་དུ་མི་གསོད་པ་དམ་ཚིག་གི་སྣོད། རྒྱུན་དུ་གུས་པ་དམ་ཚིག་གི་སྣོད་དོ། །བྱ་བའི་དམ་ཚིག་གི་སྣོད་ལྔ་ལ། གྱེར་གྱིས་མགོ་དྲངས། སྨྲང་གིས་གཞུང་བཀྲོལ། གཏོ་ཡིས་མཇུག་བསྡུ། མན་ངག་ཡིད་ལ་བཞག སློབ་དཔོན་ལ་ངག་འཁྱལ་མི་སྨྲ། གསང་བོན་དམ་ལོག་པོ་ལ་མི་སྤེལ། རྒན་པོ་དང་བོན་གྲོགས་པོ་ལ་གྲལ་མི་བསྟོད། མཐུན་པར་བྱ་བའི་དམ་ཚིག་ལྔ་ལ། ཡི་དམ་ལྷ་དང་མཐུན་པར་བྱ། སློབ་དཔོན་གསུང་དང་མཐུན་པར་བྱ། སྣང་སྲིད་ལྷ་འདྲེ་ཀུན་དང་མཐུན་པར་བྱ། གྲོགས་ཀྱི་སེམས་དང་མཐུན་པར་བྱ། འཁོར་གཡོག་ཀུན་དང་མཐུན་པར་བྱའོ། །བསླབ་པའི་དམ་ཚིག་ལྔ་ལ། ཉ་གསུམ་སྟོང་ལ་མཆོད་བཤགས་རྒྱུན་དུ་བྱ། བསྟན་ལ་གནོད་པའི་ཞིང་བཅུ་འདུལ། རང་དབང་མེད་པར་གཞན་ལ་མི་སྦྱིན། རང་གིས་མི་ཤཻས་པ་གཞན་ལ་མི་བསྟན་ནོ། །རང་གིས་གནས་མི་ཤེས་པ་གཞན་གནས་བྱས་ན་རང་ངན་སོང་གསུམ་དུ་ལྟུང་ངོ༌། །སྤྱོད་པའི་དམ་ཚིག་བཅོ་བརྒྱད་ལ། མི་གདིང་བ་གསུམ། མི་བྱ་བ་གསུམ། མི་བཟའ་བ་གསུམ། མི་བཅད་པ་གསུམ། མི་སྤང་བ་གསུམ། མི་བཏུང་བ་གསུམ་མོ། །དེ་ལ་མི་གདིང་བ་གསུམ་ནི། སྟག་ལྤགས་རྟ་ལྤགས་རྔ་མོང་གབ་པའི་ལྤགས་པའོ། །སྟག་ལྤགས་གཏིང་ན་ལྷ་ལམ་རྒྱུན་དུ་ཡལ། རྟ་ལྤགས་གཏིང་ན་རླུང་གི་རྟ་བཞི་ཉམས། རྔ་མོང་ལྤགས་པ་གཏིང་ན་དབང་ལྡན་སྲིན་པོས་འཕྲོག མི་བྱ་བ་གསུམ་ནི། ཟླ་བ་ཉ་ལ་མིའི་བོན་མི་བྱ། གཏད་པ་མེད་པ་ནམ་མཁའ་ལ་མདའ་མི་འཕང༌། དགྲ་ཟུན་མ་རྟོགས་པར་མི་འབྲུབ། ཟླ་བ་ཉ་ལ་མིའི་བོན་བྱས་ན་རང་དང་མིའི་སྲོག་བརྗེ། གཏད་པ་མེད་པ་ནམ་མཁའ་ལ་མདའ་འཕང་ན་ལྷ་འདྲེ་ཡིད་ཀྱི་གཟུགས་ཅན་ལ་ཕོག དགྲ་ཟུན་མ་རྟོགས་པ་འབྲུབ་ན་གཡེལ་ཁ་རང་ལ་ཆེའོ། །མི་བཟའ་བ་གསུམ་ལ། ར་རྟ་བྱ་གསུམ་གྱི་ཤ་མི་བཟའ་སྟེ། ར་ཤ་ཟོས་ན་སྐུ་ལ་འགམ་སྟེ་ལུས་ལ་རྫུ་འཕྲུལ་མི་འོང༌། རྟ་ཤ་ཟོས་ན་འཇིག་རྟེན་གྱི་ལྷ་དང་འཁོན་ཏེ་ལྷ་དུག་ཡིན། བྱ་བང་གི་ཤ་ཟོས་ན་དམེ་ཤ་རུ་བསྡིག་གོ། །མི་བཅད་པ་གསུམ་ནི། སེང་གེའི་རལ་པ་དང༌། ཀླུའི་བསྐྱེད་ཤིང་མི་བཅད། གཉན་གྱི་བླ་མཚོ་མི་སྐམ། དུག་རྗེ་ནག་པོ་མི་བཟུང་ངོ༌། །དེ་ལ་སེང་གེའི་རལ་པ་ནི། གསུང་རབ་དང་མཆོད་རྟེན་གྱི་ན་བཟའ་མི་བཤུ། བཤུས་ན་ཡིད་དྭགས་སུ་སྐྱེ། ཀླུའི་བསྐྱེད་ཤིང་ཡི་གེ་བཅད་པ་ཡིན་ཏེ། བསྐལ་པ་ཁྲིའི་བར་དུ་ན་རག་ཏུ་ལྟུང་ངོ༌། །གཉན་གྱི་བླ་མཚོ་བྱ་བ་ཟླ་བོ་བསད་པ་ཡིན་ཏེ། མུན་ནག་འཐིབ་པའི་ནང་དུ་སྐྱེའོ། །དུག་རྗེ་ནག་པོ་བཟུངས་ན་མནར་མེད་དུ་སྐྱེའོ། །མི་སྤང་བ་གསུམ་ནི། ལྷ་དང་སློབ་དཔོན་ཕ་མ་མི་སྤང་སྟེ། ཡི་དམ་གྱི་ལྷ་སྤང་ན་ཐར་བའི་ལམ་མི་གཏོད། སློབ་དཔོན་སྤང་ན་དངོས་གྲུབ་ཡལ་ནས་འཁོར་བར་འཁྱམས། ཕ་མ་སྤང་ན་ཡིད་ཀྱི་གཟུགས་ཅན་དུ་སྐྱེ། མི་བཏུང་བ་གསུམ་ནི། ར་ཁྲག་འཐུང་བས་གཟི་བྱིན་ཉམས། ཉ་ཁྲག་འཐུང་བས་དབང་ཁྲིམས་འཆོལ། དབྱར་པའི་ཁུ་བ་འཐུང་ན་དབང་ཉམས།
གང་ཟག་དགྱེས་ཅེསཔ་ལ། དེ་ལ་གང་ཟག་གང་གིས་བསྲུང་བསྟན་པ་ནི། དེ་ལ་གང་ཟག་བསོག་ཆུང་དང༌། དམ་ལ་འཁྲིག་པ། ལྟུང་བར་འཇིགས་པའོ། །
ཡུལ་ཞེས་བྱ་བ། ཡུལ་གང་ལ་བསྲུང་བ་ནི། རྩ་བ་ཡན་ལག་གི་དམ་ཚིག་བསྲུང་བའི་ཡུལ་དེ་རྣམས་ཡིན།
བསྲུང་བའི་ཐབས་ཞེས་པ། བསྲུང་བྱའི་ཡུལ་དུ་གྱུར་བ་དེ་རྣམས་ལ། སྐུའི་དམ་ཚིག་ལ། བརྡེག་བཙོག་བརྡུང་བརྡེག་ལྟ་ཅི་སྨོས་ཏེ། རྩེད་མོ་ཙམ་དུ་ཡང་མི་བྱ་བར་བསྲུངས། དེ་བཞིན་དུ་མི་ཚངས་སྤྱོད་མ་བྱིན་ལེན་རྣམས་ཀྱང་སྐད་ཅིག་ཙམ་ཡང་མི་བྱའོ། །གསུང་གི་དམ་ཚིག་ནི། རྫུན་དང་ཕྲ་མ་ཚིག་རྩུབ་ངག་འཁྱལ་ལྟ་ཅི་སྨོས་ཏེ། ཀུ་རེའམ་བྲེ་མོ་ཙམ་དུ་ཡང་མི་བྱའོ། །ཐུགས་ཀྱི་དམ་ཚིག་ཡིད་ཀྱི་སྒོ་ནས་མནར་སེམས་དང༌། གནོད་སེམས་དང༌། ལོག་པར་ལྟ་བ་ལྟ་ཅི་སྨོས་ཏེ། ཀུ་རེ་རྩེད་མོ་སེ་གོལ་ཡུན་ཙམ་ཡང་མི་བྱའོ། །
སྐྱོན་ཞེས་པ་མ་བསྲུངས་བའི་སྐྱོན་ལ་བཞི་སྟེ། དམ་ཚིག་ཉམས་པའི་སྔ་ལྟས་དང་རྣམ་པར་སྨིན་པའི་འབྲས་བུ་དང༌། ཉམས་པ་བསྐང་བའི་ཐབས་དང༌། སྐོང་བའི་ཚད་དོ། །དེ་ལ་ཉམས་པའི་སྔ་ལྟས་ནི། །བསམ་པ་མི་འགྲུབ་བར་ཆོད་མང༌། །སྔོན་ལ་བུ་དང་ཆུང་མ་འཆི། །ཡིད་དུ་མི་འོང་སྣ་ཚོགས་འབྱུང༌། །དམ་ཚིག་ཉམས་པའི་རྟགས་མེད་ན། །བདེ་བ་ཟད་ཕྱིར་ངན་སོང་འཁྱམས། །སྡུག་བསྔལ་དཔག་མེད་ཉམས་སུ་མྱོང༌། །ཞེས་གསུངས་སོ། །རྣམ་སྨིན་ནི། སྤྱིར་དམ་ཚིག་ཉམས་པ་ཐམས་ཅད་ངན་སོང་གསུམ་དུ་སྐྱེ། ཁྱད་པར་རྩ་བའི་དམ་ཚིག་ཉམས་པ་རྣམས་མནར་མེད་དམྱལ་བར་སྐྱེའོ། །ཉམས་པ་བསྐང་པའི་ཐབས་ནི། སྐུའི་དམ་ཚིག་ཉམས་གྱུར་ན། །རང་གི་རྩ་བའི་བླ་མའམ། །བླ་མ་མེད་ན་བླ་མ་ཡི། །བླ་མ་ཆེན་པོ་སྤྱན་དྲངས་ལ། །དེ་དང་མཐུན་པའི་སློབ་དཔོན་དང༌། །བླ་མ་མཆེད་ལྕམ་གྲོགས་རྣམས་བསགས། །ལུས་སྲོག་ནོར་ལ་མི་འཕང་པར། །སྨྲེ་གདུང་ཚིག་རྐང་སྟོན་ལ་འབུལ། །ཤིན་ཏུ་གནོང་འགྱོད་བཤགས་པ་འབུལ། །གནང་བ་བྱིན་ན་བསྐང་བ་ཡིན། །སློབ་མའི་འགྱོད་བཤགས་གུས་ཕུལ་བས། །བླ་མའི་དགྱེས་པར་མ་གནང་ན། །གཉིས་ཀར་ངན་སོང་འཁོར་བར་འཁྱམས། །གསུང་གི་དམ་ཚིག་ཉམས་གྱུར་ན། །དབེན་པའི་གནས་སུ་བཞུགས་ནས་ཀྱང༌། །བསྒོམ་བསྒྲུབ་མཆོད་བསྟོད་བཟླས་བརྗོད་འབད། །རྟགས་མཚན་བྱུང་ན་བསྐང་པ་ཡིན། །ཐུགས་ཀྱི་དམ་ཚིག་ཉམས་འགྱུར་ན། །བླ་མ་སློབ་དཔོན་སྐུ་གཟུགས་དྲུང༌། །དཀྱིལ་འཁོར་སྟོང་ལས་སོགས་པ་བཞེངས། །མཆོད་བསྟོད་རྒྱ་ཆེ་དཔག་མེད་བྱ། །བདེར་གཤེགས་གསུང་སྒྲོགས་འགྱོད་བཤགས་བྱ། །སྒྲ་སྙན་འོད་མཐོང་བསྐང་བ་ཡིན། །ཡན་ལག་དམ་ཚིག་ཉམས་འགྱུར་ན། །ཚོགས་ཀྱི་འཁོར་ལོ་བསྐོར་བ་དང༌། །ཚ་ཚ་གདབ་དང་པང་ཀོང་འདོན། །ལམ་འཕྲང་བཅོས་ཤིང་ཞིག་རལ་གསོ། །སྲོག་འདོན་ཟང་ཟིང་སྦྱིན་པ་བཏང༌། །གདུང་སེམས་བསྐྱེད་ལ་འགྱོད་བཤགས་འབུལ། །ཞེས་གསུངས་སོ། །
ཡོན་ཏན་ཞེས་པ་བསྲུངས་པའི་ཡོན་ཏན་ནི། ཚེ་འདི་སྐུ་ཚེ་མཐར་ཕྱིན་ཞིང་བསམ་པ་འགྲུབ། བདེར་གཤེགས་ཐུགས་རྗེས་སྐྱོབ་ཅིང་དམ་ཅན་སྡོང་གྲོགས་བྱེད། བླ་མ་གྲོགས་མཆེད་མཉེས་པའོ། །ཕྱི་མ་ལམ་གྱི་འབྲས་བུ་རིག་འཛིན་དང༌། མཐར་ཐུག་གི་འབྲས་བུ་སྐུ་དང་ཡེ་ཤེས་ཐོབ་སྟེ། དེ་ལྟར་དམ་ཚིག་བསྐང་འགྱུར་ན། །ཤེས་རབ་དམ་ཚིག་ཆེན་པོ་སྟེ། །སྐུ་དང་ཡེ་ཤེས་འབྲས་བུ་ཐོབ། །སྒྲུབ་གཤེན་དཔོན་གསས་དོན་རྟོགས་པས། །བསྲུང་བར་བྱ་བའི་དམ་ཚིག་ཡིན། །ལུས་ངག་ཡིད་གསུམ་རྣམ་པ་ཡིས། །བསྲུང་བྱ་ཀུན་གྱི་བདག་ཉིད་ནི། །ཀུན་རྫོགས་བྱང་ཆུབ་ཐིག་ལེ་མཆོག །ངང་གི་འདའ་བ་མེད་པ་ལ། །ཉམས་པའི་ཆད་པ་འབྱུང་མི་འགྱུར། །ཞེས་གསུངས་སོ། །
མཐུན་པའི་དཔེ་ཞེས་པ་ལ། ཐུབ་པ་ཡོན་ཏན་གྱི་དཔེ་མིག་གི་འབྲས་བུ་དང་འདྲ། སོ་མཚམས་ཀྱི་མཁར་བསྲུང་བ་དང་འདྲ། གྱད་ཀྱི་གཞུ་རྒྱུད་དང་འདྲ། དགུན་གྱི་འཁྱགས་པ་དང་འདྲའོ། །མ་ཐུབ་པའི་སྐྱོན་གྱི་དཔེ། རྩ་བའི་དམ་ཚིག་ཉམས་ན་ས་བོན་མེས་ཚིག་པ་དང་འདྲ། ཡན་ལག་གི་དམ་ཚིག་ཉམས་ན་མེ་མར་རླུང་གིས་བསད་པ་དང་འདྲ་སྟེ། ཟུར་གྱིས་ཉམས་ན་རྒྱབ་ཀྱིས་ཕྱོགས་པ་དང་འདྲ། ཞར་ལ་ཉམས་ན་གསེར་དངུལ་བུམ་པ་ཞོམ་པ་འདྲ། ཟླའི་ཉམས་ན་དབང་མེད་ཆུ་རུ་ཞུགས་པ་དང་འདྲ། ཀུན་ཏུ་ཉམས་ན་ལྗོན་ཤིང་མགོ་བོ་བཅད་པ་དང་འདྲའོ། །
རིམ་པ་དབང་གིས་བསྒྲོད་པ་ལ། །ཞེས་པ། མདོར་བསྟན་པ་ནི། དམ་ཚིག་གི་སྟེང་ནས་དབང་གི་རིམ་པ་སྟོན་པའོ། །རྒྱས་པ་ལ་བཞི་སྟེ། དབང་གི་ངོ་བོ་དང༌། ངེས་ཚིག་དང༌། དབྱེ་བ་དང༌། དབང་བསྐུར་བའི་ཐབས་སོ། །དེ་ལ་ངོ་བོ་ནི། ཤེས་བྱ་ཕྱིན་ཅི་མ་ལོག་པ། དྲི་མ་དང་བྲལ་བ་མཆོག་ཐུན་མོང་ལ་དབང་བསྒྱུར་བའོ། ངེས་ཚིག་ནི། ཅིའི་ཕྱིར་དབང་ན། བདེར་བར་གཤེགས་པའི་ལས་དང་སྤྱོད་པ་ལ་དབང་བས་ཀྱང་དབང༌། ཡང་དག་པའི་དོན་ཕྱིན་ཅི་མ་ལོག་པ་ལ་དབང་བའི་ཕྱིར་དབང༌། དོན་དམ་པ་རང་གི་སེམས་ལ་དབང་བསྒྱུར་བའི་ཕྱིར་དབང་ངོ༌། །དབྱེ་བ་ལ་ལྔ་སྟེ། ཕྱིའིདབང་དང༌། ནང་གི་དབང་དང༌། གསང་བའི་དབང་དང༌། ཤེས་རབ་ཡེ་ཤེས་ཀྱི་དབང་དང༌། མཐར་ཐུག་བླ་ན་མེད་པའི་དབང་ངོ༌། །
ཐབས་ནི། དབང་ལྔ་པོ་དེ་རེ་རེ་ལ་ཡང་ཉི་ཤུ་རྩ་གཅིག་རེས་སྟོན་ཏེ། དེ་ལ་དབང་གི་གནས་དང༌།༡༽ དུས་དང༌།༢༽ སློབ་དཔོན་དང༌།༣༽ སློབ་མ་དང༌།༤༽ གླིང་གཞི་དང༌།༥༽ དཀྱིལ་འཁོར་དང༌།༦༽ དེར་འཇུག་པའི་རིམ་པ་དང༌།༧༽ དབང་བསྐུར་བའི་རིམ་པ་དང༌།༨༽ རྣམ་གྲངས་དང༌།༩༽ དབང་བསྐུར་བའི་གནས་དང༌།༡༠༽ བསྐུར་བའི་ཐབས་དང༌།༡༡༽ སྒྲིབ་པ་བྱང་བའི་ཚད་དང༌།༡༢༽ ས་གང་ནོན་པ་དང༌།༡༣༽ རྟགས་དང༌།༡༤༽ བརྡ་དང༌།༡༥༽ དེར་འབྲེལ་བ་རིམ་པའི་མན་ངག་དང༌།༡༦༽ རྫས་དང༌།༡༧༽ དགོས་པའི་དོན་དང༌།༡༨༽ ནུས་པའི་ཚད་དང༌།༡༩༽ མཐུན་པའི་དཔེ་དང༌།༢༠༽ དབང་བསྐུར་བའི་འབྲས་བུ་དང༌།༢༡༽ ཉི་ཤུ་རྩ་གཅིག་གིས་སྟོན་པའི་དང་པོ་གནས་ལ་ལྔ་སྟེ། ཕྱིའི་གནས་ནི་བཀྲ་ཤིས་པ། ཡིད་དུ་འོང་བ། ཉམས་དགའ་བ། ཡོན་ཏན་ཚངས་པའོ། །ནང་གི་གནས་ནི། གཟུངས་མ་མཚན་དང་ལྡན་པ། མཁའ་དབྱིངས་རྣམ་པར་དག་པའོ། །གསང་བའི་གནས་ནི་ཀུན་གཞི་རྣམ་པར་དག་པའི་དབྱིངས་སོ། །ཤེས་རབ་ཡེ་ཤེས་ཀྱི་གནས་ནི། རིག་པ་སྤྲཽས་དང་བྲལ་བའོ། །མཐར་ཐུག་པའི་གནས་ནི། བོན་གྱི་དབྱིངས་རྣམ་པར་དག་པའོ། །
དུས་ཞེས་པ་ལ་ལྔ་སྟེ། ཕྱི་ཡི་དུས་ནི་སློབ་མ་དད་པ་སྐྱེས་པའི་དུས་སོ། །ནང་གི་དུས་ནི། སློབ་དཔོན་གྱི་ཞལ་ནས་གདམས་པ་རིན་པོ་ཆེ་རྣམས་འབྱུང་བའི་དུས་སོ། །གསང་བའི་དུས་ནི། བླ་མ་སློབ་དཔོན་གྱིས་དོན་རྣམས་གནང་བའི་དུས་སོ། །ཤེས་རབ་ཡེ་ཤེས་ཀྱི་དུས་ནི་དབང་རྣམས་རྫོགས་པར་བསྐུར་བའི་དུས་སོ། །མཐར་ཐུག་པའི་དབང་དུསནི་རིག་པ་ལ་རང་གིས་དབང་ཐོབ་པའི་དུས་སོ། །
སློབ་དཔོན་ཞེས་པ་ལ་ལྔ་སྟེ། ཕྱིའི་སློབ་དཔོན་ནི། དབང་གི་སློབ་དཔོན་བྱ་བ་ཡང༌། །ཀུན་གྱིས་བྱ་བར་མ་གསུངས་ཏེ། །རྐྱེན་ཐུབ་ས་ནོན་གཟི་བརྗིད་ཆེ། །ཕ་མེས་རིགས་ཀྱི་རྒྱུད་མ་ཆད། །རྔ་གཤང་སྒྲ་སྐད་མ་ཆད་པ། །རིགས་ཀྱི་ཆེ་བ་ཐོབ་པ་དང༌། །མཁས་པར་གྲགས་ཤིང་ཀུན་ཏུ་གཉེར། །བྱིན་ཆེ་དབང་དང་ལྡན་པ་སྟེ། །ཐམས་ཅད་ཡོངས་ཀྱི་བཀུར་གནས་པ། །དེ་ལྟ་བུ་ལས་མ་གཏོགས་པ། །གཞན་གྱི་བྱ་བར་མ་གསུངས་སོ། །ཞེས་བྱ་སྟེ་ཕྱིའི་སློབ་དཔོན་ནོ། །ནང་གི་སློབ་དཔོན་ནི། བསྐྱེད་རྫོགས་རྣམ་པ་གསུམ་གྱི་དོན་ཐུགས་སུ་ཆུད་པའོ། །གསང་བའི་སློབ་དཔོན་གཞི་ལམ་འབྲས་གསུམ་དོན་ཐུགས་སུ་ཆུད་པའོ། །ཤེས་རབ་ཡེ་ཤེས་ཀྱི་སློབ་དཔོན་ནི། ཐབས་དང་ཤེས་རབ་དབྱེར་མེད་པའི་དོན་ཐུགས་སུ་ཆུད་པའོ། །མཐར་ཐུག་པའི་སློན་དཔོན་ནི། བོན་ཉིད་སྐྱེ་བ་མེད་པའི་དོན་དང༌། ངང་དང་རང་བཞིན་བདག་ཉིད་ཆེན་པོ་གསུམ་གྱི་དོན་ཐུགས་སུ་ཆུད་པའོ། །
སློབ་མ་ཞེས་པ་ལ་ལྔ་སྟེ། ཕྱིའི་སློབ་མ་ནི། དབང་གི་སློབ་མ་བྱ་བ་ཡང༌། །ཀུན་གྱིས་བྱ་བར་མ་གསུངས་ཏེ། །དད་པ་ཆེ་ལ་སེར་སྣ་ཆུང༌། །ལེ་ལོ་ཆུང་ལ་བརྩོན་འགྲུས་ཆེ། །འཕངས་མེད་ཡོན་རྣམས་གུས་འབུལ་ཞིང༌། །སློབ་དཔོན་དཔྲལ་གྱི་མིག་ལྟར་འཁུར། །བདེར་གཤེགས་བཀའ་རྒྱུད་ལུང་ལ་མོས། །གཤེན་རབ་རྣམས་ཀྱི་ཆེད་ལ་བརྩོན། །གསང་སྔགས་བོན་ལ་ཤིན་ཏུ་གུས། །དེ་ལྟ་བུ་ཡི་སློབ་མ་ལ། །ཕྱི་ནང་དབང་རྣམས་རྫོགས་པར་བསྐུར། །ཞེས་བྱ་སྟེ། སློབ་མ་མི་ཕྱེད་པ་བརྒྱད་དང་ལྡན་ཞིང་ཤིན་ཏུ་བརྩོན་འགྲུས་དང་ལྡན་པའོ། །དེ་ལ་མི་ཕྱེད་པ་བརྒྱད་དང་ལྡན་པ་ནི། དད་པ་སྐྱོ་ངས་མེད་པ་བླ་མ་དང་མི་ཕྱེད། ཏིང་འཛིན་གསལ་བས་ཡི་དམ་དང་མི་ཕྱེད། སྒྲུབ་པ་ལ་བརྩོན་པས་གཟུངས་མ་དང་མི་ཕྱེད། བརྟུལ་ཤུགས་ཆེ་བས་དམ་རྫས་དང་མི་ཕྱེད། དམ་ཚིག་གཙང་བས་དངོས་གྲུབ་དང་མི་ཕྱེད་པ། བརྩེ་གདུང་ཆེ་བས་མཆེད་ལྕམ་དང་མི་ཕྱེད་པ། སྙིང་རྗེ་ཆེ་བས་སེམས་ཅན་དང་མི་ཕྱེད་པ། སྤྱོད་པ་བཟང་བ་ཀུན་དང་མི་ཕྱེད་པ་དང་བརྒྱད་དོ། །གསང་བའི་སློབ་མ་ནི། བརྟུལ་ཤུགས་དང་ལྡན་པའོ། །ཤེས་རབ་ཡེ་ཤེས་ཀྱི་སློབ་མ་ནི། རིག་པ་དང་ལྡན་པའོ། །མཐར་ཐུག་པའི་སློབ་མ་ནི་བློ་གཤིས་ལ་ཕེབས་པའོ། །
གླིང་གཞི་ཞེས་པ། གླིང་གཞི་ལ་ལྔ་སྟེ། ཕྱིའི་གླིང་གཞི་ནི། སྔོན་སྟོན་པ་གཤེན་རབ་མི་བོ་དེ། རྟག་གཟིགས་གི་ཡུལ་འོལ་མོ་ལུང་རིང་དུསྐུ་འཁྲུངས་པའི་དུས་སུ། ཀླུའི་རྒྱལ་པོ་དགའ་བོ་འཇོག་པོ་བྱ་བ་ཡིས། བུམ་པ་ཆུས་ཁྲུས་གསོལ་ནས་དབང་བསྐུར། ས་ཡི་ལྷ་མོ་གསེར་མདོག་མ་ཞེས་ཀྱང་བྱ། ས་ཡི་ལྷ་མོ་བརྟན་མས་བཀྲ་ཤིས་བརྗོད་ནས། བུམ་པ་སྤྱི་བོར་བཞག་པ་ནི་ཕྱིའི་གླིང་གཞིའོ། །ནང་གི་གླིང་གཞི་ནི། སྟོན་པ་གཤེན་རབ་ལ་འོད་ཀྱི་ལྷ་རི་སྤོ་མཐོན་གྱི་རྩེ་མོ་རུ། ཤིང་གི་ལྷ་མོ་འོད་ཆགས་མས། ཤིང་ཐམས་ཅད་ལ་བཀྲ་ཤིས་པའི་ཤིང་བིལ་པ་ལག་སྟེ། བཀྲ་ཤིས་རྫས་བརྒྱད་ཀྱི་དབང་བསྐུར་བ་ནི་ནང་གི་གླིང་གཞིའོ། །གསང་བའི་གླིང་གཞི་ནི། དེ་ནས་སྟོན་པ་གཤེན་རབ་ལ། མཐིང་གུར་གཡུ་འཐིབ་ཀྱི་གསས་ཁང་དུ། ཡབ་དང་ཡུམ་གཉིས་ཀྱིས་དབང་བསྐུར་ཏེ། སྐུ་གསུང་ཐུགས་ཀྱི་དོན་གཏན་ལ་ཕབ་པ་ནི། གསང་བའི་གླིང་གཞིའོ། ཤེས་རབ་ཡེ་ཤེས་ཀྱི་གླིང་གཞི་ནི་དེ་ནས་སྟོན་པ་གཤེན་རབ་ལ། བདུད་ཀྱི་རི་ནག་འཇོམ་པའི་བྲག་ཕུག་ཏུ། ཕྱི་ནང་གི་བདུད་རྣམས་ཐམས་ཅད་དབང་དུ་བསྡུས་ཏེ། ལྷ་མོ་ཐུགས་རྗེ་བྱམས་མས་ལུང་བསྟན་ཏེ། བདུད་ཐུབ་པའི་དབང་དང་ལྡན་ནས་བདུད་མོས་སྟོན་པ་ལ་མཚན་མ་བསྟན་པའི་དུས་སུ། སླར་སྟོན་པ་གཤེན་རབ་ཀྱིས་ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ་པ་ནི་ཤེས་རབ་ཡེ་ཤེས་ཀྱི་གླིང་གཞིའོ། །མཐར་ཐུག་གི་གླིང་གཞི་ནི། དེ་ནས་སྟོན་པ་གཤེན་རབ་ལ། གཡུ་ལུང་ཤེལ་གྱི་བྲག་ཕུག་ཏུ་རིག་པ་རང་གསལ་གྱི་དབང་བསྐུར་བ་ནི། མཐར་ཐུག་གི་གླིང་གཞིའོ། །
དཀྱིལ་འཁོར་དང་ཞེས་པ་ལ། དཀྱིལ་འཁོར་ལ་ལྔ་སྟེ། ཕྱི་རྡུལ་ཚོན་གྱི་དཀྱིལ་འཁོར་དང༌། ནང་ཕུང་པོའི་དཀྱིལ་འཁོར་དང༌། གསང་བ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་དང༌། རིག་པ་ཡེ་ཤེས་ཀྱི་དཀྱིལ་འཁོར་དང༌། མཐར་ཐུག་བོན་ཉིད་རང་བཞིན་མེད་པའི་དཀྱིལ་འཁོར་དང་ལྔའོ། །
འཇུག་དང་ཞེས་པ་ལ། དེར་འཇུག་པའི་རིམ་པ་ལ་ལྔ་སྟེ། ཕྱི་ལྟར་འཇུག་པ་ལ་བཅུ་གསུམ་སྟེ། དང་པོ་ཁ་ནས་ཞུ་བ་འབུལ་བ་དང༌། གསོལ་བ་གདབ་པ་དང༌། སྤྲོ་བ་བསྐྱེད་པ་དང༌། བྱིན་དབབ་པ་དང༌། མཚན་མ་བརྟག་པ་དང༌། སྒོ་དབྱེ་བ་དང༌། མིག་དབྱེ་བ་དང༌། གདོང་གཡོག་བཤུ་བ་དང༌། ཁྲུས་གསོལ་བ་དང༌། ཕྲེང་བ་སོན་ཤིང་དོར་བ་དང༌། ནུབ་ཕྱོགས་སུ་དབང་གདན་ལ་འདུག་པ་དང༌། དབང་རྫས་རྣམས་རྫོགས་པར་བསྐུར་བ་དང༌། དབང་རྒྱ་གདབ་པ་དང་བཅུ་གསུམ་མོ། །ནང་ལྟར་འཇུག་པ་ནི། གཟུངས་མའི་ཡུམ་མཚན་དང་ལྡན་པ་ལ་འཇུག་པའོ། །གསང་བ་བྱང་ཆུབ་ཀྱི་སེམས་བདེ་བ་ཆེན་པོ་ལ་འཇུག་པའོ། །ཤེས་རབ་ཡེ་ཤེས་ཉམས་སུ་བདེ་བ་སྤྲོས་པ་མེད་པ་ལ་འཇུག་པའོ། །མཐར་ཐུག་བོན་ཉིད་ཀྱི་སྤྲོས་པ་དང་བྲལ་བ་ནི། དོན་ཕྱིན་ཅི་མ་ལོག་པ་ལ་འཇུག་པའོ། །
བསྐུར་དང་ཞཻས་པ། དབང་བསྐུར་བའི་རིམ་པ་ནི་ལྔ་སྟེ། ཕྱི་རྔ་གཤང་དང་འཕྲེང་བ་བུམ་པ་མིང་དང་རྣམ་པ་ལྔའོ། །དེ་ལ་མིང་ནི་གཤེན་ལྷ་དཀར་པོ་སྟེ། གསང་མཚན་ཡི་གེ་ཨ་ལས་གདགས། །རྔ་ནི་གར་གསས་བཙན་པོ་སྟེ། །གཤང་ནི་རྒོད་གསས་གསང་བའོ། །འཕྲེང་བ་གསས་རྗེ་རྨང་པོའོ། །བུམ་པ་གནམ་གསས་དབྱིངས་རུམ་ལྷ། །ལྷ་དང་རྫས་དང་རྣམ་པ་ཐབས། །དེ་ནི་ཕྱིའི་འོ། །ནང་ཐབས་དང་ཤེས་རབ་འབྲེལ་བ་རྫས་སོ། །གསང་བ་དབྱིངས་དང་ཡེ་ཤེས་འབྲེལ་བ་རྫས་སོ། །ཤེས་རབ་ཡེ་ཤེས་ཉམས་སུ་མྱོང་བའི་ཏིང་ངེ་འཛིན་དང༌། བདེ་བ་ཆེན་པོ་འབྲེལ་བར་བྱེད་པའི་རྫས་སོ། །མཐར་ཐུག་ནི་རིག་པ་རང་གསལ་ཆེན་པོ་དོན་དམ་པ་བོན་ཉིད་གཏན་ལ་འབེབ་པར་བྱེད་པའོ། །
རྣམ་གྲངས་དང་ཞེས་པ། རྩ་བའི་རྣམ་གྲངས་ལྔ་པོ་དེ་ལ་སྤྲོས་པ་ཉི་ཤུ་རྩ་གཅིག་གོ། །
གནས་དང་ཞེས་པ། དབང་བསྐུར་བའི་གནས་ནི། ཕྱི་ལུས་ལ་དབང་བསྐུར། ནང་ངག་ལ་དབང་བསྐུར། གསང་བ་ཡིད་ལ་དབང་བསྐུར། ཤེས་རབ་ཡེ་ཤེས་ཀྱི་དབང་རིག་པ་ལ་བསྐུར། མཐར་ཐུག་བླ་ན་མེད་པའི་དབང་བྱང་ཆུབ་སེམས་ལ་བསྐུར་བ་དང་ལྔའོ། །
བསྐུུར་དང་ཞེས་པ། དབང་བསྐུར་བའི་ཐབས་ནི་ལྔ་སྟེ། ཕྱི་སྔགས་དང༌། ཕྱག་རྒྱ་དང༌། ཏིང་ངེ་འཛིན་དང༌། རྫས་དང༌། ཚིག་བཤད་དང་ལྔའི་སྒོ་ནས་བསྐུར་བའོ། །ནང་བྱང་ཆུབ་སེམས་དཀར་དམར་གྱི་སྒོ་ནས་བསྐུར་བའོ། །གསང་བ་བདེ་བ་ཉམས་སུ་མྱོང་བའི་སྒོ་ནས་བསྐུར་བའོ། །ཤེས་རབ་ཡེ་ཤེས་བདེ་བ་སྤྲོས་པ་དང་བྲལ་བའི་སྒོ་ནས་བསྐུར་བའོ། །མཐར་ཐུག་བོན་ཉིད་སྐྱེ་འགག་མེད་པའི་སྒོ་ནས་བསྐུར་བའོ། །
སྒྲིབ་པ་བྱང་ཚད་ཅེས་པ་ལ་ལྔ་སྟེ། ཕྱིའི་དབང་རྫོགས་པས་ལུས་ཀྱི་སྒྲིབ་པ་བྱང། ནང་གི་དབང་རྫོགས་པས་ངག་གི་སྒྲིབ་པ་བྱང༌། གསང་བའི་དབང་རྫོགས་པས་ཡིད་ཀྱི་སྒྲིབ་པ་བྱང༌། ཤེས་རབ་ཡེ་ཤེས་ཀྱི་དབང་རྫོགས་པས་ཉོན་མོངས་པའི་སྒྲིབ་པ་བྱང༌། མཐར་ཐུག་བླ་ན་མེད་པའི་དབང་རྫོགས་པས་ཤེས་བྱའི་སྒྲིབ་པ་བྱང་ངོ༌། །
ས་ནོན་ཞེས་པ། ས་གང་ནོན་པ་ལ་ལྔ་སྟེ། ཕྱིའི་དབང་ཐོབ་པས་ས་དང་པོ་ནོན། ནང་གི་དབང་ཐོབ་པས་ས་ལྔ་པ་ནོན། གསང་བའི་དབང་ཐོབ་པས་ས་བརྒྱད་པ་ནོན། ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ་པས་ས་བཅུ་མན་ཆད་ནོན། མཐར་ཐུག་བླ་ན་མེད་པའི་དབང་གིས་ས་བཅུ་གསུམ་ཡི་གེ་འཁོར་ལོ་རྫོགས་ཆེན་གྱི་ས་ནོན་པའི་དབང་དང་ལྔའོ། །
རྟགས་ཞེས་པ། ཕྱི་རྟགས་དབང་བསྐུར་བའི་དུས་སུ་ཁ་ཆར་འབབ་པ་དང༌། ནང་རྟགས་མཚན་ལྟས་བཟང་པོ་འབྱུང་ངོ༌། །གསང་རྟགས་དངོས་གྲུབ་བདེ་བ་ཆེན་པོ་བསྙེམས་པའོ། །ཤེས་རབ་ཡེ་ཤེས་དབང་རྟགས་དྲོད་བྱུང་ངོ༌། །མཐར་ཐུག་པའི་རྟགས་མི་དམིགས་པའི་ཀློང་དུ་གྱུར་པ་དང་ལྔའོ། །
བརྡ་བསྟན་པ་ལ་ལྔ་སྟེ། ལུང་ལས་ཀྱང༌། བརྡ་ནི་ལུས་ངག་ཡིད་གསུམ་སྟེ། །འདྲེ་བས་གླེང་སློང་གསང་ཕྱིར་བསྟན། །མ་ནོར་དོན་དང་བརྗིད་པའི་ཚིག །ཕྱག་རྒྱའི་བརྡ་དང་རྣམ་པ་གསུམ། །བུམ་བའི་དབང་བརྡ་བསྟན་པའོ། །བཅུ་འདུས་ཕྱག་རྒྱ་དེ་ལ་བསྟན། །ངག་ནི་ཞང་ཞུང་སྒྲ་ལས་དྲང༌། །ནང་གི་དབང་བརྡ་བསྟན་པ་ཡང༌། །དབང་བསྒྱུར་འཁོར་ལོའི་ཕྱག་རྒྱ་བསྟན། །གསང་བའི་དབང་བརྡ་བསྟན་པ་ཡང༌། །བདུད་རྩི་བུམ་པའི་ཕྱག་རྒྱ་བསྟན། །ཤེས་རབ་ཡེ་ཤེས་དབང་བརྡ་ཡང༌། །རྫུ་འཕྲུལ་ཁྲོ་གཉེར་ཕྱག་རྒྱ་བསྟན། །མཐར་ཐུག་བླ་མེད་དབང་བརྡ་ཡང༌། །མཉམ་པ་ཉིད་ཀྱི་ཕྱག་རྒྱ་བསྟན། །ངག་ཀུན་ཞང་ཞུང་སྒྲ་ལས་དྲང༌། །
དེ་འབྲེལ་དང་ཞེས་པ། དེ་འབྲེལ་བའི་མན་ངག་ལ་ལྔ་སྟེ། ཕྱི་བུམ་པའི་དབང་རྫོགས་ནས། སྡོམ་པ་གསུམ་གྱི་གདམས་ངག་སྦྱིན། ནང་གི་དབང་རྫོགས་ནས་བདེན་པ་གཉིས་ཀྱི་གདམས་ངག་སྦྱིན། གསང་བའི་དབང་རྫོགས་ནས་བསྐྱེད་རྫོགས་གཉིས་ཀྱི་གདམས་ངག་སྦྱིན། ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ་ནས། ཐབས་དང་ཤེས་རབ་ཆེན་པོའི་གདམས་ངག་སྦྱིན། མཐར་ཐུག་བླ་ན་མེད་པའི་དབང་རྫོགས་ནས། དགོངས་པ་ཉམས་ཀྱི་གདམས་ངག་སྦྱིན་པ་དང་ལྔའོ། །
རྫས་དང་ཞེས་པ་རྫས་ལ་ཡང་ལྔ་སྟེ། ཕྱིའི་རྫས་ནི་མདའ་དང་རལ་གྲི། མདའ་དར་དང་མེ་ལོང༌། བུམ་པ་དང་རིན་པོ་ཆེ་ལྔ་ལ་སོགས་པའི་རྫས་སོ། །ནང་རྫས་གཟུངས་མ་མཚན་དང་ལྡན་པའོ། །གསང་བའི་རྫས་ཕུད་དང་རཀྟ་བདུད་རྩིའོ། །ཤེས་རབ་ཡེ་ཤེས་ཀྱི་རིག་པ་སྤྲོས་པ་དང་བྲལ་བའོ། །མཐར་ཐུག་པའི་རྫས་ནི་ཀུན་གཞི་དྲི་མ་མེད་པའི་ཀློང་ངོ༌། །
དགོས་དོན་ཞེས་པ། དགོས་པའི་དོན་ནི་ལྔ་སྟེ། ཕྱིའི་དགོས་པ་ནི་འཇིག་རྟེན་འདིར་ཡང་བཀྲ་ཤིས་པ། མཐུ་དང་གཟི་བྱིན་ཆེ་བའོ། །ནང་གི་དགོས་པ་ནི། མཐུ་དབང་ཁྲི་འཕང་བཞིན་དུ་ཆགས་པའི་དགོས་པའོ། །གསང་བའི་དགོས་པ་ནི་བར་དུ་གཅོད་པའི་མི་ཚུགས་པའི་དགོས་པའོ། །ཤེས་རབ་ཡེ་ཤེས་ཀྱི་དགོས་པ་ནི་གཞན་དོན་ནུས་པའི་དགོས་པའོ། །མཐར་ཐུག་པའི་དགོས་དོན་ནི། བླ་ན་མེད་པ་ཡང་དག་པའི་འབྲས་བུ་གྲུབ་པའོ། །
ནུས་པའི་ཚད་ཅེས་པ། ནུས་པའི་ཚད་ནི་ལྔ་ཆར་ལ་ཁྱབ་སྟེ། བླ་མ་སློབ་དཔོན་ནུས་པ་དང་ལྡན་པ་ལ། དབང་དང་མན་ངག་ཞུ་དུས་སུ། །མགོ་ལུས་སྲོག་ལ་མ་ཆགས་པར། །ལུས་ངག་ཡིད་གསུམ་ཡོན་དུ་དབུལ། །བུ་དང་ཆུང་མ་ནོར་གྱི་དབྱིག །རྟ་དང་གླང་པོ་རོལ་མོའི་སྒྲ། །འཛམ་གླིང་རིན་ཆེན་གསེར་དང་གཡུ། །རབ་ཏུ་གཅེས་པ་ཐམས་ཅད་ཀྱང༌། །ཆགས་པ་མེད་པར་དབུལ་བར་བྱ། །རྒྱུ་ཡི་མཆོག་དང་མ་ལྡན་ན། །ཐང་དང་ཆུ་ཤིང་སྐྱེས་པ་ཡི། །མཛེས་པའི་མེ་ཏོག་དག་བཏུས་ལ། །ལུས་ངག་ཡིད་གསུམ་གུས་པས་དབུལ། །
མཐུན་པའི་དཔེ་དང་ཞེས་པ་ལྔ་ཆར་ལ་ཁྱབ་སྟེ། སྐྲས་ཀྱི་གདང་བུ་ལྟ་བུའོ། །གངས་ཀྱི་རིམ་པ་ལྟ་བུའོ། །དཔའ་བོ་ཆས་ཀྱིས་བརྒྱན་པ་ལྟ་བུའོ། །
འབྲས་བུ་ཡིས་ཞེས་པ། གྲུབ་པའི་འབྲས་བུས་ལྔ་ཆར་ལ་ཁྱབ་སྟེ། བདུད་བཞི་ཟིལ་གྱིས་ནོན་པའོ། དེ་ཡང་གོང་གི་ལུས་ངག་ཡིད་གསུམ་གུས་པས་རང་གི་ཕུང་པོ་ལྷ་དང་ལྷ་མོར་ཤེས་པས་ལྷའི་བུའི་བདུད་བཅོམ། ཕུང་པོ་ལྷ་དང་ལྷ་མོར་ཤེས་པས་ཉོན་མོངས་པའི་ཟུག་རྔུ་མེད་དེ། ཉོན་མོངས་པའི་བདུད་བཅོམ། ཉོན་མོངས་པའི་ཟུག་རྔུ་མེད་པས་སྐྱེ་བ་ཕྱིས་མི་ལེན་ཏེ། ཕུང་པོ་ལུས་ལེན་གྱི་བདུད་བཅོམ། སྐྱེ་བ་ཕྱིས་མི་ལེན་པས་སྐྱེ་ཤི་གཉིས་སུ་མེད་པ་འཆི་བདག་གི་བདུད་བཅོམ་པའོ། །རིམ་པ་དབང་གིས་བསྒྲོད་པའོ། །
ད་ནི་ཉམས་སུ་ཏིང་ངེ་འཛིན་གྱིས་བླང་བ་བསྟན་ཏེ། ཉམས་སུ་ཏིང་ངེ་འཛིན་གྱིས་བླང༌།ཙ༽ ཏིང་འཛིན་བླངས་པ་ལ། །ཞེས་པ་ལ། མདོར་བསྟན་ཏེ། དབང་ཐོབ་ནས་ཏིང་ངེ་འཛིན་བསྒོམ་པའོ། །
སྤྱི་ཁོག་རྩིས་འགོ་དམིགས་དབྱེ་སྟེ། །ཞེས་པ། གསལ་བ་མིང་གིས་མདོར་བསྟན་པའོ། །རྒྱས་པར་བཤད་པ་ལ་གསུམ་སྟེ། ཏིང་ངེས་འཛིན་གྱྀ་སྤྱི་ཁོག་བསྟན་པ་དང༌། ཏིང་ངེ་འཛིན་གྱི་རྩིས་འགོ་བསྟན་པ་དང༌། ཏིང་ངེ་འཛིན་གྱི་དམིགས་སོ་སོར་དབྱེ་བ་བསྟན་པ་དང་གསུམ་མོ། དེ་ལ་དང་པོ་སྤྱི་ཁོག་བསྟན་པ་ལ་དོན་བདུན་ཏེ། ཚིག་སྨྲང་གིས་བསྒོམ་པ་སྣང་གཤེན་པ་དང༌། ཐུགས་བརྣག་པས་དགྲ་བགེགས་འདུལ་བ་འཕྲུལ་གཤེན་པའི་བསྒོམ་པ་དང༌། སེམས་དགེ་བ་ལ་ཡིད་བསྒོམ་པ་དགེ་བསྙེན་པ་དང༌། རིག་པའི་དོན་ལ་མ་ཡེངས་པར་བསྒོམ་པ་དྲང་སྲོང་པ་དང༌། སེམས་བསྐྱེད་ཡིད་གཞུང་མཉམ་བཞག་ཨ་དཀར་བའི་བསྒོམ་པ་དང༌། རིག་པའི་དོན་བརྟག་ཅིར་ཡང་བསྒྱུར་དུ་འདོད་པ་ཡེ་གཤེན་པའི་བསྒོམ་པ་དང༌། ཅི་ལ་ཡང་མི་སེམས་ཡེ་ནས་ལྷུན་གྲུབ་པ་ཁྱད་པར་ཆེན་པོའི་བསྒོམ་པ་དང་བདུན་ནོ། །དེ་ལ་སྣ༵ང་གཤེ༵ན་པ་ལྷ་འདྲེའི་སྣང་བ་དང་མཐུན་པར་བྱེད་པ་ལ་བྱ་སྟེ། སྣང་གཤེན་པ་ནི་ཚིག་ལ་དོན་ལྟོས་ཏེ་སྨྲང་གིས་བསྒོམ་པ་ནི། བསྒོམ་མེད་པའི་གྱེར་བྲོ་གླུ་སྒྲུང་སྡེབ་ལྡེའུདང་ཁྱད་མེད་པས། བོན་ལེའུ་རེ་ཡི་ནང་དུ་ཡོན་བདག་གཅིག་མི་སྨོས་མི་སྲིད་པས། དེ་ད་ལྟའི་ཡོན་བདག་དེ་ཡིན་པར་བསྒོམ། བོན་པོ་གཅིག་མི་སྨོས་མི་སྲིད་པས་དེ་ད་ལྟའི་བོན་པོ་དེ་ཡིན་པར་བསྒོམ། དེ་ལ་ཕན་ཡོན་གཅིག་མི་ཡོང་མི་སྲིད་པས་དེ་ད་ལྟའི་ཡོན་བདག་དེས་ཐོབ་པར་བསྒོམ་པས། ཏིང་ངེ་འཛིན་གྱིས་ཁོག་ཕུབ་པའོ། །འཕྲུ༵ལ་གཤེ༵ན་ཞེས་པ་རྫུ་འཕྲུལ་གྱིས་དགྲ་གེགས་འདུལ་བ་ལ་བྱའོ། །འཕྲུལ་གཤེན་པས་ཐུགས་ཀྱི་བརྣག་པ་དགྲ་གེགས་འདུལ་བར་བསྒོམ་སྟེ། ཡི་དམ་ལྷའི་ངང་ནས་བསྟན་པའི་བར་ཆོད་བསྒྲལ་ཏེ། དེ་ཡང་བསྒྲལ་བའི་ཞིང་བཅུ་སྟེ། བསྟན་པ་ཁྱད་དུ་གསོད་པ། བཀའ་དམ་གཅོག་པ། དཀོར་ལ་རློམ་པ། མ་ཉེས་སྟབས་ལ་གཅོད་པ། བསྟན་པའི་སྐུ་ཕྱྭའི་དགྲ་བདུད་དང་སྲིན་པོ། སྡང་བའི་དགྲ་དང་གནོད་པའི་བགེགས། བཀའ་དམ་ལ་འགལ་བ་རྣམས་བསྒྲལ་བའོ། །ད༵གེ་བས༵ྙེན་ཞེས་པ་འདུས་བྱས་གནས་ཀྱི་བྱེད་པ་ལ་བྱ་སྟེ། དགེ་བསྙེན་པས་སེམས་དགེ་ལ་ཡིད་བསྙེན་པའི་བསྒོམ་སྟེ། དགེ་བའི་ལས་ལ་ཡིད་བསྙེན་ནས་དགེ་བཅུ་ཚད་མར་སྤྱད། དེའི་འགལ་རྐྱེན་སྡིག་བཅུ་སྤང་ནས་བསྒོམ་པའོ། །དྲ༵ང་སྲོ༵ང་ཞེས་པ་རང་དྲང་པོས་གཞན་གྱི་རྒྱུད་སྲོང་བ་ལ་བྱ་སྟེ། དྲང་སྲོང་པས་རིག་པའི་དོན་ལ་མ་ཡེངས་པར་རང་གསལ་དུ་བསྒོམ། །ཨ༵་དཀ༵ར་ཞེས་པ་བསྙཻན་བསྒྲུབ་པ་ལ་བྱ་སྟེ། ཨ་དཀར་བས་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དེ། སེམས་མཉམ་པར་བཞག་ནས་བསྒོམ་པའོ། །ཡེ༵་གཤེ༵ན་ཞེས་པ་ཡེ་དེ་ཇི་བཞིན་གྱིས་བསྒོམ་པ་ལ་བྱའོ། །ཡེ་གཤེན་པས་རིག་པ་ཅིར་ཡང་འགྱུར་བ་འོད་ཀྱི་འཁོར་ལོ་ལྟ་བུར་བསྒོམ་པའོ། །ལ༵ྷུན་གྲུ༵བ་ཅེས་པ་ཡེ་ནས་བྱ་བརྩལ་བྲལ་བ་ལ་བྱ་སྟེ། ཁྱད་པར་ཐེག་པ་ཆེན་པོ་བར་བྱང་ཆུབ་ཀྱི་སེམས་ལྷུན་གྲུབ་ཁྱབ་བདལ་དུ་བསྒོམ་པའོ། །དེ་ལྟར་ཐེག་པ་དགུ་ལ་ཕྱྭ་གཤེན་སྲིད་གཤེན་གཉིས་ཀྱི་བསྒོམ་པ་མི་སྟོན་ཅི་ཡིན་ན། དེ་གཉིས་ནི་ཚིག་ལ་དོན་ལྟོས་ནས་སྨྲང་ཐོག་ནས་བསྒོམ་པས། སྣང་གཤེན་དང་མཐུན་པའི་ཕྱིར་མ་བསྟན་པའོ།
ད་ནི་ཏིང་ངེ་འཛིན་གྱི་རྩིས་འགོ་བསྟན་པ་ལ་རྣམ་པ་ལྔ་སྟེ། ཡུལ་གང་དུ་མཛད་པ་དང་གཅིག སློབ་དཔོན་གང་གིས་མཛད་པ་དང་གཉིས། ཕྱོགས་གང་དུ་གཏོགས་པ་དང་གསུམ། དོན་ཆེད་ཅི་ཡི་དོན་དུ་མཛད་པ་བཞི། དགོས་པ་བསྟན་པ་དང་ལྔའོ། །དེ་ལ་རྩིས་འགོ་ཞེས་པ་སྔར་གྱི་རྩ་ཚིག་འོག་མའི་དབུ་ལ་དྲངས་པའོ། །ཡུལ་དང་ཞེས་པ་ནི། ཡུལ་གང་དུ་མཛད་པ་སྟེ། ཡུལ་ནི་གཡུ་ལུང་ཤེལ་གྱི་བྲག་ཕུག་ཏུ་མཛད། སློབ་དཔོན་གང་ཞེས་པ་ནི། སློབ་དཔོན་གསང་བ་འདུས་པས་མཛད། ཕྱོགས་གང་ཞེས་པ་ནི། ཕྱོགས་ཨ་དཀར་སྔགས་ཀྱི་ཕྱོགས་སུ་གཏོགས། དོན་ཆེད་ཅེས་པ། དོན་ཆེད་ནི་ཕྱི་རབས་ཀྱི་གཤེན་པོ་རྣམས་ཀྱི་དོན་དུ་མཛད། དགོས་པ་ཞེས་པ་ནི། ཚེ་གཅིག་གི་སྒྲུབ་པ་ཐོབ་པར་བྱ་བའི་དགོས་པའོ། །ལྔ་ཞེས་པ། ཏིང་ངེ་འཛིན་གྱི་དོན་ལ་རྩིས་པས་དོན་མགོ་ལྔ་བྱུང་བའོ། །
ཏིང་ངེ་འཛིན་གྱི་དམིགས་སོ་སོར་དབྱེ་བ་བསྟན་པ་ལ་ལྔ་སྟེ། ཆས་བཞག་ལྷའི་གཞི་མར་བསྒོམ་པ་དང༌། ཏིང་ངེ་འཛིན་དོན་ལ་མི་ཡེངས་པར་བསྒོམ་པ་དང༌། སྔགས་ལྷའི་སྐུ་བསྐྱེད་པར་བསྒོམ་པ་དང༌། ཕྱག་རྒྱ་ལྷའི་སྐུ་དོན་མཚོན་པར་བསྒོམ་པ་དང༌། ཡིག་འབྲུ་ལྷའི་རྒྱུ་ཡིན་པར་བསྒོམ་པའོ། དེ་ཡང་དམིགས་ནི་ཞེས་པ་སྔར་གྱི་རྩ་ཚིག་བཀར་ནས་སྟོན་པའོ། །
གཞི་དང་ཞཻས་པས་ཆས་བཞག་ལྷའི་གཞི་མར་བསྒོམ་སྟེ། དེ་ལ་གཉིས། སྐུའི་ཆས་བཞག་དང༌། རྒྱན་གྱི་ཆས་བཞག་གོ། །དེ་ཡང་སྐུའི་ཆ་ལུགས་ནི། རང་བཞིན་ཆ་ལུགས་ཀྱི་ཕྱག་རྒྱ་ལྔ་དང་ལྡན་པའོ། །བརྒྱན་གྱི་ཆས་བཞག་ལ་ལྔ་སྟེ། དབུ་རྒྱན། སྟོད་དཀྲིས། སྨད་གཡོག ཕུ་རུང༌། གཙང་གོས་དང་ལྔའོ། །ཡང་ཁྲོ་བོ་ཆས་བཞག་ལ་ལྔ་སྟེ། ཞབས་བགྲད་པ་དང༌། སྐུ་འགྱིང་བ། སྤྱན་བཟློག་པ། ཚེམས་གཙིགས་པ། ཕྱག་དང་གདེང་བའོ། །ཡང་ཁྲོ་བོའི་རྒྱན་ཆ་ལྔ་ནི། སྟག་ཞུ་དང༌། གཡང་གཞི་དང༌། ཤམ་ཐབས་དང༌། ཐོད་འཕྲེང་དང༌། སྦྲུལ་ནག་གི་སྐུ་ཆིངས་དང་ལྔའོ། །དེ་ཡང་བསྡུས་ན་ཞི་བའི་ལྷ་རྒྱན་བཅུ་གསུམ་ཚང་བ། ཁྲོ་བོ་ལ་དུར་ཁྲོད་ཆས་བརྒྱད་ཚང་བ། སྒྲུབ་པ་པོ་ལ་སྒྲུབ་ཐབས་ཀྱི་ཆས་ཚང་བའོ། །
མ་ཡེངས་ཞེས་པ་ཏིང་ངེ་འཛིན་ལ་མ་ཡེངས་པར་སྒོམ་པ་ལ་ལྔ་སྟེ། ཏིང་ངེ་འཛིན་གྱི་ངོ་བོ་དང༌། ངེས་ཚིག་དང༌། དབྱེ་བ་དང༌། ཉམས་སུ་བླང་བའི་ཐབས་དང༌། བསྒོམ་པའི་འབྲས་བུའོ། །དེ་ཡང་ངོ་བོ་ནི་ཐུགས་རྩོལ་བསྒྲུབ་ཐམས་ཅད་ལས་འདས་པའི་རྣམ་པ་ཇི་ལྟར་ཡང་མཁྱེན་པས་ཡེ་ཤེས་སོ། །ངེས་ཚིག་ནི། ཏི༵ང་ནི་མི་གཡོ་བ། ངེ༵་ནི་གནས་པ། འཛི༵ན་ནི་མི་གཏོང་བར་བརྟན་པར་བྱེད་པའོ། །དབྱེ་བ་ལ་གཉིས་ཏེ། སྤྱིར་དབྱེ་བ་དང་བྱེ་བྲག་ཏུ་དབྱེ་བའོ། །སྤྱིར་དབྱེ་བ་ལ་གསུམ་སྟེ། དེ་བཞིན་ཉིད་ཀྱི་ཏིང་འཛིན་དང༌། ཀུན་དུ་སྣང་གི་ཏིང་ངེ་འཛིན་དང༌། རྒྱུའི་ཏིང་ངེ་འཛིན་ནོ། །བྱེ་བྲག་ཏུ་དབྱེ་བ་ནི། བརྒྱད་ཅུ་རྩ་གཅིག་འབྱུང་སྟེ་གཞུང་གཞན་དུ་བཤད།
དེ་ཡང་འདིར་ཏིང་ངེ་འཛྀན་གསུམ་གྱི་དང་པོ། དེ་བཞིན་ཉིད་ཀྱི་ཏིང་འཛིན་ལ། དེ༵་ནི་མ་ནོར་བ་ལ་བྱ། བཞི༵ན་ནི་མ་བཅོས་པ་ལ་བྱ། ཉི༵ད་ནི་གཤིས་ལ་ཕེབ་པ་ལ་བྱ། ཏི༵ང་ནི་མ་ཡེངས་པ་ལ་བྱ། འཛི༵ན་པ་ནི་དོན་དེ་མི་གཏོང་པ་ལ་བྱའོ། །དེ་ལ་དོན་བདུན་ཏེ། བསྒོམ་དགོས་པའི་རྒྱུ་མཚན་དང༌། འཇུག་པའི་རྒྱུ་དང༌། སྒོམ་པའི་ཐབས་དང༌། མཐོང་བའི་ཚད་དང༌། གནས་པའི་ལུགས་དང༌། མཐུན་པའི་དཔེ་དང༌། སྒོམ་པའི་འབྲས་བུའོ། །དེ་ལ་དང་པོ་དེ་བཞིན་ཉིད་བསྒོམ་པའི་རྒྱུ་མཚན་ནི། རྣམ་རྟོག་རི་བོ་རྩེ་ནས་གཞོམ་པའི་ཕྱིར་བསྒོམ་སྟེ། དེ་ཡང་ཉོན་མོངས་པ་དུག་གསུམ་དུག་ལྔ་ལས་གྱུར་པའི། ལས་དང་ཉོན་མོངས་པའི་བག་ཆགས་མཐུ་བརྟས་པ་ནི། ཤིན་ཏུ་མཐུག་ལ་སྲ་ཞིང་ཁེངས་པས་དེ་འཇོམ་པའོ། །འཇུག་པའི་རྒྱུ་ནི། རྣམ་པར་རྟོག་པ་རགས་པ། འཁྲུལ་སྣང་གཉེན་པོ། རྣམ་པར་མི་རྟོག་པ་བོན་ཉིད་སྤྲོས་བྲལ་ཆེན་པོའི་ངང་ལས་འཇུག སྒོམ་བའི་ཐབས་སྟོང་ཞིང་བདག་མེད་ཁྱབ་བདལ་ཆེན་པོའི་ངང་ལ་བློ་ཁུག་པར་བཞག་ལ། ཞི་ཁྲོ་གང་ཡིན་པ་སྒོམ་པའི་དབྱིངས་ཀྱི་གསལ་གདབ་ལ་བསྒོམ་མོ། །མཐོང་པའི་ཚད་ནི། བོན་ཐམས་ཅད་གང་ལ་ཡང་དམིགས་པ་མེད་པར་མཐོང༌། གནས་པའི་ལུགས་ནི། ཅི་ལ་ཡང་མི་རྟོག ཅི་ལ་ཡང་མི་གནས། ཅི་ལ་ཡང་མི་ཆགས་པ། ཅི་ལ་ཡང་མི་རེ་བ། འདས་པའི་རྗེས་མི་གཅོད། མ་འོངས་པའི་སྔོན་མི་བསུ། ད་ལྟའི་ཤེས་པ་ལ་རྩིས་གདབས་མེད་པ། བློ་རང་གྲོལ་གཉུག་མར་གནས་པའོ། །མཐུན་པའི་དཔེ་ནམ་མཁའ་ལྟ་བུ། སྒོམ་པའི་འབྲས་བུ་དམིགས་མེད་བོན་གྱི་སྐུ་སྐྱེ་འགག་མེད་པ་ཐོབ་པའོ། །
དེ་ནས་ཀུན་ཏུ་སྣང་གི་ཏིང་ངེ་འཛིན་ལ། ཀུ༵ན་ཏུ༵་ནི་མ་ལུས་པ་ལ་བྱ། སྣ༵ང་ནི་སྙིང་རྗེའི་ཡུལ་མ་བསྒྲིབ་པར་གསལ་བ་ལ་བྱ། ཏི༵ང་ངེ༵་ནི་སྙིང་རྗེ་སྐད་གཅིག་མ་རྒྱུན་མ་ཆད་པ་ལ་བྱ། འཛི༵ན་ནི་སེམས་ཐམས་ཅད་གཉིས་སུ་མེད་པར་འཛིན་པ་ལ་བྱ་བའི་དེ་ལ་བདུན་ཏེ། བསྒོམ་པའི་རྒྱུ་མཚན་ནི། སྡུག་བསྔལ་གྱི་རྒྱ་མཚོ་གཏིང་ནས་སྐམ་པར་བྱ་བའི་ཕྱིར་བསྒོམ་སྟེ། བདག་དང་མཐའ་ཡས་པའི་སེམས་ཅན་རྣམས། སྡུག་བསྔལ་བསམ་གྱི་མི་ཁྱབ་པ་ཏ༽ གདུང་བ། དེ་ལ་ཐར་པར་བྱ་བའི་ཕྱིར། འཇུག་པའི་རྒྱུ་ནི། ཁྱབ་པའི་སྙིང་རྗེ་ཆེན་པོའི་སྒོ་ནས་འཇུག་སྟེ། མ་རིག་འཁྲུལ་བའི་སེམས་རྣམས། བོན་ཉིད་དོན་གྱི་སྙིང་པོ་ཡང་དག་པའི་དོན་ནི་མ་རྟོགས། འཁྲུལ་བ་རང་ཁ་མ་ང་བདག་འཛིན་པའི་དོན་ལ་ཞེན་པའི་སྙིང་རྗེའོ། །སྒོམ་པའི་ཐབས་ནི། ཚད་མེད་བཞིའི་ཐུགས་རྗེས་བསྒོམ་སྟེ། རིགས་དྲུག་སྐྱེ་བཞི་རྒྱུད་ལྔས་བསྡུས་པ་རྣམས། ལས་དང་ཉོན་མོངས་པའི་བཅིང་ནས། རྣམ་རྟོག་འཁྲུལ་བའི་དོན་ལ་ཞེན་པ་སྙིང་རྗེ་སྟེ། དེ་ལ་སྙིང་རྗེ་ཚད་མེད་པ་ནི། བུ་གཅིག་པའི་མ་ལྟར་བསྒོམ། དེ་ནས་བྱམས་པ་ཚད་མེད་པ་ནི། སྐྱབས་མགོན་དམ་པའི་བླ་མ་ལྟ་བུར་བསྒོམ། དེ་ནས་དགའ་བ་ཚད་མེད་པ་གཟི་མདངས་སྟོབས་མཆོག་གཏེར་ནས་རྙེད་པ་ལྟ་བུར་བསྒོམ། དེ་ནས་བཏང་སྙོམས་ཚད་མེད་པ་ཡོངས་ལ་ཁྱབ་བདལ་ཉི་མ་ཤར་བ་ལྟ་བུར་བསྒོམ་མོ། །དེ་ལ་ཞི་ཁྲོ་གང་ཡིན་གསལ་གདབ་བོ། །མཐོང་བའི་ཚད་ནི། ཐམས་ཅད་ཐུགས་རྗེས་བཟུང་བའི་ཡུལ་དུ་མཐོང༌། གནས་པའི་ལུགས་ནི། སྙིང་རྗེ་བདག་ཕྱོགས་མེད་པའི་ངང་ལ་གནས། མཐུན་པའི་དཔེ་ནི། བྱ་ཕོ་རོག་གི་མིག་ལྟ་བུ་སྟེ། ཕོ་རོག་དེ་ཡང་མཐོ་ཡམ་ཤིང་དྲང་པོའི་ཁ་ལ་འབབ་སྟེ། གཟུགས་མ་འགྱུར་མགོ་དྲང་པོར་བཞིག་སྟེ་མིག་ཐད་ཀ་ལ་བལྟས་པས་སྟེང་ན་ཅི་འགྲོ་བ་དང༌། འོག་ན་གང་གནས་པ་ཀུན་དུས་གཅིག་ཏུ་མཐོང་བ་བཞིན། ཀུན་དུ་སྣང་གི་ཏིང་འཛིན་ལ་བློ་བཞག་པའི་དུས་ན། གང་གི་དེ་བཞིན་ཉིད་སྟོང་ཞིང་བདག་མེད་པ་ཡང་མཐོང༌། འོག་གི་དེ་ལྟར་མ་རྟོགས་པའི་སེམས་ཅན་གྱི་སྡུག་བསྔལ་ཡང་མཐོང་སྟེ། མདོར་ན་ཡ་ཐ་རྒྱལ་བའི་དཀྱིལ་འཁོར་ནས། མ་ཐ་དམྱལ་བའི་འཇིགས་ཚོགས་ཡན་ཆད་རིག་ཅིང་རྟོགས་པའོ། །བསྒོམ་པའི་འབྲས་བུ་ནི། བདེ་བ་ཆེན་པོ་ལོངས་སྤྱོད་རྫོགས་སྐུ་ཐོབ་པའོ། །
དེ་ནས་རྒྱུའི་ཏིང་འཛིན་ནི། མ་སྐྱེས་པའི་སེམས་ཅན་གྱི་རྒྱུ་ལས་སྐྱེ་བའི་ཆོ་འཕྲུལ་འོད་དང་ཡིག་འབྲུ་རྒྱུ་ལས་བསྐྱེད་པས། རྒྱུའི་ཏིང་འཛིན་ཞེས་བྱ་བ་དེ་ལ་བདུན་ཏེ། རྒྱུའི་ཏིང་འཛིན་སྒོམ་དགོས་པའི་རྒྱུ་མཚན་ནི། འཁོར་བའི་ཞིང་ས་རྒྱུ་ནས་བཟློགས་པའི་ཕྱིར་སྒོམ་སྟེ། ལས་དང་ཉོན་མོངས་པའི་རྒྱུ་རྐྱེན་ལས་སྐྱེ་ཞིང་སྲིད་པས་འཁོར་ཞིང་འཕེལ་བས། དེ་བཟློག་པར་བྱེད་པའོ། །འཇུག་པའི་རྒྱུ་འོད་དང་ཡིག་འབྲུ་ཁ་དོག་ཕྱག་མཚན་ལ་འཇུག་གོ། །བསྒོམ་པའི་ཐབས་ནི། དཀྱིལ་འཁོར་རྣམ་པ་གསུམ་དུ་མཐོང་སྟེ། རང་བཞིན་གྱི་དཀྱིལ་འཁོར། ཏིང་འཛིན་གྱི་དཀྱིལ་འཁོར། མཚན་མ་རྡུལ་ཚོན་གྱི་དཀྱིལ་འཁོར་དང་གསུམ་མོ། །དེ་ལ་བསྐྱེད་རིམ་གསུམ་སྟེ། གཞན་ལས་བསྐྱེད་པ་དང༌། གདན་བསྐྱེད་པ་དང༌། ལྷ་བསྐྱེད་པའོ། །དེ་ལ་ཞི་ཁྲོ་གང་ཡིན་གསལ་བཏབ་ནས་བསྒོམ་པའོ། །གནས་པའི་ལུགས་སྣང་བ་ལྷའི་དཀྱིལ་འཁོར་དུ་གནས། མཐུན་པའི་དཔེ་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་ལྟ་བུ་སྟེ། དཔེར་ན་ཕྱིའི་རྒྱ་མཚོའི་གླིང་ན། རིན་པོ་ཆེ་འོད་དཔུང་གི་ཚལ་ན། ཡིད་བཞིན་གྱི་ནོར་རིན་པོ་ཆེ་བླངས་ནས། མི་ནུབ་རྒྱལ་མཚན་གྱི་རྩེ་མོ་ལ་བཏགས་ཤིང་བསྐོར་ཞིང་མཆོད་པ་ཕུལ་ཏེ། སྨོན་ལམ་བཏབ་ན་ཇི་ལྟར་འདོད་པ་འབྱུང་ཞིང་རིན་པོ་ཆེ་དེ་ལ་ཡོན་ཏན་ཟད་པ་མེད་པ་འབྱུང་བ་དང་འདྲ་བས་ན། དོན་དུ་བདག་གི་རིག་པས་འགྲོ་བ་གང་ལ་མོས་ཤིང་འདུལ་བ་རྣམས་ལ་ཞི་ཁྲོ་ཕུར་པའི་དཀྱིལ་འཁོར་ཇི་སྙེད་ཅིག་བསྟན་ཡང༌། ཏིང་འཛིན་རིག་པའི་དཀྱིལ་འཁོར་ལ་ཟད་པ་མེད་བྲི་བ་མེད་སྟོང་པ་མེད་པར་འབྱུང་ཞིང་འགྲོ་བའི་དོན་རྒྱ་ལག་ཕྱེད་པར་མཛད་དོ། བསྒོམ་པའི་འབྲས་བུ་ཅིར་ཡང་སྤྲུལ་པའི་སྐུ་ཐོབ་པའོ། །
ཉམས་སུ་བླང་བའི་ཐབས་ལ་གསུམ་སྟེ། དེ་བཞིན་ཉིད་ཀྱི་ཏིང་འཛིན་ནི། སྟོང་ཞིང་བདག་མེད་པའི་མཐའ་ཡས་ཆེན་པོ་ཉམས་སུ་བླངས། ཀུན་ཏུ་སྣང་ཐུགས་རྗེ་ཆེན་པོ་ཚད་མེད་བཞིས་འགྲོ་བའི་དོན་བྱེད་པས་ཉམས་སུ་བླངས། རྒྱུའི་ཏིང་འཛིན་ནི་དམིགས་པའི་ལྷ་སྐུ་ཕྱག་རྒྱ་ཆེན་པོ་གསུམ་གྱིས་འགྲོ་བའི་དོན་མཛད་པས་ཉམས་སུ་བླངས། དེ་ལ་རྒྱུའི་ཏིང་འཛིན་ཉམས་སུ་བླངས་པ་ལ་གསུམ་སྟེ། བདག་དམ་ཚིག་སེམས་དཔའ་བསྐྱེད་རིམ་པའི་ཚུལ་དུ་ཉམས་སུ་བླང་སྟེ་བདག་གི་སྲས་སུ་བདེ་བར་གཤེགས་པ་རུང་བར་བྱ། ཡེ་ཤེས་སེམས་དཔའ་རྫོགས་རིམ་གྱི་ཚུལ་དུ་ཉམས་སུ་བླང་བ་དང༌། དམ་ཚིག་སེམས་དཔའ་བདེ་བར་གཤེགས་པའི་སྲས་སུ་བདག་རུང་བར་བྱ། གཉིས་སུ་མེད་པ་ལས་ཀྱི་སེམས་དཔའ་རྫོགས་པ་ཆེན་པོའི་ཚུལ་དུ་ཉམས་སུ་བླང་སྟེ། འགྲོ་བའི་དོན་ཐོགས་པ་མེད་པ་བྱའོ། །རེ་རེ་ལ་ཡང་ཕྱི་ལྟར་ཉམས་སུ་བླང་བ་དང༌། ནང་ལྟར་ཉམས་སུ་བླང་བ་དང༌། གསང་བ་ལྟར་ཉམས་སུ་བླང་བ་དང༌། མཐར་ཐུག་ཏུ་ཉམས་སུ་བླང་བའོ། །དེ་རྣམས་ཉམས་སུ་བླང་བ་ལ་གཉིས་ཏེ། རགས་པའི་དངོས་པོ་སྦྱང་བའི་ཕྱིར་ཉམས་སུ་བླང་བ་དང༌། ཕྲ་བ་མི་དམིགས་པའི་ཏིང་ངེ་འཛིན་སྒོ་ནས་ཉམས་སུ་བླང་བའོ། །རགས་པའི་དངོས་པོ་སྦྱང་བ་ནི། འཇིག་རྟེན་ཁམས་རྣམས་མ་ལུས་ཀུན། །རྃ་ཡྃ་ཁྃ་གིས་བསྲེག་སྦྱངས་ནས། །སྟོང་པ་ཉིད་ཀྱི་དོན་གསལ་བསྒོམ། །ཆ་ཕྲ་བ་ཉམས་སུ་བླང་བ་ནི། མ་ཡེངས་ངང་ལ་གནས་པའོ། །སྟོང་ཉིད་ཡེ་ཤེས་དོན་གསལ་བསྒོམ་པའོ། །ཉམས་སུ་བླང་བའི་འབྲས་བུ་ནི། སྐུ་གསུང་ཐུགས་ལྷུན་གྱིས་གྲུབ་པའོ། །
སྔགས་ལྷའི་སྐུ་བསྐྱེད་པར་སྒོམ་པའི་དོན་ལ་ལྔ་བསྟན་ཏེ། སྔགས་ཀྱི་ངོ་བོ་དང༌། ངེས་ཚིག་དང༌། དབྱེ་བ་དང༌། བཟླས་པའི་ལུགས་དང༌། བཟླས་པའི་འབྲས་བུ་བསྟན་པའོ། །དེ་ལ་སྔགས་ཀྱི་ངོ་བོ་ནི། བརྗོད་མེད་སྒྲའི་དོན་ཕྱིན་ཅི་མ་ལོག་པའོ། །ངེས་ཚིག་དོན་ལ་སྔགས་པའི་ཕྱིར་སྔགས་ཞེས་བྱ་བའོ། །དབྱེ་བ་ལ་གསུམ། རྒྱུ་མ་ནོར་བ་རྩ་བའི་སྔགས་དང༌། བསྐྱེད་པ་རྐྱེན་གྱི་སྔགས་དང༌། བཟླས་པ་ལས་ཀྱི་སྔགས་སོ། །དེ་ལ་རྒྱུ་མ་ནོར་བ་རྩ་བའི་སྔགས་གསུམ་སྟེ། གནས་པའི་སྙིང་པོ་དང༌། མི་འགྱུར་བའི་སྙིང་པོ་དང༌། གསང་བའི་སྙིང་པོའོ། །གནས་པའི་སྙིང་པོ་ལ་གཉིས་ཏེ། རྒྱུར་གནས་པའི་སྙིང་པོ་དང༌། ངོ་བོ་ཉིད་ཀྱི་སྙིང་པོའོ། །དེ་ལ་རྒྱུར་གནས་པ་ནི། ཀུན་གཞི་བྱང་ཆུབ་ཀྱི་སེམས་སོ། །ངོ་བོ་གནས་པ་ནི་ཡི་གེ་ཨ་དཀར་པོའོ། །མི་འགྱུར་བའི་སྙིང་པོ་ལ་གཉིས། རང་བཞིན་མི་འགྱུར་བ་དང༌། གནས་མི་འགྱུར་བའོ། །རང་བཞིན་མི་འགྱུར་བ་ནི། རང་རིག་པའི་ཡེ་ཤེས། གནས་མི་འགྱུར་བ་ནི། རང་རྒྱུད་ཀྱི་སྙིང་པོ་དྲུག་སྟེ། ཨ་གནས་པ་དང༌། རྞ྄ི་གནས་པ་དང༌། སུ་གནས་པ་དང༌། ཏྲི་གནས་པ་དང༌། པྲི་གནས་པ་དང། དུ་གནས་པའོ། །ཡང་རྣམ་པ་ཅིག་ཏུ་སྙིང་པོ་གསུམ་སྟེ། མི་འགྱུར་བ་སྲོག་གི་སྙིང་པོ། གནས་པ་སྲོག་གི་སྙིང་པོ། ངེས་པ་སྲོག་གི་སྙིང་པོའོ། །དེ་ལ་མི་འགྱུར་བ་སྲོག་གི་སྙིང་པོ་ནི། རིགས་དྲུག་ལ་མི་འགྱུར་བའི་སྙིང་པོ་དྲུག་ཡོད་པའོ། །གནས་པ་སྲོག་གི་སྙིང་པོ་ནི། གཟུགས་སོ། །ངེས་པ་སྲོག་གི་སྙིང་པོ་ནི་མིང་ངོ༌། །གསང་བའི་སྙིང་པོ་ལ་གཉིས། རྒྱུ་གསང་བ་དང༌། འབྲས་བུ་གསང་བའོ། །དེ་ལ་རྒྱུ་གསང་བ་ནི་དྭངས་མའོ། །འབྲས་བུ་གསང་བ་ནི་སངས་རྒྱས་པའོ། །བསྐྱེད་པ་རྐྱེན་གྱི་སྔགས་ནི། ཞི་བའི་དཀྱིལ་འཁོར་རམ། ཁྲོ་བོའི་དཀྱིལ་འཁོར་བསྐྱེད་པའི་སྔགས་སོ། །བཟླས་པ་ལས་ཀྱི་སྔགས་ནི། ཁྲོ་བོའི་དྲག་འཛབ་ཞི་བའི་ལྷ་འཛབ་གཉིས་སོ། །བཟླས་པའི་ལུགས་ནི། རྒྱུ་མ་ནོར་བ་རྩ་བའི་སྔགས་ནི། ཐུགས་ཙི་ཏ་རིན་པོ་ཆེའི་ནང་དུ་བཟླས། བསྐྱེད་པ་རྐྱཻན་གྱི་སྔགས་ནི། བརྗོད་མེད་རླུང་གི་རྟ་ལ་སྐྱོན་ཏེ་བཟླས། བཟླས་པ་ལས་ཀྱི་སྔགས་རུ་སྦལ་ཕྱེ་བོའི་གནུར་འགྲོས་བཞིན་དུ་བཟླས་སོ། །དེ་ལ་སྔགས་དང༌། སྙིང་པོ་དང༌། འཛབ་དང་གསུམ། ངོ་བོ་གཅིག་ལ་གནས་སྐབས་ཀྱི་ཁྱད་པར་གྱིས་མིང་གསུམ་དུ་བཏགས་པའོ། །བཟླས་པའི་འབྲས་བུ་ནི། རང་བཞིན་མེད་པའི་གསུང་ཐོབ་པའོ། །
ཕྱག་རྒྱ་ལྷའི་སྐུ་དོན་མཚོན་པར་བསྒོམ་པ་ལ་ལྔ་སྟེ། ངོ་བོ་དང༌། ངེས་ཚིག་དང༌། དབྱེ་བ་དང༌། བཅའ་བསྒྱུར་དགྲོལ་བ་དང༌། ཕྱག་རྒྱའི་འབྲས་བུའོ། །དེ་ལ་ཕྱག་རྒྱའི་ངོ་བོ་ནི། ལུས་ཀྱི་ལས་ཕྱིན་ཅི་མ་ལོག་པའོ། །ངེས་ཚིག་ནི་ཉོན་མོངས་པ་ལྔ་ཕྱག་ནས། ཡེ་ཤེས་རྣམ་པ་ལྔའི་རྒྱས་བཏབ་པའི་ཕྱིར་ན་ཕྱག་རྒྱའོ། །དབྱེ་བ་ལ་ལྔ་སྟེ། སྲིད་པ་དབང་བསྒྱུར་འཁོར་ལོའི་ཕྱག་རྒྱ་དང༌། རྫུ་འཕྲུལ་ཁྲོ་གཉེར་གྱི་ཕྱག་རྒྱ་དང༌། དབང་སྡུད་འདུལ་བའི་ཕྱག་རྒྱ་དང༌། བསྐྱེད་པ་སྐུ་སྟོན་གྱི་ཕྱག་རྒྱ་དང༌། ཟིལ་ནོན་དྲག་པོའི་ཕྱག་རྒྱའོ། །བཅའ་བསྒྱུར་དགྲོལ་བ་ནི། བཅའ་བའི་གནས་ཐུགས་ཁ། བསྒྱུར་བའི་གནས་བར་སྣང༌། དགྲོལ་བའི་གནས་ནམ་མཁའོ། །ཕྱག་རྒྱ་བཅས་པའི་འབྲས་བུ་འགྱུར་བ་མེད་པའི་སྐུ་ཐོབ་པའོ། །
ཡིག་འབྲུ་ལྷའི་སྐུ་ཡིན་པར་བསྒོམ་པ་ལ་གསུམ་སྟེ། ངོ་བོ་དང༌། ངེས་ཚིག་དང༌། དབྱེ་བ་དང་གསུམ་མོ། ངོ་བོ་ནི་ཤེས་བྱ་ཕྱིན་ཅི་མ་ལོག་པའོ། །ངེས་ཚིག་ནི། ཡིག་ནི་ཡེ་ཤེས་ལ། གེ་ནི་ཐུགས་རྗེ་ཤར་བའོ། །དབྱེ་ནི་རྣམ་པ་གཉིས་ཏེ། ཡང་དག་དོན་གྱི་ཡི་གེ་དང༌། མཚོན་པ་དཔེའི་ཡེ་གེའོ། །མཚོན་པའི་ཡེ་གེ་སུམ་ཅུ་ཐམ་པ། ཡིག་སྨད་སུམ་ཅུ་རྩ་དྲུག་གོ། །བྱེ་བྲག་ཏུ་དབྱེ་ན་དེ་ཀུན་ཟུང་སྟེ། དེ་ལ་མཚོན་པའི་ཡི་གེ་སུམ་ཅུ་ཐམ་པའོ། །གི་གུ། ཞབས་ཀྱུ། འགྲེང་བུ། ན་རོ། ཤད། ཚེག དངོས་སུ་སྣང་བ་ཀ་བྱང་དཔེ་ལ་བཏབ་པའི་ཡི་གེ་རྣམས་སོ། །ཡང་དག་དོན་གྱི་ཡི་གེ་ནི། ཀ་ནི་རང་གི་དབུགས། ཁ་ནི་ལྕེའི་དབང་པོ། ག་ནི་ངག ང་ནི་ཡིད་ཀྱི་རྣམ་པར་ཤེས་པ། ཅ་ནི་ལྕེའི་རྣམ་པར་ཤེས་པ། ཆ་ནི་རླན་བྱེད་ཆུའོ། །ཇ་ནི་ལུས་ཀྱི་རྣམ་ཤེས། ཉ་ནི་ཡིད། ཏ་ནི་མིག་གི་དབང་པོ། ཐ་ནི་མིག་གི་རྣམ་ཤེས། ད་ནི་རང་གི་རྗོད་བྱེད་དོ། །ན་ནི་རྣ་བའི་རྣམ་པར་ཤེས་པ། པ་ནི་ཀླད་པའོ། །ཕ་ནི་སྤྱི་གཙུག་ཚངས་པའི་བུ་ག་ན་རྩ་ཁྱི་མོ་ཉལ་བ་འདྲ་བ་གཅིག་ཡོད་པ་ལ་བྱའོ། །བ་ནི་རྩ་ཆེན་དྲུག་གི་མདོ་ཞེས་བྱ་སྟེ། ལྟེ་བ་ལ་བྱའོ། །མ་ནི་ཐམས་ཅད་འབྱུང་བའི་གཞི་ཞེས་བྱ་སྟེ། ཀུན་གཞི་བྱང་ཆུབ་ཀྱི་སེམས་ལ་བྱའོ། །ཙ་ནི་སྣའོ། །ཚ་ནི་རྣ་བའི་རྣམ་པར་ཤེས་པའོ།ཏ༽ ཚ་ནི་རྣམ་པར་ཤེས་པའོ། །ཛ་ནི་མེ་དྲོད། ཝ་ནི་རང་གི་སྲོག་པ་རྩ། ཞ་ནི་ཁྲག ཟ་ནི་སྣ་ཡི་དབང་པོ། འ་ནི་རྣ་བའི་རྣམ་པར་ཤེས་པ། ཡ་ནི་ཉོན་མོངས་པ་ཅན་གྱི་ཡིད། ར་ནི་རིག་པའི་ཡེ་ཤེས། ལ་ནི་འདུ་བྱེད། ཤ་ནི་དྭངས་མའི་བདག་ཉིད། ས་ནི་རང་གི་ཤ ཧ་ནི་རླུང༌། ཨ་ནི་གདོད་ནས་དག་པ། གི་གུ་རང་གི་ཤེས་པ་འཛིན་པ། ཞབས་ཀྱུ་ནི་གསང་བའི་རྩ། འགྲེང་བུ་ནི་སྤྱི་བོ་གནམ་འཐེན་གྱི་རྩ། ན་རོ་ནི་རང་གི་ཤེས་པའི་འདུ་བྱེད། ཤད་ནི་རྐང་པའི་བྱ་བྱེད་དོ། ཚེག་ནི་འཇིག་རྟེན་གྱི་ལས་ལ་མ་རྨོངས་པ་བྱེད་པའི་ཡེ་གེ་འབྱུང་ཁུངས་ནི་སྟོན་པའི་ཐུགས་སོ། །སྟོན་པའི་ཐུགས་ལས་བྱུང་བའི་ཡི་གེ་ལ་གསུམ་སྟེ། ཁ་དོག་གི་ཡི་གེ་དང༌། དབྱངས་ཀྱི་ཡི་གེ་དང༌། དོན་གྱི་ཡི་གེའོ། །ལྔ་ཞེས་པ་དམིགས་པ་སོ་སོར་དབྱེ་བའི་དོན་ལྔའི་སྒོ་ནས་ཉམས་སུ་བླང་སྟེ། དོན་ལྔ་པོ་དེ་ལ་གཞི་ནི་མ་ཡེངས་པ། ཏིང་འཛིན་ཆ་རྐྱེན་དུ་སྟོན་པའོ། །
ད་ནི་དོན་ཀུན་འཕྲིན་ལས་ལ་བསྡུ་བ་སྟོན་ཏེ། དོན་ཀུན་འཕྲིན་ལས་ལ་བསྡུ་བ། །ཞེས་པ། མདོར་བསྟན་པ་སྟེ། ཏིང་འཛིན་གོམས་ནས་འཕྲིན་ལས་སྤྱད་དགོས་པའོ། །ངོ་བོ་ངེས་ཚིག་དབྱེ་བ་དང༌། །དགོས་པའི་འབྲས་བུ་བསྟན་པ་ལྔ། །ཞེས་པ། རྒྱས་པར་བཤད་པ་ལ་ལྔ་སྟེ། འཕྲིན་ནས་ཀྱི་ངོ་བོ་དང༌། ངེས་ཚིག་དང༌། དབྱེ་བ་དང༌། དགོས་པ་དང༌། འབྲས་བུ་བསྟན་པའོ། །
དེ་ལ་འཕྲིན་ལས་ཀྱི་ངོ་བོ་ནི། ཐུགས་ཡང་དག་པའི་ཡེ་ཤེས་མ་འདྲེས་མ་འཆོལ་མ་འཁྲུག་པའོ། །
ངེས་ཚིག་ནི། བདག་དམ་ཚིག་སེམས་དཔའ་དང༌། ལྷ་ཡེ་ཤེས་སེམས་དཔའི་འཕྲིན་ལས་ཀྱིས། ལས་རྣམས་ཐམས་ཅད་མཐར་ཕྱིན་པར་བྱེད་པའི་ཕྱིར་ན་འཕྲིན་ལས་སོ། །ཡང་ན་བཤམ་པ་ཆུད་མི་ཟ་བར་དོན་མཐར་ཕྱིན་པར་བྱེད་པའི་ཕྱིར་ན་འཕྲིན་ལས་སོ། །
དབྱེ་བ་ལ་བཞི་སྟེ། སྡུག་བསྔལ་ཡོངས་སུ་སྐྱོབ་པའི་འཕྲིན་ལས་དང༌། ཐེག་པ་འོག་མ་རང་ཐད་ཀྱི་འཕྲིན་ལས་དང༌། ཨ་དཀར་བསྙེན་བསྒྲུབ་ཞི་ཁྲོའི་འཕྲིན་ལས་དང༌། དོན་རྩལ་མེད་ཐིག་ལེ་རང་འབྱུང་གི་འཕྲིན་ལས་སོ། །དེ་ལ། སྡུག་བསྔལ་སྐྱོབས་པའི་འཕྲིན་ལས་ནི།ཙ༽ དང༌། །ཅེས་པ། སྐྱབས་བྱ་སྐྱབས་བྱེད་གཉིས་ལས། སྐྱབས་བྱ་ནི་ནད་དང་བཀྲེམ་སྐོམ་གྱིས་གདུང་བ་དང༌། ཚ་གྲང་དང་འཕོ་འགྱུར་གྱིས་གདུང་བ་དང༌། སྡུག་བསྔལ་དང་མི་དགེ་བ་སྣ་ཚོགས་རྣམས་སོ། །དེ་སྐྱོབ་བྱེད་ནི་ཐུགས་རྗེས་བསྐྱེད་ལ་དེ་རྣམས་ཀྱི་དོན་བྱ་སྟེ། སྲོག་གི་གཉེན་པ་རྣམས་ལ་སྐྱབས་བྱ། བཀྲེས་སྐོམ་གྱིས་གདུང་བ་རྣམས་ལ་སྦྱིན་པ་བཏང༌། ཚ་གྲང་གིས་གདུང་བ་རྣམས་ལ་སྨན་བཏང༌། མདོར་ན་ཅི་ཕན་དང་ཇི་ལྟར་དགོས་པར་བྱེད་པའོ། །འོག་མ་རང་འཐད་འཕྲིན་ལས་དང༌། །ཞེས་པ། ཐེག་པ་འོག་མ་སྲིད་གཤེན་དགེ་བསྙེན་དྲང་སྲོང་པ་སྟེ། འཇིག་རྟེན་གྱི་ལས་དང་ལྟ་བ་ཤན་དབྱེ། འཇིག་རྟེན་པའི་ཐེག་པ་རྣམས་སུ་དབྱུང༌། གོང་ནས་གོང་མར་བྲོད་པ་བསྐྱེད། རང་མཐུན་གྱི་འཕྲིན་ལས་བསྐྱེད། དགེ་བ་ལ་འཇུག་པར་བྱེད་པའོ། །རྩལ་མེད་ལྷུན་གྲུབ་འཕྲིན་ལས་དང༌། །ཞེས་པ། བོན་ཉིད་སྐྱེ་མེད་ཀྱི་དོན་སྤྲོས་པ་དང་བྲལ་བ་འགྲོ་བའི་དོན་མཐར་ཕྱིན་པའོ། །ཨ་དཀར་བ་ཡིས་འཕྲིན་ལས་ལ། །ཞེས་པ། བསྙེན་བསྒྲུབ་ཞི་ཁྲོའི་འཕྲིན་ལས་སྟོན་པས། དེ་ལ་ཕྱེ་ན་ལྔ་སྟེ། ཞི་རྒྱས་དབང་དྲག་མངོན་སྤྱོད་ལྔ། །ཞེས་པས། ཞི་བའི་འཕྲིན་ལས་དང༌། རྒྱས་པ་དང༌། དབང་དང༌། དྲག་པོ་དང༌། མངོན་སྤྱོད་དོ། །དེ་རེ་རེ་ལ་འཕྲིན་ལས་གཞུང་དོན་ཉི་ཤུ་རྩ་བཞིའི་གཞུང་བསྲང་སྟེ། དང་པོ་གནས་ཕུད་བྱིན་གྱིས་རླབས་པ་དང༌། ཕོ་བྲང་དཀྱིལ་འཁོར་བཞེངས་པ་དང༌། སྔོན་འགྲོ་ཚོགས་བསག་པ་དང༌། རྒྱུ་དང་ཡོ་བྱད་བཤམས་པ་དང༌། ཕྱི་ནང་གསང་བ་གསུམ་གྱི་མཚམས་བཅད་པ་དང༌། བཤགས་པ་བྱ་བ་དང༌། ཏིང་འཛིན་རྣམ་པ་གསུམ་གྱིས་ཁོག་དབུབ་པ་དང༌། བཞེངས་སུ་གསོལ་བ་དང༌། སྤྱན་དྲངས་བ་དང༌། ཕྱག་འཚལ་བ་དང༌། བཞུགས་སུ་གསོལ་བ་དང༌། དམ་བཅའ་བ་དང༌། ཕྱག་རྒྱ་འཇིགས་ཚོགས་ཀྱི་གཞུང་བསྲང་བ་དང༌། མཆོད་པ་རྣམ་ལྔ་འབུལ་བ་དང༌། བདུད་རྩི་སྨན་གྱི་མཆོད་པ་དང༌། ཤ་ཁྲག་རུས་གསུམ་གྱི་མཆོད་པ་དང༌། ཕྱག་རྒྱ་གར་གྱི་མཆོད་པ་དང༌། འཛབ་དང་སྙིང་པོའི་མཆོད་པ་དང༌། ལོངས་སྤྱོད་ཚོགས་ཀྱི་མཆོད་པ་དང༌། ཐུག་དམ་བཅོལ་བསྐུལ་བྱ་བ་དང༌། གཟིར་མནན་གྱི་འགྱིང་བྲོ་བརྡུང་བ་དང༌། གཏོར་མ་གནས་སུ་བཞུགས་པ་དང༌། ལྷ་དང་གཞལ་ཡས་བསྐྱོད་པ་དང༌། ཚེ་བསྡུ་བཀྲ་ཤིས་གསོལ་བ་དང་རྩ་བཞིའོ། །
དེ་ལ་དང་པོ་གནས་ཕུད་བྱིན་གྱིས་བརླབ་པ་ལ་ལྔ་སྟེ། དེ་ལ་གནས་བརྟག་ཅིང་བཟུང་བ་དང༌། གནས་བྱིན་གྱིས་བརླབ་པ་དང༌། ཕུད་བྱིན་གྱིས་བརླབ་པ་དང༌། མཆེད་ལྕམ་བྱིན་གྱིས་བརླབ་པ་དང༌། རྫས་དང་ཡོ་བྱད་བྱིན་གྱིས་བརླབ་པའོ། །དེ་ལ་གནས་བརྟག་ཅིང་བཟུང་བ་ནི་སྒྱུ་འཕྲུལ་སྤྱི་དང་མཐུན་ནོ། །
གནས་བྱིན་གྱིས་བརླབ་པ་ལ་གསུམ། རག་པའི་དངོས་སྣང་གི་བྱུང་བ་བསྐལ་པ་གསུམ་གྱི་རང་དག་གིས་སྦྱངས་པ་དང༌། སྦྱང་ཤུལ་དུ་མཁའ་ལྔ་སྤྲུལ་པའི་འབྱུང་བ་བསྐྱེད་པ་དང༌། དེ་ལྷའི་གཞལ་ཡས་ཁང་དུ་བྱིན་གྱིས་བརླབ་པའོ། །དེ་ལ་སྦྱངས་པ་ནི། བདག་ཉིད་ཐུགས་རྗེའི་མངའ་བདག་ཡེ་གཤེན་གཙུག་ཕུད་དུ་བསྒོམ། དེའི་ཐུགས་ཁ་ནས་རཾ་ཡཾ་མཾ་གསུམ་རིམ་གྱིས་འཕྲོས་པས། མེ་རླུང་ཆུ་གསུམ་གྱི་བསྐལ་པ་བྱུང་ནས། གནས་ཁང་སྦྱང་སྟེ་སྟོང་པར་བསམ། དེ་ནས་སྤྲུལ་བའི་འབྱུང་བ་བསྐྱེད་པ་ནི། ཨ་ཡཾ་རཾ་མཾ་ཁཾ་བྲུཾ་ཞེས་བརྗོད་པས། ཨ་ལས་ནམ་མཁའི་དཀྱིལ་འཁོར། ཡཾ་ལ་རླུང་གི་དཀྱིལ་འཁོར། རཾ་ལ་མེ་ཡི་དཀྱིལ་འཁོར། མཾ་ལས་ཆུ་ཡི་དཀྱིལ་འཁོར། ཁཾ་ལས་ས་ཡི་དཀྱིལ་འཁོར། བྲུཾ་ལས་ལྷའི་གཞལ་ཡས་སུ་བསྐྱེད་དོ། །བྱིན་གྱིས་བརླབ་པ་ནི། གནས་དེ་ཉིད་ཡེ་ཤེས་ལྷའི་གཞལ་ཡས་ཅིས་ཀྱང་མི་འགྱུར་བར་བསྒོམ།
ཕུད་བྱིན་གྱིས་བརླབ་པ་ལ་དྲུག་སྟེ། ཕུད་ཀྱི་ངོ་བོ་དང༌། ངེས་ཚིག་དང༌། དབྱེ་བ་དང༌། སྦྱངས་པ་དང༌། སྤེལ་བ་དང༌། བྱིན་གྱིས་བརླབ་པའོ། །དེ་ལ་ངོ་བོ་ནི། མ་ཉམས་པའི་ཕྱིར་ན་ཕུད་ཅེས་བྱ། ངེས་ཚིག་ནི་གཉན་པར་ངེས་པའོ། །དབྱེ་ན་ཡང་དག་དོན་གྱི་ཕུད། འབྱུང་བ་ལས་ཀྱི་ཕུད། འདུས་བྱས་རྟོགས་པའི་ཕུད་དང་གསུམ་མོ། །དེ་ལ་ཡང་དག་དོན་གྱི་ཕུད་ནི། སྐུ་གསུམ་སྐུ་ལྔའི་ནང་ནས་བོན་སྐུའི་ཕུད་བྱུང་བའོ། །ཡེ་ཤེས་ལྔ་ཡི་ནང་ནས་སྟོང་པ་ཉིད་ཀྱི་ཕུད་དུ་བྱུང་བ་དང༌། རིགས་ལྔའི་ནང་ནས་ཀུན་ཏུ་བཟང་པོ་ཕུད་དུ་བྱུང་བ་ལ་བྱའོ། །འབྱུང་བ་ལས་ཀྱི་ཕུད་ནི། ལྷ་ཁང་དང༌། གསས་ཁང་དང༌། རིས་སུ་བྲིས་པ་དང༌། འབུར་དུ་བཏོད་པ་དང༌། ལུགས་སུ་བླུགས་པ་དང༌། བཀའ་དར་ཤོག་གླེག་བམ་རྣམས་ལ་འབྱུང་བས་གྲུབ་པ་རྣམས་ནི་གཉན་པའི་ཕུད་དོ། །ཡང་འགྲོ་བའི་སྤྱི་ཕུད་བླ་མ་དང༌། མགོ་ནག་གི་སྤྱི་ཕུད་རྒྱལ་པོ་ནི་ཤིན་ཏུ་གཉན་པའི་ཕུད་དོ། །འདུས་བྱས་རྟོགས་པའི་ཕུད་ནི། རྒྱུ་ནས་དང་རྟེན་འབྲེལ་སྐྱུར་རྩི་རྫས་ཀྱི་ནུས་པ་ཚོགས་པས་འབྱུང་སྟེ། རྟོག་ཏ༽ རྟོགས་པས་གཉན་པར་དམིགས་ཤིང་བཟུང་བས་མཚན་མ་རྫས་ཀྱི་ཕུད་ཅེས་བྱའོ། །སྦྱང་བ་སྤེལ་བ་གནས་ཁང་དང་མཐུན། བྱིན་གྱིས་བརླབ་པ་ནི། ཆང་མའི་གནས་གསུམ་དུ་བདུད་རྩིའི་ཐིག་ལེ་རེ་རེ་བསྐུས་ལ་འཚགས་སུ་བཞུགས། བདག་གི་ལག་པ་གཡས་པའི་འཐེབ་མོ་ལ། ཨ་ལས་ཟླ་བའི་དཀྱིལ་འཁོར་དུ་བསྐྱེད་པའི་སྟེང་དུ་ཀུན་ཏུ་བཟང་པོ་བསྐྱེད། འཛུབ་མོའི་མ་ལས་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་སྣང་གསལ་སྒྲོན་མ་བསྐྱེད། དེ་ནས་བསྭོ་ཨཱོྃ་བ་ཝ་དེ་ན་ཧཱུྃ་ར་ས་ཡ་ན་གཡུ་འབྲང་བདུད་རྩི་ཨཱོ་ཧཱུྃ་བསོྭ་ཐ། ཞེས་བརྗོད་པས། ལྷ་ཡབ་ཡུམ་གྱི་ཐུགས་ཁ་ནས་འོད་ཟེར་འཕྲོས་ནས་ཕུད་ལ་ཕོག་པས་ཕུད་དེ་བདུད་རྩི་དཀར་པོ་མུ་ཏིག་དྲི་མ་མེད་པ་ལྟར་བསམ། དེ་ནས་ཕུད་སྐུར་བཅད་བསྐྱེདལ། དབང་བསྒྱུར་འཁོར་ལོའི་ཕྱག་རྒྱས་རྒྱས་གདབ་བོ། །དེ་ནས་མཆེད་ལྕམ་བྱིན་གྱིས་བརླབ་པ་ནི། མཆེད་ལྕམ་རྣམས་ཀྱི་གནས་གསུམ་དུ། བདུད་རྩི་ཐིག་ལེ་རེ་རེ་བསྐུ་ལ། ཨ་ཨཱོྃ་ཧཱུྃ་ཞེས་བརྗོད་པས་ལྷ་དང་ལྷ་མོར་འགྱུར་བར་བསྒོམ་པའོ། །དེ་ནས་རྫས་དང་ཡོ་བྱད་བྱིན་གྱིས་བརླབ་པ་ནི། རྫས་རྣམས་ལ་ཚན་ཆུ་གཏོར་ལ། དག་ཅིང་གཙང་བར་བསམ། སྤོས་ཀྱིས་བསང་ལ་འདོད་ཡོན་ལྔ་རུ་བྱིན་གྱིས་བརླབ་པའོ། །
ཕོ་བྲང་དཀྱིལ་འཁོར་བཞེངས་པ་ལ་ལྔ་སྟེ། ས་ཡི་ཆོ་ག་དང༌། ཕོ་བྲང་རྩིག་པ་དང༌། ཆག་ཆག་གདབ་པ་དང༌། ཐིག་གདབ་པ་དང༌། དཀྱིལ་འཁོར་བཞེངས་པའོ། །དང་པོ་སའི་ཆོ་ག་ལ་ལྔ་སྟེ། ས་བཙལ་བ་དང༌། ས་བླང་བ་དང༌། ས་པྲ་བརྟག་པ་དང༌། ས་ཡི་རོ་དབྱུང་བ་དང༌། ས་གཏེར་གཞུག་པའོ། །དེ་ལ་ས་བཙལ་བ་ནི། ས་བདག་གི་རྟོག་པ་མེད་པ། ཕྱོགས་དཀར་ལ་ཡིད་དུ་འོང་བ་ལ་བཙལ་ལོ། །ས་བླང་བ་ནི་སྣང་བ་དབང་ཅན་དེའི་བདག་པོ་ལ་བླང། མི་སྣང་བའི་དབང་ཅན་སྔོན་འབྱུང་ལྷ་མོ་བརྟན་མ་དང༌། ཙང་ཙང་འཁོར་བ་ལྟ་བུ་ལ་བླང། རྗེས་འཇུག་ད་ལྟས་ས་དེའི་བདག་པོ་རྡོ་ཆེ་ལོང་ཙམ་པ་དང༌། ས་སྤར་གང་ཡན་ཆད་ལ་དབང་བྱེད་པ་ཡོད་པས་དེ་ལས་བློང་ངོ། །རྫས་ཆང་ཕུད་དུ་གསེར་གདར། འོ་མ་རུ་རྩི་སྨན་བླུགས་ལ་བདུད་རྩི་བྱིན་གྱིས་བརླབ་སྟེ། འཕྲིན་ལས་གང་བྱེད་པའི་ས་ཆོག་གིས་བླང་ངོ༌། །དེ་ནས་ས་པྲ་བརྟགས་ཏེ། ས་མཐོ་གང་བརྐོས་ནས་ཡང་ཕར་བླུགས་ཏེ། ལྷག་གམ་ཁེངས་ན་བཟང༌། ཆད་ན་ངན། དེ་ནས་དཀྱིལ་འཁོར་སའི་རོ་ལྔ་དབྱུང་སྟེ། རླུང་གི་རོ་ཉི་སྣབ་ལྷང་མ་ལྷང་ཁྱེར། མེའི་རོ་སོལ་བ་གྱོ་མོག་ཐལ་བ། ཆུའི་རོ་ཁྲོན་རོ་དང་ཉ་ལྕིབ། སའི་རོ་ཆད་པ་དང་ས་རུལ་དང༌། ནམ་མཁའི་རོ་བེར་དུར་རྒྱ་རུལ་པའི་མ་ཡ་བཀོད་ཆག་པ་རྣམས་སོ། །འབྱུང་བ་ལྔའི་རོ་ལྔ་ཡིན་པས་ཉུང་ན་དབྱུང༌། མང་ན་སྤོ། སྤོ་ས་མེད་ན་སྙིང་པོ་ལྔའི་གསོ་སྟེ། རླུང་གི་སྙིང་པོ་ལྕགས། མེའི་སྙིང་པོ་ཟངས། ཆུའི་སྙིང་པོ་དངུལ། སའི་སྙིང་པོ་གསེར། ནམ་མཁའི་སྙིང་པོ་གཡུ་དང་ལྔའོ། །དེ་ནས་ས་གཏེར་གཞུག་པ་ནི། རྫ་ཡི་བུམ་པར་རིན་པོ་ཆེ་དང༌། སྨན་དང་འབྲུ་དང་དར་ཟབ་བླུག་ལ་གཞུག་གོ། །སའི་ཆོ་ག་འདི་ནི་གནས་གསར་རྙིང་དང་སྦྱར་ལ་གསར་ན་བྱ། རྙིང་ན་མི་དགོས་སོ། །
དེ་ནས་ཕོ་བྲང་རྩིག་པ་ལ། དཀྱིལ་འཁོར་འདོམ་གང་གྲུ་བཞི། དཔང་དུ་ཁྲུ་གང་ཡོད་པ་གཅིག་ལོག་བཞི་ཕྱོགས་ལ་གཏད། ཟུར་བཞི་མཚམས་ལ་གཏད་པར་རྩིག་སྟེ། དེ་ཡང་ཕྱི་ལྟར་དཀྱིལ་འཁོར་འདོམ་གང་གྲུ་བཞི། ནང་ལྟར་རང་ལུས་འདོམ་གང་གྲུ་བཞི་ཡིན་ནོ། །ཁྲུ་གང་བས་མཐོ་ན་མཁའ་ལྡིང་གི་གནས་རིགས་འཇིག དམའ་ན་ཚད་ལས་འགལ་བའོ། །
དེ་ནས་ཆག་ཆག་ལ་ངན་ཆག་དང་བཟང་ཆག་གཉིས་ལས། ངན་ཆག་ནི་སྤོས་ཆུ་དང༌། ཚན་ཆུ་དང༌། རིན་པོ་ཆེའི་ཆུས་བསང་བར་བྱ། བཟང་ཆག་ནི་དམ་རྫས་བདུད་རྩི་ལྔས་བསང་བར་བྱའོ། །
དེ་ནས་ཐིག་ལ་དགུ་སྟེ། ཐིག་གི་རྒྱུ་དང༌། ཚད་དང༌། ཐིག་པྲ་བརྟག་པ་དང༌། ཐབས་དང༌། ཐིག་མཚམས་བཅད་པ་དང༌། ཐིག་གི་ཆོ་ག་དང༌། དབྱེ་བ་དང༌། ནུས་པ་དང༌། ཐིག་གདབ་པ་དངོས་དང་དགུའོ། །དེ་ནས་ཐིག་གི་རྒྱུ་ལ་གཉིས་ཏེ། ཐིག་སྐུད་ཀྱི་རྒྱུ་དང༌། ཐིག་ཚལ་གྱི་རྒྱུའོ། དེ་ལ་ཐིག་སྐུད་ནི། བལ་ལམ། མིན་ན་རས་ཀྱི་སྐུད་པའོ། །ཐིག་ཚལ་དཀར་པོ་ཐབས་ཀྱི་རང་བཞིན་དང༌། དམར་པོ་ཤེས་རབ་ཀྱི་རང་བཞིན་ནོ། །ཚད་ལ་རིང་ཐུང་འདོམ་བཞི་སྟེ། དཀྱིལ་འཁོར་འདོམ་གང་གྲུ་བཞིའི་ཚད། ཕྲ་སྦོམ་གཉིས་ཁུག་གསུམ་བསྒྲིལ་ཏེ། སྐུ་གསུང་ཐུགས་དང་ལྡན་པའོ། །པྲ་བརྟག་ནི། སློབ་དཔོན་གྱི་ཕྱོགས་སུ་ཆད་ན་སློབ་དཔོན་ལ་ངན། སློབ་མའི་ཕྱོགས་སུ་ཆད་ན་སློབ་མ་ལ་ངན། དཀྱིལ་དུ་ཆད་ན་ཡོན་བདག་ལ་ངན་ནོ། །ཐབས་ལ་གསུམ་སྟེ། འཕང་ཐབས་དང༌། དྲངས་ཐབས་དང༌། སྒོམ་ཐབས་སོ། །དེ་ལ་འཕང་ཐབས་སློབ་དཔོན་གྱི་ཐུགས་ཁ་ནས་འཕང༌། སློབ་མའི་སྤྱི་གཙུག་ཏུ་དྲང་ངོ། །སྒོམ་པའི་ཐབས་ནི་ཡེ་ཤེས་ལྔའི་འོད་ཟེར་སྣ་ལྔ་འཕྲོས་ནས་དུག་ལྔ་བཅོམ་པར་བསྒོམ། མཚམས་ལ་བཞི་སྟེ། གཅད་བྱ་དང༌། གཅོད་བྱེད་དང༌། གཅོད་པའི་ཐབས་དང༌། གཅད་པའི་འབྲས་བུའོ། །དེ་ལ་བཅད་བྱ་ནི། བགེགས་དང་ལོག་འདྲེན། གཅོད་བྱེད་ནི། དཔོན་གསས་དང༌། འཕྲིས་ལས་མཁན། གཅད་ཐབས་ནི་ཏིང་འཛིན་སྔགས་དང་ཕྱག་རྒྱ། རྫས་དང་འཕྲིན་ལས་ལྔའོ། །བཅད་པའི་འབྲས་བུའམ་དགོས་པ་ནི། ཐིག་ལ་བར་ཆོད་མེད་པའོ། །ཐིག་ཆོག་ནི་འཕྲིན་ལས་གང་བྱེད་དང་སྦྱོར། ཐིག་གི་དབྱེ་བ་ནི། མཚན་མ་རྫས་ཀྱི་ཐིག་དང༌། ཏིང་ངེ་འཛིན་རིག་པའི་ཐིག་གཉིས་སོ། །ནུས་པ་ནི་གནམ་ཐིག་བཏབ་པས་རང་བཞིན་གྱི་དཀྱིལ་འཁོར་རྟོགས་ནུས། ས་ཐིག་བཏབ་པས་རྡུལ་ཚོན་གྱི་དཀྱིལ་འཁོར་གནས་ནུས་པའོ། །ཐིག་གདབ་དངོས་ནི། འཕྲིན་ལས་གང་བྱེད་པའི་གཞུང་དང་སྦྱར་ལ་གདབ་པའོ། །
དཀྱིལ་འཁོར་བཞེངས་པ་ལ་གཉིས་ཏེ། ཚོན་བྱིན་གྱིས་བརླབ་པ་དང༌། དཀྱིལ་འཁོར་བྲི་བའོ། །དེ་ལ་བྱིན་གྱིས་བརླབ་ལུགས་ལ་བཞི་སྟེ། དབྱིངས་ཀྱི་དཀྱིལ་འཁོར་དུ་ཡེ་ཤེས་ལྔ་རུ་བྱིན་གྱིས་བརླབས། ཏིང་ངེ་འཛིན་གྱི་དཀྱིལ་འཁོར་དུ་སྐུ་གསུང་ཐུགས་ཡོན་ཏན་འཕྲིན་ལས་ལྔར་བྱིན་གྱིས་བརླབས། འཇིག་རྟེན་གདོས་ཀྱི་དཀྱིལ་འཁོར་འབྱུང་བ་ལྔ་རུ་བྱིན་གྱིས་བརླབས། མཚན་མ་རྡུལ་ཚོན་གྱི་དཀྱིལ་འཁོར་དུ་ཁ་དོག་ལྔ་རུ་བྱིན་གྱིས་བརླབས་པའོ། །དེ་ལ་ས་ཚོན་རྣམས་ཕྱོགས་པ་ཕྱོགས་སུ་བཀྲམ་ལ། དཀར་པོ་ལ་ཨ་བྲིས། ལྗང་ཁུ་ལ་ཡཾ། དམར་པོ་ལ་རཾ། སྔོན་པོ་ལ་མཾ། སེར་པོ་ལ་ཁཾ་བྲིས་ལ། བདག་ཉིད་ཡེ་གཤེན་གཙུག་ཕུད་དུ་བསྒོམ་པའི་ཐུགས་ཁ་ནས་འོད་ཟེར་ལྔ་འཕྲོས་ཏེ་ཡིག་འབྲུ་ལྔ་ལ་ཕོག་པས་ཡེ་ཤེས་ལྔ་ལས་སོགས་པར་འགྱུར་བར་བསམ། དེ་ལ་དབྱིངས་ཀྱི་དཀྱིལ་འཁོར་དུ་དཀར་པོ་མེ་ལོང་ལྟ་བུའི་ཡེ་ཤེས་སུ་བྱིན་གྱིས་བརླབས། སྔོན་པོ་གཉམ་པ་ཉིད་ཀྱི་ཡེ་ཤེས་སུ་བྱིན་གྱིས་བརླབས། དམར་པོ་སོ་སོར་རྟོགས་པའི་ཡེ་ཤེས་སུ་བྱིན་གྱིས་བརླབས། ལྗང་ཁུ་བྱ་བ་ནན་ཏན་གྱི་ཡེ་ཤེས་སུ་བྱིན་གྱིས་བརླབས། སེར་པོ་སྟོང་པ་ཉིད་ཀྱི་ཡེ་ཤེས་སུ་བྱིན་གྱིས་བརླབས་པའོ། །ཏིང་འཛིན་གྱི་དཀྱིལ་འཁོར་དུ་དཀར་པོ་སྐུ་རུ་བྱིན་གྱིས་བརླབས། ལྗང་ཁུ་གསུང་དུ་བྱིན་གྱིས་བརླབས། སེར་པོ་ཐུགས་སུ་བྱིན་གྱིས་བརླབས། དམར་པོ་ཡོན་ཏན་དུ་བྱིན་གྱིས་བརླབས། ལྕགས་ཁ་འཕྲིན་ལས་སུ་བྱིན་གྱིས་བརླབས་པའོ། །འཇིག་རྟེན་གཏོས་ཀྱི་དཀྱིལ་འཁོར་དུ་དཀར་པོ་ནམ་མཁའ། ལྗང་ཁུ་རླུང༌། དམར་པོ་མེ། སྔོན་པོ་ཆུ། སེར་པོ་ས་རུ་བྱིན་གྱིས་བརླབས་པའོ། །མཚན་མ་རྡུལ་ཚོན་གྱི་དཀྱིལ་འཁོར་དུ། དཀར་པོ་རྡུལ་ཚོན་གྱི་ས་བོན་དུ་བྱིན་གྱིས་བརླབས། སེར་པོ་གཞི་རུ་བྱིན་གྱིས་བརླབས། ལྗང་ཁུ་རྒྱན་དུ་བྱིན་གྱིས་བརླབས། དམར་པོ་བཀྲག་ཏུ་བྱིན་གྱིས་བརླབས། ལྕགས་ཀ་སྣོད་དུ་བྱིན་གྱིས་བརླབས་ལ། ཡིག་འབྲུ་ལྔ་ཞུ་བས་འབྱུང་བ་ལྔ་རུ་གྱུར་བར་བསམ་ལ། ཨ་ཡཾ་རཾ་མཾ་ཁཾ་བྲུཾ་ཞེས་བརྗོད་པས་དབུས་ཀྱི་ཕུར་ཁུང་དུ་ས་ཚོན་རྣམས་རིམ་པས་བླུགས་པས། སྐུ་ལྔ་ཡང་དེ་ལ་འདུས། ཡེ་ཤེས་ལྔ་དང༌། འབྱུང་བ་ལྔ་དང༌། ཁ་དོག་ལྔ་དང༌། ཡོན་ཏན་ལྔ་ཡང་དེ་ལ་འདུས་པའོ། །དེ་ནས་དཀྱིལ་འཁོར་བྲི་བ་ལ་གཉིས་ཏེ། ཚོན་བཀྱེ་བ་དང༌། དཀྱིལ་འཁོར་གྱི་སྦྱར་སོ་བསྟན་པའོ། །དེ་ལ་ཚོན་བཀྱེ་བ་ནི་ཞི་ཁྲོ་ཕུར་པ། གནས་རོ་བསྲེག་ལས་སོགས། སྒྱུ་འཕྲུལ་གྱི་སྒྲུབ་ཐབས་གང་བྱེད་པའི་གཞུང་དང་སྦྱར་ལ་བྲིས་ཏེ། དཀྱིལ་འཁོར་ལྷའི་ཕོ་བྲང་ནི། །འལ་འོལ་ཚོད་ཡོད་མ་ཡིན་པར། །ཤིན་ཏུ་དོད་ཅིང་མཛེས་པར་བྲི། །སྤྱིར་ན་རྡུལ་ཚོན་གྱི་དཀྱིལ་འཁོར་ལ། །སྐྱོན་དུ་ལྟ་བ་རྣམ་པ་གསུམ། །མ་ཁྱབ་པ་དང་ཁྱུར་པོ་གཉིས། །ཞིང་ཁམས་ཁེངས་པས་སྐྱོན་དུ་ལྟ། །ཁྱི་སོ་དང་ནི་གྲོག་རྐེད་གཉིས། །རེ་ཁ་གཅོད་པའི་སྐྱོན་དུ་ལྟ། །བྲལ་བ་དང་ནི་ནོན་པ་གཉིས། །འབྱུང་བ་རྩིག་པའི་སྐྱོན་དུ་ལྟ། །ཞེས་འབྱུང་བའི་ཕོ་བྲང་བྲིས་ལེགས་པ། མཛེས་ཚོན་རྣམས་ཀྱི་དུས་སུ་ཚོན་གྱི་བསྡེབས་ལེགས་པར་བྲིའོ། །དཀྱིལ་འཁོར་གྱི་སྦྱར་སོ་བསྟན་པ་ལ་གཉིས་ཏེ། སྡེ་བཞིའི་སྒོ་ནས་བསླང་ལུགས་བསྟན་པ་དང༌། གནས་ལུགས་སྒོ་ནས་སྦྱར་སོ་བསྟན་པའོ། །དེ་ལ་སྡེ་བཞིའི་བསླང་ལུགས་ནི། དཀྱིལ་འཁོར་བསླང་ནས་གསས་ཁང་བསྒོམ། །བཞག་པའི་སྡེ་དང་བསླང་བའི་ཡུལ། །འདེག་པའི་གནས་དང་འབུབ་པའི་རྒྱུ། །གདན་དང་སྣམ་བུ་རང་སར་བཞག །སྒོ་རྩིག་ཕྱི་ནས་ནང་དུ་བསླང༌། །ཀ་བས་གདུང་མ་ཁ་ཏུ་གདེག །མཐིང་གུར་འཇའ་གདུང་སྟེང་ནས་དབུབ། །ཏིང་ངེ་འཛིན་གྱི་སྤྱོད་ཡུལ་ཡིན། །ཞེས་འབྱུང་བས། ཕོ་བྲང་ལྷ་རྣམས་དང་བཅས་པ་གདན་དུ་བཞག སྒོ་བཞི་འབྱུང་རྩིག་དང་བཅས་པ་ཕྱི་ནས་ནང་དུ་བསླང༌། འདོད་ཡོན་བར་ཁྱམས་སུ་བཞག ཕ་གུ་ནས་གཡུང་དྲུང་ཚུན་ཆད་ནང་དུ་བསླང། སྒོ་རྒྱན་རྟ་བབ་དང་བཅས་པ་ཁྱམས་ཀྱི་སྒོ་ཐོག་ཏུ་བསླང། ཟངས་རི་བཞག ལྕགས་རི་བསླང། ཀ་བས་ལྕམ་གདུང་མཐིང་གུར་བཏེགས་པའོ། །གནས་ལུགས་ཀྱི་སྒོ་ནས་སྦྱར་སོ་བསྟན་པ་ལ་བཞི་སྟེ། རྟེན་གསས་ཁང་དང་སྦྱར་ཏེ་བཤད་པ་དང༌། བརྟེན་པ་ལྷ་དང༌། གདུལ་བྱ་ཞིང་ཁམས་དང༌། འདུལ་བྱེད་ཐུགས་རྗེ་དང་སྦྱར་ཏེ་བཤད་པའོ། །དེ་ལ་རྟེན་གསས་ཁང་དང་སྦྱར་ནས་ཞི་ཁྲོ་ཕུར་པ་ཐམས་ཅད་ནི་པད་མ་དང་འཁོར་ལོ་དང་རྒྱ་མདུད་རྣམས་ནི་གདན་དང་ཡིན། གསས་ཁང་དང་ཡིན་པས་དེ་ཡང་དབུས་མ་གཙང་ཁང༌། བར་མར་ཁྱམས་ཁང༌། མཐའ་བསྐོར་ལྕགས་རི་དང་གསུམ་དུ་གནས་སོ། །རྟེན་པ་ལྷ་དང་སྦྱར་ན་པད་མ་ལ་ཞི་བ་གནས། འཁོར་ལོ་དང་རྒྱ་མདུད་ལ་ཁྲོ་བོ་དང་ཕུར་པ་གནས། གྲུ་ཆད་དང་ལྕགས་རི་ལ་སྲུང་མ་གནས་པའོ། །གདུལ་བྱ་ཞིང་ཁམས་དང་སྦྱར་ན། སྤྱིར་སངས་རྒྱས་ཀྱི་གདུལ་བྱ། ནམ་མཁའི་མཐའ་ཡི་ཁྱབ་ཚད་ཡིན། བྱེ་བྲག་ཏུ་སྟོན་པའི་འདུལ་ཞིང་སྟོང་གསུམ་ཡིན་པས། སྒོ་བཞི་འབྱུང་རྩིག་དང་བཅས་པ་ནི་སྟོང་གཅིག་པ་སྤྱི་ཕུད་ཀྱི་འཇིག་རྟེན་འདོད་ཡོན་རྟ་བབ་དང་བཅས་པ་ནི་སྟོང་གཉིས་པ་བར་མའི་འཇིག་རྟེན། ལྕགས་རི་ཟངས་རི་དང་བཅས་པ་ནི་སྟོང་གསུམ་མཐར་ཐུག་གི་འཇིག་རྟེན་ནི། འདུལ་བྱེད་ཐུགས་རྗེ་དང་སྦྱར་ན་སྐུ་གསུམ་ས་ལ་གནས་པའི་རིག་འཛིན་དང་བཞི་སྟེ། དཀྱིལ་འཁོར་གྱི་ལྷ་རྣམས་ཀྱི་ངོ་བོ་ཡིན་ནོ། །དེ་ཡང་བསྡུས་ན་དཀྱིལ་འཁོར་ལ་དོན་བཞི་སྟེ། དཀྱིལ་འཁོར་གྱི་ངོ་བོ་དང༌། ངེས་ཚིག་དང༌། དབྱེ་བ། དགོས་པའོ། །ངོ་བོ་ནི། འཁོར་འདས་ཀྱི་ཤེས་བྱ་ཐམས་ཅད་གནས་པ་ལ་དཀྱིལ་འཁོར་ཞེས་བྱ། ངེས་ཚིག་ནི། དཀྱིལ་ལ་ཐ་མས་བསྐོར་བའམ། གཙོ་ལ་འཁོར་གྱིས་བསྐོར་བས་དཀྱིལ་འཁོར་བྱའོ། །དབྱེ་བ་ནི། འདས་པའི་དཀྱིལ་འཁོར་དང༌། མ་འདས་པའི་དཀྱིལ་འཁོར་དང༌། རང་བཞིན་གྱི་དཀྱིལ་འཁོར། ཏིང་འཛིན་གྱི་དཀྱིལ་འཁོར། རྡུལ་ཚོན་གྱི་དཀྱིལ་འཁོར་དང་གསུམ་ཏ༽ གསུམ་དང༌། སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་ཞེས་བྱ་བ་བཞི་སྟེ། རྫོགས་པ་སྐུ་གསུང་ཐུགས་ཀྱི་གསས་མཁར་ན་བཞི།ཏ༽ ཞིབ་བོ། དགོས་པ་ནི། འཁོར་འདས་ཀྱི་ཤེས་བྱ་ཐམས་ཅད་ཇི་ལྟར་གནས་པ་རྟོགས་པའི་དགོས་པ་ཡོད་དོ། །
ད་ནི་སྔོན་འགྲོ་ཚོགས་བསགས་པ་ལ་གཉིས་ཏེ། ཕྱིའི་མགྲོན་ཚུལ་བཞིན་དུ་དགྱེ་བ་དང༌། ཚོགས་བསགས་པའོ། །དེ་ལ་ཕྱིའི་མགྲོན་ནི། སྣང་སྲིད་ཀྱི་ལྷ་འདྲེ་ལ་མཐའ་བཞི་གསེར་སྐྱེམས་ཀྱིས་མནན། གླུད་ཤས་དང་ཆ་མཉམ་གཏང༌། མདོས་དང་ཆ་གསུམ་གཏང་བའོ། །ཚོགས་བསགས་པ་ནི། ཚ་ཚ་གདབ། གསུངས་རབ་འདོན། ཆབ་གཏོར་དང་གཏོར་མ་བཏང་ངོ༌། །
དེ་ནས་རྒྱུ་དང་ཡོ་བྱད་བཤམ་པ་ལ་བཞི་སྟེ། འཚོ་བ་ལོངས་སྤྱོད་ཀྱི་ཡོ་བྱད་དང། ཞི་ཁྲོ་བསྙེན་སྒྲུབ་ཀྱི་ཡོ་བྱད། དགྲ་བཟློག་མཚོན་ཆའི་ཡོ་བྱད། ནད་བཟློག་སྨན་གྱི་ཡོ་བྱད་རྣམས་སོ། །དེ་ཡང་སྔོན་འགྲོ་ཚོགས་བསགས་པ་དང༌། རྒྱུ་དང་ཡོ་བྱད་བཤམ་པ་གཉིས་པོ་འདི་ཕོ་བྲང་དཀྱིལ་འཁོར་བཞེངས་པའི་མཐའ་མར་འབྱུང་ངོ༌། །དེ་ནས་ཕྱི་ནང་གསང་བའི་མཚམས་བཅད་པ་དང༌། བསྙེན་པའི་གཞི་མ་གཞུག་པ་དང༌། རྒྱན་བཀོད་པ་དང༌། བཤགས་པ་དང༌། ཏིང་ངེ་འཛིན་གྱི་ཁོག་དབུབ་པ་ལས་སོགས་རྣམས། འཕྲིན་ལས་རང་གི་གཞུང་དང་བསྟུན་ནོ། །
གང་བྱེད་གཙོར་བླང་མ་འདྲེས་པ། །ཞེས་པ། འཕྲིན་ལས་རིགས་ལྔ་པོ་དེ་གང་གཙོར་ལེན་པ་དེ་མ་འདྲེས་པར་བྱའོ། །དཔེར་ན་གསེར་གྱི་སྐུད་པ་ལ། །རིན་ཆེན་འཕྲེང་བ་བརྒྱུས་པ་ལྟར། །ཞེས་པ། དཔེ་བསྟན་པ་སྟེ། གསེར་གྱི་སྐུུད་པ་ལ་རིན་ཆེན་འཕྲེང་བ་བརྒྱུས་ན་ཡོན་ཏན་སོ་སོ་ན་གསལ་བ་བཞིན། འཕྲིན་ལས་ཀྱི་འབྲས་བུ་ཁྱད་པར་ཅན་འཐོབ་པའོ། །དོན་ཀུན་འཕྲིན་ལས་ཉིད་ལ་བསྡུ། །ཞེས་པས་མདོ་སྡུད་དེ། ལས་ཐམས་ཀྱི་མདོ་འཕྲིན་ལས་ལ་འདུས་པའོ། །དགོས་པ་ནི་མི་འཁྲུག་མི་འཆོལ་བའོ། །འབྲས་བུ་ནི་སྐུ་གསུམ་མོ། །
ད་ནི་ཐག་ལྟ་བས་བཅད་པ་སྟོན་ཏེ། སྤྱི་སོ་ལྟ་བས་ཐག་བཅད་ལ། །ཞེས་པས་མདོར་བསྟན་པ་སྟེ། འཕྲིན་ལས་ཀྱི་མཐར་ལྟ་བ་རྟོགས་དགོས་པའོ། །ངོ་བོ་ངེས་ཚིག་དབྱེ་བ་དང༌། །དགོས་པ་འབྲས་བུ་ལྔ་ཡིས་བསྟན། །ཞེས་པ། རྒྱས་པར་བཤད་པ་སྟེ། སྤྱི་ཁོག་ལྟ་བའི་ཐག་བཅད་པ་ལ་ལྔ་སྟེ། ལྟ་བའི་ངོ་བོ་དང༌། ངེས་ཚིག་དང། དབྱེ་བ་དང༌། དགོས་པ་དང༌། འབྲས་བུའོ། །དེ་ལ་ལྟ་བའི་ངོ་བོ་ནི། མ་བཅོས་མ་བསླད་པའོ། །ངེས་ཚིག་ནི། འཁོར་འདས་ཀྱི་བོན་ཐམས་ཅད་སེམས་སུ་ལྟ་བའམ། དོན་དམ་པར་རང་གི་སེམས་ལ་ལྟ་བའོ། །དབྱེ་བ་ལ་ལྔ་སྟེ། བསྒོམ་གནས་ཡེ་བསམ་གྱི་ལྟ་བ་དང༌། བསམ་འདས་བརྗོད་མེད་ཀྱི་ལྟ་བ་དང༌། བྱ་རྩལ་རྒྱུ་དང་བྲལ་བའི་ལྟ་བ་དང༌། དམིགས་པ་ཡུལ་དང་བྲལ་བའི་ལྟ་བ་དང༌། མཉམ་པ་ལྷུན་གྲུབ་ཀྱི་ལྟ་བ་དང་ལྔའོ། །དེ་ལ་བསྒཽམ་གནས་ཡེ་བསམ་གྱི་ལྟ་བ་ནི། བྱང་ཆུབ་སེམས་ཡེ་ནས་བསྒོམ་དུ་མེད་པ་བསམ་དུ་མེད་པ་ལ་བྱ་བརྩལ་དང་བྲལ་བའོ། །བསམ་འདས་བརྗོད་མེད་ཀྱི་ལྟ་བ་ནི་སྤྲོས་པ་དང་བྲལ་བའོ། །བྱ་བརྩལ་རྒྱུ་དང་བྲལ་བའི་ལྟ་བ་ནི་རྩོལ་སྒྲུབ་སྤང་ལེན་བཟང་ངན་ཐམས་ཅད་དང་བྲལ་བའོ། །དམིགས་པ་ཡུལ་དང་བྲལ་བའི་ལྟ་བ་ནི། མཚན་མ་གཟུང་ནི་གང་ཡང་མེད་ཅིང་དམིགས་པའི་ཡུལ་ཐམས་ཅད་དང་བྲལ་བའོ། །མཉམ་པ་ལྷུན་གྲུབ་ཀྱི་ལྟ་བ་ནི། སངས་རྒྱས་སེམས་ཅན་འཁོར་འདས་ཕྱི་ནང་གི་བོན་ཐམས་ཅད། བྱང་ཆུབ་ཀྱི་སེམས་བདེ་བ་ཆེན་པོའི་ངང་དུ་ལྷུན་གྱིས་གྲུབ་པའོ། །
རྟོགས་ཤིང་ཁོང་དུ་ཆུད་པ་ཡིས། །ཞེས་པ་ལྟ་བའི་དོན་དེ་རྒྱུད་ལ་རྟོགས་པའོ། །རྨ་བྱས་མདངས་ལ་ལྟ་བ་བཞིན། །རང་གིས་རང་ལ་བལྟ་བར་བྱ། །ཞེས་པ་ལྟ་བའི་དཔེ་བསྟན་པ་སྟེ། དཔེར་ན་རྨ་བྱས་མདངས་ལ་ལྟ་བའི་དུས་ན་རང་གིས་རང་གསལ་བར་རྟོགས་ཤིང་མི་ཡེངས་པ་བཞིན་དུ། ལྟ་བ་དེ་ཉིད་ལས་མ་གཡོས་པའོ། །དགོས་པ་ནི་དེ་ལྟར་རྟོགས་ན་ལྟ་བ། ངང་ལ་གནས་པ་བསྒོམ་པ། དེ་ལས་མི་འདའ་བ་སྤྱོད་པ། ལྷུན་གྱིས་གྲུབ་པ་འབྲས་བུའོ། །
ད་ནི་ལ་སྤྱོད་པས་དོར་བ་སྟོན་ཏེ། ལ་རྣམས་སྤྱོད་པས་དོར་བ་ལ། །ཞེས་པས་མདོར་བསྟན་པ་སྟེ། ལྟ་བ་བཞིན་དུ་སྤྱོད་དགོས་པའོ། །ངོ་བོ་ངེས་ཚིག་དབྱེ་བ་ཡིས། །ཞེས་པ། རྒྱས་པར་བཤད་པ་སྟེ། སྤྱོད་པ་ལ་གསུམ་སྟེ། སྤྱོད་པའི་ངོ་བོ་དང༌། ངེས་ཚིག་དང༌། དབྱེ་བའོ། །དེ་ལ་ངོ་བོ་ནི། ཐུགས་ཡང་དག་པའི་ཡེ་ཤེས་མ་བཅོས་པའོ། །ངེས་ཚིག་ནི། ཡང་དག་པའི་དོན་ལ་སྤྱོད་པའི་ཕྱིར་ན་སྤྱོད་པའོ། །བདེར་གཤེགས་བཀའ་ལ་སྤྱོད་པའི་ཕྱིར་ན་ཡང་སྤྱོད་པའོ། །འགྲོ་བ་མོས་པ་དང་སྦྱར་ནས་སྤྱོད་པའི་ཕྱིར་ན་ཡང་སྤྱོད་པའོ། །དབྱེ་བ་ལ་གསུམ་སྟེ། བྱིན་གྱིས་བརླབ་པའི་སྤྱོད་པ། གསོ་སྦྱོང་གི་སྤྱོད་པ། བརྟུལ་ཞུགས་ཀྱི་སྤྱོད་པའོ། །དེ་ལ་བྱིན་གྱིས་བརླབ་པའི་སྤྱོད་པ་ལ་གསུམ་སྟེ། བོན་བྱིན་གྱིས་བརླབ་པ་དང༌། བདག་བྱིན་གྱིས་བརླབ་པ་དང༌། གཉིས་སུ་མེད་པར་བྱིན་གྱིས་བརླབས་པའོ། །དེ་ལ་བོན་བྱིན་གྱིས་བརླབ་པའི་སྤྱོད་པ་ནི། ཡ་ཐ་ཁྱད་པར་བླ་ན་མེད་པ་མན་ཆད་ནས། མ་ཐ་ཕྱྭ་གཤེན་པ་ཡན་ཆད་ཀྱི་བོན་ལ། སོ་སོའམ་བྱེ་བྲག་གི་བཟང་ངན་མེད་པ་སྟེ། ཐམས་ཅད་བསགས་སྦྱང་གཉིས་སུ་བསྟན་པས་བོན་ལ་བཟང་ངན་མེད། གང་ཡང་སེམས་ཅན་དོན་དུ་བསྟན་པས་བོན་ལ་ཕྱོགས་རིས་མེད། མདོ་དོན་སྟོང་པ་ཉིད་དུ་གཅིག་པས་བོན་ལ་ང་བདག་མེད་པའོ། །བདག་བྱིན་གྱིས་བརླབས་པའི་སྤྱོད་པ་ནི། བདག་དང་གཤེན་རབ་གཉིས་མ་རྟོགས་པའི་དུས་ན་སངས་རྒྱས་དང་སེམས་ཅན་གཉིས་ཀྱི་ཁྱད་ཡོད་དེ། རྟོགས་ན་བདག་དང་གཤེན་རབ། གཤེན་རབ་དང་བདག་གོ། །གཉིས་སུ་མེད་པར་བྱིན་གྱིས་བརླབས་པའི་སྤྱོད་པ་ནི། གཤེན་རབ་ཀྱི་ཞལ་ནས་གསུངས་པའི་བོན་དང༌། གཤེན་རབ་གཉིས་ལ་ཁྱད་པར་མེད་དེ། དེ་བཞིན་དུ་བདག་དང་བོན་ལ་ཡང་གཉིས་སུ་མེད་པར་བྱིན་གྱིས་བརླབས་པའི་སྤྱོད་པའོ། །
གསོ་སྦྱོང་གི་སྤྱོད་པ་ལ་གཉིས་ཏེ། གསོ་བའི་སྤྱོད་པ་དང་སྦྱོང་པའི་སྤྱོད་པའོ། །གསོ་བའི་སྤྱོད་པ་ལ་གཉིས་ཏེ། བདག་གསོ་དང་གཞན་གསོ་བའོ། །དེ་ལ་བདག་གསོ་བ་ནི། ལུང་ལས་ཀྱང༌། བསྲུང་བའི་འཁོར་ལོ་རིམ་བཞིན་བསྐོར། །བདག་བསྲུང་གཞན་གྱིས་ཚེ་དང་དཔལ། །འཁོར་སྲུང་རྐྱེན་ལས་ཐར་བར་བསྲུང༌། །ཞེས་འབྱུང་པས། དེ་ལ་དཔེར་ན་དུས་ཀྱི་རྒྱུ་ནི་མར་མེ་དང་འདྲ། ཚེའི་རྒྱུ་ནི་སྒྲོ་དང་སྙུག་མ་འདྲ། ལུས་དང་སེམས་ནི་སྦྲང་མ་མེ་ཏོག་འདྲ། དེ་ལ་དུས་ཀྱི་རྒྱུ་ནི་མར་མེ་དང་འདྲ་བ་དེ་ལ་ཡང༌། རྐྱེན་རླུང་གིས་བསད་པ་དང་འདྲ་བ་འབྱུང༌། ཚེའི་རྒྱུ་ནི་སྒྲོ་དང་སྙུག་མ་འདྲ་བ་ལ་ཡང༌། རྐྱེན་ཆུས་སྒྲོ་དང་སྙུག་མ་འཕྲལ་བ་འདྲ་བ་འབྱུང་ངོ༌། །ལུས་དང་སེམས་སྦྲང་མ་མེ་ཏོག་འདྲ་བ་དེ་ལ་ཡང༌། སྦྲང་མ་འཁོར་ཞིང་འགྱེད་པ་བཞིན་དུ། ལུས་སེམས་གཉིས་དང་བྲལ་བ་འབྱུང་ངོ༌། །བདག་བསྲུང་གཞན་གྱི་ཚེ་དང་དཔལ། །ཞེས་པ། འགྲོ་བའི་ཤེས་པ་ཡི་གེ་རཾ་དུ་གནས་པ་ཡང་ཡོད། འོད་དུ་གནས་པ་ཡང་ཡོད་དོ། །དེ་ལ་བདག་གི་ཐུགས་ཁ་ནས་འོད་དང་ཐིག་ལེ་སྤྲོས་ཏེ། འགྲོ་བའི་ཤེས་པ་དེ་བླངས་ནས་བདག་གི་སྙིང་པོ་ཨ་དང་རྣ྄ྀ་ལ་བསྟིམ་མོ། །དཔེ་ནི་མར་མེ་གསོས་པ་དང་འདྲ་བས་སྤྱོད་པའོ། །ཚེའི་རྒྱུ་སྒྲོ་དང་སྙུག་མ་འདྲ་ཞེས་པ། བླ་འཁྱམས་པ་དང་ཡིད་འབྲོས་པའི་དུས་སོ། །དེ་ལ་བླ་འཁྱམས་པའི་དུས་ནི། ཉི་མ་ཕྱེད་དང་ནམ་ཕྱེད་དོ། །ཡིད་འབྲཽས་པའི་དུས་ནི་ཉི་མའི་ཟེར་དང་དགོངས་ཁའི་ཟེར་རོ། །དེའི་དུས་སུ་བསྲུང་བའི་ལས་བྱ་སྟེ། དགོངས་ཁའི་ཟེར་དང༌། ཉི་མ་ཤར་བའི་ཟེར་ལ་བསྒོམ་པ་དང་བཟླས་བརྗོད་ལས་སོགས་པ་དགེ་བའི་ལས་སྤྱོད་ལ་སྤྱད་པར་བྱའོ། །ཉིན་ཕྱེད་དང་ནམ་ཕྱེད་ནི་གཤེན་རབ་མཉམ་པ་ཉིད་ཀྱི་དགོངས་སྤྱོད་ཅེས་བྱ་སྟེ། སེམས་ཡི་གེ་ཨ་ལ་གཏོད། བདག་གི་སྣ་ཁུངས་ནས་དབུགས་རྒྱུ་བ་བརྟག་སྟེ། སྨིན་མཚམས་སུ་ཡི་གེ་ཨ་བསྒོམ་ལ། དབུགས་མར་ཡར་འོད་དུ་དྲང་ལ། ཡི་གེ་ཨ་ལ་བསྐོར་བ་ལན་གསུམ་བྱ་ལ། ཨ་དང་འོད་དུ་དྲང༌། ཨ་དེ་དང་འོད་དུ་བཅས་པ་དེ་བདག་གི་ཐུགས་མི་དམིགས་པའི་ཀློང་དུ་ཐིམ་པར་སྤྱོད། ཉི་མ་ཕྱེད་ན་དགོངས་པའི་དོན་དེ་ཀ་དང་ལྡན་པར་བྱའོ། །དེ་ནི་བདག་གསོ་བའི་སྤྱོད་པའོ། །འཁོར་བསྲུང་ཞིང་གསོ་བའི་སྤྱོད་པ་ནི། འཁོར་ལོ་ཛ་ལྔའི་དབྱིངས་སུ་བྱ། །ཐིག་བཞི་བཏབ་པའི་ལེའུ་ཚཽ་དགུ། །དབུས་སུ་ཨ་ནི་མིང་གིས་བསྐོར། །ཡི་དམ་གང་བྱེད་རྩ་བའི་སྙིང་པོ་བྲི། །ཐ་མ་དྲག་པོའི་སྔགས་ཀྱིས་བསྐོར། །དཀྱིལ་འཁོར་དབུས་སུ་བཞག་ནས་ནི། །བསྐྱེད་པའི་རིམ་པ་རྫོགས་བྱ་ཞིང༌། །སྤྱན་དྲང་ཕྱག་འཚལ་བཞུགས་སུ་གསོལ། །ཚོགས་དང་མཆོད་པ་དབང་བསྐུར་ཞིང༌། །བསྲུང་བའི་འཁོར་ལོ་ནང་དུ་དྲིལ། །གདགས་པའི་ས་ཡང་རྣམ་དྲུག་སྟེ། །སྤྱི་བོར་དང་ནི་ལྟེ་བ་དང༌། །རྩ་ཆེན་བཞི་སྟེ་གྲུབ་པའོ། །དེ་ནི་འཁོར་གསོ་བའི་སྤྱོད་པའོ། །
སྦྱང་བའི་སྤྱོད་པ་ལ་གཉིས་ཏེ། རང་རྒྱུད་སྦྱང་བ་དང༌། རྣམ་པར་རྟོག་པའི་གཟུགས་སྦྱང་བའོ། །རང་རྒྱུད་སྦྱང་བའི་སྤྱོད་པ་ལ་གཉིས་ཏེ། བཀོད་པས་སྦྱང་བ་དང༌། མེས་སྦྱང་བའོ། །བཀོད་པས་སྦྱང་བ་ལ་རྒྱུ་ཡོ་བྱད་ཀྱིས་སྦྱང་བ་དང༌། དཀྱིལ་འཁོར་ལྷ་ཚོགས་ཀྱིས་སྦྱང་བའོ། །མེས་སྦྱང་བ་ལ་རྣམ་པ་གཉིས་ཏེ། སྦྱིན་སྲེག་གིས་སྦྱང་བ་དང༌། རོ་སྲེག་གིས་སྦྱང་བའོ། །སྦྱིན་སྲེག་གིས་སྦྱང་བ་ལ་ལྔ་སྟེ། ཞི་བའི་སྦྱིན་སྲེག་དང༌། རྒྱས་པ་དང༌། དབང་དང༌། དྲག་པོ་དང༌། མངོན་སྤྱོད་ཀྱི་སྦྱིན་སྲེག་གོ། །དེ་ལ་ཞི་བའི་སྦྱིན་སྲེག་ཤར་དུ་བྱ། དབང་གི་ལྷོ་རུ་བྱ། དྲག་པོ་ནུབ། རྒྱས་པ་བྱང༌། མངོན་སྤྱོད་དབུས། ཕལ་ཆེར་ལྷོ་ཤར་མེ་ལྷའི་ཞིང་ཁམས་སུ་བྱའོ། །དེ་ལ་སྲེག་ལུགས་ནི། ཕྱི་ལྟར་དགྲ་བགེགས་སྲེག་པ། ནང་ལྟར་རྣམ་རྟོག་སྲེག་པ། གསང་བ་ལྟར་དུག་ལྔའི་ལོག་རྟོག་སྲེག་པ་སྟེ། འཕྲིན་ལས་རིགས་ལྔ་རང་རང་གི་གཞུང་དང་སྦྱོར་རོ། །རོ་སྲེག་པ་ལ་ཤེས་ཚུལ་ལྔ་སྟེ། རོ་བེམ་པོར་ཤེས་པ་དང༌། ཚེ་འདས་སུ་ཤེས་པ་དང༌། སློབ་མར་ཤེས་པ་དང༌། མཆོད་རྫས་སུ་ཤེས་པ་དང༌། ལྷ་རུ་ཤེས་པའོ། །དེ་ཡང་གཤེན་ལྔའི་སྤུར་སྦྱོང་ན་ཞིབ་བོ། །བདག་གི་རྣམ་པར་རྟོག་པའི་གཟུགས་སུ་སྦྱང་བ་ནི། ཕྱི་ནང་གི་ཕྱག་བཤགས་སོ། །གཞན་གྱི་རྣམ་པར་རྟོག་པའི་གཟུགས་ཕུང་སྦྱང་བ་ནི། ཟང་ཟིང་གི་མདོས་དང༌། གླུད་རྣམས་སོ། །དེ་ནི་གསོ་སྦྱོང་གི་སྤྱོད་པའོ། །
བརྟུལ་ཤུགས་ཀྱི་སྤྱོད་པ་ལ་གསུམ་སྟེ། ཉམ་ང་མེད་པ་བསྙོན་པའི་སྤྱོད་པ་དང༌། ཐེན་ཐོག་མེད་པ་གླང་པོ་ཆེའི་སྤྱོད་པ་དང༌། རྣམ་རྟོག་མེད་པ་བུ་ཆུང་གི་སྤྱོད་པའོ། །དེ་ལ་ཉམ་ང་མེད་པ་བསྙོན་པའི་སྤྱོད་པ་ནི། ཉམ་ང་མེད་པར་བྱ་བ་སྟེ། །ཞེས་པ། མཁས་པ་ཆེན་པོར་གྱུར་ཏེ། ཚིག་དོན་གཉིས་ལ་བྱང་བ་དང༌། བླུན་པོ་བ་གླང་རྫི་ལྟ་བུ་ལ་ཡང་ཉམ་ང་མེད་པའོ། །ཐེན་ཐོག་མེད་པ་ནི། གླང་ཆེན་ཆུ་རུ་ཞུགས་པ་བཞིན། །ཞེས་པ། གླང་པོ་ཆེ་འདེགས་པའི་སྟོབས་ཆེ་བ། བརྟན་པ་གཞན་གྱིས་བསྒྱུར་དུ་མི་འདོད་པ་ལྟ་བུའོ། །རྣམ་རྟོག་མེད་པ་བུ་ཆུང་ལྟ་བུའི་སྤྱོད་པ་ནི། ཅིས་ཀྱང་བསྒྱུར་དུ་མེད་པའོ། །ཞེས་པ། བུ་ཆུང་དེ་ཡང་དགྲ་གཉེན་དང་བྱམས་སྡང་ལས་སོགས་པ་གང་ལ་ཡང་རྣམ་རྟོག་མེད་པའོ། །སྤྱིར་ན་སྤྱོད་པ་ལ་གསུམ་སྟེ། འགྲོ་དོན་ཐབས་ལ་མཁས་པའི་སྤྱོད་པ་དང༌། རང་རྒྱུད་མ་བཅོས་ལྷུག་པའི་སྤྱོད་པ་དང༌། བརྟུལ་ཤུགས་ལོག་བྱེད་འདུལ་བའི་སྤྱོད་པའོ། །དེ་ལྟར་གཞི་དྲུག་བསྟན་པའོ། །
ད་ནི་ལམ་ལྔ་བསྟན་ཏེ། བར་དུ་ལམ་ལ་ལྔ་རུ་བསྟན། །ཞེས་པ། མདོར་བསྟན་ཏེ། གཞིའི་སྟེང་ནས་ལམ་ཉམས་སུ་ལེན་དགོས་པའོ། །བར་དུ་ཞེས་པ་དང་པོ་གཞི་དང་ཐ་མ་འབྲས་བུ་གཉིས་ཀྱི་བར་མ་སྟོན་པའོ། །ལམ་ཞེས་པ་ལ་ཡང་གུད་ན་བགྲོད་དུ་ཡོད་པ་མ་ཡིན་ཏེ། གཞི་རྟོགས་པར་བྱེད་པའི་ཐབས་ལ་བྱའོ། །ལྔ་རུ་བསྟན་ཞེས་པ། དབྱེ་བ་གྲངས་ཀྱི་མདོར་བསྟན་པའོ། །
ཕྱག་རྒྱ་ལྷུན་གྲུབ་སར་བགྲོད་ན། །དབང་དང་དམ་ཚིག་གཙོ་རུ་བླང། །ཞེས་པ་འདིས་ལམ་གྱི་འབྲས་བུ་དང་རྒྱུ་རུ་སྟོན་པ་སྟེ། དེ་ལ་གཉིས་ཏེ། བགྲོད་བྱ་ལམ་གྱི་འབྲས་བུ་དང༌། བགྲཽད་བྱེད་ལམ་གྱི་རྒྱུ་རུ་བསྟན་པའོ། །དེ་ལ་དགུ་སྟེ། རིག་འཛིན་གྱི་ངོ་བོ་དང༌། ངེས་ཚིག་དང༌། དབྱེ་བ་དང༌། ལུང་གང་ལ་བརྟེན་པ་དང༌། ནུས་པའི་སྟོབས་དང༌། རྟོགས་པའི་ཚད་དང༌། སྒྲིབ་པ་གང་གནས་པ། གཉེན་པོ་གང་གིས་སྤོང་བ། མཐར་འབྲས་བུ་གང་ཐོབ་པའོ། །དེ་ལ་རིག་འཛིན་གྱི་ངོ་བོ་ནི། སངས་རྒྱས་དང་སེམས་ཅན་གང་ཡང་མིན་པས་ས་བཅུའི་གཡུང་དྲུང་སེམས་དཔའོ། །དེ་ནི་སངས་རྒྱས་མ་ཡིན་ཏེ། ཤེས་བྱའི་སྒྲིབ་པ་ཡོད། སེམས་ཅན་མ་ཡིན་ཏེ་ཉོན་མོངས་པའི་སྒྲིབ་པ་བྱང་བས་སྔགས་ཕྱིའི་སྐད་དུ་གཡུང་དྲུང་སེམས་དཔའ། །ནང་གི་སྐད་དུ་རིག་འཛིན་ཡིན་ནོ། །ངེས་ཚིག་ནི། མྱ་ངན་ལ་འདས་ནས་སངས་རྒྱས་ཀྱི་རིག་འཛིན་པའི་ཕྱིར། རིག་འཛིན་ཞེས་བྱའོ། །དབྱེ་ན་རྣམ་པ་དྲུག་སྟེ། ཕྱག་རྒྱ་ཅེས་པ་ས་དང་པོ་ལ་གནས་པའི་ཕྱག་རྒྱ་ཆེན་པོའི་རིག་འཛིན་དང༌། ལྷུན་གྲུབ་ཅེས་པ་ས་བཅུ་ལ་གནས་པ་ལྷུན་གྱིས་གྲུབ་པའི་རིག་འཛིན། གཡུང་དྲུང་ལྷའི་རིག་འཛིན། ཚེ་ལ་དབང་བའི་རིག་འཛིན། སྒྱུ་འཕྲུལ་དབང་བསྒྱུར་གྱི་རིག་འཛིན༌། རྣམ་པར་སྨིན་པའི་རིག་འཛིན། ཕྱག་རྒྱ་ཆེན་པོའི་རིག་འཛིན་ནི། འཁོར་བའི་སྒྲིབ་པ་ཐམས་ཅད་ཕྱག་ནས། རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱི་རྒྱས་བཏབ། འཇིག་རྟེན་གྱི་ས་ལས་ཆེར་འཕགས་ནས། མྱ་ངན་ལས་འདས་པའི་རིག་འཛིན་པའི་ཕྱིར། ཕྱག་རྒྱ་ཆེན་པོའི་རིག་འཛིན་ཞེས་བྱའོ། །ལྷུན་གྱིས་གྲུབ་པའི་རིག་འཛིན་ནི། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ས་ལམ་ཐམས་ཅད་ཀྱི་མཐར་ཕྱིན། གཡུང་དྲུང་ལྟ་བུའི་ཏིང་འཛིན་དུ་ལྷུན་གྱིས་གྲུབ་པའོ། །གཡུང་དྲུང་ལྷའི་རིག་འཛིན་ནི། སྐུ་འགྱུར་བ་མེད་པ། གསུངས་བརྗོད་ལས་འདས་པ། ཐུགས་བོན་ཉིད་ཀྱི་ཀློང་དུ་ལྷུན་གྱིས་གྲུབ་པའཽ། །ཚེ་ལ་དབང་བའི་རིག་འཛིན་ནི། འཇུག་པ་རང་དབང་དང་ཆས་པས་སྐྱེ་ལུས་གང་ཡང་ལེན་པ། ལྡོག་པའི་རང་དབང་དང་ཆས་ནས་སྐྱེ་ལུས་སྔོན་མས་འགྲོ་དོན་མ་ནུས་ན། ལུས་གཞན་དུ་འཕོ་བར་ནུས་པ། ཚེ་དུ་མར་བཞུགས་ཤིང་ལུས་ལ་འཇུག་ལྡོག་བྱར་ཡོད་པའོ། །རྫུ་འཕྲུལ་དབང་བསྒྱུར་གྱི་རིག་འཛིན་ནི། མཐུ་དང་རྫུ་འཕྲུལ་སྣ་ཚོགས་དང་ལྡན་ཏེ། ཆུ་བོ་གལ་བསྒྱུར་བ་དང༌། དགུན་དུས་སུ་ཐོག་དབབ་པ་དང༌། ནམ་མཁའ་ལ་འཕུར་བ་དང༌། ས་གཞི་ལ་འཛུལ་བའོ། །ལུས་རྣམ་པར་སྨིན་པ་ནི། ལུས་ངག་ཡིད་གསུམ་ལྷའི་སྐུར་སྨིན་པའོ། །དེ་བཞིན་དུ་རིག་འཛིན་གྱི་བྱེ་བྲག་བསམ་གྱིས་མི་ཁྱབ་པའོ། །ལུས་ངག་ལ་བརྟེན་པ་ནི། ཐོབ་པ་འདུག་ཚུལ་གྱི་ལུས་དང༌། གཞན་དོན་སྤྲུལ་པའི་ལུས་གཉིས་ཏེ། དེ་ལ་ཐོབ་པ་འདུག་ཚུལ་གྱི་ལུས་ནི། མི་དང་འདོད་པའི་ཁམས་དང་གཟུགས་ཁམས་ལྷའི་ལུས་ལེན་ནོ། །གཞན་དོན་སྤྲུལ་པའི་ལུས་ནི་སེམས་ཅན་ལ་གང་ཕན་པའི་ལུས་ལེན་ནོ། །ནུས་པའི་སྟོབས་ནི། ལུས་དུ་མར་སྤྲུལ་པ་དང༌། བོན་དུ་མར་སྟོན་པ་དང༌། ཞིང་ཁམས་དུ་མར་ཁྱབ་པ་དང༌། སྤྲུལ་པ་དུ་མར་སྤྲུལ་ནུས་སོ། །རྟོགས་པའི་ཚད་ནི་སྟོང་པ་ཉིད་ཀྱི་རང་འབྱུང་ཡེ་ཤེས་ལྡན་པའོ། །སྒྲིབ་པ་ནི་ཤེས་བྱའི་སྒྲིབ་པ་ལ་གནས་པའོ། །གཉེན་པོ་ནི་ཀུན་ཏུ་བཟང་པོའི་ཐུགས་རྗེ་དང་རང་གི་རྟོགས་པ་གོམས་པས་སྤོང༌། །མཐར་ཐུག་གི་འབྲས་བུ་ནི། སྐུ་ལྔ་ལྷུན་གྱིས་གྲུབ་པའི་འབྲས་བུ་སངས་རྒྱས་པའོ། །དེ་ནི་བགྲོད་བྱ་ལམ་གྱི་འབྲས་བུའོ། །
ད་ནི་བགྲོད་བྱེད་ལམ་གྱི་རྒྱུ་བསྟན་པ་ནི། དབང་དང་དམ་ཚིག་གཙོ་རུ་བླང༌། །ཞེས་པ། ལམ་གྱི་འབྲས་བུ་ཁྱད་པར་ཅན་རིག་འཛིན་དང་སངས་རྒྱས་ཐོབ་པའི་རྒྱུ་དབང་དང་དམ་ཚིག་ཡིན་ཏེ། དེ་ཡང་དབང་ནི་ལུང་ལས་ཀྱང༌། དབང་དང་གཟི་བརྗིད་ལྡན་པའི་སྐུ། །འགྲོ་བའི་དོན་དང་ལྡན་པར་བྱེད། །འབྲས་བུ་བླ་མེད་སངས་རྒྱས་བསྒྲུབ། །རྒྱུ་དང་རྐྱེན་དང་འབྲས་བུ་ཐབས། །རྒྱུ་ནི་དད་བརྩོན་གུས་པ་སྟེ། །སྨོན་དང་འཇུག་པའི་བྱང་ཆུབ་སེམས། །མ་འགག་དོན་ལ་འཇུག་པའོ། །རྐྱེན་ནི་རྣམ་པ་བཞིར་བསྟན་ཏེ། །དབང་རྫས་སློབ་དཔོན་དམིགས་པའི་རྐྱེན། །དབང་རྣམས་རིམ་བསྐུར་རྒྱུ་ཡི་་རྐྱེན། །དབང་རྣམས་ཐོབ་པ་བདག་པོའྀ་རྐྱེན། །སྐད་གཅིག་མ་ཡི་ཤེས་པ་ལ། །དྲོད་རྟགས་དགའ་ཞིང་སྤྲོ་བྱུང་ཞིང༌། །མཚུངས་པ་དེ་མ་དག་པའི་རྐྱེན། །འབྲས་བུ་མཐར་ཐུག་སངས་རྒྱས་ཉིད། །ཐབས་ནི་ཕྱི་ནང་གསང་བ་གསུམ། །མཐར་ཐུག་པ་དང་བཞི་ཡིན་ནོ། །སྐལ་ལྡན་དད་པའི་མཆོག་ཅན་ལ། །ཕྱི་ཡི་དབང་རྣམས་སྦྱིན་པར་བྱ། །བརྩོན་འགྲུས་རིག་པའི་མཐུ་ལྡན་ལ། །ནང་གི་དབང་རྣམས་སྦྱིན་པར་བྱ། །བརྟུལ་ཤུགས་དྲག་པོའི་སྣོད་ལྡན་ལ། །གསང་བའི་དབང་རྣམས་སྦྱིན་པར་བྱ། །ཚིག་བོར་དོན་ལ་ཞུགས་པ་ལ། །མཐར་ཐུག་རྫོགས་པའི་དབང་རྣམས་བསྐུར། །ཕྱི་ནི་རྡུལ་ཚོན་དཀྱིལ་འཁོར་དུ། །བུམ་པ་ལས་སོགས་རྫས་བསགས་ཏེ། །དཔོན་སྲས་ལུང་ལས་གོམས་པ་ཡི། །སྔགས་དང་ཏིང་འཛིན་ཕྱག་རྒྱའི་མཐུས། །སློབ་པ་མོས་གུས་ཞུགས་ལྡན་ལ། །བསྐྱེད་པའི་རིམ་པས་དབང་ཆེན་བསྐུར། །ལུས་ལ་བྱུང་བའི་དྲི་མ་བཀྲུ། །ཚོགས་ལམ་མཐའ་རུ་ཕྱིན་པར་བྱ། །དེ་དང་འབྲེལ་བའི་གདམ་ངག་བསྟན། །འཕྲིན་ལས་མཐར་དབྱུང་གསང་མཚན་གདགས། །ཅོད་པཎ་བཏགས་ལ་རྒྱལ་སར་དབྱུང༌། །ནང་གི་པདྨའི་མཁའ་དབྱིངས་སུ། །བྱང་སེམས་དཀར་དམར་རྫས་དག་ལ། །སློབ་དཔོན་མན་ངག་ལྡན་པ་ཡིས། །སློབ་མ་བརྩོན་འགྲུས་རིག་ལྡན་ལ། །བདེ་འབྲལ་ཆེན་པོའི་དབང་རྣམས་བསྐུར། །ཐབས་དང་ཤེས་རབ་མན་ངག་བསྟན། །སྦྱོར་ལམ་མཐའ་རུ་ཕྱིན་པར་བྱ། །དེར་འབྲེལ་ས་ནོན་གདམ་ངག་བསྟན། །གསང་བ་ཀུན་གཞིའི་དཀྱིལ་འཁོར་དུ། །རྣམ་པ་ཤེས་པའི་རྫས་དག་ལ། །སློབ་དཔོན་གཏན་ལ་ཕེབས་པ་ཡིས། །སློབ་མ་བརྟུལ་ཤུགས་ལྡན་པ་ལ། །རིག་པའི་རྩལ་དབང་རྫོགས་པར་བསྐུར། །འཕོ་འགྱུར་མེད་པའི་མན་ངག་བསྟན། །མཐོང་ལམ་བསྒོམ་ལམ་མཐའ་ཕྱིན་བསླབ། །རང་རིག་རང་གསལ་གདམ་ངག་བསྟན། །མཐར་ཐུག་བོན་ཉིད་དབྱིངས་དཀྱིལ་དུ། །རང་གི་རིག་པའི་སྙིང་པོ་ལ། །སློབ་དཔོན་ཀློང་དུ་གྱུར་པ་ཡིས། །སློབ་མ་ཚིག་བོར་དོན་ཞུགས་ལ། །རྩོལ་མེད་རིག་པའི་རང་དབང་བསྐུར། །ལྟ་བ་ཐག་ཆོད་གདམ་ངག་བསྟན། །མཐར་ཕྱིན་པ་ཡི་ལམ་ཡིན་ཏེ། །ལྷུན་གྱིས་གྲུབ་ཅེས་དེ་ལ་བྱ། །ཞེས་གསུངས་སོ། །དམ་ཚིག་ནི་གཞིའི་སྐབས་སུ་བསྟན་པ་དེ་བཞིན་བསྲུང་བས། དབང་དང་དམ་ཚིག་གཉིས་ཀྱིས་རིག་འཛིན་དང་སངས་རྒྱས་ཀྱི་འབྲས་བུ་ཐོབ་པར་འགྱུར་རོ། །
དང་པོ་དབང་གི་ལམ་ཡིན་ཏེ། །སྔགས་པ་དབང་གི་ལམ་དུ་འགྲོ་བ་ཡིན་པས། དེ་ལ་སྤྱིར་གསང་སྔགས་ཀྱི་བོན་ཐམས་ཅད་ཀྱི་སྔོན་འགྲོ་དབང་ཡིན་ཏེ། དབང་ལ་སྤྱི་དོན་དགུ་ཡིན་ཏེ། །དབྱེ་བ་ངོ་བོ་རྒྱུ་རྐྱེན་དང༌། །ངེས་ཚིག་དང་ནི་སྐྱོན་ཡོན་དང༌། །སྒྲིབ་པ་སྦྱང་དང་ལས་རིམ་དང༌། །འབྲས་བུ་གང་ཐོབ་པ་དང་དགུའོ། །དབྱེ་བ་འདུས་བསྡུས་དང་རྒྱས་པ་གཉིས། །ཕན་དང་ནུས་པ་གསང་བ་དང༌། །ཡེ་ཤེས་རང་དབང་བདེ་ཆེན་དབང༌། །མདོར་བསྟན་ལྔ་རུ་ཤེས་པར་བྱ། །རྒྱས་པར་བྱེད་ན་བཅོ་བརྒྱད་དེ། །བུམ་པ་དབུ་རྒྱན་འཕྲེང་བ་དང༌། །གདུགས་དང་རྒྱལ་མཚན་བ་དན་དང༌། །རྔ་གཤང་ཞལ་ཟས་གོ་ཆ་དང༌། །དེ་རྣམས་ཕན་པའི་དབང་བཅུའོ། །ཉན་པའི་དབང་དང་བཤད་པའི་དབང༌། །སྒོམ་དང་འཕྲིན་ལས་རྣམ་བཞིའི་དབང༌། །གཡུང་དྲུང་དབང་གི་རབ་འབྱམས་དབང༌། །ནུས་དབང་ལྔ་རུ་ཤེས་པར་བྱ། །གསང་དབང་ལས་སོགས་གསུམ་པོ་སྟེ། །དབང་གི་དབྱེ་བ་བཅོ་བརྒྱད་དོ། །ངོ་བོ་དབང་རྣམས་ཀུན་གྱི་དོན། །ཕྱིན་ཅི་མ་ལོག་རྟོགས་པའོ། །རྒྱུ་རྐྱེན་དག་ལ་རྣམ་པ་གཉིས། །རང་བཞིན་མཚུངས་པར་ལྡན་པ་དང༌། །ལྷན་ཅིག་སྐྱེས་པའི་རྐྱེན་དུ་འདོད། །དེ་ལ་མཚུངས་པར་ལྡན་པ་ནི། །གདོད་ནས་རྒྱུ་རྐྱེན་མ་བསྐྱེད་པའོ། །རྐྱེན་ལ་རྣམ་པ་བཞི་ཡིན་ཏེ། །རྒྱུའི་རྐྱེན་དང་བདག་པོའི་རྐྱེན། །དམིགས་པའི་རྐྱེན་དང་མཚུངས་པ་དེ་མ་ཐག་པའི་རྐྱེན། །སྔོན་སྦྱངས་བག་ཆགས་ཀུན་གཞི་ལ། །བཞག་པ་རྒྱུ་ཡི་རྐྱེན་ཞེས་བྱ། །དཀྱིལ་འཁོར་རྫས་ལས་སོགས་པ་སྟེ། །བདག་པོ་དག་གི་རྐྱེན་དུ་འདོད། །དམིགས་པའི་རྐྱེན་ནི་སློབ་དཔོན་ཏེ། །དབང་པོ་རབ་འབྲིང་སེམས་ལ་དམིགས། །དེ་མ་ཐག་གི་ལུང་ལས་ནི། །རིམ་པ་སྐབས་ཀྱི་ཚུལ་དག་ནི། །ལྟོས་ནས་འབྲས་བུ་གོ་འབྱེད་པ། །སྔ་ཕྱི་དེ་མ་ཐག་པའོ། །ངེས་ཚིག་ནི་ཡེ་ནས་རྫོགས་པའི་དབང༌། །གཞན་གྱིས་དེ་མི་འཕྲོག་པའི་དབང༌། །གདོད་ནས་རང་ལ་ཡེ་ཡོད་དབང༌། །དབང་བསྐུར་ཡོན་ཏན་བརྗོད་བྱེད་པ། །ཚོགས་གཉིས་བསགས་པའི་སྣོད་དུ་བྱས། །ཚུལ་བཞིན་བསྐུར་བ་བར་ཆོད་མེད། །གཞུང་དང་ལྡན་པར་མ་བསྐུར་ན། །ཚེ་ལས་སོགས་པ་བར་ཆོད་འབྱུང༌། །ཕྱི་ནང་གསང་སྔགས་གཉན་དབང་ཡོད། །ཕན་པའི་དབང་བཅུས་ལྷ་མི་ཐོབ། །བདག་གཞན་དོན་ལ་ཐོགས་པ་མེད། །གསང་སྔགས་ཀུན་ལ་འཇུག་པ་ཡི། །སྐལ་པ་དང་ནི་ལྡན་པར་འགྱུར། །ནུས་པ་དག་དང་དབང་ལྔ་ནི། །ཏིང་འཛིན་ཡན་ལག་གསུམ་ལྔ་རུ། །གསང་དབང་ཐོབ་པའི་ཡོན་ཏན་ནི། །གསང་སྔགས་སྤྱོད་པ་མ་ནོར་ཤེས། །ཡེ་ཤེས་རང་གནས་ཡོན་ཏན་ནི། །འབྱུང་འཇུག་དབུགས་ལ་ཟིན་དུ་རུང༌། །བདེ་ཆེན་ཐོབ་ནས་ཡུལ་སེམས་ཏ༽ ལུས་ཀྱི། །རྣམ་པར་རྟོག་པའི་ཅིར་སྣང་ལ། །དེ་ཉིད་ཡེ་ཤེས་ཉིད་དུ་གསལ། །མ་བསྐུར་དབང་མ་ཐོབ་པའི་སྐྱོན། །དེ་ལས་གོ་ལྡོག་གཞུང་ལས་ཀྱང༌། །སློབ་དཔོན་མཉེས་པར་མ་བྱས་ཤིང༌། །དབང་རྣམས་ཐོབ་པར་མ་བྱས་ན། །མཉན་པ་ལས་སོགས་སློབ་མ་རྣམས། །འབྲས་བུ་མེད་ཅིང་བརླག་པར་འགྱུར། །སྒྲིབ་པ་གང་བྱང་བཤད་བྱ་བ། །ཕྱི་ནང་གསང་བའི་གོ་རིམ་བཞིན། །ལུས་ངག་ཡིད་གསུམ་སྒྲིབ་པ་སྦྱོང༌། །བཞི་པ་ཤེས་བྱའི་སྒྲིབ་པ་སྦྱོང༌། །ལས་ཀྱིས་རིམ་པ་དོན་བདུན་ཏེ། །གང་ཟག་གང་ལ་བསྐུར་བ་དང༌། །དཀྱིལ་འཁོར་གང་གིས་བསྐུར་བ་དང༌། །དཔོན་གསས་གང་གིས་བསྐུར་བ་དང༌། །རྫས་རྣམས་གང་གིས་བསྐུར་བ་དང༌། །གནས་ནི་གང་དུ་བསྐུར་བ་དང༌། །ཐབས་རྣམས་ཇི་ལྟར་བསྐུར་བ་དང༌། །དུས་ཚོད་གང་ལ་བསྐུར་བའོ། །གང་ཟག་རྣམ་པ་གསུམ་ཡིན་ཏེ། །དད་དང་བརྩོན་འགྲུས་བརྟུལ་ཤུག་སཅན། །བརྩོན་འགྲུས་ཅན་ལ་གསུམ་དུ་དབྱེ། །བདག་གི་དོན་ལ་བརྩོན་འགྲུས་ལ། །ཉན་བསམ་བསྒོམ་དབང་བསྐུུར་བའི་སྣོད། །གཞན་གྱི་དོན་ལ་བརྩོན་པ་ལ། །འཆད་དང་འཕྲིན་ལས་རྣམ་བཞིའི་སྣོད། །གཉིས་ཀ་ལྡན་པའི་གང་ཟག་ལ། །གཡུང་དྲུང་རབ་འབྱམས་དབང་མཆོག་བསྐུར། །གསང་བ་བརྟུལ་ཤུགས་ཅན་དང་ནི། །རིགས་དང་མཉམ་པའི་བརྟུལ་ཤུགས་ལ། །གསང་དབང་ལས་སོགས་གསུམ་པོ་བསྐུུར། །དཀྱིལ་འཁོར་གང་དུ་བསྐུུར་ཞེ་ན། །མཚན་མ་རྡུལ་ཚོན་དཀྱིལ་འཁོར་དང༌། །ཏིང་ངེ་འཛིན་གྱི་དཀྱིལ་འཁོར་དང༌། །བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་དང༌། །སློབ་དཔོན་དབང་ལྔ་རྫོགས་པས་སུ། །རྫས་ནི་ཐུགས་རྗེ་ཁྱད་པར་གཉིས། །སྐུར་བའི་གནས་ནི་སྤྱི་གཙུག་སོགས། །ལྕེ་དང་སྙིང་ཁ་དེ་བཞིན་ནོ། །ཚུལ་ཐབས་རྒྱལ་པོ་ཕྲུ་གུའོ། །བུང་བ་མེ་ཏོག་གསེར་འགྱུར་བཞིན། །དུས་ཚོད་གང་ཟག་དེ་ཉིད་ཀྱིས། །བློ་ཡི་སྐྱེ་ལུགས་དང་སྦྱོར་རོ། །འབྲས་བུ་སྐུ་གསུང་ཐུགས་ཡིན་ཏེ། །མི་ཟད་རྒྱན་གྱི་འཁོར་ལོ་བཞིན། །སྤྱིར་ན་དབང་ཞེས་བྱ་བ་ཡང༌། །ཀུན་གྱི་ཐོག་མར་འགྲོ་བ་སྟེ། །གཞུང་ལས་ཀྱང༌། དབང་མཆོག་བདག་ལ་མི་གནས་ན། །བསྐུར་བའི་ཐོབ་པ་མ་ཡིན་ཏེ། །ཟག་བཅས་ནུས་མཐུ་འཁོར་བའི་བོན། །མཆོང་བུ་བྱི་དོར་བྱས་ཀྱང་རིན་ཆེན་མིན། །དབང་མཆོག་དག་ལ་གནས་པ་དེ། །རྫས་ལས་སོགས་པའི་མན་ངག་གིས། །རང་གིས་དོན་ལ་གསལ་འདེབས་འདྲ། །ཞེས་གསུངས་སོ། །
དབང་མ་ཐོབ་པར་ལས་བརྩོན་ཞིང༌།ཙ༽ ལས་རྩོམ་དང༌། །ལྗིད་མ་བརྟགས་པར་ཁལ་འགེལ་བ། །འཁོར་ལོའི་སྲོག་ཤིང་ཆག་པ་འདྲ། །ཞེས་པ་དོན་དབང་མ་ཐོབ་པར་རང་གཞན་གྱི་དོན་བྱེད་པ་དང༌། ལྗིད་མ་བརྟགས་པར་ཁལ་འགེལ་བ། དཔེ་འཁོར་ལོའི་སྲོག་ཤིང་ཆག་པ་དང་འདྲ་སྟེ། དབང་མ་ཐོབ་པ་ནི་རྫ་སོ་མ་བཏང་པར་ཆུ་བླུག་པ་དང་འདྲ། དབང་ཐོབ་པ་ནི་རྫ་སོ་བཏང་བར་ཆུ་བླུག་པ་དང་འདྲ། དབང་མ་ཐོབ་པ་ནི་རྫ་སོ་མ་བཏང་བར་ཆུ་བླུག་པ་དང་འདྲ་ཞེས་ལུང་ལས་ཀྱང༌། སློབ་དཔོན་རྣམས་ནི་མ་མཉེས་ཤིང༌། །དབང་རྣམས་རིམ་གྱིས་མ་བགྲོད་པར༌། །སྔགས་སྤྱོད་སྒྲུབ་བརྩོན་བྱེད་པ་ཀུན། །དེ་འབྲས་མེད་ཅིང་ངན་སོང་ལྟུང༌། །དབང་རྣམས་བགྲོད་པར་མ་བྱས་ན། །ཐུགས་ཐུབ་ར་ཆོད་སེམས་ཀྱིས་ནི། །གང་དག་མན་ངག་རིམ་བསྟན་པ། །ཕུང་བྱེད་གཉིས་ཀ་དམྱལ་བར་འགྱུར། །དེ་ནི་སྔགས་ཀྱི་དམ་སྲི་ཡིན། །སྨྲ་བྱེད་ལྕེ་ལ་ཞིང་རྨོ་ཞིང༌། །མནར་མེད་གནས་སུ་ཉེ་བར་འཁོར། །དབང་མ་བགྲོད་པའི་གང་ཟག་དང༌། །གལ་སྟེ་འདྲིའམ་གླེང་སློང་ན། །གཏམ་རིམ་ཙམ་ཡང་མི་བརྗོད་པར། །དེ་བརྗོད་ཉེས་པ་བརྗོད་མི་ལང༌། །རིམ་པ་རྫོགས་ཤིང་སྣོད་ལྡན་ལ། །འདྲི་ཞིང་གླེང་སློང་བྱེད་པ་ན། །དེ་ལ་བདེན་དོན་མ་བསྟན་ན། །དེ་ལས་ཉམས་པའི་དབང་དུ་འགྱུར། །ཞེས་གསུངས་སོ། །
དེའི་ཕྱིར་དབང་གི་ལམ་མཆོག་གཅེས། །ཞེས་པ། དབང་མེད་ཐབས་མེད་པར་བསྟོན་པའོ། །དབང་གི་ལམ་དུ་འགྲོ་བའོ། །ཚོགས་ཀྱི་ལམ་ལ་བཞི་སྟེ། ཚོགས་བསགས་པའི་གཞི་དང༌། ཚུལ་ཇི་ལྟར་བསག་པ་དང༌། བསགས་པའི་ཡོན་ཏན་དང༌། ཚོགས་ལམ་གྱི་དོན་བསྟན་པའོ། །དེ་ལ་ཚོགས་བསགས་པའི་གཞི་ནི། །ཀུན་གཞི་བྱང་ཆུབ་སེམས་ཉིད་ལ། །ཞེས་པ། དགེ་སྡིག་ཐམས་ཅད་བསགས་པའི་གཞི། ཀུན་གཞི་སེམས་ཉིད་ལ་བསགས་པའོ། །ཚུལ་ཇི་ལྟར་བསགས་པ་ནི། བག་ཆགས་དགེ་བའི་ཚོགས་བསགས་ནས། །ཞེས་པ། ཀུན་གཞི་ལ་བག་ཆགས་ཀྱི་ཚུལ་དུ་བསགས་པའོ། །བསགས་པའི་ཡོན་ཏན་ནི། བླ་མེད་ས་ལ་གོམས་པའི་ཙ༽ བྱའི་ཕྱིར། །ཞེས་པ། སངས་རྒྱས་ཀྱི་ས་ལ་གོམས་པ་ཐོབ་པའོ། ཚོགས་ལམ་གྱི་དོན་བསྟན་པ་ནི།
གཉིས་པ་ཚོགས་ཀྱི་ལམ་མཆོག་གཅེས། །ཞེས་པ་སྟེ། དེ་ལ་དོན་དྲུག་སྟེ། ཚོགས་ཀྱི་ངོ་བོ་དང༌། ངེས་ཚིག་དང༌། དབྱེ་བ་དང༌། བྱིན་གྱིས་བརླབས་པ་དང༌། ལས་དང༌། དོན་བསྟན་པའོ། །ངོ་བོ་ནི་ཡོ་བྱད་དང༌། ཤེས་བྱའི་དྲི་མ་མེད་པའོ། །ངེས་ཚིག་མཆོག་དང་ཐུན་མོང་གི་བསོད་ནམས་འཚོགས་པའི་ཕྱིར་ཚོགས་ཞེས་བྱ་བའོ། །དབྱེ་བ་ལ་གཉིས་ཏེ། བསྐྱེད་པའི་ཚོགས་དང༌། རོལ་པའི་ཚོགས་སོ། །བསྐྱེད་པའི་ཚོགས་ལ་གསུམ་སྟེ། སྣང་སྲིད་ལྷ་རུ་བསྐྱེད་པའི་ཚོགས་དང༌། རང་རྒྱུད་ལྷ་རུ་བསྐྱེད་པའི་ཚོགས་དང༌། ལོངས་སྤྱོད་སྣང་སྲིད་ཁེངས་པར་བསྐྱེད་པའི་ཚོགས་སོ། །རོལ་པའི་ཚོགས་ནི་དངོས་པོ་མཉམ་པའོ། །བྱིན་གྱིས་བརླབས་པ་ལ་གཉིས་ཏེ། སྣོད་བྱིན་གྱིས་བརླབ་པ་དང༌། བཅུད་བྱིན་གྱིས་བརླབ་པའོ། །དེ་ལ་དང་པོ་བདག་ཉིད་ཡེ་གཤེན་གཙུག་ཕུད་དུ་བསྒོམ་ལ། རཾ་ཡཾ་མཾ་ཞེས་བརྗོད་དེ་བདག་གི་ཐུགས་ཁ་ནས་འཕྲོས་ནས། ཚོགས་ཀྱི་གཞོང་པ་ལ་ཕོག་པས། ཚོགས་ཀྱི་ཉམས་པ་དང་མི་གཙང་བ་རྣམས། མེས་བསྲེག རླུང་གིས་གཏོར། ཆུས་བཀྲུས་པར་བསྒོམ། དེ་ནས་ཨ་ཞེས་བརྗོད་པས། སྟོང་གསུམ་གྱི་འཇིག་རྟེན་རི་རབ་ཁོར་ཡུག་དང་བཅས་པ་ཐམས་ཅད། རིན་པོ་ཆེ་སྣ་ལྔ་དང་ལྡན་པའི་གཞོང་པ་ཡངས་ཞིང་རྒྱ་ཆེ་བར་བསྒོམ། དེ་ནས་ཨ་ཞེས་བརྗོད་པས། སྟོང་གསུམ་གྱི་འཇིག་རྟེན་རི་རབ་ཁོར་ཡུག་དང་བཅས་པ་ཐམས་ཅད་རིན་པོ་ཆེ་སྣ་ལྔ་དང་ལྡན་པའི་གཞོང་པ་ཡངས་ཞིང་རྒྱ་ཆེ་བར་བསྒོམ། དེ་ནས་བཅུད་བྱིན་གྱིས་བརླབ་པ་ནི། ཕྱག་རྒྱའི་བྱིན་གྱིས་བརླབ་པ་ནི། ལོངས་སྤྱོད་ཁ་འགྱིང་གི་ཕྱག་རྒྱ་ཞེས་བྱ་སྟེ། གའུ་ཡི་ཚུལ་དུ་བྱའོ། །སྔགས་ནི་དཔའ་བོ་འབྲུ་ལྔ་བྱིན་གྱིས་བརླབ་སྟེ། ཨཱོྃ་ཨ་ཧཱུྃ་རྃ་ཛ་ཞེས་བརྗོད་པས། ཏིང་ངེ་འཛིན་ལས་འཇིག་རྟེན་གྱི་ཁམས་ཐམས་ཅད། ཞལ་ཟས་ཚོགས་ཀྱི་ལོངས་སྤྱོད་ཐམས་ཅད་འདོད་པའི་ཡོན་ཏན་ལྔ་དང་ལྡན་པར། ཡེ་ཤེས་ཀྱི་འོད་ཟེར་འཕྲོ་བ། མི་ཟད་བརྒྱན་གྱི་འཁོར་ལོ། རི་རབ་བས་ལྷུན་མཐུག་པ་རྒྱ་མཚོ་བས་གཏིང་ཟབ་པ། ནམ་མཁའ་བས་དཔང་མཐོ་བ། རྩི་མཆོག་བས་གྲངས་མང་བ། ས་གཞི་བས་རྒྱ་ཆེ་བ། རིན་པོ་ཆེ་ལྟར་དགོས་འདོད་འབྱུང་བ། དཀོར་མཛོད་ལྟར་ཀུན་ཚོགས་པར་བསྒོམ། ལས་བསྟན་པ་ནི། དང་པོ་མཆོད། བར་དུ་བཤགས། ཐ་མ་བསྟབ་པའོ། །དེ་ལས་དང་པོ་ནི། རང་གི་བསོད་ནམས་བསག་པའི་ཕྱིར། ཞི་ཁྲོའི་ལྷ་ལ་དབྱིངས་སུ་མཆོད་པའོ། །འཁོན་དང་གཅུག་པ་སྦྱངས་པའི་ཕྱིར། བར་པ་བཤགས་པའོ། །ཐ་མ་བསྟབ་པ་ལ་གསུམ་སྟེ། རྒྱུ་དང་ཐབས་དང་དགོས་པའོ། །རྒྱུ་ནི་ལས་དང་ཉོན་མོངས་པ་བསྒྲལ་བའི་ཞིང་བཅུའོ། །ཐབས་ནི། སྔགས་དང་ཕྱག་རྒྱ་ཏིང་ངེ་འཛིན་ཚིག་བཤད་དོ། །དགོས་པ་རྣམ་པར་རྟོག་པ་ཞི་བའོ། །དོན་བསྟན་པ་ལ་གཉིས་ཏེ། རྒྱུ་བསོད་ནམས་ཀྱི་ཚོགས་དང༌། འབྲས་བུ་ཡེ་ཤེས་ཀྱི་ཚོགས་སོ། །དེ་ལས་རྒྱུ་བསོད་ནམས་ཀྱི་ཚོགས་ལ་གསུམ་སྟེ། སྐལ་ལྡན་ལྷའི་ཚོགས་དང༌། འབྱོར་ལྡན་མིའི་ཚོགས་དང༌། གཉིས་མེད་ལས་ཀྱི་ཚོགས་སོ། །དེ་ལས་སྐལ་ལྡན་ལྷའི་ཚོགས་ལ་གསུམ་སྟེ། ཡེ་ཤེས་དབྱིངས་ཀྱི་ཚོགས་དང༌། ཤེས་རབ་ཐབས་ཀྱི་ཚོགས་དང༌། ཁྲོ་བོ་དབལ་གྱི་ཚོགས་དང་གསུམ་སྟེ། དེ་ལ་ཡེ་ཤེས་དབྱིངས་ཀྱི་ཚོགས་ནི། བོན་ཉིད་ཀྱི་དབྱིངས་འགགས་པ་མེད་པ་ནས། རིག་པ་ཡེ་ཤེས་ཀྱི་ཚོགས་སྣ་ཚོགས་དཔག་ཏུ་མེད་པ་འབྱུང་བའོ། །ཤེས་རབ་ཐབས་ཀྱི་ཚོགས་ནི། སྐྱེ་བ་མེད་པའི་ངང་ལ་སེམས་ཅན་གྱི་དོན་ཞི་ཁྲོ་ལྷའི་དཀྱིལ་འཁོར་དུ་སྣང་བའོ། །ཁྲོ་བོ་དབལ་གྱི་ཚོགས་ནི། རྒྱུ་ཉོན་མོངས་དུག་ལྔ་དུག་གསུམ་ལ། ཐུགས་རྗེ་ཆགས་པ་མེད་པའི་ཡེ་ཤེས་རོལ་པའོ། །འབྱོར་ལྡན་མིའི་ཚོགས་ལ་གཉིས་ཏེ། ཉེ་བ་རྒྱུ་བསོད་ནམས་ཀྱི་ཚོགས་དང༌། རིང་བ་རྒྱུ་བསོད་ནམས་ཀྱི་ཚོགས། དེ་ལ་ཉེ་བ་རྒྱུ་བསོད་ནམས་ཀྱི་ཚོགས་ནི། འདུན་པ་སྔོན་དུ་སོང་བ་ཀུན་གཞི་བྱང་ཆུབ་ཀྱི་སེམས་སོ། །དེ་ལ་ཡང་གཉིས་ཏེ། ཚོགས་བསག་པ་དང༌། ཚོགས་སྤེལ་བའོ། །དེ་ལ་ཚོགས་བསག་པ་ནི། རང་རྒྱུད་ཀུན་གཞིའི་ཁེངས་གྲགས་མེད་པ་བག་ཆགས་དགེ་བའི་ཚོགས་བསག་པའོ། །ཚོགས་སྤེལ་བ་ནི། ཚོགས་ཀྱི་འཁོར་ལོ་འདུས་བྱས་ཀྱི་དགེ་བ་རྒྱ་ཆེ་བར་བྱེད་པའོ། །རིང་བ་རྒྱུ་བསོད་ནམས་ཀྱི་ཚོགས་ལ་ཡང་གཉིས་ཏེ། རང་བཞིན་རྒྱུའི་ཚོགས་དང༌། དམིགས་པ་བརྟེན་གྱི་ཚོགས་སོ། །དེ་ལ་རང་བཞིན་རྒྱུའི་ཚོགས་ནི། འབྱུང་བ་མེ་ཆུ་ས་རླུང་ནམ་མཁའ་ལས་སོགས་ཏེ། སྣང་སྲིད་འཇིག་རྟེན་གྱི་གདོས་རབ་འབྱམས་དཔག་ཏུ་མེད་པའོ། །དམིགས་པ་བརྟེན་གྱི་ཚོགས་ལ་གཉིས་ཏེ། རྟེན་པའི་ཚོགས་དང༌། དམིགས་པའི་ཚོགས་སོ། །དེ་ལ་བརྟེན་པའི་ཚོགས་ནི། ཚྭ་ཚྭ་ཆབ་གཏོར་སྡོམ་པ་ཉེའུ་འདོན་ཏེ། འདུས་བྱས་ཀྱི་དགེ་རྩ་མ་ལུས་པ་རྣམས་སོ། །དམེགས་པའི་ཚོགས་ནི། རྒྱུ་དང་ཡོ་བྱད་བཤམས་པ་དངོས་པོ་གཟུགས་སྒྲ་དྲི་རོ་རེག་བྱ་ལས་སོགས་ཏེ། འདོད་པའི་ཡོན་ཏན་ལོངས་སྤྱོད་སྣ་ཚོགས་སོ། །བཟང་དགུ༑ སྡུག་དགུ༑ མཛེས་དགུ༑ སྙན་དགུ༑ བྲོ་དགུ༑ ཞིམ་དགུ༑ ཞལ་ཟས་སྤྱན་གཟིགས་ལོངས་སྤྱོད་ཚོགས་ཀྱི་ཡོ་བྱད་བཤམས་པ་རྣམས་སོ། །གཉིས་མེད་ལས་ཀྱི་ཚོགས་ནི། འདོད་སྤྱོད་རྣམ་ལྔ་གཡུང་དྲུང་བོན་གྱི་རྒྱན། །ཞེས་བྱ་སྟེ། མཆོད་པ་རྣམ་ལྔ་དང༌། ཤ་ཁྲག་རུས་གསུམ་འདོད་ཡོན་རྣམ་ལྔའོ། །དེ་དང་ཀུན་གཞི་བྱང་ཆུབ་ཀྱི་སེམས་ལ་ཏིང་འཛིན་དག་པ་དབང་བསྒྱུར་གྱི་བོན་བསམ་གྱིས་མི་ཁྱབ་པ་འབྱུང་བ་གཉིས། དབྱེ་བའི་མི་ཕྱེད་པ་ལ་གཉིས་མེད་ལས་ཀྱི་ཚོགས་ཞེས་བྱའོ། །འབྲས་བུ་ཡེ་ཤེས་ཀྱི་ཚོགས་ལ་ཡང་གསུམ་སྟེ། རྣམ་པར་སྨིན་པ་འབྲས་བུ་ཡེ་ཤེས་ཀྱི་ཚོགས་དང༌། ཡོངས་སུ་རྒྱ་མ་ཆད་པ་འབྲས་བུ་ཡེ་ཤེས་ཀྱི་ཚོགས་དང༌། ཀུན་ལ་ཁྱབ་པ་འབྲས་བུ་ཡེ་ཤེས་ཀྱི་ཚོགས་དང༌། ཡང་ན་གཅིག་ཏུ་འབྲས་བུ་ཡེ་ཤེས་ཀྱི་ཚོགས་ལ་གསུམ་སྟེ། རིག་པ་འབྲས་བུ་ཡེ་ཤེས་ཀྱི་ཚོགས་དང༌། དག་པ་འབྲས་བུ་ཡེ་ཤེས་ཀྱི་ཚོགས་དང༌། གྲོལ་བ་འབྲས་བུ་ཡེ་ཤེས་ཀྱི་ཚོགས་སོ། །དེ་ལ་རིག་པ་འབྲས་བུ་ཡེ་ཤེས་ཀྱི་ཚོགས་ནི། ཀུན་གཞི་བྱང་ཆུབ་ཀྱི་སེམས་ཀྱི་ངང་ལ། རིག་པ་ཡེ་ཤེས་ཆེ་བའི་ཡཽན་ཏན་གྱི་ཚོགས། གདུལ་བྱའི་གཉེན་པོར་ཤར་བ་ལ་བྱའོ། །དག་པ་འབྲས་བུ་ཡེ་ཤེས་ཀྱི་ཚོགས་ནི། གདུལ་བྱའི་གཉེན་པོ་རིག་པ་ཇི་ལྟར་བསྟན་ཡང༌། དོན་བོན་ཉིད་བདེ་བ་ཆེན་པོའི་ངང་དུ་དག་པ་ལ་བྱའོ། །གྲོལ་བ་འབྲས་བུ་ཡེ་ཤེས་ཀྱི་ཚོགས་ནི། ཀུན་གཞི་བྱང་ཆུབ་ཀྱི་སེམས་ཉིད་དེས། རང་འབྱུང་གི་ཡེ་ཤེས་ཆེན་པོ་ལྷང་གི་རྟོགས་ནས༌། ངང་ལ་གནས་པའི་དུས་ན། རྣམ་རྟོག་བག་ཆགས་བྱུང་ཚོར་ཐམས་ཅད་རང་གྲོལ་དུ་གྱུར་པ་ལ་བྱའོ། །ཚོགས་ཀྱི་ལམ་དུ་འགྲོ་བའོ། །
གཏོར་མའི་ལམ་ལ་གཉིས། གཏོར་མ་ལམ་གྱི་དགོས་པ་དང༌། དགོས་པའི་དོན་བསྟན་པའོ། །དེ་ལ་གཏོར་མའི་ལམ་གྱི་དགོས་པ་ནི། བདེར་གཤེགས་ཐུགས་དམ་བསྐང་བ་དང༌། །ལན་ཆགས་བུ་ལོན་སྦྱང་བའི་ཕྱིར། །ཞེས་པ། སྲི་ཞུའི་མགྲོན་དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱི་ཐུགས་དམ་སྐང་བ་དང༌། ཡོན་ཏན་གྱི་མགྲོན་དཔལ་མགོན་བདུན་ཅུ་དང༌། ལན་ཆགས་ཀྱི་མགྲོན་ལྷ་སྲིན་སྡེ་བརྒྱད་དང༌། སྙིང་རྗེའི་མགྲོན་རིགས་དྲུག་གི་སེམས་ཅན་ལ། ཚེ་རབས་ཐོག་མ་མེད་པའི་ལན་ཆགས་དང་བུ་ལོན་ཁེལ་བའི་དགོས་པ་ཡོད་དོ། །
དགོས་པའི་དོན་བསྟན་པ་ནི། གསུམ་པ་གཏཽར་མའི་ལམ་མཆོག་གཅེས། །ཞེས་པ་དེ་ལ་དྲུག་སྟེ། གཏོར་མའི་ངོ་བོ་དང༌། ངེས་ཚིག་དང༌། དབྱེ་བ་དང༌། རྟགས་པ་དང༌། ལས་ཐབས་དང༌། ལྟ་བ་བསྟན་པའོ། །དེ་ལ་གཏོར་མའི་ངོ་བོ་ནི། འདི་ལྟར་གྱི་སྣང་བ་ཕྱི་ནང་གི་ངོ་བོ་དངོས་པོ་ཐམས་ཅད་དོ། ངེས་ཚིག་ནི། མི་འཛིན་པས་གཏོར་ཞེས་བྱ། ཀུན་ལ་སྙོམས་པས་མ་ཞེས་བྱའོ། །དབྱེ་བ་ལ་གཉིས་ཏེ། ལོངས་སྤྱོད་རྒྱུའི་གཏོར་མ་དང༌། ཏིང་ངེ་འཛིན་དགོངས་པའི་གཏོར་མའོ། །དེ་ལ་ལོངས་སྤྱོད་རྒྱུའི་གཏོར་མ་ལ་ལྔ་སྟེ། རང་བཞིན་རྒྱུའི་གཏོར་མ་དང༌། དམིགས་པ་བརྟེན་གྱི་གཏོར་མ་དང༌། བརྟེན་དམ་འབེན་གྱི་གཏོར་མ་དང༌། དམ་ཅན་ལས་ཀྱི་གཏོར་མ་དང༌། རྣལ་འབྱོར་བཀྲ་ཤིས་ཀྱི་གཏོར་མའོ། །དེ་ལ་རང་བཞིན་རྒྱུའི་གཏོར་མ་ནི། ཕྱི་སྣོད་ཀྱི་འཇིག་རྟེན་དང༌། ནང་བཅུད་ཀྱི་འགྲོ་བ་ཐམས་ཅད་གཏོར་མའི་རྒྱུ་རུ་གྱུར་པ་རྣམས་སོ། །དམིགས་པ་བརྟེན་གྱི་གཏོར་མ་ནི། འབྲུ་སྣ་ཉི་ཤུ་རྩ་གཅིག་དང༌། ཤ་ཁྲག་རུས་གསུམ། དཀར་མངར་ཞལ་ཟས་སྣ་ཚོགས་ལ་བྱའོ། །བརྟེན་དམ་འབེན་གྱི་གཏོར་མ་ནི། ལས་མ་གྲུབ་ཀྱི་བར་ལ་རྟ་གཏའགཏོར་འཛིན་པ་སྟེ། དེ་ནི་དམ་ཅན་ཤ་རུལ་ལ་སྦྲང་བུ་འདུས་པ་ལྟར་རོ། །དམ་ཅན་ལས་ཀྱི་གཏོར་མ་ནི། ལས་མཁན་རྣམས་ལ་མགྱོགས་གཏོར་དུ་གཏང་བས། དམག་ཚོགས་ལ་ཡུ་ཏི་གཏང་བ་ལྟ་བུའོ། །རྣལ་འབྱོར་བཀྲ་ཤིས་གཏོར་མ་ནི། བརྟན་མ་དང་བཀའ་སྐྱོང་རྣམས་ལ་བསྔོས་པས། བར་ཆད་རྐྱེན་དབང་ངན་པ་བཟློག་པའོ། །ཏིང་འཛིན་དགོངས་པའི་གཏོར་མ་ལ་དྲུག་སྟེ། བོན་ཉིད་དབྱིངས་ཀྱི་གཏོར་མ་དང༌། ཡེ་ཤེས་རོལ་པའི་གཏོར་མ་དང༌། སྤྱི་ལྡིང་མཁའ་ལ་འགྱེད་པའི་གཏོར་མ་དང༌། བདེ་ཆེན་ཀླུང་དུ་གཡོས་པའི་གཏོར་མ་དང༌། ཐུགས་རྗེ་བྱིན་བརླབ་སྤྲུལ་པའི་གཏོར་མ་དང༌། གཏང་འཛིན་གཉིས་སུ་མེད་པའི་གཏོར་མ་དང་དྲུག་ནི། ཏིང་འཛིན་ངེས་པའི་ཁྱད་པར་རོ། །རྟགས་པ་ནི། གཏོར་མ་མ་བཏང་ན་སངས་རྒྱས་ཀྱི་ལམ་མི་ཐོབ་པའི་རྟགས་གཏོར་མ་ལ་བརྩོན་ནས་མཆོག་དང་ཐུན་མོང་གི་དངོས་གྲུབ་འབྱུང་བའི་རྟགས་སོ། །ལས་ཐབས་ལ་བདུན་ཏེ། དང་པོ་བཅའ་ཐབས་དང༌། བཏང་ཐབས་དང༌། སྦྱངས་ཐབས་དང༌། ཤེས་པར་བྱ་བ་དང༌། སྤར་བ་དང༌། སྦ་བ་དང༌། བསྐུལ་བའོ། །དང་པོ་བཅའ་ཐབས་ནི། དབྱར་གསུམ་མེ་ཏོག་གཏོར་མ་བཅའ། དགུན་གསུམ་ཤ་ཁྲག་གཏོར་མ་བཅའ། དཔྱིད་གསུམ་སྨན་གྱི་གཏོར་མ་བཅའ། སྟོན་གསུམ་འབྲས་བུའི་གཏོར་མ་བཅའོ། །དེ་ལ་བོན་ཉིད་དབྱིངས་ཀྱི་གཏོར་མ་སྤུངས་གཏོར་དུ་བཅའ། ཡེ་ཤེས་རོལ་པའི་གཏོར་མ་གཏུབ་གཏོར་དུ་བཅའ། ཐུགས་རྗེ་བྱིན་རླབས་ཀྱི་གཏོར་མ་སྐྱུ་ཏ༽ རུ་གཏོར་དུ་བཅའ། འཕྲིན་ལས་རྣམ་བཞིའི་གཏོར་མ་ཞི་རྒྱས་དབང་དྲག་དང་སྦྱར་རོ། །བཏང་ཐབས་ནི། དམ་ཅན་གནས་ཀྱི་གཏོར་མ་བསྐུལ། བཀའ་ཉན་ལས་ཀྱི་གཏོར་མ་བཏང༌། རྣལ་འབྱོར་བཀྲ་ཤིས་ཀྱི་གཏོར་མ་མཆོད་དེ། ཕྱི་ལྟར་ཕྱི་སྐྱོངས་བརྟན་མ་བཅུ་གཉིས་ཀྱི་ཕྱིའི་གནས་རིགས་བཅུ་གཉིས་གནས་ཁང་གི་ཕྱི་རུ་མཆོད། ནང་ལྟར་ནང་སྐྱོང་མཁའ་ཀློང་མ་བུ་ཡི་ནང་གི་གནས་རིགས་དགུ་གནས་ཁང་གི་ནང་དུ་མཆོད། གསང་བ་ལྟར་རྒྱལ་བ་ཞི་ཁྲོའི་ལྷ་ཚོགས་རྣམས་དཀྱིལ་འཁོར་གྱི་སྟེང་དུ་མཆོད་པའོ། །སྦྱང་བ་ནི། ཏིང་འཛིན་གྱིས་སྦྱང་བ་དང༌། རྫས་ཀྱིས་སྦྱང་བའོ། །ཤེས་པར་བྱ་བ་ནི་གསུམ་སྟེ། གཏོར་མ་འདོད་ཡོན་ལོངས་སྤྱོད་དུ་ཤེས་པར་བྱ་ལ་ལྷ་ཚོགས་མཆོད། གཏོར་མ་ལྷ་དང་གཞལ་ལས་སུ་ཤེས་པར་བྱ་ལ་སློབ་མ་ལ་དབང་བསྐུར། གཏོར་མ་དུག་དང་མཚོན་ཆ་རུ་ཤེས་པར་བྱ་ལ་ཟོར་དུ་འཕང་ངོ། །སྤར་བ་ལ་ལྔ་སྟེ། ཏིང་འཛིན་གྱིས་སྤར་བ་དང༌། ཕྱག་རྒྱའི་སྤར་བ་དང༌། སྔགས་ཀྱིས་སྤར་བ་དང༌། བཅོལ་བསྐུལ་གྱིས་སྤར་བ་དང༌། རྫས་ཀྱིས་སྤར་བའོ། །སྦ་བ་ལ་བཞི་སྟེ། བོན་ཉིད་དབྱིངས་ཀྱི་གཏོར་མ་བྱང་ཆུབ་སེམས་ཀྱི་གཏེར་དུ་སྦ། ཐུགས་རྗེ་བྱིན་བརླབ་སྤྲུལ་པའི་གཏོར་མ་བོན་ཉིད་དབྱིངས་ཀྱི་གཏེར་དུ་སྦ། ཡེ་ཤེས་རོལ་པའི་གཏོར་མ་རང་རྒྱུད་ཕུང་པོའི་གཏེར་དུ་སྦ། རང་བཞིན་རྒྱུ་ཚོགས་ཀྱི་གཏོར་མ་འབྱུང་བ་བཞིའི་གཏེར་དུ་སྦ། བསྐུལ་བ་ལ་གསུམ་སྟེ། ཐུགས་དམ་རྒྱུད་ནས་བསྐུལ་བ་དང༌། དམ་ཚིག་རྗེས་གཅོད་དུ་བསྐུལ་བ་དང༌། གནད་ལ་བོར་ཏེ་བསྐུལ་བའོ། །ལྟ་བ་ནི་འདི་ལྟར་སྣང་བ་ཐམས་ཅད་གཏོར་མ་རུ་མ་གྱུར་པ་མེད་པ་ལྟ་བའོ། །སྔགས་པ་གཏོར་མའི་ལམ་དུ་འགྲོ་བའོ། །
ཕྱག་རྒྱའི་ལམ་ལ་གསུམ་སྟེ། ཕྱག་རྒྱའི་རྒྱུ་དང༌། དགོས་པ་དང༌། ལམ་མཆོག ཕྱག་རྒྱའི་དོན་བསྟན་པའོ། །དེ་ལ་རྒྱུ་ནི། ལུས་ངག་ཡིད་གསུམ་ཕྱག་རྒྱ་ཡིས། །ཞེས་པ། ལུས་ངག་ཡིད་གསུམ་ཡིན་ཏེ། ལུས་ཀྱི་ཕྱག་རྒྱ་གར་སྟབས་ཚོམ་ཚོམ་དང༌། ཕྱག་དང་སྐོར་བའོ། །ངག་གི་འཕྲིན་ལས་བཟླས་བརྗོད་དོ། །ཡིད་ཀྱི་ཕྱག་རྒྱ་ཏིང་འཛིན་སྤྲོ་བསྡུའོ། །ཕྱག་རྒྱའི་དགོས་པ་ནི། དབྱེར་མེད་ས་ལ་བསྒྲོད་བྱའི་ཕྱིར། །ཞེས་པ། བཅུ་གཅིག་ཀུན་ཏུ་འོད་ཀྱི་ས་ལ་བགྲོད་དགོས་པའོ། །ལམ་མཆོག་ཕྱག་རྒྱའི་དོན་བསྟན་པ་ནི། བཞི་པ་ཕྱག་རྒྱའི་ལམ་མཆོག་གཅེས། །ཞེས་པ་སྟེ། དེ་ལ་དོན་ལྔ་སྟེ། ཕྱག་རྒྱའི་ངོ་བོ་དང༌། ངེས་ཚིག དབྱེ་བ། ལམ་དང༌། འབྲས་བུའོ། །དེ་ལ་ངོ་བོ་ནི། ཐུགས་ཡང་དག་པའི་ཡེ་ཤེས་སོ། །ངེས་ཚིག་ནི། འཁོར་བ་ཕྱག་ནས་དོན་ལ་རྒྱས་འདེབས་པས་ཕྱག་རྒྱའོ། །ཕྱག་རྒྱ་ལྷའི་སྐུ་དོན་མཚོན་པར་བསྟན་པའོ། །དབྱེ་བ་ལ་གཉིས་ཏེ། བོན་ཉིད་ཀྱི་ཕྱག་རྒྱ་དང༌། སྒྲུབ་པ་གཤེན་གྱི་ཕྱག་རྒྱའོ། །བོན་ཉིད་ཀྱི་ཕྱག་རྒྱ་ལ་དྲུག་སྟེ། ཡེ་ཉིད་ཀྱི་ཕྱག་རྒྱ་དང༌། ལོངས་སྤྱོད་ཕྱག་རྒྱ་དང༌། སྤྲུལ་པའི་ཕྱག་རྒྱ་དང༌། དབང་བསྒྱུར་གྱི་ཕྱག་རྒྱ་དང༌། རྒྱན་གྱི་ཕྱག་རྒྱ་དང༌། ཡབ་ཡུམ་གྱི་ཕྱག་རྒྱ་དྲུག་གོ། །དེ་ལ་ཡེ་ཉིད་ཀྱི་ཕྱག་རྒྱ་ལ་བཞི་སྟེ། མ་བཅོས་བོན་གྱི་ཕྱག་རྒྱ་དང༌། ཐུགས་མཉམ་ཉིད་ཀྱི་ཕྱག་རྒྱ་དང༌། གསུང་དབྱངས་རང་བཞིན་མེད་པའི་ཕྱག་རྒྱ་དང༌། སྐུ་འགྱུར་བ་མེད་པའི་ཕྱག་རྒྱ་དང་བཞིའོ། །ལོངས་སྤྱོད་རྒྱན་གྱི་ཕྱག་རྒྱ་ལ་ལྔ་སྟེ། སྐུ་ལོངས་སྤྱོད་རྫོགས་པའི་ཕྱག་རྒྱ་དང༌། གསུང་ལོངས་སྤྱོད་རྫོགས་པའི་ཕྱག་རྒྱ་དང། ཐུགས་ལོངས་སྤྱོད་རྫོགས་པའི་ཕྱག་རྒྱ་དང། ཡོན་ཏན་ལོངས་སྤྱོད་རྫོགས་པའི་ཕྱག་རྒྱ་དང༌། འཕྲིན་ལས་ལོངས་སྤྱོད་རྫོགས་པའི་ཕྱག་རྒྱ་དང་ལྔའོ། །སྤྲུལ་པའི་ཕྱག་རྒྱ་ལ་དགུ་སྟེ། རིག་པ་སྤྲུལ་པའི་ཕྱག་རྒྱ་དང༌། དགེ་བ་སྤྲུལ་པའི་ཕྱག་རྒྱ་དང༌། གསུང་དབྱངས་སྤྲུལ་པའི་ཕྱག་རྒྱ་དང༌། ཆ་བྱད་སྤྲུལ་པའི་ཕྱག་རྒྱ་དང༌། བྱ་བྱེད་སྤྲུལ་པའི་ཕྱག་རྒྱ་དང༌། སྒྲ་སྐད་སྤྲུལ་པའི་ཕྱག་རྒྱ་དང༌། མཐུ་སྟོབས་སྤྲུལ་པའི་ཕྱག་རྒྱ་དང༌། སྐྱེ་བ་སྤྲུལ་པའི་ཕྱག་རྒྱ་དང༌། དཔོན་གསས་སྤྲུལ་པའི་ཕྱག་རྒྱའོ། །དབང་བསྒྱུར་གྱི་ཕྱག་རྒྱ་ལ་བཞི་སྟེ། ཞུ་ཞིང་མོས་པ་དབང་བསྒྱུར་གྱི་ཕྱག་རྒྱ་དང༌། རྒྱས་པ་དབང་བསྒྱུར་གྱི་ཕྱག་རྒྱ་དང༌། སྨིན་པ་དབང་བསྒྱུར་གྱི་ཕྱག་རྒྱ་དང༌། ཁྱབ་པ་དབང་བསྒྱུར་གྱི་ཕྱག་རྒྱ་དང་བཞིའོ། །རྒྱན་གྱི་ཕྱག་རྒྱ་ལ་ལྔ་སྟེ། ནམ་མཁའ་རྒྱན་ཀྱི་ཕྱག་རྒྱ་དང༌། འབྱུང་བ་རྒྱན་གྱི་ཕྱག་རྒྱ་དང༌། རི་རབ་རྒྱན་གྱི་ཕྱག་རྒྱ་དང༌། རྒྱ་མཚོ་རྒྱན་གྱི་ཕྱག་རྒྱ་དང༌། སེམས་ཅན་རྒྱན་གྱི་ཕྱག་རྒྱའོ། །ཡབ་ཡུམ་གྱི་ཕྱག་རྒྱ་ལ་གཉིས་ཏེ། དབྱིངས་ཉིད་ཡབ་ཡུམ་འབྲེལ་པའི་ཕྱག་རྒྱ་དང༌། སྐྱེ་འགུལ་ཡབ་ཡུམ་འབྲེལ་པའི་ཕྱག་རྒྱའོ། །བསྒྲུབ་པ་གཤེན་གྱི་ཕྱག་རྒྱ་ལ་གསུམ་སྟེ། གཤེན་རབ་སྐུའི་ཕྱག་རྒྱ་དང༌། གཤེན་རབ་གསུང་གི་ཕྱག་རྒྱ་དང༌། གཤེན་རབ་ཐུགས་ཀྱི་ཕྱག་རྒྱའོ། །དེ་ལ་སྐུའི་ཕྱག་རྒྱ་ལ་གཉིས་ཏེ། རང་བཞིན་ཆགས་ལུགས་ཀྱི་ཕྱག་རྒྱ་དང༌། བསྒྱུར་བ་ལག་གི་ཕྱག་རྒྱའོ། །བསྒྱུར་བ་ལག་གི་ཕྱག་རྒྱ་ལ་ལྔ་སྟེ། དབང་བསྒྱུར་འཁོར་ལོའི་ཕྱག་རྒྱ་དང༌། བསྐྱེད་པ་སྐུ་སྟོན་གྱི་ཕྱག་རྒྱ་དང༌། རྫུ་འཕྲུལ་ཁྲོ་གཉེར་ཀྱི་ཕྱག་རྒྱ་དང༌། དབང་དུ་ཏ༽ བསྡུད་འདུལ་བའི་ཕྱག་རྒྱ་དང༌། སྦྲོན་འདྲེན་དགོས་དམིགས་ཀྱི་ཕྱག་རྒྱའོ། །ཡང་རྒྱལ་བ་ལྷ་ལྔའི་ཕྱག་རྒྱ་ལག་གི་བསྒྱུར་བ་ལ་ལྔ་སྟེ། ཞི་རྒྱས་མཉམ་པའི་ཕྱག་རྒྱ། མངོན་སྤྱོད་སྐྱོབས་པའི་ཕྱག་རྒྱ། དབང་དྲག་བསྡུད་པའི་ཕྱག་རྒྱ། བདལ་དྲག་བསྒྱུར་བའི་ཕྱག་རྒྱ། གནམ་དྲག་རྫུ་འཕྲུལ་གྱི་ཕྱག་རྒྱ་དང་ལྔའོ། །གཤེན་རབ་གསུང་གི་ཕྱག་རྒྱ་ལ་ལྔ་སྟེ། ཨ་ལས་སྤྲུལ་ཏཻ་བདུད་རྩི་རྒྱུན་མེད་ཀྱི་ཕྱག་རྒྱ་དང༌། ཨོྃའ་ལས་སྤྲུལ་ཏཻ་བདུད་རྩི་རྒྱུན་མེད་ཀྱི་ཕྱག་རྒྱ་དང༌། ཞི་བ་བདུད་རྩི་རྒྱུན་མེད་ཀྱི་ཕྱག་རྒྱ་དང༌། ཁྲོ་བོ་བདུད་རྩི་རྒྱུན་མེད་ཀྱི་ཕྱག་རྒྱ་དང༌། ཡང་སྙིང་འདུས་པ་བདུད་རྩི་རྒྱུན་མེད་ཀྱི་ཕྱག་རྒྱ་དང་ལྔའོ། །གཤེན་རབ་ཐུགས་ཀྱི་ཕྱག་རྒྱ་ལ་ཡང་བཞི་སྟེ། རྣམ་པར་མི་རྟོག་ཐུགས་ཡེ་ཤེས་ཀྱི་ཕྱག་རྒྱ་དང༌། དེ་བཞིན་ཉིད་ཐུགས་ཡེ་ཤེས་ཀྱི་ཕྱག་རྒྱ་དང༌། ཀུན་ཏུ་སྣང་ཐུགས་ཡེ་ཤེས་ཀྱི་ཕྱག་རྒྱ་དང༌། རྒྱུའི་མཆོག་ཐུགས་ཡེ་ཤེས་ཀྱི་ཕྱག་རྒྱའོ། །ཕྱག་རྒྱའི་ལས་ནི་འཆིང་ཞིང་དགྲོལ་བའོ། །འབྲས་བུ་ནི་སྐུ་ལྔ་ཡེ་ཤེས་ལྔ་སྒྲུབ་པར་བྱེད་པའོ། །སྔགས་པ་ཕྱག་རྒྱའི་ལམ་དུ་འགྲོ་བའོ། །
ཏིང་ངེ་འཛིན་གྱི་ལམ་ལ་ཡང་བཞི་སྟེ། ཏིང་འཛིན་གྱི་རྒྱུ་དང༌། བྱེད་པ་དང༌། དགོས་པ་དང༌། ལམ་མཆོག་ཏིང་འཛིན་གྱྀ་དོན་བསྟན་པའོ། །དེ་ལ་ཏིང་འཛིན་གྱི་རྒྱུ་ནི། ཐུགས་ཉིད་ཡེ་ཤེས་ཕྱག་རྒྱ་ཡིས། །ཞེས་པ། ཐུགས་ཕྱག་རྒྱ་ཡེ་ཤེས་ཀྱི་རྣམ་སྤྲུལ་ལྷ་དང་དེ་བཞིན་ཉིད་ཀྱི་འཁྲུལ་པ་ཐམས་ཅད་ཕྱག་ནས། གནས་ལུགས་ཀྱི་ངང་དུ་རྒྱས་འདེབས་པའོ། །བྱེད་པ་ནི། ལོག་པར་ལྟ་བའི་གེགས་བསལ་ནས། །ཞེས་པ། ལམ་ལ་གེགས་བྱེད་པའི་འཁྲུལ་པ་ཐམས་ཅད་སེལ་བར་བྱེད་པའོ། །དགོས་པ་ནི། ཟབ་མོའི་བོན་ཉིད་ཉམས་བླང་ཕྱིར། །ཞེས་པ། བོན་ཉིད་ཀྱི་དོན་རྒྱུད་ལ་སྐྱེ་བའི་དགོས་པའོ། །ལམ་མཆོག་ཏིང་འཛིན་གྱི་དོན་བསྟན་པ་ནི། ལྔ་པ་ཏིང་འཛིན་ལམ་མཆོག་གཅེས། །ཞེས་པ། ལམ་གོམས་པ་ལ་ཏིང་འཛིན་བསྒོམ་དགོས་པས། དེ་ལ་ཏིང་ངེ་འཛིན་ལ་དོན་ལྔ་སྟེ། གཞིའི་སྐབས་སུ་བསྟན་པ་བཞིན་ནོ། །དེ་ལྟར་ལམ་ལྔ་བསྟན་ནས། སྔགས་པ་ཏིང་ངེ་འཛིན་གྱི་ལམ་དུ་འགྲོ་བའོ། །
ད་ནི་འབྲས་བུ་བསྟན་ཏཻ། ཐ་མ་གྲུབ་པའི་འབྲས་བུ་ནི། །ཞེས་པ། མདོར་བསྟན་པ་ནི། གཞི་ལམ་འབྲས་གསུམ་གྱི་ཐ་མ་འབྲས་བུ་བཀར་ནས་བསྟོན་པའོ། །རྒྱས་པར་བཤད་པ་ལ་གསུམ་སྟེ། མཐར་ཐུག་མྱང་འདས་ཆེན་པོའི་སྐུ་ལྔ་ལྷུན་གྲུབ་ཀྱི་འབྲས་བུ་དང༌། ཡང་དག་ལྷུན་རྫོགས་བོན་ཉིད་ཀྱི་འབྲས་བུ་དང༌། མྱ་ངན་ལས་འདས་པ་ལམ་གྱི་འབྲས་བུ་རིག་འཛིན་དང་གསུམ་མོ། །དེ་ལ་མྱ་ངན་འདས་པ་ཆེན་པོ་ནི། སྐུ་ལྔ་ལྷུན་གྲུབ་འབྲས་བུ་དང༌། །ཞེས་པ། དམིགས་མེད་བོན་གྱི་སྐུ་དང༌། ལོངས་སྤྱོད་རྫོགས་པའི་སྐུ་དང༌། ཅིར་ཡང་སྤྲུལ་པའི་སྐུ་དང༌། མངོན་པར་བྱང་ཆུབ་པའི་སྐུ་དང༌། ངོ་བོ་ཉིད་ཀྱི་སྐུ་དང་ལྔ་སྟེ། དེ་ནི་མདོར་བསྟན་པའམ། སྒྱུ་འཕྲུལ་སྤྱིའི་ལུང་ལྟར་རོ། །ཡང་དག་ལྷུན་རྫོགས་འབྲས་བུ་དང༌། །ཞེས་པ། བོན་ཉིད་སྟོང་ཞིང་བདག་མེད་པའོ། །མྱ་ངན་ལ་འདས་པ་ལམ་གྱི་འབྲས་བུ་ནི། རིག་འཛིན་གྲུབ་པའི་འབྲས་བུའོ། །ཞེས་པ། རིག་འཛིན་ལ་དོན་དགུའི་སྟོན་ཏེ། དབང་གི་ལམ་ནས་ཞིབ་བོ། །དེ་ལྟར་གཞི་ལམ་འབྲས་བུ་བསྟན་པའོ། །
ད་ནི་རྒྱུད་ལུང་མན་ངག་གསུམ་བསྟན་པ་ལ། དང་པོ་རྒྱུད་ལ་བརྒྱད་དཻ། རྒྱུད་ཀྱི་ངོ་བོ་དང༌། ལྡང་ཚད་དང༌། ཆེ་བ་དང༌། དབྱེ་བ། བཤད་ལུགས། བྱེད་པ། མཐུན་པའི་དཔེ། དགོས་པ་བསྟན་པའོ། །དེ་ལ་ངོ་བོ་ནི། རྒྱུད་ནི་སྙན་ཁུངས་བརྒྱུད་པ་དང༌། །ཞེས་པ། བདེ་བར་གཤེགས་པའི་སྙན་ཁུངས་བརྒྱུད་པའི་ཕྱིར་ན་རྒྱུད་ཅེས་བྱའོ། །རྒྱུད་ཀྱི་ལྟང་ཚད་ནི། མང་ཚང་འབྲེལ་འཁྲུགས་དོན་རྣམས་ཚང༌། །ཕུན་སུམ་ཚོགས་ཕྱིར་རྒྱུད་ཅེས་བྱ། །ཞེས་པ། རྒྱུད་དེ་མང་བ་བྱེ་མའི་ལ་ལྟ་བུ། དཔེ་ཚང་པ་འཇིག་རྟེན་གྱི་གཏོས་ལྟ་བུ། འབྲེལ་པ་བ་ཐག་གཟིང་པ་ལྟ་བུ། ཤེས་བྱ་ཐམས་ཅད་ཁ་གཏིང་འཁྲུག་པར་སྟོན་ཞིང་གསལ་བ་ཉི་མའི་དཀྱིལ་འཁོར་ལྟ་བུ། དོན་ཚང་པ་རིན་པོ་ཆེའི་བང་བ་ལྟ་བུ། གཞུང་ཕུན་སུམ་ཚོགས་པར་སྟོན་པར་རྒྱུད་ཅེས་བྱ་སྟེ། ལུང་མན་ངག་གཉིས་ལས་ལྡང་ཚད་ཀྱི་ཁྱད་པར་འཕགས་པའོ། །རྒྱུད་ཀྱི་ཆེ་བ་བསྟན་པ་ནི། རྒྱུད་འདི་རྒྱུད་ཀྱི་རྒྱལ་པོ་སྟེ། །ཞེས་པས། རྒྱུད་གཞན་ནི་རྒྱལ་ཕྲན་དང་འདྲ། འདི་ནི་སྟོང་གསུམ་འཁོར་ལོ་བསྒྱུར་བའི་རྒྱལ་པོ་ལྟ་བུའོ། །རྒྱུད་ཀྱི་དབྱེ་བ་ལ་གསུམ་སྟེ། ཕྱི་རྒྱུད་དང༌། ནང་རྒྱུད། གསང་རྒྱུད་དོ། །རྒྱུད་ཀྱི་བཤད་ལུགས་ནི། སྤྱིར་རྒྱུད་ཐམས་ཅད་ཕུན་སུམ་ཚོགས་པར་བཤད། ཁྱད་པར་དུ་ཕྱི་རྒྱུད་དྲྭ་བའི་མིག་ལྟར་འབྲེལ་བར་བཤད། ནང་རྒྱུད་རིན་པོ་ཆེའི་འཕྲེང་བ་ལྟར་མ་ཆད་པར་བཤད། གསང་རྒྱུད་རྒྱ་མཚོའི་ཀླུང་ལྟར་ཡངས་པར་བཤད་དོ། །བྱེད་པ་ནི་དོན་རྒྱ་ཆེ་བར་སྟོན་པར་བྱེད་དོ། །མཐུན་པའི་དཔེ་རྒྱུད་མ་ཆད་པ་གསེར་གྱི་འཕྲེང་བ་ལྟ་བུ་དང༌། གང་ཡང་འབྱུང་བ་རྒྱལ་པོའི་དཀོར་མཛཽད་ལྟ་བུའོ། །དགོས་པ་ནི་བློ་རབ་གྲོལ་བའི་དགོས་པ་ཡོད་དོ། །
ལུང་ལ་བདུན་ཏཻ། ལུང་གི་ངོ་བོ་དང༌། དབྱེ་བ་དང༌། ལུང་གི་ཆེ་བ་དང༌། བཤད་ལུགས་དང༌། བྱེད་པ་དང༌། མཐུན་པའི་དཔེ་དང༌། དགོས་པའོ། །དེ་ལས་ངོ་བོ་ནི། ལུང་ནི་ཞལ་ནས་གསུང་ཕྱིར་ལུང༌། །ཞེས་པ། སངས་རྒྱས་ཀྱི་ཞལ་ནས་གསུང་ཕྱིར་ལུང་ངོ༌། །དབྱེ་བ་ནི། དྲང་དོན་ངེས་དོན་རྒྱུད་པའི་ལུང༌། །ཞེས་པ། དྲང་དོན་གྱི་ལུང་དང༌། ངེས་དོན་གྱི་ལུང་གཉིས་ཏེ། དྲང་དོན་ནི་ཀུན་རྫོབ་དྲང་ཐབས་སུ་གསུངས་པའོ། །ངེས་དོན་ནི་དོན་དམ་དུ་གསུངས་པ་རྣམས་སོ། །ཆེ་བ་ནི། ལུང་འདི་ལུང་གི་བླ་མ་སྟེ། །ཞེས་པ། ལུང་གཞན་ནི་འགྲོ་བ་མི་ལྟ་བུའོ། །རྒྱུད་ཀྱི་ནང་དུ་བསྟན་པའི་ལུང་འདི་ནི། སྐྱབས་མགོན་བླ་མ་ལྟ་བུའོ། །བཤད་ལུགས་ནི། བརྒྱུད་པ་ལུང་གི་རྒྱལ་པོར་བཤད། །ཅེས་པ། ལུང་ནི་རྒྱུད་པར་ཁུངས་ཀྱི་འཆད་པའོ། །བྱེད་པ་ནི། ཐེ་ཚོམ་བསལ་ནས་ངེས་ཤེས་འདྲེན་པའོ། །མཐུན་པའི་དཔེ་ནི་འདམ་གྱི་ཕུར་པ་ལྟ་བུ་གར་དྲང་དྲང་དུ་བཏུབ་པའོ། དགོས་པ་ནི་བློ་འབྲིང་གྲོལ་བའི་དགོས་པའོ། །
མན་ངག་ལ་བརྒྱད་དེ། མན་ངག་གི་ངོ་བོ་དང༌། མཛད་ལུགས་ཀྱི་དབྱེ་བ་དང༌། ཡོན་ཏན་དང༌། མན་ངག་གི་ཆེ་བ་དང༌། བཤད་ལུགས་དང༌། བྱེད་པ་དང༌། མཐུན་པའི་དཔེ་དང༌། དགོས་པའོ། །དེ་ལ་མན་ངག་གི་ངོ་བོ་ནི། གདམ་ཙ༽ མན་ངག་ཐུགས་ལ་གདམ་པ་སྟེ། །ཞེས་པས། ཐུགས་ཀྱི་ཉིང་ཁུ་བསྟན་པའོ། །མཛད་ལུགས་ནི། སྙན་ཁུངས་བརྒྱུད་དང་ས་ཐོབ་དང༌། །ཞེས་པ། སྙན་ཁུངས་བརྒྱུད་པའི་མན་ངག་དང༌། ས་ཐོབ་པས་གསུངས་པའི་མན་ངག་དང༌། རིག་པའི་གནས་ལྔ་ལ་དབང་ཐོབ་པས་གསུང་པའི་མན་ངག་དང༌། ལྷའི་ཞལ་མཐོང་ནས་གསུངས་པའོ། །ཡོན་ཏན་ནི། གོ་སླ་ཚིག་ཆུང་དོན་དཔག་མེད། །ཅེས་པ། གོ་སླ་སྟེ་དོན་གྱི་རྣམ་པར་གསལ་བ། ཚིག་ཆུང་སྟེ་ཉུང་ལ་འདུས་པ། དོན་དཔག་ཏུ་མེད་དེ་གནས་ལུགས་སྟོན་པའོ། །མན་ངག་གི་ཆེ་བ་ནི། དེ་ཕྱིར་མན་ངག་ཡང་སྙིང་སྟེ། །ཞེས་པ། མན་ངག་གཞན་ནི་རྩི་ཐོག་གི་སྙིང་པོ་མར་ལྟ་བུའོ། །རྒྱུད་ཀྱི་ནང་དུ་བསྟན་པའི་མན་ངག་འདི་ནི། མར་ཀྱི་ཡང་ཞུན་ལྟ་བུའོ། །བཤད་ལུགས་ནི། ཇི་ལྟར་རྣམ་པ་མཁྱེན་པས་གསུངས། །ཞེས་པ། རྩིས་མགོའི་འཆད་པའོ། །བྱེད་པ་ནི་དོན་མི་བསླུ་བར་བྱེད་པའོ། །མཐུན་པའི་དཔེ་ནི་མ་མཛངས་མའི་ངག་བུ་ལ་བསྟན་པ་ལྟ་བུའོ། །དགོས་པ་ནི་བློ་ཐ་མ་གྲོལ་བའི་དགོས་པའོ། །
རྒྱུད་དང་ལུང་དང་མན་ངག་གསུམ། །གཅིག་ལ་གཅིག་བརྟེན་གཅིག་གི་ངང༌། །ཞེས་པ། སེམས་ཅན་གྱི་གདུལ་བྱའི་བློ་ངོར་རྒྱུད་ལུང་མན་ངག་གསུམ་དུ་ཕྱེ་བ་ཟད་ཀྱིས། དོན་དུ་གཅིག་གི་ངང་དུ་གསུམ་ཀ་སྟོན་པ་ལ་བྱའོ། །
ད་ནི་དཔེ་དོན་རྟགས་གསུམ་སྟོན་ཏེ། དེ་ལ་དང་པོ་དཔེ་བསྟན་པ་ནི། དཔེ་ནི་འདི་ལྟར་སྣང་བ་ཡི། །འཇིག་རྟེན་མཐུན་པའི་དཔེ་ལས་བཙལ། །ཞེས་པ། དེ་ལ་གསུམ་སྟེ། ཏི་ངེ་འཛིན་གྱི་དཔེ་དང༌། བསྐྱེད་རྫོགས་ཀྱི་དཔེ་དང༌། མི་རྟག་པའི་དཔེའོ། །དེ་ལ་ཏིང་ངེ་འཛིན་གྱི་དཔེ་གསུམ་སྟེ། དེ་བཞིན་ཉིད་ཀྱི་ཏིང་འཛིན་གྱི་དཔེ་ནམ་མཁའ་དང་འདྲ། ཀུན་ཏུ་སྣང་གི་ཏིང་ངེ་འཛིན་གྱི་དཔེ་སྙིང་རྗེའི་ཉམ་ཐག་གི་ནད་པ་དང་འདྲ། རྒྱུའི་ཏིང་ངེ་འཛིན་གྱི་དཔེ་ཕྱི་ནང་སྣོད་བཅུད་དང་འདྲ། དེ་ལ་ནམ་མཁའ་འདྲ་བ་ནི་འདུས་མ་བྱས་ཀྱི་ནམ་མཁའ་ནི། རྒྱ་གར་ཡང་མ་ཆད། ཕྱོགས་གར་ཡང་མ་ལྷུང༌། ངོ་བོར་གར་ཡང་མ་གྲུབ། སྤྲོས་པའི་མཚན་མ་དང་བྲལ་བ་ལྟར། དེ་བཞིན་ཉིད་ཀྱང་རྒྱ་མ་ཆད་ཕྱོགས་ལྷུང་མཻད་དེ། སྤྲོས་པ་དང་བྲལ་བ་ལ་བྱའོ། །ཀུནཏུ་སྣང་སྙིང་རྗེའི་ཉམ་ཐག་གི་ནད་པ་འདྲ་བ་ནི། བཤེས་མེད་པའི་ཉམ་ཐག་གི་ནད་པ་དེ་ལ་སྙིང་རྗེ་རང་ཤུགས་ལ་སྐྱེད་བ་ལྟར། ཀུན་ཏུ་སྣང་ཡང་འགྲོ་དྲུག་གི་སེམས་ཅན་དུཿཁ་དུ་མ་སྣང་ལ་སྙིང་རྗེ་རང་ཤུགས་ལ་སྐྱེ་བ་ལ་བྱའོ། །རྒྱུའི་ཏིང་ངེ་འཛིན་ཕྱི་ནང་སྣོད་བཅུད་དང་འདྲ་བ་ནི། སྣོད་ཀྱི་འཇིག་རྟེན་འབྱུང་བ་རིམ་བརྩིགས་གཞལ་ཡས་ཁང་གི་དཔེ། བཅུད་ཀྱི་སེམས་ཅན་ཤེས་རྒྱུད་ཀྱིས་བསྡུས་པའི་ལྷ་དང་ལྷ་མོའི་དཔེ། བསྐྱེད་རྫོགས་ཀྱི་དཔེ་ནི། བསྐྱེད་པ་རྫོགས་པ་རྫོགས་པ་ཆེན་པོ་གསུམ་སྟེ། བསྐྱེད་པའི་དཔེ་ས་ལ་རི་མོ་བྲི་བ་དང་འདྲ། རྫོགས་པའི་དཔེ་རི་མོ་བསྐྱེད་པ་དང༌། རྫོགས་པ་ཆེན་པོའྀ་དཔེ་ནི་དེ་གང་ལ་ཡང་མི་གནས་པའོ། །མི་རྟག་པའི་དཔེ་ནི་སྤྲིན་ལྟ་བུའོ། །
དོན་ནི་བོན་ཉིད་དབྱིངས་སུ་བསྟན། །ཞེས་པ། དཔེ་དེ་རྣམས་ཐམས་ཅད་ཀྱང་དོན་བོན་ཉིད་ཀྱི་དབྱིངས་སྟོང་པ་ཉིད་ལས་མ་གཡོས་པའོ། གཞི་མཐུན་པ་ལ་དམ་དུ་བཅའ། །ཞེས་པ། གཞི་སྟོང་ཉིད་ཀྱི་ངང་ལ་མ་འདས་པའོ། །
རྟགས་ནི་རང་གི་སེམས་ལ་བསྡུ། །ཞེས་པ། དཔེ་འདི་ལྟར་སྣང་ཡང་འཇིག་རྟེན་གྱི་རྟགས། སེམས་ལ་དྲན་པ་སྣ་ཚོགས་སུ་འཆར། དོན་བོན་ཉིད་ཀྱི་རྟགས་སེམས་ངོས་བཟུང་དང་བྲལ། དེ་ལས་སྐྱེ་བ་མེད་དེ་སྟོང་པ་ལ་སྟོང་པ་སྐྱེ་མ་མྱོང༌། འགྱུར་བ་མེད་དེ་སྟོང་པའི་དངོས་པོར་མི་འགྱུར། དབྱིངས་སུ་གྲོལ་ཏེ་སྟོང་པ་ཉིད་སྟོང་པ་ཉིད་དོ། །
ད་ནི་ཕྱི་ནང་གསང་བ་གསུམ་བསྟན་པ་གཉིས་ཏེ། ཕྱི་ནང་གསང་བ་གསུམ་གྱི་ཁྱད་པར་བསྟན་པ་དང༌། ཕྱི་ནང་གསང་བ་གསུམ་བྱེ་བྲག་ཏུ་བཤད་པའོ། །ཕྱི་ནང་གསང་བ་གསུམ་གྱི་ཁྱད་པར་ལ་གཉིས་ཏཻ། སྔགས་ཕྱི་ནང་གསང་བ་གསུམ་གྱི་ཁྱད་པར་དང༌། ཤེས་བྱ་ཕྱི་ནང་གསང་བ་གསུམ་གྱི་ཁྱད་པར་རོ། །དེ་ལས་སྔགས་ཕྱི་ནང་གསང་བ་གསུམ་གྱི་ཁྱད་པར་ནི། དམ་རྫས་བདུད་རྩི་ལྔ་ལ་མི་བརྟེན་པར་སངས་རྒྱས་ཀྱི་ལམ་བསྒྲུབ་པ་རྣམས་སྔགས་ཕྱིའོ། །དམ་རྫས་བདུད་རྩི་ལྔ་ལ་བརྟེན་ནས་སངས་རྒྱས་ཀྱི་ལམ་བསྒྲུབ་པ་རྣམས་ནི་སྔགས་ནང་ངོ། །ལྟ་བ་ཁམས་ཆེ་བའི་ནང་ནས་སྤྱོད་པ་རླབས་ཆེ་སྦྱོར་དང་སྒྲོལ་བ་མངོན་དུ་གྱུར་པ་རྣམས་ནི་སྔགས་གསང་བའོ། །ཤེས་བྱ་ཕྱི་ནང་གསང་བ་གསུམ་གྱི་ཁྱད་པར་ལ་ནི། ཕྱི་ནི་རང་གི་ཕུང་པོ་ལས་གཞན་པའི་སྣང་བ་རྣམས་སོ། །ནང་ནི་ཕྱི་ལས་གཞན་པ་རང་གི་ཕུང་པོའོ། །གསང་བ་ནི་དེ་ཉིད་ལས་གཞན་པའི་སེམས་ཉིད་དོ། །
ད་ནི་ཕྱི་ནང་གསང་བ་གསུམ་བྱེ་བྲག་ཏུ་བཤད་ནས། ཕྱི་ནི་སྣང་བ་མ་འགག་པ། །ཞེས་པ་ལ་ལྔ་སྟེ། སྣང་བའི་རྒྱུ་དང༌། ངོ་བོ་དང༌། ངེས་ཚིག་དང༌། དབྱེ་བ་དང༌། སྣང་བ་གཏན་ལ་ཕབ་པའི་དགོས་པའོ། །དེ་ལས་སྣང་བའི་རྒྱུ་ནི་འཁྲུལ་པའོ། །ངོ་བོ་ནི་རིགས་དྲུག ངེས་ཚིག་ནི་དབང་པོའི་སྤྱོད་ཡུལ་ན་སྣང་བའི་ཕྱིར་ན་སྣང་ཞེས་བྱའོ། །སྣང་བའི་དབྱེ་བ་ལ་གསུམ་སྟེ། ཁམས་གསུམ་སེམས་ཅན་གྱི་འཁྲུལ་སྣང༌། གཡུང་དྲུང་སེམས་དཔའི་རྟོགས་སྣང༌། གནས་ལུགས་ཀྱི་རང་སྣང་ངོ། །ཡང་རྣམ་གཅིག་ཏུ་དབང་པོའི་ལྟར་སྣང་དང༌། རྗེས་དཔག་གི་བློ་སྣང་ངོ། །སྣང་བ་གཏན་ལ་ཕབས་པའི་དགོས་པ་ནི། སྣང་བ་ལ་བརྟེན་ནས་སྣང་མེད་ཀྱི་གནས་ལུགས་རྟོགས་པའི་དགོས་པ་ཡོད་དོ། །
ནང་ནི་ཕུང་པོ་ལྷ་རུ་གྲུབ། །ཅེས་པ། དེ་ལ་དྲུག་སྟེ། ཕུང་པོའི་རྒྱུ་དང༌། ཕུང་པོའི་རྐྱེན་དང༌། ཕུང་པོའི་ངོ་བོ་དང༌། ངེས་ཚིག་དང༌། དབྱེ་བ་དང༌། ཕུང་པོ་གཏན་ལ་ཕབས་པའི་དགོས་པའོ། །དེ་ལ་ཕུང་པོའི་རྒྱུ་ནི་དུག་ལྔ། རྐྱེན་ནི་ལས་དགེ་སྡིག་ལུང་མ་བསྟན་གསུམ། ཕུང་པོའི་ངོ་བོ་ནི་རྒྱུ་ལྔ་ལ་འདུས་པ། ངེས་ཚིག་ནི་གཅིག་ལ་གཅིག་ཕུང་བའི་ཕུང་པོའོ། །དབྱེ་བ་ལ་གཉིས་ཏེ། ཁམས་གསུམ་སྐྱོན་གྱི་ཕུང་པོ་དང༌། དུས་གསུམ་སངས་རྒྱས་ཡོན་ཏན་གྱིས་ཕུང་པོའོ། །དེ་ལས་སྐྱོན་གྱི་ཕུང་པོ་ལ་གཉིས་ཏེ། རྒྱུ་བཞི་གཟུགས་ཀྱི་ཕུང་པོ་དང༌། མིང་བཞི་སེམས་ཀྱི་ཕུང་པོའོ། །དེ་ལས་རྒྱུ་བཞི་གཟུགས་ཀྱི་ཕུང་པོ་ནི། རྒྱུ་འབྱུང་བ་ཆེན་པོ་བཞི། དེ་ནི་བཞི་བསྡུས་ཀྱི་ཕུང་པོའོ། །ཡང་ན་རྒྱུའི་གཟུགས་བཞི། འབྲས་བུའི་གཟུགས་བཅུ། རྣམ་པར་རིག་བྱེད་མ་ཡིན་པའི་གཟུགས་སོ། །མིང་བཞི་སེམས་ཀྱི་ཕུང་པོ་བཞི་སྟེ། ཚོར་བའི་ཕུང་པོ་དང༌། འདུ་ཤེས་ཀྱི་ཕུང་པོ་དང༌། འདུ་བྱེད་ཀྱི་ཕུང་པོ་དང༌། རྣམ་པ་ཤེས་པའི་ཕུང་པོའོ། །དེ་ལ་ཚོར་བའི་ཕུང་པོ་ལ་གསུམ་སྟེ། ཚོར་བ་བདེ་བ་དང༌། སྡུག་བསྔལ་དང༌། བཏང་སྙོམས་སོ། །འདུ་ཤེས་ལ་གསུམ་སྟེ། རྒྱ་ཆེ་བའི་འདུ་ཤེས་དང༌། རྒྱ་ཆུང་བའི་འདུ་ཤེས་དང༌། ཚད་དཔག་ཏུ་མེད་པའི་འདུ་ཤེས་སོ། །འདུ་བྱེད་ཀྱི་ཕུང་པོ་ལ་ལྔ་བཅུ་རྩ་གཅིག་སྟེ། དྲུག་རྩ་བའི་ཉོན་མོངས་པ་དང༌། ཉི་ཤུ་ཉེ་བའི་ཉོན་མོངས་པ་དང༌། བཞི་གཞན་དུ་འགྱུར་བའོ། །ལྔ་ཀུན་ཏུ་འགྲོ་བ་དང༌། ལྔ་ཡུལ་སོ་སོར་ངེས་པ་དང༌། བཅུ་གཅིག་དགེ་བ་དང༌། རྣམ་པར་ཤེས་པའི་ཕུང་པོ་ལ་བརྒྱད་དེ། རྣམ་པར་ཤེས་པའི་ཚོགས་བརྒྱད་དོ། །ཕུང་པོ་དེ་རྣམས་ཀྱང་མ་རྟོགས་པའི་དུས་ན་འཁོར་བའི་ཉིང་མཚམས་སྦྱོར་ཞིང་འཁྲུལ་པའི་ཚོགས་བསྐྱེད་པའོ། །རྟོགས་ཤིང་གྲུབ་པ་ཐོབ་པའི་དུས་ན་ལྷ་དང་ལྷ་མོའི་རང་བཞིན་ནོ། །དུས་གསུམ་སངས་རྒྱས་ཡོན་ཏན་གྱི་ཕུང་པོ་ནི་བོན་གྱི་སྐུ་ལ་སྤྲོས་བྲལ་རྣམ་པར་མི་རྟོག་པའི་ཡོན་ཏན་དང༌། ལོངས་སྤྱོད་རྫོགས་པའི་སྐུ་ལ་མཚན་དང་དཔེ་བྱད་ཀྱི་ཡོན་ཏན་དང༌། སྤྲུལ་པའི་སྐུ་ལ་སྤྲུལ་པ་བྱེ་བ་ཕྲག་བརྒྱའི་ཡོན་ཏན་ནོ། །ཕུང་པོ་གཏན་ལ་ཕབ་པའི་དགོས་པ་ནི། སྐྱོན་གྱི་ཕུང་པོ་ཡོན་ཏན་གྱི་ཕུང་པོར་གྲོལ་བའི་དགོས་པ་ཡོད་དེ། ནང་ཕུང་པོ་ལྷ་རུ་གྲུབ་པའོ། །
གསང་བ་བྱང་ཆུབ་སེམས་སུ་དག །ཅེས་པ། དེ་ལ་བཞི་སྟེ། སེམས་ཀྱི་ངོ་བོ་དང༌། ངེས་ཚིག་དང༌། དབྱེ་བ་དང༌། སེམས་ཉིད་གཏན་ལ་ཕབ་པའི་དགོས་པའོ། །སེམས་ཀྱི་ངོ་བོ་ནི། ཅིར་ཡང་མ་ཡིན་བ་ལ་ཅིར་ཡང་སྣང་བ། ཟད་མེད་འཕེལ་བ་མེད་ཅིང་ཀུན་ཏུ་ཁྱབ་པའོ། །ངེས་ཚིག་ནི། དགེ་སྡིག་གི་དོན་སེམས་པའི་ཕྱིར་ནས་སེམས་སོ། །དབྱེ་བ་ནི་གཙོ་བོ་བྱང་ཆུབ་ཀྱི་སེམས་ཅི་ཡང་མ་ཡིན་པ་འཁོར་རྣམ་པར་ཤེས་པ་ཚོགས་བརྒྱད་ཅིར་ཡང་སྣང་བའོ། །སེམས་གཏན་ལ་ཕེབས་པའི་དགོས་པ་ནི། འཁྲུལ་པ་བྱུང་ཚོར་ཐམས་ཅད་ཅི་ཡང་མ་མིན་པར་གྲོལ་བའི་དགོས་པ་ཡོད་དོ། །
ད་ནི་བསྐྱེད་པ་རྫོགས་པ་རྫོགས་པ་ཆེན་པོ་གསུམ་བསྟན་ཏེ། དེ་ལ་དང་པོ། བསྐྱེད་པའི་རིམ་པ་བསྟན་པ་ཡང༌། །ཞེས་པ། མདོར་བསྟན་པ་ནི། མི་སྣང་བ་ལས་སྣང་བར་བསྐྱེད་པས་བསྐྱེད་པ། འོད་ཀྱི་རིམ་པ་ལས་ཡིག་འབྲུའི་རིམ་པར་བསྐྱེད། ཡིག་འབྲུ་ལས་ལྷའི་རིམ་པར་བསྐྱེད། ལྷ་ལས་རྒྱན་དང་ཆ་ལུགས་ཀྱི་རིམ་པར་བསྐྱེད་པས་བསྐྱེད་རིམ། བསྟན་པ་ཞེས་པ་གསལ་བ། ཡང་ཞེས་པ་ཟླཽས་པའི་ཚིག་སྟེ། དམིགས་འགྱུར་གྱིན་སྟོན་པའོ། །ཕྱི་དང་ནང་དང་གསང་བ་གསུམ། །ཞེས་པ། གསལ་བ་མིང་གི་མདོར་བསྟན་པའོ། །ཕྱི་ལྟར་བསྐྱེད་པ་གསུམ་ཡིན་ཏེ། །ཞེས་པ། ཕྱི་ལྟར་བསྐྱེད་པའི་མདོར་བསྟན་ནོ། །
དད་པ་ཅན་གྱི་ཚོགས་བསྐྱེད་དང༌། །ཞེས་པ། རྟེན་གང་གིས་བསྐྱེད་ན་དད་པ་ཅན་གྱིས་བསྐྱེད། དོན་གང་བསྐྱེད་ན་ཚོགས་བསྐྱེད་པའོ། །དེ་ལ་ཚོགས་བསྐྱེད་པ་ལ་བརྒྱད་དེ། ཚོགས་བསྐྱེད་པའི་རྒྱུ་དང༌། རྐྱེན་དང༌། ངོ་བོ་དང༌། དབྱེ་བ་དང༌། ཚོགས་བསགས་པའི་ཡུལ་དང༌། རྟེན་གང་ལ་བསགས་པ་དང༌། ཚུལ་གང་ལ་བསགས་པ་དང༌། བསགས་པའི་འབྲས་བུའོ། །དེ་ལ་ཚོགས་བསགས་པའི་རྒྱུ་བཞི་སྟེ། ལུས་ཀྱི་སྒོ་ནས་ཚོགས་བསྐྱེད་པ་དང༌། ངག་གི་སྒོ་ནས་བསྐྱེད་པ་དང༌། ཡིད་ཀྱི་སྒོ་ནས་བསྐྱེད་པ་དང༌། ཡོ་བྱད་འབྱོར་པའི་སྒོ་ནས་བསྐྱེད་པའོ། །རྐྱེན་ནི་བྱ་བྱེད་མ་འགག་པའི་རྩོལ་བའོ། །ངོ་བོ་ནྀ་བསམ་པ་དག་པའི་ཡོ་བྱད་དོ། །དབྱེ་བ་ནི་རྒྱུ་བསོད་ནམས་ཀྱི་ཚོགས་ལུས་ངག་ཡིད་གསུམ་ཡོ་བྱད་དང༌། འབྲས་བུ་ཡེ་ཤེས་ཀྱི་ཚོགས་ཏིང་ངེ་འཛིན་རྣམ་པར་མི་རྟོག་པའོ། །ཚོགས་བསགས་པའི་ཡུལ་ནི། ཞི་ཁྲོ་ཕུར་པའི་ལྷ་ཚོགས་དང༌། ཚོགས་བདག་དཔོན་གསས་བླ་མ་དང༌། རིགས་དྲུུག་སྙིང་རྗེ་བུ་གཉེན་ལ་བསག་གོ། །རྟེན་ནི་ཀུན་གཞི་ལ་བསགས། ཚུལ་ནི་བག་ཆགས་ཀྱི་ཚུལ་དུ་བསགས་སོ། །བསགས་པའི་འབྲས་བུ་ནི། སྒྲིབ་གཉིས་བྱང་ནས་སངས་རྒྱས་ཀྱི་འབྲས་བུ་ཐོབ་པའོ། །
བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དང༌། །ཞེས་པ། སེམས་བསྐྱེད་ལ་དྲུག་སྟེ། སྐྱེ་བའི་རྒྱུ་དང༌། སྨིན་པའི་རྐྱེན་དང༌། ངོ་བོ་དང༌། དབྱེ་བ་དང༌། ཡོན་ཏན་དང༌། འབྲས་བུའོ། །དེ་ལ་རྒྱུ་ནི་ཀུན་གཞི་ལ་དགེ་བ་གཞན་དོན་གྱི་ས་བོན་ཡོད་པའོ། །རྐྱེན་ནི་སེམས་ཅན་གྱི་སྡུག་བསྔལ་ལོ། །ངོ་བོ་ནི་བྱམས་པ་དང་སྙིང་རྗེའོ། །དགེ་བ་ནི་སྨོན་པ་བསགས་པའི་བོན་དང༌། འཇུག་པ་ལག་ལེན་གྱི་བོན་གཉིས་སོ། །ཡོན་ཏན་ནི་གཞན་དོན་ཕུན་སུམ་ཚོགས་པ་དང༌། དམྱལ་བའི་སྐྱེ་གནས་ཁེགས་པའོ། །འབྲས་བུ་ནི། གཟུགས་སྐུ་གཉིས་ཐོབ་པའོ། །
མཁན་སློབ་སྲས་དང་སློབ་མར་བསྐྱེད། །ཅེས་པ། མཁན་པོ་ཞེས་པ་རྒྱུད་གྲོལ་མཁན། རྩ་བའི་བླ་མ་ལ་གཏན་གྱི་སྐྱབས་གནས་ཀྱི་འདུ་ཤེས་བསྐྱེད། སློབ་དཔོན་ཞེས་པ། འདྲེན་པའི་སློབ་དཔོན་ལ་བདེ་གནས་ཁང་པའི་འདུ་ཤེས་བསྐྱེད། སྲས་ཞེས་པ་མཆེད་ལྕམ་དམ་ཚིག་གཅིག་པ་ལ་སྲས་བུའི་འདུ་ཤེས་བསྐྱེད། སློབ་མར་ཞེས་པ་མཚན་དང་ལྡན་པའི་སློབ་བུ་ལ། བསྟན་པ་རྒྱས་འདེབས་ཀྱི་འདུ་ཤེས་བསྐྱེད་དོ། །
ནང་ལྟར་བསྐྱེད་པ་ལ་ཡང་གསུམ། །ཞེས་པ། ནང་ལྟར་བསྐྱེད་པའི་མདོར་བསྟན་པའོ། །ཕྱི་ནི་སྣོད་ཀྱི་འཇིག་རྟེན་འདི། །གཞལ་ཡས་ཁང་དུ་བསྐྱེད་པ་དང༌། །ཞེས་པ་ལ་གསུམ་སྟེ། ནམ་མཁས་ཁྱབ་ཚད་ཀྱི་སྣོད་ཐམས་ཅད་གཞལ་ཡས་ཁང་དུ་བསྐྱེད་པ་དང༌། སྟོང་གསུམ་འཇིན་རྟེན་གཞལ་ཡས་ཁང་དུ་བསྐྱེད་པའོ། །ཚངས་རྒྱུང་གི་འཇིག་རྟེན་གཞལ་ཡས་ཁང་དུ་བསྐྱེད་པའོ། །
ནང་ནི་བཅུད་ཀྱི་སེམས་ཅན་རྣམས། །ལྷ་དང་ལྷ་མོར་བསྐྱེད་པ་དང༌། །ཞེས་པ་ལ་ཡང་གསུམ། ནམ་མཁའ་ཁྱབ་པའི་བཅུད་དང༌། སྟོང་གསུམ་གྱི་བཅུད་དང༌། ཚངས་རྒྱུང་འཇིག་རྟེན་ལྷ་དང་ལྷ་མོར་བསྐྱེད་པའོ། །བདག་ཉིད་དམ་ཚིག་སེམས་དཔའ་ཡི། །དཀྱིལ་འཁོར་ཉིད་དུ་བསྐྱེད་པའོ། །ཞེས་པ། ཕྱི་སྣང་བ་དམ་ཚིག་སེམས་དཔའི་དཀྱིལ་འཁོར་དུ་བསྐྱེད་པ་དང༌། རང་རྒྱུད་ཕུང་པོ་དམ་ཚིག་སེམས་དཔའི་དཀྱིལ་འཁོར་དུ་བསྐྱེད་པའོ། །
གསང་བ་ལྟར་དུ་བསྐྱེད་པ་ནི། །ཞེས་པ། གསང་བ་ལྟར་དུ་བསྐྱེད་པའི་མདོར་བསྟན་པའོ། །ཕུང་པོ་ཁམས་དང་སྐྱེ་མཆེད་རྣམས། །ལྷ་དང་ལྷ་མོར་བསྐྱེད་པ་དང༌། །ཞེས་པ། ཕུང་པོ་ལྔ། ཁམས་བཅོ་བརྒྱད། སྐྱེ་མཆེད་བཅུ་གཉིས་བསྐྱེད་བྱའི་རྒྱུ་ལ། བསྐྱེད་པའི་འབྲས་བུ་ནི་ལྷ་དང་ལྷ་མོའོ། །དེ་ལ་ཕུང་པོ་ལྔ་ནི། གཟུགས་ཀྱི་ཕུང་པོ་དང༌། ཚོར་བའི་ཕུང་པོ་དང༌། འདུ་ཤེས་ཀྱི་ཕུང་པོ་དང༌། འདུ་བྱེད་ཀྱི་ཕུང་པོ་དང༌། རྣམ་པར་ཤེས་པའི་ཕུང་པོ་དང་ལྔའོ། ཁམས་བཅོ་བརྒྱད་ནི། ཡུལ་ཅན་དབང་པོའི་ཁམས་དྲུག ཕྱི་རོལ་ཡུལ་གྱི་ཁམས་དྲུག རྣམ་པར་ཤེས་པའི་ཁམས་དྲུག་གོ། །སྐྱེ་མཆེད་བཅུ་གཉིས་ནི་ཚོགས་དྲུག་ཡུལ་དྲུག་གོ། །དེ་ལྟར་ཕུང་པོ་ཁམས་དང་སྐྱེ་མཆེད་རྣམས། ལྷ་དང་ལྷ་མོར་བསྐྱེད་པ་ལ་གསུམ་སྟེ། ཞི་བ་ལྟར་བསྐྱེད་པ་དང༌། ཁྲོ་བོ་ལྟར་བསྐྱེད་པ་དང༌། ཕུར་པ་ལྟར་བསྐྱེད་པའོ། །དེ་ལ་ཞི་བ་ལྟར་བསྐྱེད་པ་ནི། ཉོན་མོངས་པ་དུག་ལྔ་རྒྱལ་བ་དབྱིངས་ཀྱི་ལྷ་ལྔ། ཕུང་པོ་ལྔ་རྒྱུ་རིགས་ལྔའི་གསས་ལྔ། རྣམ་ཤེས་ཚོགས་བརྒྱད་ཡེ་གཤེན་བརྒྱད། ཡུལ་བརྒྱད་ཡེ་ལྕམ་བརྒྱད། གནས་དྲུག་འདུལ་བ་དྲུག སྒོ་གསུམ་དུས་གསུམ་སྟོན་པ་གསུམ། སྒལ་ཚིག་ལ་གཙུག་ཕུད་དགུ། ཡན་ལག་བཞི་ལ་སྒོ་བ་བཞི། སྐྲ་དང་བ་སྤུ་འདུན་ཚོགས་སུ་བསྐྱེད་པ་དང༌། ལྷ་ཕུང་པོའི་དམིགས་སུ་བཏབ་ནས་བསྒོམ་པའོ། །ཁྲོ་བོ་ལྟར་བསྐྱེད་པ་ནི། དུག་ལྔ་ཕྱོགས་བཞི་དབུས་ཀྱི་ཁྲོ་བོ་ཡབ་ཡུམ། ཕུང་པོ་ལྔ་མཚམས་སྟེང་གི་ཁྲོ་བོ། ཡན་ལག་བཞི་སྒོ་བ་བཞི། གནས་དྲུག་སྲུང་མ་དྲུག་བསྐྱེད་པའོ། །ཕུར་པ་བསྐྱེད་པ་ནི། དུག་ལྔ་ཕྱོགས་བཞིའི་ཁྲོ་བོ་ཡབ་ཡུམ། ཕུང་པོ་ལྔ་མཚམ་སྟེང་ཁྲོ་བོ་ཡབ་ཡུམ། ཡན་ལག་བཞི་སྒོ་བ་བཞི། མགོ་བོ་ལ་དབུའི་སྲུང་མ་ཁྲ་ཚོགས་སོ། །རྐེད་པ་ལ་རྐེད་པའི་སྲུང་མ་གཅན་ཚོགས། རྐང་པ་ལ་རྩ་བའི་སྲུང་མ་མ་ཚོགས་བསྐྱེད་པའོ། །
རྩ་མདུད་ཕོ་བྲང་ཐིག་ལེ་ལ། །བདེ་བ་ཆེན་པོ་བསྐྱེད་པ་དང༌། །ཞེས་པ། རྩ་རླུང་བསྒོམ་པ་ལ་གཉིས་ཏེ། ལུས་ཀྱི་བདེ་དྲོད་བསྒོམ་པ་དང༌། ཏིང་ངེ་འཛིན་གྱི་བདེ་བ་བསྒོམ་པའོ། །དེ་ལ་ལུས་ཀྱི་བདེ་དྲོད་བསྒོམ་པ་ནི། གཡས་པ་འཚོ་བྱེད་ཀྱི་རྩ། གཡོན་པ་ཟུང་མེད་ཀྱི་རྩ། དཀྱིལ་ན་ཀུན་སྟོབས་ཀྱི་རྩ་གནས་པས། བདག་གི་སྤྱི་གཙུག་ཚངས་པའི་བུ་ག་ན་ཨ་དཀར་པོ་གཅིག་བསྒོམ། ལྟེ་བའི་དཀྱིལ་ན་རཾ་དམར་པོ་གཅིག་བསྒོམ། དེ་ནས་ལུས་སྐྱིལ་ཀྲུང་ངམ་ཙོག་པུར་བསྡད་ལ། སྣ་བུག་ནས་དབུགས་ཀྱི་དུག་ནར་བ་གསུམ་ཕྱུང་ལ། དེ་ནས་དབུགས་ནང་དུ་རྔུབས་ལ་སྟེང་རླུང་མནན། འོག་རླུང་བསྡམ། བར་རླུང་བསྣུལ་ཏ༽ བསྐུལ་བསྐྱོད་བྱས་ལ། སྟེང་རླུང་དྲག་ཏུ་བཟུང༌། རླུང་ཐུབ་ཚད་གཅིག་བསྡམ་ལ་དེ་ནས་སྣ་ནས་འཇམ་རླུང་ནར་གྱིས་བཏང༌། ལྷག་མ་ཨེན་གཅིག་བཞག་ལ་ཡང༌། ནང་རླུང་རྔུབ་ལ་བཟུང༌། དེ་ལྟར་ཡང་ཡང་བྱས་ཏེ་བསྒོམ་པས། ལྟེ་བའི་རཾ་དམར་པོ་ལ་མེ་རུ་གྱུར་ནས། འཚོ་བྱེད་ཟུང་མེད་ཀུན་སྟོབས་གསུམ་གྱི་ནང་ན་ཡར་མེ་འབར་བར་བསམ། མེ་ལྕེ་སྤྱི་གཙུག་གི་ཨ་ཞུ་ནས་འཐིགས་པས། རྩའི་ནང་ན་མར་རྒྱུག་སྟེ་རཾ་གྱི་མེ་ལ་ཕོག་པས་མེ་མར་ལ་མར་ཁུ་བླུག་པ་ལྟར། མེ་དཔུང་ཤིན་ཏུ་ཆེ་བར་གྱུར་ཏེ་ལུས་ཐམས་ཅད་མེའི་རང་བཞིན་དུ་གྱུར་པར་བསྒོམ། དེའི་གསལ་ཆ་ཐམས་ཅད་ཀྱང་སྟོང་ཉིད་ཀྱི་ལྟ་བས་ཟིན་པར་བྱའོ། །དེ་ཡང་དྲོད་མ་རྙེད་བར་ལ་ཐུན་གཞི་རུ་བསྒོམ། དེའི་ཡོན་ཏན་གྱི་བགེགས་ཀྱི་བར་ཆོད་མི་ཚུགས་པ་དང༌། ཏིང་ངེ་འཛིན་རང་ཤུགས་ལ་བསྐྱེད་པ་དང༌། གྲང་བའི་ནད་ཐོན་མ་ཞུ་བ་དང་ཕོ་ལོག་དང༌། སྦོས་ནད་སེལ་བ་དང༌། ལུས་དྲོད་མེ་དང་མཉམ་པར་འགྱུར་རོ། །ཏིང་ངེ་འཛིན་གྱི་བདེ་བ་བསྒོམ་པ་ནི། ལྟེ་བའི་རཾ་ལ་མེ་བྱུང་ནས་སྤྱི་བོའི་ཨ་འོད་དུ་ཞུ་ནས་ཐིག་ལེ་དཀར་པོ་གསུམ་དུ་སོང་ནས། འཚོ་བྱེད་ཟུང་མེད་ཀུན་སྟོབས་གསུམ་ནས་བབ་སྟེ། གསང་ལམ་དུ་ཐིག་ལེ་གསུམ་དུ་འདུས་ནས། ཐིག་ལེ་དཀར་པོ་རྩུབ་ལ་མི་འཇུག་པ་གཅིག་གསང་ལམ་ན་མར་ཟ་ཀུ་ལུ་ལུ་ཡོང་བར་བསམ། ཕྱིར་མ་བུད་པ་ལ་ཡར་འགྲོ་མར་འགྲོ་བྱ་ཞིང་བདེ་བ་ནམ་རྙེད་རྙེད་དུ་ཞག་རེ་ཐུན་དྲུག་གམ་ཐུན་བཞིར་བསྒོམ། དེའི་དུས་སུ་བདེ་བ་ཐམས་ཅད་སྟོང་ཉིད་ཀྱི་རྩིས་ཟིན་བར་བྱའོ། །དེའི་ཡོན་ཏན་བདེ་བ་ཏིང་ངེས་འཛིན་གྱི་ངོ་བོ་བསྐྱེད་ཅིང༌། རིག་པ་གནད་དུ་ཚུད་པའོ། །
དྭངས་མ་ཡེ་ཤེས་བསྐྱེད་པའོ། །ཞེས་པ། དྭངས་མ་ནི་རིག་པའི་དངས་མ་བྱང་ཆུབ་ཀྱི་སེམས་ཉིད་དེ་ཡེ་ཤེས་ཀྱི་ངོ་བོ་ཡིན་ཏེ། ཡེ་ནི་མཚོན་པའི་དཔེ་ལས་འདས་པའི་སྟོང་ཉིད། ཤེས་ནི་རིག་པའི་རྩལ་མ་འགག་པའི་གསལ་ཆ། གསལ་སྟོང་གཉིས་སུ་མེད་པའི་ཡེ་ཤེས་མར་མེ་ལྟ་བུ། རྟོག་པ་ཐམས་ཅད་དང་བྲལ་བའི་ངང་ལ་བཞག་པ་ཡིན་ཏེ། དངས་མ་ཡེ་ཤེས་སུ་བསྐྱེད་པའོ། །
ད་ནི་རྫོགས་པའི་རིམ་པ་སྟོན་ཏེ། རྫོགས་པའི་རིམ་པ་ལ་གསུམ་སྟེ། །ཞེས་པ། དབྱེ་བ་གྲངས་ཀྱི་མདོར་བསྟན་པའོ། །ཕྱི་རྫོགས་ནང་རྫོགས་གསང་རྫོགས་སོ། །ཞེས་པ། གསལ་བ་མིང་གི་མདོར་བསྟན་པ་སྟེ། རྫོགས་རིམ་གསུམ་པོ་དམིགས་ཕྱེ་ནས་སྟོན་པའོ། །
རྒྱས་པར་བཤད་པ་ལ་གསུམ་ལས། དང་པོ་ཕྱི་ལྟར་རྫོགས་ལུགས་ནི། དེ་ལ་ཕྱི་ཡི་རྫོགས་ལུགས་གསུམ། །ཞེས་པ། ཕྱི་ལྟར་རྫོགས་པའི་མདོར་བསྟན་པའོ། །རྒྱས་པ་ལ་གསུམ་སྟེ། ཕོ་ཉ་སྒོ་བའི་རྫོགས་རིམ་དང༌། སྲུང་མ་ཁྲོ་བོའི་རྫོགས་རིམ་དང༌། གཙོ་བོ་དམིགས་མེད་ཀྱི་རྫོགས་རིམ་མོ། །དེ་ལ་ཡང་གསུམ་སྟེ། ཞི་ཁྲོ་ཕུར་པའི་རྫོགས་རིམ་གསུམ་མོ། །ཕོ་ཉ་སྒོ་བའི་རྫོགས་རིམ་ནི། ཕོ་ཉ་ཡང་སྤྲུལ་ལྷ་ཚོགས་རྣམས། །ཞེས་པ། དེ་ལ་ཞི་བ་ལྟར་ན། ཕོ་ཉ་འཐོར་ནས་སུམ་བརྒྱ་དྲུག་ཅུ་སྟེ། སྟོད་གེ་ཁོད་ལས་གྱུར་པའི་བརྒྱ་དང་ཉི་ཤུ། དབུས་ཐང་ལྷ་ལས་གྱུར་པའི་བརྒྱ་དང་ཉི་ཤུ། སྨད་པོམ་ར་ལས་གྱུར་པའི་བརྒྱ་དང་ཉི་ཤུ་དེ་ལྟར་སུམ་བརྒྱ་དྲུག་ཅུ་པོ་དེ། སྔོན་སྟོན་པ་གཤེན་རབ་ཉིད་ཀྱིས་སྐྱེ་འགྲོ་ཀུན་ལ་གནོད་པའི་དྲེགས་པ་ཅན་རྣམས་འདུལ་བའི་དོན་དེ། ཐུགས་ཀྱི་ཀློང་ནས་སྤྲུལ་ཏེ་གཡའ་རི་དང་གངས་རི་ལ་གཏོར་ནས། བསྟན་པ་བསྲུངས་པར་བཞག་པས། འཐོར་གསས་ཞེས་བྱའོ། །འཇིག་རྟེན་རང་རྒྱུད་པ་ཡང་ཅུང་མིན་ནོ། །ཡང་སྤྲུལ་ཞེས་པ་ནི། སྲིད་པའི་ལྷ་དགུ་ལས་སྤྲུལ་པའི་གསས་ཕྲན་ཉིས་ཁྲི་ལྔ་སྟོང་ངོ། །ལྷ་ཚོགས་རྣམས་ཞེས་པ་ནི། འཐོར་གསས་དང་གསས་ཕྲན་ཤིན་ཏུ་མང་བའི་ཚོགས་ལ་བྱའོ། །སྒོ་བ་ཡབ་ཡུམ་ངང་དུ་རྫོགས། །ཞེས་པ། ཕོ་ཉ་ཐམས་ཅད་ཀྱང་སྒོ་བའི་རྣམ་སྤྲུལ་ཡིན་པས་རྫོགས་ཤིང་ཐིམ་པ་ཡང་སྒོ་བའི་ངང་དུ་རྫོགས་པའོ། །སྒོ་བ་སྲུང་མ་རྣམས་ལ་རྫོགས། །ཞེས་པ། སྲུང་མ་ནི་བདུན་བདུན་གྱི་སྨན་ཚོགས་ཏེ་སྒོ་བ་དེ་རྣམས་སྲུང་མའི་ངང་དུ་རྫོགས་པའོ། །སྲུང་མ་ཁྲོ་བོའི་རྫོགས་རིམ་ནི། སྲུང་མ་ཕྱོགས་མཚམས་ཁྲོ་བོར་རྫོགས། །ཞེས་པ། སྲུང་མ་རྣམས་ཀྱང་ཕྱོགས་མཚམས་ཀྱི་ཡེ་གཤེན་དང་ཡེ་སྨན་དང་རྒྱལ་བ་ལྷ་ལྔ་དང་རུ་བཞིའི་ངང་དུ་རྫོགས་པའོ། །ཕྱོགས་མཚམས་དབུས་ཀྱི་གཙོ་ལ་རྫོགས། །ཞེས་པ། ཕྱོགས་མཚམས་ཀྱི་ལྷ་དེ་རྣམས་ཀྱང་ལྷ་ཁུགས་ལྟར་ན་ཀུན་དུ་བཟང་པོ། འཕྲུལ་ཁུགས་ཞི་བ་ལྟར་ན་མ་པང་དབྱིངས་ཆེན་གྱི་ངང་དུ་རྫོགས་པའོ། །གཙོ་བོ་དམིགས་མེད་ཀྱི་རྫོགས་རིམ་ནི། གཙོ་བོ་དེ་ཡང་གནས་ལུགས་མི་དམིགས་པའི་ངང་ལ་རྫོགས་པའོ། །དེ་ཡང་དམིགས་མེད་ལ། གཞི་ཡེ་ནས་གནས་པའི་དམིགས་མེད། ཐག་ལྟ་བས་ཆོད་པའི་དམིགས་མེད། ཤུགས་ལ་འབྱུང་བའི་དམིགས་མེད། ཆེད་དུ་བྱས་པའི་དམིགས་མེད་བཞི་ལས། འདི་ནི་གཞི་ཡེ་ནས་གནས་པའི་དམིགས་མེད། ཤེས་བྱ་ཐམས་ཅད་ཀྱི་གནས་ལུགས་དེ་ཁོ་ན་ཉིད་ཀྱི་ངང་དུ་ཐག་ལྟ་བས་ཆོད་པའི་དམིགས་མེད་དུ་རྫོགས་པ་སྟེ། དམིགས་མེད་ནི། འཛིན་པ་དང་བྲལ་བའོ། །ད་ནི་ཁྲོ་བོ་ལྟར་རྫོགས་པ་ནི། ཕོ་ཉ་འཕྲ་མེན་ཉི་ཤུ་སྒོ་བ་ཡབ་ཡུམ་གྱི་ངང་དུ་རྫོགས། སྒོ་བ་སྲུང་མ་དྲུག་གི་ངང་དུ་རྫོགས། སྲུང་མ་ཕྱོགས་མཚམས་ཀྱི་ཁྲོ་བོར་རྫོགས། ཕྱོགས་མཚམས་ཀྱི་ཁྲོ་བོ་དབུས་ཀྱི་གཙོ་བོ་ཆེ་མཆོག་གི་ངང་དུ་རྫོགས། ཆེ་མཆོག་ཉིད་ཀྱང་དམིགས་མེད་སྟོང་པའི་ངང་དུ་རྫོགས་པའོ། །ཕུར་པ་ལྟར་རྫོགས་པ་ནི། ཕོ་ཉ་ཁྲ་སྤྱང་བཅུ། ཡང་སྤྲུལ་སྤྲུལ་པ་བཅུ་པོ་དེ་སྲུང་མ་མ་ཚོགས་རྣམས་ལ་རྫོགས། མ་ཚོགས་སྒོ་བ་ལ་རྫོགས། སྒོ་བ་སྲུང་མ་ལ་རྫོགས། སྲུང་མ་ཕྱོགས་མཚམས་ཁྲོ་བོ་ལ་རྫོགས། ཕྱོགས་མཚམས་དབུས་ཀྱི་གཙོ་བོ་འབྲུག་གསས་ཆེམ་པ་ལ་རྫོགས། འབྲུག་གསས་ཆེམ་པ་ཉིད་ཀྱང་དམིགས་མེད་སྟོང་པ་ཉིད་ཀྱི་ངང་དུ་རྫོགས་པའོ། །དེ་རྣམས་ཉམས་སུ་བླང་དུས་སུ༌། །ཕྱི་ནང་རྟགས་གཉིས་འབྱུང་བ་སྟེ། །ཞེས་པས། རྫོགས་རིམ་མངོན་དུ་གྱུར་པའི་ཡོན་ཏན་སྟོན་པ་སྟེ། ཕྱི་རྟགས་ལོག་རྟོག་སྒྱུ་མར་ཤེས། །ཞེས་པས། དཔེར་ན་སྒྱུ་མ་མཁན་གྱིས་རྡེའུ་དང་ཤིང་བུ་ལ་སྒྱུ་མའི་སྦྱོར་སྔགས་བཏབ་པས། སྐྱེས་པ་བུད་མེད་རྟ་དང་གླང་པོར་སྣང༌། སྣང་ཙམ་ཉིད་ན་ངོ་བོ་སྟོང་པ་བཞིན། དོན་དུ་ཞི་ཁྲོ་ཕུར་པའི་ལྷ་ཚོགས་རྣམས་ཀྱང༌། བསྒྲུབ་པ་པོའི་ལོག་རྟོག་ལ་སྒྱུ་མ་ཙམ་དུ་སྣང་ཡང་ངོ་བོ་ཉིད་ཀྱི་སྟོང་པ་ཡིན་ཏེ། སྣང་ལ་རང་བཞིན་མེད་པ་མེ་ལོང་གི་གཟུགས་བརྙན་ལྟ་བུ། སྤྱོད་ལ་མ་ཆགས་པ་ཆུ་ཟླའི་དཀྱིལ་འཁོར་ལྟ་བུ། མཉམ་ལ་མ་འདྲེས་པ་གཞའ་ཚོན་གྱི་རི་མཽ་ལྟ་བུ་སྟེ། ལུང་ལས་ཀྱང༌། སྟོང་ཞིང་བདག་མེད་བོན་དབྱིངས་ལས། །ཞི་ཁྲོ་ཕུར་པའི་ལྷ་ཚོགས་རྣམས། །གདུལ་བྱའི་དོན་དུ་མངོན་པར་སྣང༌། །སྣང་ཙམ་ཉིད་ནས་རང་བཞིན་མེད། །དེ་དོན་མ་རྟོགས་འཁྲུལ་པའི་བློས། །རག་པ་ཐེར་གཟུགས་རྟག་པར་བཟུང༌། །འབྲས་བུ་སྲིན་ཁམས་གཅན་ཆེན་ནམ། །སྲིན་པོ་རུ་ཏྲ་ལས་སོགས་པ། །ཤ་ཟ་ཁྲག་འཐུང་གནས་སུ་གོལ། །ཞེས་གསུངས་སོ། །
ནང་རྟགས་ཡེ་ཤེས་ངོས་བཟུང་བྲལ། །ཞེས་པས། ནང་རིག་པའི་ཡེ་ཤེས་ལ་ངོས་བཟུང་མེད་པར་རྟོགས་པའོ། །ནང་ལྟར་རྫོགས་པ་ལ་གསུམ་སྟེ། །ཞེས་པ། ནང་ལྟར་རྫོགས་པའོ། །མདོར་བསྟན་པའོ། །རྒྱས་པར་བཤད་ན་དང་པོ་བསྐྱེད་པའི་དུས་ནས། སེམས་ཉིད་སྟཽང་པ་ལས་གསལ་བའི་ཐིག་ལེར་བསྐྱེད། ཐིག་ལེ་ལས་འོད་དུ་བསྐྱེད། འོད་ལས་ལྷ་བསྐྱེད་པས། རྫོགས་པའི་དུས་སུ་ཡང་བསྡུས་ཚུལ་དུ་རྫོགས་ཏེ། མཚན་མའི་ལྷ་སྐུ་འོད་ལ་རྫོགས། །ཞེས་པ། ལྷ་འོད་དུ་གྱུར། འོད་ནི་ཐིག་ལེའི་ངང་དུ་རྫོགས། །ཞེས་པས། འོད་དེ་ཐིག་ལེ་གསལ་སྟོང་གཉིས་མེད་དུ་སོང༌། ཐིག་ལེ་བྱང་ཆུབ་སེམས་ལ་རྫོགས། །ཞེས་པ། གསལ་སྟོང་དེ་ཡང་སེམས་ཉིད་ལས་མ་གཡོས་པའོ། །
གསང་བ་ལྟར་དུ་རྫོགས་པ་ལྔ། །ཞེས་པས། གསང་རྫོགས་ཀྱི་མདོར་བསྟན་པའོ། །རྒྱས་པར་བཤད་ན། ཡེ་ཤེས་ངོས་འཛིན་མན་ངག་གིས། །སྨན་པ་མཁས་པའི་ཚུལ་དུ་རྫོགས། །ཞེས་པ། འདི་སྔགས་ཕྱིའམ་བློ་ཐ་མ་ལྟར་སྤང་བྱ་སྤོང་བྱེད་དུ་རྫོགས་པ་ཡིན་ཏེ། དཔེར་ན་གསོ་བ་པོ་སྨན་པ་མཁས་པ་གཅིག་གིས། གསོ་བྱའི་ནད་ངོས་བཟུང་ནས་གསོ་བྱེད་ཀྱི་སྨན་བཏངས་པས་ནད་ལས་གྲོལ་བ་ལྟར། སྤོང་བ་པོ་བསྒྲུབ་གཤེན་དེས། སྤང་བྱ་དུག་ལྔ་ལ་སྤོང་བྱེད་ཀྱི་གཉེན་པོས་ཆོམ་པའི་དུས་ན། གཏི་མུག་ཡེ་ཤེས་སུ་འགྱུར། ཞེ་སྡང་བྱམས་པར་འགྱུར། ང་རྒྱལ་ཞི་བར་འགྱུར། འདོད་ཆགས་སྦྱིན་པར་འགྱུར། ཕྲག་དོག་ཡངས་པར་འགྱུར་རོ། །དུག་ལྔ་རང་གྲོལ་མན་ངག་གིས། །ལྷ་ལུས་བདུད་རྩིས་ཁྱབ་ལྟར་རྫོགས། །ཞེས་པས། སྔགས་ནང་ངམ་བློ་འབྲིང་པོ་ལྟར་གྲོལ་བྱ་གྲོལ་བྱེད་དུ་རྫོགས་ཏེ། དེ་ཡང་ལྷ་ལ་གསུམ་ལས། མྱ་ངན་འདས་པའི་ལྷ་སྐུ་གསུམ། འཁོར་བའི་ལྷ་ཁམས་གསུམ་གྱི་ལྷ་གསུམ། དེ་གཉིས་གང་དུ་ཡང་མ་གཏོགས་པ་ས་བཅུའི་ལྷ་གཡུང་དྲུང་སེམས་དཔའི་རིགས་གསུམ་ལས། མྱ་ངན་ལས་འདས་པའི་ལྷ་ཀུན་ཏུ་བཟང་པོ་དེས། ཡེ་ཤེས་ཆེན་པོ་བདུད་རྩི་ལྟ་བུའི་སྐུ་ལ་དུག་ལྔའི་མིང་མེད་པ་ལྟར། གྲོལ་བ་པོ་བསྒྲུབ་གཤེན་དེས་ཀྱང༌། གྲོལ་བྱ་དུག་ལྔ་དེ་གྲོལ་བྱེད་ཡེ་ཤེས་ལྔར་གྲོལ་ཏེ། གཏི་མུག་སྟོང་པ་ཉིད་ཀྱི་ཡེ་ཤེས་སུ་གྲོལ། ཞེ་སྡང་མེ་ལོང་ལྟ་བུའི་ཡེ་ཤེས་སུ་གྲོལ། ང་རྒྱལ་མཉམ་པ་ཉིད་ཀྱི་ཡེ་ཤེས་སུ་གྲོལ། འདོད་ཆགས་སོ་སོར་རྟོགས་པའི་ཡེ་ཤེས་སུ་གྲོལ། ཕྲག་དོག་བྱ་བ་ནན་ཏན་གྱི་ཡེ་ཤེས་སུ་གྲོལ་བའོ། །རང་རིག་རང་གསལ་མན་ངག་གིས། །ཉི་མ་ཤར་བ་ལྟ་བུར་རྫོགས། །ཞེས་པ། འདི་ནི་ཐེག་པ་ཆེན་པོ་བློ་རབ་ཀྱི་རྫོགས་པ་སྟེ། དཔེར་ན་ཉི་མའི་དཀྱིལ་འཁོར་ལ་མུན་པ་མེད་པ་ལྟར། ཉི་མ་ཤར་བའི་དུས་ན་ཉི་མས་མུན་པ་བདས་པ་མེད། མུན་པ་བྲོས་པ་མེད་པར་རི་ལུང་ཐམས་ཅད་རང་བཞིན་གྱིས་གསལ་བ་ལྟར། གནས་ལུགས་རང་རིག་རང་གསལ་དུ་རྟོགས་པའི་དུས་ན། སྒྲིབ་པ་ཐམས་ཅད་རང་བཞིན་མེད་པར་གྲོལ་ནས་རིག་པ་སྒྲིབ་གཡོག་དང་བྲལ་བར་རྫོགས་སོ། །ཡེ་ཤེས་མྱུ་གུའི་མན་ངག་གིས། །པད་མ་ཁ་ཕྱེ་ལྟ་བུར་རྫོགས། །ཞེས་པ། ཡོན་ཏན་ཡོངས་སུ་རྒྱས་པར་རྫོགས་པའི་དཔེ་སྟེ། དཔེར་ན་པད་མ་ཁ་ཕྱེས་པ་དེ་ལས་དབྱིབས་དང་ཁ་དོག་གེ་སར་སོ་སོར་ནས་གསལ་བ་ལྟར། སེམས་ཉིད་ཡེ་ཤེས་མྱུ་གུ་ལ་ཡོན་ཏན་སྣ་ཚོགས་སུ་འཆར་བ་ལ་བྱའོ། །ཉམས་མྱོང་རིག་པའི་མན་ངག་གིས། །དིག་མའི་རྨི་ལམ་ལྟ་བུར་རྫོགས། །ཞེས་པ། ཉམས་མྱོང་རང་ལ་རྫོགས་པའི་དཔེ་སྟེ། དཔེར་ན་དིག་མའི་རྨི་ལམ་དེ། རང་གིས་ཉམས་སུ་མྱོང་ལ་གཞན་ལ་སྨྲ་མི་ཤེས་པ་ལྟ་བུར། རྫོགས་རིམ་ཀྱི་དོན་ཁྱད་པར་ཅན་ཉམས་སུ་མྱོང་བའི་མན་ངག་སྨྲ་མི་ཤེས་པར་གྲོལ་བ་ལ་བྱའོ། །
རྫོགས་པ་ཆེན་པོའི་རྫོགས་ལུགས་གསུམ། །ཞེས་པས། རྫོགས་པ་ཆེན་པོའི་མདོར་བསྟན་པ་སྟེ། རྫོགས་པ་ཆེན་པོའི་གནས་ལུགས་ནི། ཡེ་ནས་རྫོགས་པས་རྩོལ་སྒྲུབ་མེད། འཁོར་འདས་ཐམས་ཅད་རྫོགས་པས་བཟང་ངན་མེད། ཡོད་མེད་ཐམས་ཅད་རྫོགས་པས་སྤང་བླངས་མེད་པའོ། །རྒྱས་པར་བསྟན་པ་ནི། མངོན་པ་ཕྱིའི་སྣང་བ་རྣམས། །སྤྲོས་བྲལ་ནམ་མཁའི་ངང་དུ་རྫོགས། །ཞེས་པས། དཔེ་ནམ་མཁའི་རྫོགས་ལུགས་ཏེ། དབང་པོའི་ལྟར་སྣང་ལ་མངོན་པ་ཕྱིའི་སྣང་བ། མེ་ཆུ་ས་རླུང་ལས་གྲུབ་པའི་སྣོད་བཅུད་ཐམས་ཅད་ནམ་མཁའི་འདུས་མ་བྱས་ཀྱི་ངང་དུ་རྫོགས་པས། ནམ་མཁའ་ཉིད་ལས་གཡོས་མ་མྱོང་བས། ནམ་མཁའ་ནི་དབྱིབས་དང་ཁ་དོག་ཕྱོགས་མཐའི་སྤྲོས་པ་དང་བྲལ་བའོ། །རྣམ་པར་རྟོག་པའི་བྱུང་ཚོར་རྣམས། །ཀུན་གཞི་དག་པའི་ངང་དུ་རྫོགས། །ཞེས་པས། དོན་སེམས་ཉིད་ཀྱི་རྫོགས་ལུགས་ཏེ།ཏ༽ ནི། བཟང་རྟོག་ངན་རྟོག་བདེ་སྡུག་གི་བྱུང་ཚོར་ཐམས་ཅད་ཀུན་གཞི་དག་པའི་ངང་དུ་རྫོགས་ཏེ། ཀུན་གཞི་ཉིད་ནི་རྣམ་རྟོག་བྱུང་ཚོར་དུ་གཡོ་མ་མྱོང་པའོ། །རིག་པ་ཡེ་ཤེས་རྩལ་རྣམས་ནི། །རྣམ་པ་ཐམས་ཅད་མཁྱེན་པ་ཡི། །ཡེ་ཤེས་ལ་ནི་རྫོགས་པའོ། །ཞེས་པས། མཁྱེན་པ་ཡེ་ཤེས་ཀྱི་རྫོགས་ལུགས་ཏེ། རིག་པའི་རྩལ་སྣང་ཐམས་ཅད་ནི། རྣམ་པ་ཐམས་ཅད་མཁྱེན་པའི་སངས་རྒྱས་ཀྱི་ཡེ་ཤེས་ལས་མ་གཡོས་པའོ། །ཡེ་ཤེས་ཐིག་ལེ་ཉག་གཅིག་ལ། མ་ལུས་པར་ནི་རྫོགས་པའོ། །ཞེས་པས། ཡེ༵་ཇི་བཞིན་ཉིད་དུ་ཤེ༵ས་པའི་ཡེ་ཤེས། ཐི༵ག་གསལ་བ་འགག་མེད། ལེ༵་བདལ་པ་སྟོང་ཉིད། ཉ༵ག་གཅིག་ནི་བགྲངས་དུ་མེད་པ། རྫོགས་པ་ནི་སྨྲ་བསམ་བརྗོད་དུ་མེད་པའོ། །
ད་ནི་ཡོན་ཏན་གྱི་སྒོ་ནས་ཐིག་ལེ་འཆར་ལུགས་ཀྱི་དབྱེ་ན་ལྔ་སྟོན་ཏེ། དཔེ་དོན་རྟགས་གསུམ་མན་ངག་བཞི། གནས་ལུགས་སེམས་ཉིད་ཀྱི་ཐིག་ལེ་དང་ལྔའོ། །དེ་ལ། དཔེའི་ཐིག་ལེ་ཡེ་ཤེས་འདུས་མ་བྱས། །ཞེས་པས། དཔེ་ནི་དོན་མཚོན་པའི་ཐབས། ཐིག་གསལ་བ། ལེ་བདལ་པ། ཡེ་སྟོང་པ། ཤེས་གསལ་བ། འདུས་མ་བྱས་ནི་དོན་དམ་པ་སྟེ། དཔེ་འདུས་མ་བྱས་ཀྱི་ནམ་མཁའ་འདི་བཞིན་ནོ། །དོན་གྱི་ཐིག་ལེ་མཚན་མ་མྱ་ངན་འདས། །ཞེས་པ་དོན་ནི་དཔེའི་མཚོན་པའི་གནས་ལུགས། ཐིག་ལེ་སྔར་དང་མཐུན། མཚན་མ་ནི་ཀུན་རྫོབ་ཀྱི་སྣང་བ་འདི། མྱ་ངན་ལས་འདས་པ་ནི་ཀུན་རྫོབ་འདི་སྤྲོས་བྲལ་བདེ་བར་གྲོལ་བ་ལ་བྱའོ། །རྟགས་ཀྱི་ཐིག་ལེ་མི་འགྱུར་དབྱིངས་ན་གནས། །ཞེས་པ། དཔེ་དོན་འབྲེལ་བའི་རྟགས་སེམས་ཉིད་མི་འགྱུར་བའི་དབྱིངས་སྟོང་པ་ཉིད་དུ་གནས་པའོ། །མན་ངག་ཐིག་ལེ་སྟོང་ལ་རྒྱ་མ་ཆད། །ཅེས་པས། དཔེ་དོན་རྟགས་གསུམ་པོ་དེ་གསལ་བར་སྟོན་པ་ལ་མན་ངག་ཅེས་བྱ་ཏེ། དཔེ་དོན་རྟགས་གསུམ་པོ་དེ་སྟོང་ལ་རྒྱ་མ་ཆད་པར་སྟོན་པའོ། །སེམས་ཉིད་ཐིག་ལེ་ཡེ་ཤེས་འདུས་མ་བྱས། །ཞེས་པ། སེམས་ཉིད་འདི་རྒྱུ་ལས་མ་བྱུང༌། རྐྱེན་གྱིས་མ་བསྐྱེད། མཚན་མར་མ་གྲུབ། དངོས་པོར་མི་སྣང་བས་འདུས་མ་བྱས་སོ། །དེ་ལྟ་བུ་ཡི་ངང་དུ་ཐམས་ཅད་རྫོགས། །ཞེས་པ། གནས་ལུགས་དེ་བཞིན་ཉིད་ལས་མ་གཡོས་པའོ། །
ད་ནི་བསྙེན་སྒྲུབ་ལས་སྦྱོར་གསུམ་སྟོན་ཏེ། བསྙེན་པ་སྒྲུབ་པ་ལས་ཁ་ནི། །ཞེས་པ་མདོར་བསྟན་པའོ། །རྒྱས་པར་བཤད་ན་བསྙེན་པ་ལ་གཉིས་ཏེ། བསྙེན་སྒྲུབ་བྱེ་བྲག་ཏུ་བཤད་པ་དང༌། བསྙེན་སྒྲུབ་ཚིག་འགྲེལ་དུ་བཤད་པའོ། །དེ་ལས་བྱེ་བྲག་ཏུ་བསྟན་པ་ནི་བསྙེན་པ་ལ་ལྔ་སྟེ། བསྙེན་པའི་ངོ་བོ་དང༌། ངེས་ཚིག་དང༌། དབྱེ་བ་དང༌། ཚུལ་ལམ་ཐབས་ཇི་ལྟར་ཉམས་སུ་བླངས་པ་དང༌། བསྙེན་པའི་ཡོན་ཏན་ནམ་འབྲས་བུ་བསྟན་པའོ། །དེ་ལ་ངོ་བོ་ནི། ལུས་ངག་ཡིད་གསུམ་གྱི་བསྙེན་པ་རྫོགས་ཤིང་དད་མོས་གུས་པའི་མཆོག་དང་ལྡན་པའོ། །དེ་ཡང་ལུས་ཀྱི་བསྙེན་པ་རྫོགས་པ་ནི། །ལུས་ཞ་གྲུམ་འོན་ལོང་ལས་ཐར་ཞིང་ལུས་ཀྱི་ལས་སུ། དང་པོ་རྩོམ་ཞིང་བཅའ་བའི་ཕྱག་རྒྱ་དང༌། བར་དུ་བསྒྱུར་ཞིང་དབུལ་བའི་ཕྱག་རྒྱ་དང༌། ཐ་མ་དགྲོལ་ཞིང་བསྟིམ་པའི་ཕྱག་རྒྱ་གསུམ་ལས་སོགས་པ་བསྒྱུར་ཤེས་པའོ། །ངག་གི་བསྙེན་པ་རྫོགས་པ་ནི། ངག་འཛེར་ལྐུགས་ལས་ཐར་ཞིང་ངག་གི་ལས་སུ་རྒྱུ་མ་ནོར་བ་རྩ་བའི་སྔགས་དང༌། བསྐྱེད་པ་རྐྱེན་གྱི་སྔགས་དང༌། བཟླས་པ་ལས་ཀྱི་སྔགས་དང་གསུམ་ལས་སོགས་བཟླ་ཤེས་པའོ། །ཡིད་ཀྱི་བསྙེན་པ་ནི། ཡིད་སྨྱོས་འཐིབ་དང་གཞན་གྱི་ཤེས་པ་བརླབ་པ་ལས་ཐར་ཞིང་ཡིད་ཀྱི་ལས་སུ་ཏིང་ངེ་འཛིན་གསུམ་ལས་སོགས་བསྒོམ་ཤེས་པའོ། །དེ་ལྟར་ལུས་ངག་ཡིད་གསུམ་བསྙེན་པ་རྫོགས་པའི་ལྷ་དང་སློབ་དཔོན་ལ་གུས་ཤིང་མི་ལྡོག་བརྟན་པའི་བློ་ཅན་དེའོ། །བསྙེན་པའི་ངེས་ཚིག་ནི། ཟབ་མོ་ཡང་དག་པའི་དོན་ལ་བསྙེན་པའི་ཕྱིར་ན་བསྙེན་པའོ། །ཡང་ན་ལུས་ཀྱིས་ཕྱག་རྒྱ་ལ་བསྙེན་པའོ། །ངག་གིས་སྙིང་པོ་ལ་བསྙེན་པའོ། །ཡིད་ཏིང་ངེ་འཛིན་ལ་བསྙེན་ནས་སྣང་བ་ལྷའི་དཀྱིལ་འཁོར་དུ་བསྙེན་པའོ། །བསྙེན་པའི་དབྱེ་བ་ལ་ལྔ་སྟེ། བསྙེན་པའི་རང་བཞིན་དུས་དང་གྲངས། །མཚན་མ་རྟགས་ཀྱི་བསྙེན་པ་ཡི། །ཞེས་པས། རང་བཞིན་གྱི་བསྙེན་པ་དང༌། དུས་ཀྱི་བསྙེན་པ་དང༌། གྲངས་ཀྱི་བསྙེན་པ་དང༌། མཚན་མའི་བསྙེན་པ་དང༌། རྟགས་ཀྱི་བསྙེན་པའོ། །དེ་ལ་བསྙེན་པའི་རང་བཞིན་ཞེས་པ། རང་བཞིན་གྱི་བསྙེན་པ་ནི་དབེན་པའི་གནས་སུ་བཞུགས་ཀྱང་རུང་འགྲོ་ཉལ་ཚུལ་སྤྱོད་ཅི་བྱེད་ཀྱང༌། ཕྱག་རྒྱ་ལ་གྲངས་མེད་དེ། སྒྱུ་འཕྲུལ་གྱི་འཁོར་ལོ་ལྟར་བསྒྱུར་བ་དང༌། སྙིང་པོ་ལ་གྲངས་མེད་དེ་ཆུ་བོ་ཡི་གཞུང་བཞིན་འདོན་པ་དང༌། ཏིང་ངེ་འཛིན་ལ་གྲངས་མེད་དེ་ཡིད་བཞིན་གྱི་ནོར་བུ་ལྟར་བསྒོམ་པའོ། །དུས་ཀྱི་བསྙེན་པ་ནི་དུས་ཞེས་པ། ལོའི་དུས་དང༌། ཟླ་བའི་དུས་དང༌། ཞག་གི་དུས་དང༌། ཟ་མའི་དུས་དང༌། ཚེས་གྲངས་ཀྱི་དུས་དང༌། གཟའ་སྐར་གྱི་དུས་ལས་སོགས་པ་འཕྲིན་ལས་ཀྱི་དཀྱུས་ལས་བསྟན་པ་ལྟར། དང་པོའི་དུས་འདི་ནས་ཞུགས་ནས་ཐ་མའི་དུས་འདི་ལ་འབྱུང་ངོ༌། །ཞེས་མི་སྣང་བའི་ཡུལ་ལྷའམ། སྣང་བའི་ཡུལ་སློབ་དཔོན་གྱི་དྲུང་དུ་ཁས་བླངས་ཞིང་དམ་བཅས་པ་དེ་ཉིད་དོ། །གྲངས་ཀྱི་བསྙེན་པ་ནི་གྲངས་ཞེས་པ། བསྙེན་པའི་དུས་སམ། རྒྱུན་དུ་བརྒྱའམ། སྟོང་ངམ། ཁྲིའམ། འབུམ་མམ། བྱེ་བ་ལྟ་བུར་དམ་བཅས་ནས་གྲངས་ཚད་དུ་ཐོན་པར་སྐྱེལ་བ་ནི་གྲངས་ཀྱི་བསྙེན་པའོ། །མཚན་མའི་བསྙེན་པ་ནི། མཚན་མ་ཞེས་པ། ཏིང་ངེ་འཛིན་དང༌། སྙིང་པོ་དང༌། ཕྱག་རྒྱ་དང༌། འཕྲིན་ལས་དང༌། རྫས་རྣམས་ཀྱི་མཆོད་པ་ཚར་རེ་འབུལ་བ་རྣམས་སོ། །རྟགས་ཀྱི་བསྙེན་པ་ནི། རྟགས་ཀྱི་བསྙེན་པ་ཡི། ཞེས་པ། རབ་དངོས་པོ། འབྲིང་ཉམས། ཐ་མ་རྨི་ལམ་དུ་སྐུ་སྟོན་པ་དང༌། གསུང་སྒྲོགས་པ་དང༌། ཐུགས་འོད་དུ་འགྱུ་བ་དང༌། ཁྲོ་ཞལ་བཞད་པ་དང༌། ཕུར་པ་འགུལ་ཞིང་འཁྲོགས་ཏ༽ འཁྲོས་པ་དང༌། རྫས་ལ་མེ་འབར་བ་དང༌། དྲོད་དང་རླུང་ཏ༽ རླངས་ཐོན་པ་ལས་སོགས་ཏེ། འཕྲིན་ལས་དཀྱུས་ཀྱི་ནང་ནས་འབྱུང་བའི་མཚན། ཉམས་མ་བྱུང་བར་དུ་ཉམས་སུ་ལེན་པ་ནི་རྟགས་ཀྱི་བསྙེན་པའོ། །ཚུལ་ལམ་ཐབས་ཇི་ལྟར་ཉམས་སུ་བླངས་བ་ནི། དང་པོ་ཕྱི་ནང་གསང་བ་གསུམ་གྱི་མཚམས་བཅད་པ་དང༌། ཐ་མ་འཛབ་བགྲང་ཞིང་གྲུབ་རྟགས་ཐོན་ཐོན་གྱི་བར་དུ་ཉམས་སུ་ལེན་ཞིང་བསྙེན་པ་ལ་བྱའོ། །བསྙེན་པའི་ཡོན་ཏན་ནམ་འབྲས་བུ་བསྟན་པ་ནི། ལུས་ངག་ཡིད་གསུམ་གྱི་ཕྱག་རྒྱ་ཏིང་ངེ་འཛིན་སྙིང་པོའི་རྒྱུ་རུ་གྱུར་པས་ལས་དང་ཉོན་མོངས་པའི་སྡིག་སྒྲིབ་ཐམས་ཅད་བྱང་ཞིང་དག་ནས་ལྷའི་སྐུ་ཕྱག་རྒྱ་ཆེན་པོ་ཉམས་སུ་མྱོང་བའོ། །སྔོན་དུ་འགྲོ་བའི་རིམ་པའོ། །ཞེས་པ། སྔོན་འགྲོ་ཕྱིའི་བསྙེན་པ་དང༌། ནང་གི་བསྙེན་པ་གཉིས་ཀྱི་སྒྲུབ་པ་སྔོན་དུ་འགྲོ་བ་ལ་བྱའོ། །
ད་ནི་བསྒྲུབ་པ་སྟོན་ཏེ། དེ་ལ། སྒྲུབ་པ་ལུས་ངག་ཡིད་གསུམ་གྱིས། །སྐུ་གསུང་ཐུགས་སུ་བསྒྲུབ་པའོ། །ཞེས་པས། སྒྲུབ་པའི་དོན་བརྒྱད་དེ། སྒྲུབ་པའི་རྒྱུ་དང། ངོ་བོ་དང༌། ངེས་ཚིག་དང༌། དབྱེ་བ་དང༌། གང་བསྒྲུབ་པ་དང༌། གང་གིས་བསྒྲུབ་པ་དང༌། ཚུལ་ལམ་ཐབས་ཇི་ལྟར་བསྒྲུབ་པ་དང༌། སྒྲུབ་པའི་འབྲས་བུ་བསྟན་པའོ། །དེ་ལས་བསྒྲུབ་པའི་རྒྱུ་ནི། སྒྲུབ་པ་ལུས་ངག་ཡིད་གསུམ་གྱིས། །ཞེས་པས། སྒྲུབ་པ་པོ་དེ་ཉིད་ཀྱི་ལུས་ངག་ཡིད་གསུམ་གྱི་བསྙེན་པ་རྫོགས་ཤིང་དག་པ་དང་བཅས་པ་དེ་ཉིད་དོ། །ངོ་བོ་ནི་ལུས་ངག་ཡིད་གསུམ་གྱི་ལྟ་བའི་ངོ་བོར་གནས་པའོ། །ངེས་ཚིག་ནི། མཆོག་དང་ཐུན་མོང་གི་དངོས་གྲུབ་བསྒྲུབ་པའི་ཕྱིར་ན་བསྒྲུབ་པའོ། །དབྱེ་བ་ནི། སྐུ་གསུང་ཐུགས་སུ་བསྒྲུབ་པའོ། །ཞེས་པ། སྐུའི་བསྒྲུབ་པ་དང༌། གསུང་གི་བསྒྲུབ་དང༌། ཐུགས་ཀྱི་བསྒྲུབ་པའོ། །གང་བསྒྲུབ་ན། གནས་སྐབས་དང་མཐར་ཐུག་གི་དངོས་གྲུབ་བསྒྲུབ་པའོ། གང་གིས་བསྒྲུབ་ན་བསྒྲུབ་གཤེན་གྱིས་བསྒྲུབ་པའོ། །ཚུལ་ལམ་ཐབས་ནི། ལུས་ཕྱག་རྒྱ། ངག་བཟླས་བརྗོད། ཡིད་ཏིང་འཛིན་དང༌། འཕྲིན་ལས་གྱེར་ཆོག་ཡོ་བྱད་རྫས་རྣམས་ཀྱིས་སངས་རྒྱས་པའི་བསྒྲུབ་པའོ། །བསྒྲུབ་པའི་འབྲས་བུ་ནི། གནས་སྐབས་ཀྱི་འབྲས་བུ་མཐུ་བྱིན་ཆེ་བ། ཚེ་རིང་བ། རྫས་དང་འགབ་འཁོར་འཕེལ་བའོ། །མཐར་ཐུག་གི་འབྲས་བུ་ནི། སྐུ་མི་འགྱུར་བ་དང༌། གསུང་རང་བཞིན་མེད་པ། ཐུགས་མཉམ་པ་ཉིད་དང༌། ཡོན་ཏན་ཕུན་སུམ་ཚོགས་པའོ། །འཕྲིན་ལས་འགྲོ་དོན་མཛད་པ་སྟེ། བསྒྲུབ་པ་པོ་བདག་གི་ལུས་ངག་ཡིད་གསུམ་སྐུ་གསུང་ཐུགས་ཡེ་དག་ཆེན་པོ་རང་བཞིན་འདུ་འབྲལ་མེད་པ་ལྷུན་གྱིས་གྲུབ་ནས། འཁོར་བ་དོང་ནས་སྤྲུག བག་ཆགས་རྩད་ནས་བཅད། ཡེ་དག་རང་གྲོལ་ཆེན་པོ་བོན་གྱི་སྐུ་རུ་ལྷུན་གྱིས་གྲུབ་པའོ། །
ད་ནི་བསྙེན་སྒྲུབ་ཚིག་འགྲེལ་དུ་བཤད་ན་རྣམ་པ་བཞི་སྟེ། བསྙེན་པ་དང་ནི་ཉེ་བའི་བསྙེན་པ། སྒྲུབ་པ་དང་བསྒྲུབ་པ་ཆེན་པོ་བཞིའོ། །དེ་ལ་ཞི་ཁྲོ་ཕུར་པ་ཐམས་ཅད་ཀྱི་ཕོ་བྲང་དཀྱིལ་འཁོར་བྲིས་ནས་བསྙེན་པའི་གཞི་མ་གཞུག་ཅིང་རྒྱན་དགོད་པ་ཡན་ཆད་བསྙེན་པའི་བོན། ཏིང་ངེ་འཛིན་རྣམ་པ་གསུམ་ནས་དམ་བཅའ་ཡན་ཆད་ཉེ་བར་བསྙེན་པའི་བོན། ཕྱག་རྒྱ་གཞུང་བསྐྱེད་པ་ནས་ཚོགས་ལས་ཡན་ཆོད་བསྒྲུབ་པ། ཕོ་ཉ་བཅོལ་བསྐུལ་བྱ་བ་རྣམས་ནི་བསྒྲུབ་པ་ཆེན་པོའོ། །
ད་ནི་ལས་སྦྱོར་བསྟན་ཏེ། ལས་ཁ་འཕྲྀན་ལས་རྣམ་བཞི་ལ། །ཇི་ལྟར་མཐུན་པའི་བསྒྲུབ་པ་དགཙ༽ གདགས། །ཅེས་པ་ལ་བཞི་སྟེ། ལས་སྦྱོར་གྱི་ངོ་བོ་དང༌། ངེས་ཚིག་དང༌། དབྱེ་བ་དང༌། འབྲས་བུའོ། །དེ་ལ་ངོ་བོ་ནི་མདོ་དོན་ཉམས་སུ་ལེན་པའོ། །ངེས་ཚིག་ནི་གང་འདོད་པའི་ལས་ལ་སྦྱོར་བའོ། །དབྱེ་བ་ནི་འཕྲིན་ལས་རྣམ་བཞི་ཞེས་པ། ཞི་བའི་འཕྲིན་ལས་དང༌། དབང་གི་འཕྲིན་ལས་དང༌། དྲག་པོའི་འཕྲིན་ལས་དང༌། རྒྱས་པའི་འཕྲིན་ལས་དང་བཞིའོ། །དེ་ལ་ཞི་བ་ནི་བྱང་ཆུབ་གཙོར་ལེན་གྱི་སྒྲུབ་པའོ། །དབང་ནི་སློབ་མ་རྒྱུད་སྨིན་གྱི་སྒྲུབ་པ། དྲག་པོ་ནི་དགྲ་བགེགས་འདུལ་བའི་སྒྲུབ་པ། རྒྱས་པ་ནི་ཚེ་འདས་དོན་བྱེད་ཀྱི་སྒྲུབ་པ་སྟེ། ཇི་ལྟར་མཐུན་པའི་བསྒྲུབ་པའི་དགཙ༽ གདགས། །ཅེས་པའོ། །འབྲས་བུ་ནི་འགྲོ་དོན་བྱེད་པ་ལ་དགྲ་བགེགས་ཀྱིས་མི་ཚུགས་ཤིང་ཚེ་དང་དབང་ཐང་རྒྱས་ནས་གཡུང་དྲུང་གི་སྙིང་པོ་མྱུར་དུ་ཐོབ་པའོ། །མདོར་ན་ཕྱི་ནང་གསང་བའི་བོན། །རང་གི་རིག་པའི་ཡེ་ཤེས་ཡིན། །ཞེས་པ་རྟོགས་པའི་གནས་ལུགས་ལ་སྟོང་ཉིད་སྤྲོས་དང་བྲལ་བ་ཡིན་ལ། མ་རྟོགས་པའི་སྣང་བ་ལ་འཁྲུལ་བ་རང་རྒྱུད་དུ་སྣང་བ་ལ་བྱའོ། །
ད་ནི་མདོ་དོན་རྫོགས་པའི་མདོ་བསྡུ་བ་ནི། མདོ་དོན་རྩ་བར་དྲིལ་བ་ཡི། །ཞེས་པ། གསང་སྔགས་སྒྱུ་འཕྲུལ་ཐམས་ཅད་ཀྱི་མདོར་བསྡུས་ནས་དོན་བསྟན་པ་ཐམས་ཅད། གཞི་ལམ་འབྲས་བུ་ལས་སོགས་དོན་དྲུག་ཏུ་བསྟན་ནས་ཚིག་ཉུང་ལ་དོན་རྒྱས་པར་བསྟན་པའོ། །ཀུན་འདུས་རིན་ཆེ་རྩ་རྒྱུད་འདི། །ཞེས་པ། དོན་ཀུན་འདུས་པ་རིན་པོ་ཆེ་དང་འདྲ་བ། གསང་སྔགས་ཀུན་གྱི་རྩ་བ། ཀུན་ཏུ་བཟང་པོའི་ཐུགས་ལས་བརྒྱུད་པ་ལ་བྱའོ། །མ་འོངས་འཁོར་ལ་གདམས་པ་ཡི།ཙ༽ པའི་མདོ། །ཞེས་པ། ཕྱིས་འབྱུང་བསྟན་པ་སྐྱོང་བ་རྒྱུད་ལུང་མན་ངག་གསུམ་གྱི་སྣོད་དང་ལྡན་པའི་སློབ་མ། བསྟན་པ་འཛྀན་པའི་སྒྲུབ་གཤེན་རྣམས་ལ་གདམ་པ་ཡིན་ཏེ། གདམ་པའི་ལུགས་ནི་ས་རྡོའི་ནང་ནས་རིན་པོ་ཆེ་གདམ་པ་ལྟ་བུ། རིན་པོ་ཆེའི་ནང་ནས་གསེར་གདམ་པ་ལྟ་བུར་རྒྱུད་འདི་གཏད་པ་ལ་བྱའོ། །
རིན་པོ་ཆེ་རྩ་བ་ཀུན་འདུས་ཀྱི་རྒྱུད་ཆེན་པོ། །ཞེས་པ་མཚན་གྱི་དོན་རྫོགས་པ་ལ་བྱ། བྱིན་གྱི་རླབས་ཀྱིས་བཤད་པའོ། །ཞེས་པ། ལོངས་སྤྱོད་རྫོགས་པའི་སྐུའི་བཤད་པའི་ལུགས་ཚིག་གིས་བརྗོད་པ་མ་བཤད་དེ། ཐུགས་རྗེ་ཏིང་ངེ་འཛིན་གྱིས་བཤད་པའོ། །རྫོགས་སོ། །ཞེས་པ་དེ་ལས་བཤད་དུ་མེད་པ་ལ་བྱའོ། །
རྩ་རྒྱུད་ཀུན་འདུས་ཀྱི་འགྲེལ་བ་ཉི་ཟེར་དྲྭ་བ་ཞེས་བྱ་བ་པཎྜི་ཏ་ཆེན་པོ་ཁ་ཆེ་དཔལ་འབར་གྱང་ཏི་གསས་དང༌། ལོ་ཙཱ་བ་བོད་ཀྱི་བོན་པོ་གསས་མཁར་མེ་འབར་དང༌། བླ་ཆེན་པོ་དྲན་པ་ནམ་མཁའ་རྣམས་ཀྱིས་གཏན་ལ་ཕབ་ཅིང་བཤད་པའོ། །རྫོགས་སོ། །
སྒྱུ་འཕྲུལ་གྱི་བོན་ལ་ཤིན་ཏུ་སྦྱངས་པ། གྱེར་སྤུངས་ཆེན་པོ་མུ་ལ་རཌྣའི་ལུགས་སོ། །དེ་ལ་ཤང་པ་བྱང་གཏེར་གྱི་ཀུན་འདུས་རིན་ཆེན་རྩ་རྒྱུད་འགྲེལ་བ་དང་བཅས་པ་འདི། བསམ་ཡས་དཀོར་ཁང་ནས་ཨ་ཙ་ར་མི་གསུམ་གྱིས་གཏེར་ནས་ཐོན། དེ་ལ་བན་དེ་མི་གསུམ་གྱིས་ཞུས། དེ་ཡི་གཟེ་བོན་རྒུར་པོ་ལ། རྣེལ་བྱེད་ནེ་གུས་ཞུས། དེ་ལ་ཞང་མོ་སྒོམ་པ་རེང་མོས་ཞུས། དེ་ལ་རྨེང་རོག་དབལ་པོས་ཞུས། དེ་ལ་རྗེ་ལྷ་རི་གཉན་པོས་ཞུས། དེ་ལ་ཤང་པ་ཇོ་གཞོན་གྱིས་ཞུས། དེ་ལ་གཙང་པ་དཔལ་ཤེས་ཞུས། དེ་ལ་གཡོ་སྟོན་ནམ་མཁའ་རིན་ཆེན་གྱིས་ཞུས། དེ་ལ་ཞང་སྟོན་ཤེར་གཞོན་གྱིས་ཞུས། དེ་ལ་གཅོ་བོན་ཤེས་རབ་ཀྱིས་ཞུས། དེ་ལ་གཅོ་བཙུན་སྨོན་ལམ་བློ་གྲོས་ཀྱིས་ཞུས་སོ། །
ཡང་གཡོ་སྟོན་ཆེན་པོ་ནམ་མཁའ་རིན་ཆེན་གྱི་དྲུང་དུ། བཀའ་རྒྱུད་ཆེན་པོ་འདི་ཞང་སྟོན་ཤེར་གཞོན་གྱིས་ཞུས། དེ་ལ་གཤེན་བཙུན་ཐམས་ཅད་མཁྱེན་པ་ཡེ་ཤེས་བློ་གྲོས་ཀྱིས་ལུང་དང་བཅས་པ་ཞུས། དེ་ལ་ཅོ་བཙུན་སྨོན་ལམ་བློ་གྲོས་བདག་གིས། དཔེ་དབང་རྗེས་གནང་དང་བཅས་པ་ཞུས། དེ་ལ་སུམ་སྟོན་ལྷ་ཡི་བློ་གྲོས་ཀྱིས་ཞུས་ནས་བཤད་ཅིང་བཀྲལ། བསམ་ཡས་དཀོར་ཁང་ནས་ཨ་ཙཱ་ར་མི་གསུམ་གྱིས་གཏེར་ནས་ཐོན་ཏེ། གཟེར་བན་རྒུར་པོའི་ཕྱག་ཏུ་བབ་པའི་བཀའ་བྱང་གཏེར་མར་གྲགས་པའི་སྡེ་ལགས་སོ། །རྩ་རྒྱུད་འདི་ལ་འགྲེལ་བ་རྒྱས་འབྲིང་བསྡུས་གསུམ་བཞུགས་པའི་འདི་འགྲེལ་བ་འབྲིང་པོ་ལགས་སོ།། །།
གཡུང་དྲུང་བོན་གྱི་སྒྲུབ་གནས་ཁག་གི་ངོ་སྤྲོད་དམར་མོའི་མཛུབ་ཁྲིད།