བསྙེན་པའི་གཞི་མ་སྒོ་དགུ་དང།
སྒྲུབ་པའི་ཡན་ལག་བཅོ་བརྒྱད།
ལས་ཀྱི་མཐའ་བསྒྱུར་མཆོང་ཆེན་སྡེ་དགུའོ།།
༸ བསྙེན་པའི་ག༵ཞི་མ༵་སྒོ་དགུ་ནི།
སྔོན་འགྲོ་ཕྱི་ཡི་བསྙེན་པ་གསུམ་དང།
ཉེ་བ་ནང་གི་བསྙེན་པ་གསུམ།
བཅའ་གཞི་ལས་རིམ་གྱི་བསྙེན་པ་གསུམ་བཅས་སོ།།
དང་པོ། སྔོན་འགྲོ་ཕྱི་ཡི་བསྙེན་པ་གསུམ་ནི།
དཔོན་གསས་ལྷ་ལ་བསྙེན་པ་དབང་དང་བྱིན་རླབས་ཀྱི་ག༵ཞི་མ༵།
མཚན་ལྡན་གྲོགས་ལ་བསྙེན་པ་དམ་ཚིག་སྲོག་གི་ག༵ཞི་མ༵།
རིགས་ལྡན་གནས་ལ་བསྙེན་པ་བཀྲ་ཤིས་རྟེན་གྱི་ག༵ཞི་མ༵འོ།།
གཉིས་པ། ཉེ་བ་ནང་གི་བསྙེན་པ་གསུམ་ནི།
ཡོ་བྱད་རྫས་ལ་བསྙེན་པ་འདོད་དགུ་ལོངས་སྤྱོད་ཀྱི་ག༵ཞི་མ༵།
ཐར་གླུད་བསྐང་ལ་བསྙེན་པ་སྡེ་བརྒྱད་ཞི་བྱེད་ཀྱི་ག༵ཞི་མ༵།
ཕྱི་རྟེན་སྐོས་ལ་བསྙེན་པ་རྒྱལ་བ་ལྷ་ལྡན་གྱི་ག༵ཞི་མ༵།
གསུམ་པ། བཅའ་གཞི་ལས་རིམ་གྱི་བསྙེན་པ་གསུམ་ནི།
སྲུང་བ་མཚམས་ཀྱི་བསྙེན་པ་བར་ཆད་ཞི་བྱེད་ཀྱི་ག༵ཞི་མ༵།
དཀྱིལ་འཁོར་བཅའ་གཞིའི་བསྙེན་པ་རྒྱལ་བ་ལྷ་གདན་གྱི་ག༵ཞི་མ༵།
སྒོ་དབྱེ་བསྲེ་བསྣན་གྱི་བསྙེན་པ་ལྷ་དང་གཉིས་མེད་ཀྱི་ག༵ཞི་མ༵འོ།།
༸ སྒྲུབ༵་པ༵འི་ཡན་ལག་བཅོ་བརྒྱད་ནི།
དཀྱིལ་འཁོར་གཞི་ཡི་སྒྲུབ་པ་དྲུག་དང།
ངོ་མཚར་ལམ་གྱི་སྒྲུབ་པ་དྲུག
འབྲས་བུ་དབང་གི་སྒྲུབ་པ་དྲུག་བཅས་སོ།།
དང་པོ། དཀྱིལ་འཁོར་གཞི་ཡི་སྒྲུབ་པ་དྲུག་ནི།
བར་མཚམས་དོན་གྱི་སྒྲུབ༵་པ༵་བདག་ཉིད་དཀྱིལ་འཁོར་གྱི་སྒྲུབ་པ།
ཙཀླི་བཀོད་པའི་སྒྲུབ༵་པ༵་འཕྲོ་འདུ་འོད་ཀྱི་དཀྱིལ་འཁོར་གྱི་སྒྲུབ་པ།
རང་གྲོལ་གདན་གྱི་སྒྲུབ༵་པ༵་ཨུ་དུག་སད་ཀྱི་དཀྱིལ་འཁོར་གྱི་སྒྲུབ་པ།
སྤྱན་དྲངས་ཡེ་ཤེས་ཀྱི་སྒྲུབ༵་པ༵་ཡེ་ཤེས་སེམས་དཔའི་དཀྱིལ་འཁོར་གྱི་སྒྲུབ་པ།
ཕྱག་འཚལ་མོས་འདུན་གྱི་སྒྲུབ༵་པ༵་གཉིས་སུ་མེད་པའི་དཀྱིལ་འཁོར་གྱི་སྒྲུབ་པ།
གཅུག་དག་བཤཌ་པའི་སྒྲུབ༵་པ༵་འཁྲུལ་མེད་ཡེ་རྟོཌ་དཀྱིལ་འཁོར་གྱི་སྒྲུབ་པ་དང་དྲུག་གོ།།
གཉིས་པ། ངོ་མཚར་ལམ་གྱི་སྒྲུབ་པ་དྲུག་ནི།
གསང་མཚམས་བྱིན་འབེབས་ཀྱི་སྒྲུབ༵་པ༵་ངོ་མཚར་ལྷ་ལ་བསྟིམ།
འཕྲོ་འདུ་གསང་བའི་སྒྲུབ༵་པ༵་མཁའ་དབྱིངས་ཀྱི་གསས་མཁར་སྦྲེལ་པ།
ཕྱག་རྒྱ་སྐུ་བསྟོད་ཀྱི་སྒྲུབ༵་པ༵་སྣོད་བཅུད་ལྷ་རུ་རོལ་བ།
ཕོ་ཉ་གཞེན་འདེབས་ཀྱི་སྒྲུབ༵་པ༵་ཉོན་མོངས་པ་གནས་སུ་སྒྲོལ་བ།
ཁྲོ་བོ་རྟགས་ཀྱི་སྒྲུབ༵་པ༵་མཚན་དང་དཔེ་བྱད་ཀྱི་འབྲུ་གཞོམ་པ།
དངོས་སྒྲུབ་ལྷ་ཡི་ཡང་སྙིང་གི་སྒྲུབ༵་པ༵་བདག་ཞལ་བདག་གིས་ལྟ་བ་དང་དྲུག་གོ།།
གསུམ་པ། འབྲས་བུ་དབང་གི་སྒྲུབ་པ་དྲུག་ནི།
གཞི་སྙིང་དམ་བཅའི་སྒྲུབ༵་པ༵་མཐོང་བ་བདག་ལ་དབབ་པ།
ཕུད་གཏའ་ཆེན་གྱི་སྒྲུབ༵་པ༵་ཟད་མེད་གཏེར་དུ་བཞག་པ།
དམར་ལམ་ཟོར་གྱི་སྒྲུབ༵་པ༵་དམག་དཔུང་དགྲ་ལ་སྟོན་པ།
གཟིར་གནོན་བྲོ་ཡི་སྒྲུབ༵་པ༵་རྗེས་ཤུལ་ལྷ་བྲོས་མནན་པ།
ཕྱྭ་ཚེ་གཡང་གི་སྒྲུབ༵་པ༵་གཡུང་དྲུང་ལང་ཚོ་བདག་ལ་སྒྲུབ་པ།
དབྱེ་བསྡུ་རྒྱུན་གྱི་སྒྲུབ༵་པ༵་གསས་མཁར་དོན་ལ་སྟོན་པ་དང་དྲུག་གོ།།
༸ ལས་ཀྱི་མཐའ་བསྒྱུར་མཆོང༵་ཆེན་སྡེ་དགུ་ནི།
ཡེ་ཤེས་རྩེ་རྒྱལ་ལྟ་བའི་མཆོང༵་།
ཐིག་ལེ་དགུ་པ་ཉམས་ཀྱི་མཆོང༵་།
འོད་ཟེར་འཁྱིལ་བ་སྨན་གྱི་མཆོང༵་།
མགུ་ཡ་གཏིང་རྫོགས་དབང་གི་མཆོང༵་།
ལས་གཞི་རྒྱུན་ལྔ་སྦྱིན་སྲེག་གི་མཆོང༵་།
ཉི་ཟེར་ཞགས་པ་འདུར་གྱི་མཆོང༵་།
དབལ་མོ་ལས་ཐིག་མཐུ་ཡི་མཆོང༵་།
མཁའ་ཀློང་རབ་འབྱམས་བསྐང་བའི་མཆོང༵་།
པྲ་རྟགས་གསལ་བ་མེ་ལོང་གི་མཆོང༵་དང་དགུའོ།།
གོང་གསལ་བསྙེན་སྒྲུབ་ལས་གསུམ་དེ་རྣམས་ཀྱི་ངེས་པ་བསྟན་པ་ནི།
བསྙེན་པའི་གཞི་མ་མ་མཐོང་ན།།
གཞི་རྨེང་མེད་པའི་མཁར་ལེན་དང།།
སྐྱབས་མགོན་མེད་པའི་ཁས་དྲག་འདྲ།།
བཀའ་ལུང་མ་གནང་ཁྲིམས་ལས་འདྲ།།
སྒྲུབ་པའི་ཡན་ལག་མ་ཚང་ན།།
རྒྱུ་རྐྱེན་མ་ཚང་བྱ་བ་དང།།
ཚོང་མེད་ཚོང་ལ་ནོར་ཚོལ་དང།།
དཔུང་མེད་དམག་གི་དེད་དཔོན་འདྲ།།
ལས་ཀྱི་མཐའ་བསྒྱུར་མ་ཤེས་ན།།
ཚགས་སུ་མ་ཚུད་ལོ་ཏོག་དང།།
གྲབས་སུ་མ་ཞུགས་དགོས་དོན་དང།།
བང་མཛོད་མ་ཕྱིན་ནོར་ཟས་འདྲ།།
༡༩༩༨ ཟླ་ ༡༡ ཚེས་ ༧ ཉིན་བྲིས་པ་ཞིག་ལ་ཅུང་ཁ་སྣོན་དང་བཅས་བཀོད་པའོ།། ཐ་ཚན་མུ་ཙུག་སྨར་རོ།།
དགེ་བཤེས་སྨོན་ལམ་མཐར་ཕྱིན་གྱི་ཟིན་བྲིས་གཏོ་ཡི་བཀའ་སྒྲོམ་ལས་དྲངས།