སངས་རྒྱས་གཤེན་རབ་མི་བོའི་འཁྲུངས་ཡུལ་སྐོར་ལ་རོབ་ཙམ་དཔྱད་པ།

གངས་སེང་།
གསང་སྔགས་འཆང་བ་གཡུང་དྲུང་བོན་གྱི་ལོ་རྒྱུས་རྣམས་སུ་དག་ཞིང་འོལ་མོ་ལུང་རིང་ཞེས་པ་ཞིག་འཇིག་རྟེན་འདིའི་ཁམས་སུ་ཡོད་པ་དང་། དེར་སྤྱི་ལོའི་སྔོན་གྱི་ལོར་༼༡༦༠༡༧༽སངས་རྒྱས་གཤེན་རབ་མི་བོ་སྐུ་འཁྲུངས། ཁོང་གིས་མཛད་ཆེན་བཅུ་གཉིས་དང་མཛད་ཕྲན་དྲུག་བཅུའི་ཚུལ་བསྟན་ཏེ་མཐར་གཤེན་ལོ་བརྒྱད་ཅུ་གྱ་གཉིས་མི་ལོ་བརྒྱད་སྟོང་ཉིས་བརྒྱ་ལ་མྱ་ངན་ལས་འདས་པར་བཤད་པས་དེ་ དག་གི་ཚུལ་ཀུན་མཁྱེན་ཤར་རྫ་པའི་གསུང་འབུམ་དང་། སྐྱབས་རྗེ་ཡོངས་འཛིན་རིན་པོ་ཆེའི་གསུང་འབུམ་དག་ལ་གཟིགས་ན་ཞིབ་ཕྲར་མཁྱེན་ཐུབ། དེ་ནི་ཐེག་པ་ཆེན་པོ་བསམ་ཀྱིས་མི་ཁྱབ་པའི་བློ་ཡི་འཁྱེར་སོ་ལ་གཞིགས་ན་མི་ སྲིད་པ་དང་མི་འོས་པ་གཏན་ནས་མིན། སྟོན་པ་མཆོག་གི་སྤྲུལ་སྐུ་འཇིན་རྟེན་ཁམས་སུ་སྐྱེ་བ་བཞེས་པའི་སྐབས་སུ་གང་ཟག་ཕལ་པ་དང་གཏན་ནས་མི་འདྲ་བ་དང་། དེ་དག་གི་བསམ་ཚུལ་ལས་འདས་པའི་མཛད་འཕྲིན་ཞིག་སྐྱོང་རྒྱུ་ཡོད་དགོས་པ་དོན་ དངོས་ཡིན། ས་ཐོབ་འཕགས་པ་ལའང་སྐད་ཅིག་གཅིག་ལ་སྤྲུལ་པ་བརྒྱ་ཕྲག་བཅུ་གཉིས་ལ་སོགས་པའི་ཡོན་ཏན་ཡོད་པར་བཤད་པ་དེ་དག་སྐྱེ་བོ་ཕལ་པའི་བློ་ཡུལ་ལས་འདས་ཀྱང་ཐེག་པ་ཆེན་པོའི་རིགས་ཅན་རྣམས་ཀྱིས་ངེས་པར་དུ་འདོད་ཀྱིན་ཡོད།
ཚངས་རྒྱུང་འཇིག་རྟེན་ གྱི་བཀོད་པ་བཤད་པའི་སྐབས་སུ་རི་རབ་ཀྱི་བང་རིམ་རྣམས་རི་རབ་ཀྱི་སྟེང་ནས་མར་ཡོད་པ། དེ་་ནས་ཕར་འཕར་ཞིང་མར་ཆེར་ཕྱིན་པ་དང་། རི་རབ་ཕྱེད་ནས་ཕར་འཕར་ཞིང་། དེ་ནས་ཡར་ཆེར་སོང་བ་དང་། བང་རིམ་རྣམས་ཆུ་མཚམས་ནས་ཡར་ཡོད་པ་དང་། རི་རབ་རྩེ་ནས་མར་ཡོད་པ། དབྱིབས་ཀྱང་ཟླུམ་པོ་དང་གྲུ་བཞི་སོགས་གཞུང་ལུགས་རྣམས་སུ་མི་འདྲ་བ་དུ་མར་བཤད་པ་དག་འགལ་འདུ་མ་ཡིན་པར་སེམས་དཔའ་འཕགས་པའི་རྗེས་ཐོབ་ཀྱི་སྣང་ཚུལ་ལ་ཅི་ཡང་ འབྱུང་ཆོག་པ་བཞེད་ཀྱིན་ཡོད། དེར་མ་ཟད་གཙང་མ་རིགས་ལྔའི་གནས་སུ་དག་པའི་ཞིང་ཁམས་རེ་ཡོད་པ་དང་། དེར་ལོངས་སྤྱོད་རྫོགས་སྐུ་བཞུགས་ནས་འཁོར་གཡུང་དྲུང་སེམས་དཔའ་འཕགས་པ་ཤ་སྟག་དང་། སྟོན་འཁོར་དེ་དག་གིས་ཐེག་པ་ཆེན་པོའི་བོན་ཏིང་ངེ་འཛིན་ཁོ་ནའི་སྒོ་ནས་ཉན་བཤད་མཛད་པར་གསུངས། དེར་བརྟེན་འཇིག་རྟེན་འདིའི་ཁམས་སུ་ཐུན་མོང་གི་སྤྱོད་ཡུལ་དུ་མ་གྱུར་པའི་དག་ཞིང་ཞིག་ཡོད་པ་དང་། དེ་ནི་དད་པའི་སྣང་ངོར་ཙམ་མ་ཡིན་པར་ལས་དག་པའི་སེམས་དཔའ་རྣམས་ཀྱི་སྤྱོད་ཡུལ་དུ་བཞེད་ན་ཐེག་པ་ཆེན་པོའི་ལུགས་ལ་དོན་གྱི་ཆ་ནས་འགལ་བ་གང་ཡང་མེད་པ་མ་ཟད། མཆོག་གི་སྤྲུལ་སྐུའི་འདུལ་ཞིང་ལ་དག་པ་དང་མ་དག་པ་ཅི་རིགས་དང་། བོན་འཁོར་བསྐོར་སའི་གནས་ཀྱང་མི་ཡུལ་གཅིག་པུ་མ་ཡིན་པར་ལྷ་ཀླུ་མི་ཡི་གནས་རྣམས་སུ་གདུལ་བྱ་སྣ་ཚོགས་པ་ལ་བོན་གྱི་འཁོར་ལོ་གཅིག་ཁོ་ནར་མ་ངེས་པར་འགྲོ་བ་ གང་ལ་གང་འདུལ་གྱི་བོན་གསུང་པར་འདོད་ཀྱིན་ཡོད། སངས་རྒྱས་གཤེན་རབ་མི་བོ་ཁོང་གི་སྐྱེ་བ་སྔ་མ་རྣམས་སུ་ཚོགས་བསགས་སྒྲིབ་པ་ སྦྱངས་ཚུལ་དང་། ས་ལམ་བགྲོད་ཚུལ། འཇིག་རྟེན་ཁམས་སུ་སྐུ་སྐྱེ་བ་བཞེས་ཚུལ། སྐུ་ཡི་འཁྲུངས་ཡུལ། སྐུ་ཚེའི་ཚད། མཛད་པ་མཛད་ཚུལ་རྣམས་ལོ་རྒྱུས་རྣམས་ལས་བཤད་སྟངས་མི་འཐུན་པ་དུ་མ་ཞིག་ཡོད།
དེ་དག་ཀུན་ཐེག་པ་ཆེན་པོ་ བ་རྣམས་ཀྱིས་གཟིགས་ཚུལ་ལ་འགལ་འདུའི་གནས་མ་ཡིན་པ་མ་ཟད། ཁོང་སངས་རྒྱས་སྤྲུལ་པའི་སྐུ་ཞིག་ཡིན་པའི་དན་རྟགས་ཞིག་ཡིན་པ་བཞེད་ཀྱིན་འདུག་ སྟེ། རྩེ་འབུམ་གྱི་ལུང་མཁས་མཆོག་སྒ་སྟོན་གྱི་ཐེག་འགྲེལ་དུ་དྲངས་པ་ལས། སྣ་ཚོགས་སུ་འཆར་བའི་ཕྱིར། སྤྲུལ་པའི་སྐུ་ཞེས་བྱའོ། ཞེས་དང་། རྗེ་རིན་པོ་ཆེའི་འདུལ་འགྲེལ་ལས། འཕྲིན་ལས་རྒྱ་མ་ཆད་པར་བསྟན་པའི་ཆེད་དུ། ལོ་རྒྱུས་མི་མཐུན་པ་ལ་སོགས་མང་དུ་བྱུང་ངོ་། ཞེས་གསུངས་སོ། དེ་ལྟར་ཐེག་ཆེན་པས་བཤད་སྟངས་དེ་དག་ད་ལྟའི་དངོས་གཙོ་རིག་པ་བས་དད་པའི་སྣང་ ངོར་གྲུབ་པའམ་ལྷ་སྒྲུང་ཞེས་བཤད་ཀྱིན་ཡོད། ལོངས་སྤྱོད་རྫོགས་སྐུ་ཀུན་སྣང་ཁྱབ་པ་ནི་ཐུགས་ཉིད་སྤྲོས་བྲལ་བོན་སྐུ་བདེ་ ཆེན་ལས་མ་གཡོས་པར་ཞབས་སྐྱིལ་ཀྲུང་ཕྱག་མཉམ་བཞག་གིས་བཞུགས་པའི་སྐུ་ཡི་གནས་ རྣམས་སུ་འཛམ་གླིང་བྱེ་བ་ཕྲག་བརྒྱ་སོགས་ཚངས་རྒྱུང་གྲངས་འདས་ཆགས་པར་གསུངས་པ་ སོགས་ཐེག་པ་ཆེན་པོའི་ལུགས་ཀྱི་བཞེད་སྟངས་དེ་དག་ང་ཚོ་གང་ཟག་ཐ་མལ་པའི་མཐོང་ ཡུལ་དུ་མ་གྱུར་པར་རྒྱུ་མཚན་དུ་བཟུང་ནས་དེ་རྣམས་དད་པས་བློ་བཟོ་བྱས་པ་ཙམ་ལས་ མེད་པར་འདོད་པ་ནི་དཔྱད་བློ་སྦུགས་ཆུང་དང་། ཡང་ན་ཕྱི་རོལ་རྒྱང་འཕེན་པའི་རྗེས་སུ་འབྲེང་འདོད་ཙམ་ལས་གཞན་པའི་རྒྱུ་མཚན་ འགའ་ཡང་མེད། གཞན་དག་ཕར་ཟད་སངས་རྒྱས་ཨ་མའི་གློ་གཡས་ནས་འཁྲུངས་པར་བཤད་པ་དེ་ཙམ་ཁ་ཐུག་ཏུ་ ཁས་ལེན་ཐུབ་པ་དཀར་བར་སྣང་། དེར་བརྟེན་ཐེག་པ་ཆེན་པོའི་བཞེད་ལུགས་སངས་རྒྱས་ཀྱི་མཛད་འཕྲིན་དེ་དག་ལ་ཧ་ལས་ ཧང་སངས་དགོས་དོན་གང་ཡང་མེད།
སངས་རྒྱས་གཤེན་རབ་མི་ བོའི་འཁྲུངས་ཡུལ་ནི་འོལ་མོ་ལུང་རིང་ཡིན་པ་མཁས་པ་ཀུན་གྱི་མཐུན་སྣང་ཚད་གྲུབ་ ཡིན་ནའང་། འོལ་མོ་ལུང་རིང་དེ་ཡུལ་གང་དུ་ཡོད་མེད་ལོ་རྒྱུས་རྣམས་སུ་བཤད་སྟངས་སྣ་ཚོགས་ སུ་ཡོད་པའི་དབང་གིས་འདོད་ཚུལ་ཡང་སྣ་ཚོགས་སུ་སྣང་། འོན་ཀྱང་འོད་སྣང་འབར་ཞིང་སྲིད་ནས་རྙེད་པར་དཀའ་བའི་ལོ་རྒྱུས་རྙིང་པ་རྣམས་སུ་ ནན་གྱིས་དཔྱད་ན་འོལ་མོ་ལུང་རིང་ཟེར་བ་དེ་གཅིག་ཁོ་ནར་ཡིན་པའི་བསམ་ཚུལ་དེ་ བསྒྱུར་བཅོས་མ་བྱས་ཁག་མེད་ཅིག་ཐུག་ཡོད། དེ་ཡང་སངས་རྒྱས་ཀྱི་མཛད་མདོ་བསྡུས་པ་མདོ་འདུས་སོགས་ལ་གཞིགས་ན་བར་སྣང་ལའང་ འོག་མིན་ས་བཅུ་འོལ་མོའི་གླིང་ཟེར་བ་ཞིག་ཡོད་པར་མངོན་ཐུབ་པ་ནི། དེ་ཉིད་ལས། འོག་མིན་ས་བཅུ་འོལ་མོའི་གླིང་། སྐུ་གསུམ་ཞིང་ཁམས་བསམ་མི་ཁྱབ། ཅེས་སོ། དེའི་ཚུལ་ཅུང་ཟད་གསལ་བཤད་ཡོད་པ་ཞིག་ནི། བསྒྲགས་པ་གླིང་གྲགས་(མཛད་པ་པོ། དྲན་པ་ནམ་མཁའ། དུས་རབས། 8 གངས་ཏི་སེ་བོན་གཞུང་རིག་མཛོད། མི་རིགས་དཔེ་སྐྲུན་ཁང་། ཤོག་ངོས། 91)ལས། “ངོ་ མཚར་བསྒྲགས་སུ་རུང་བ་ནི། འཛམ་བུ་གླིང་གི་དབུས་དཀྱིལ། ཐད་ཀྱི་ནམ་མཁའ་ལ་གངས་ཏི་སེ་ཡོད། དེའི་ཤར་ན་མཚོ་མ་པང་ཡོད། དེ་གཉིས་ནམ་མཁའ་ལ་ཡོད། དེ་ཡང་གངས་ཏི་ཙེའི་རྩ་བ། ཨར་མོ་ལི་ཀའི་རྡོ་དང་མཉམ། རྩེ་མོ་བསམ་གཏན་བཞི་པའི་ཐད་ན་འདུག དེ་ལྟར་གྱི་གངས་ཏི་ཙེ་དང་མཚོ་དེ། བསྐལ་པ་འཇིག་དུས་ཀྱང་། ཟོ་བ་གཡང་ལ་བཏག་པ་ལྟར་གནས་སྟེ། མེ་ཆུ་རླུང་གསུམ་གྱིས་མི་ཤིག་བརྟན་པའི་གཡུང་དྲུང་ངོ་།” ཞེས་དང་། (ཤོག་ངོས། 92)ལས། “དེ་ལྟར་བར་སྣང་ལ་གནས་པའི་རི་བྲག་མཚོ་གླིང་འཚེའུ་རྣམས་ནི། སྒྲིབ་པ་བྱང་བ་རྫུ་འཕྲུལ་གྱི་ཞབས་ཡོད་པ་མིན་པས་མི་མཐོང་ངོ་།” ཞེས་བཤད།
དེ་ལྟར་ལོ་རྒྱུས་རྣམས་སུ་ འཛམ་གླིང་འདི་དང་ས་འབྲེལ་ཡོད་པའི་དག་ཞིང་འོལ་མོ་ལུང་རིང་དང་། བར་སྣང་ལ་ཡོད་པའི་འོལ་མོ་ལུང་རིང་དང་། ཞང་ཞུང་འོལ་མོ་ལུང་རིང་དང་གསུམ་བཤད་འདུག་པས་དེ་གསུམ་ནང་ཕན་ཚུན་མ་འཁྲུགས་པར་ དགོས་ཀྱི་འདུག དེ་དག་ལ་ཡོད་པའི་རི་མཚོ་སོགས་ཀྱི་གནས་སྟངས་ཕལ་ཆེར་གཅིག་མཚུངས་ཡིན་པ་མ་ཟད། དེ་གསུམ་ཀ་དུས་གསུམ་སངས་རྒྱས་ཀྱི་འབྱུང་གནས་དང་། སངས་རྒྱས་ཀྱི་བསྟན་པའི་གནས་གཞི་ཡིན་ཚུལ་གཅིག་མཚུངས་སུ་བཤད་འདུག རིག་པ་མདའ་བསྣུན་གྱི་ལུང་གླེང་གཞི་བསྟན་པའི་བྱུང་ཁུངས་སུ་དྲངས་པ་(རྩོམ་པ་པོ། ཁྱུང་པོ་བློ་གྲོས་རྒྱལ་མཚན། རྩོམ་ལོ། 1319 གངས་ཏི་སེ་བོན་གཞུང་རིག་མཛོད། མི་རིགས་དཔེ་སྐྲུན་ཁང་། ཤོག་ངོས། 370)ལས། “འོག་མིན་དག་པའི་འོལ་མོ་ལུང་རིང་དང་། འདུས་མ་བྱས་པའི་འོལ་མོ་ལུང་རིང་དང་། འདུས་བྱས་འོལ་མོ་ལུང་རིང་དང་།” ཞེས་པས་དང་པོ་ནི། གོང་གི་མདོ་འདུས་དང་བསྒྲགས་པ་གླིང་གྲགས་ལས་གསུངས་པ་དེ་ཡིན། གཉིས་པ་ནི། ནུབ་ཕྱོགས་བདེ་བ་ཅན་གྱི་ཞིང་ཁམས་སམ་དག་ཞིང་འོལ་མོ་ལུང་རིང་ལ་དགོངས་པར་སེམས། ཕྱི་མ་འདི་བོད་ཡུལ་གྱི་གངས་ཏི་སེ་ལ་བཤད་པར་སྙམ། གཞུང་འདིའི་རྩོམ་པ་པོའི་གསུངས་སྟངས་ལ་གཞིགས་ན་གངས་ཏི་སེའི་ཕྱོགས་སུ་འོལ་མོ་ ལུང་རིང་ཡོད་པའི་དགོངས་གཞི་འདུག་སྟེ། དེ་ཉིད་(ཤོག་ངོས། 373)ལས། “སྟག་ གཟིག་ཡུལ་གྱི་འོལ་མོ་ལུང་རིང་ནས་འབབ་པའི་ཆུ་བོ་ཆེན་པོ་བཞི་ཡང་། ད་ལྟ་ལྡོམ་བུ་བ་རྣམས་ཀྱིས་མཐོང་བར་ཡོད། པག་ཤུ་དང་ན་ར་ལ་སོགས་པ་ཉི་མ་དྲུག་རེའམ་གསུམ་རེ་ཙམ་གྱིས་ཆོད་པའི་ཆུ་བོ་ཆེན་ པོ་བཞི་སྟག་གཟིག་ནས་འབབ་པར་གཟིགས། དེ་ནས་རྒྱ་གར་ཡུལ་ནས་བབས་པར་བཤད་པས་དེ་རྟགས་མངོན་སུམ་དུ་ཡོད་པའོ།” ཞེས་པས་རྒྱ་གར་ནས་འབབ་པའི་ཆུ་བོ་བཞིའི་བརྒྱུད་ནས་ཡར་ཕྱིན་པས་དག་ཞིང་རྟག་ གཟིགས་འོལ་གླིང་ལ་མི་ཐུག་པར་གངས་ཏི་སེ་ལ་ཐུག་པར་མངོན་སུམ་གྱིས་གྲུབ། དེ་ནས་ཁོང་གིས་རྒྱ་གར་ནས་བབས་པའི་ཆུ་བཞིའི་འགོར་ཡོད་པའི་སྟག་གཟིག་འོལ་མོ་ ལུང་རིང་ཞེས་པ་དེ་བོད་ཡུལ་གྱི་གངས་ཏི་སེ་ལ་བཞེད་པ་མིན་ནམ་སྙམ་པའི་དྭོགས་པ་ ཞིག་ངང་གིས་བྱུང་།
འདིར་དཔྱད་དགོས་པ་ཞིག་ལ་“སྟག་གཟིག་”ཅེས་སྨོས་པས་གངས་ཏི་སེ་ནས་རྒྱ་གར་ལ་བབས་པའི་ཆུ་བོའི་བརྒྱུད་ན་“སྟག་གཟིག་”ཅེས་ པའི་ཡུལ་ཞིག་ཡོད་པ་གོ་ཐོས་མེད་པ་དེ་རེད། འོན་ཀྱང་བསམ་གཞིགས་བྱེད་དགོས་པ་ཞིག་ནི་བོད་ཀྱི་ནུབ་ཕྱོགས་སུ་ཡོད་པའི་ཡུལ་ སྡེ་འགའ་ལ་སྟག་སྡེ་དང་གཟིག་འཕེན་ཞེས་འབོད་དུ་ཡོད་པས་དེ་དག་གི་བསྡུས་མིང་ ཡིན་ཡང་སྲིད་པ་དང་དེ་དང་ཞང་ཞུང་འོལ་མོ་ལུང་རིང་དང་ས་འབྲེལ་ཡོད་པར་བཞེད་པའང་ ཡིན་སྲིད། འོལ་ལུང་དང་པོ་གཉིས་ནི་ཐུན་མོང་མ་ཡིན་པ་ཐེག་པ་ཆེན་པོ་རྣམས་ཀྱི་བཞེད་སྟངས་ ཡིན་པས་འགྲོ་བ་ཕལ་པའི་མཐོང་ཡུལ་དུ་མ་གྱུར་པས་འདིར་དངོས་ཐོག་བདེན་འཚོལ་གྱི་ སྐབས་སུ་དེ་ཙམ་གལ་ཆེན་མིན་པས་འདིར་ཞིབ་པར་མི་གླེང་། ཕྱི་མ་འདི་ནི་ང་ཚོ་བོད་ཀྱི་རིག་གནས་ཡོངས་རྫོགས་ཀྱི་ཕུགས་རྩའམ་འབྱུང་ཁུངས་ ཡིན་པ་མ་ཟད། རྒྱ་གར་ཧིན་དྷུའི་ཆོས་ཀྱི་འབྱུང་གནས་ངོ་མ་དེ་ཡང་རེད་འདུག འདིའི་ཚུལ་ང་ཚོས་རྩལ་དུ་བཏོན་ནས་ཡག་པོ་ཞིག་བཤད་ཐུབ་ན་ང་ཚོའི་བོད་ཀྱི་ཆོས་ དང་རིག་གནས་ལོ་རྒྱུས་རྣམས་ཐོག་མའི་དུས་ནས་བོད་མི་རང་གིས་གཏན་ལ་ཕབས་པ་དང་བར་ དུ་བོད་མི་རང་གིས་འཛིན་སྐྱོང་བྱས་པའི་གྲུབ་འབྲས་ཞིག་སྟེ་བོད་རང་གི་ས་སྐྱེས་ རྡོ་སྐྱེས་ཀྱི་རིག་གནས་བླ་ན་མེད་པ་ཞིག་ཡིན་པ་ལས་ཕྱི་ནས་ནང་འདྲེན་བྱས་པ་ལྟ་ བུ་མ་ཡིན་པར་ཤེས་དགོས་པ་དེ་རེད་། ལྷག་པར་དུ་ད་ལྟ་དུས་རབས་ཉེར་གཅིག་པའི་སྐབས་སུ་ང་ཚོའི་རིག་གཞུང་འཇིག་ལ་ཉེ་ བའི་གནས་སྟངས་ཛ་དྲག་ཆེ་ཏིག་འདིར་བོད་ཀྱི་ས་སྐྱེས་རྡོ་སྐྱེས་ཀྱི་རིག་གནས་ནི་ ཧ་ཅང་གལ་ཆེན་དུ་མཐོང་། དེར་བརྟེན་བོན་པོ་ཙམ་དུ་མ་ཟད་ང་ཚོ་བོད་པ་ཡོངས་རྫོགས་ཀྱིས་དེ་ལ་དོན་གཉེར་ དགོས་པའི་དུས་སྐབས་ཞིག་སླེབས་འདུག་དྲན་གྱིན་ཡོད། ད་རེས་ངས་འདིར་སངས་རྒྱས་གཤེན་རབ་མི་བོ་བོད་རང་དུ་འཁྲུངས་པའི་བསམ་ཚུལ་བཏོན་ པ་དེ་ནི་ཆབ་སྲིད་ཀྱི་གནད་དོན་ལ་ཐུག་པའམ་ཡང་ན་ང་རང་གི་རིག་པས་གསར་རྙེད་བྱུང་ བའམ་ཡང་ན་གཞན་རྗེས་སུ་གཡམ་རྒྱུགས་བྱས་པ་དེ་འདྲའང་མིན་ལ། གསང་སྔགས་འཆང་བ་གཡུང་དྲུང་བོན་གྱི་ལོ་རྒྱུས་རྣམས་སུ་མཁས་གྲུབ་དམ་པ་རྣམས་ ཀྱིས་སངས་རྒྱས་གཤེན་རབ་མི་བོ་དག་ཞིང་འོལ་མོ་ལུང་རིང་ལ་སྐུ་འཁྲུངས་ཚུལ་བཤད་ པ་དེ་ལ་དགག་བྱ་བྱས་པ་དེ་བས་ཀྱང་མིན།
འོ་ན་གང་ཡིན་ཞེ་ན། སངས་རྒྱས་ཀྱི་མཛད་པ་ལ་ཐུན་མོང་མ་ཡིན་པ་ཐེག་ཆེན་གྱི་སྣང་ཚུལ་གཅིག་དང་། ཐུན་མོང་སོ་སྐྱེ་ཕལ་པའི་སྣང་ཚུལ་གཅིག་དང་གཉིས་བཤད་ཚུལ་ལོ་རྒྱུས་རྙིང་པ་ རྣམས་ལ་གཞིགས་ན་གསལ་བར་ཤེས་རྒྱུ་འདུག་པས་དེའི་ཚུལ་དོན་སྣང་བྱེད་དགོས་པ་ཧ་ ཅང་གལ་ཆེན་རེད་འདུག་ཅེས་ཞུ་འདོད་བྱུང་བ་དེ་རེད། དེར་བརྟེན་འོལ་ལུང་ཕྱི་མ་འདིའི་ཚུལ་ལ་ཁོ་བོའི་བློ་ཡི་ནུས་ཚད་ཅིག་འཆད་པར་ དགའ་སྤྲོ་བརྟས། དེ་ཡང་འོལ་མོ་ལུང་རིང་གང་དུ་ཡོད་ས་ལ་གཡུང་དྲུང་དགུ་བརྩེགས་རི་ཟེར་བ་ཞིག་ ཡོད་ལ་དེ་ནི་དག་ཞིང་འོལ་གླིང་ལ་ཡོད་པ་གཅིག་པུས་མ་ངེས་པར་གངས་ཏི་སེ་ལའང་ གཡུང་དྲུང་དགུ་བརྩེགས་རིར་འབོད་དུ་ཡོད་པའི་ཚུལ་ནི། མདོ་འདུས་(གཏེར་མ། ཨ་ཙ་ར་མི་གཉིས། གཏེར་བཏོན་ལོ། 961 གངས་ཏི་སེ་བོན་གཞུང་རིག་མཛོད། མི་རིག་དཔེ་སྐྲུན་ཁང་། ཤོག་ངོས། 7)ལས། “དེ་ ཡང་ཁྱད་པར་འཛམ་གླིང་དབུས། རི་བོ་གངས་ཆེན་ཏི་ཙེ་ནི། གཡུང་དྲུང་དགུ་བརྩེགས་རི་ཞེས་བྱ། ཆུ་ཞེང་དཔག་ཚད་ལྔ་བརྒྱ་འོ། རི་ནི་སྤོས་རི་ངད་ལྡན་དང་། བར་ན་མཚོ་ནི་མ་དྲོས་པ། ཆུ་ཞེང་དཔག་ཚད་ལྔ་བཅུ་པ། ཕྱོགས་བཞིར་མཚོ་བཞི་ཡོད་པ་དང་།” ཞེས་གསུངས་པས་ཤེས་ལ། སྣང་སྲིད་སྤྱི་མདོས་(རྩོམ་པ་པོ། སངས་པོ་ཁྲི་ན་ཁོད། དུས་རབས། 6 ཧི་མ་ལ་ཡའི་བོན་དྲ་རྒྱ།)ལས། “ཡ་ ཀི་སྐྱིད་པོའི་ཡུལ། ཉམས་དགའ་བག་རེ་བྲོ། ཆུ་རྒྱལ་བཞིའི་འདུ་མགོ། རི་རྒྱལ་ཏི་སེའི་མདུན། མཚོ་རྒྱལ་མ་པང་འགྲམ། འོལ་ལུང་གཡུ་ཡི་མཁར། བཞུགས་གནས་ངོ་རེ་མཚར། དེ་འདྲའི་སྐུ་མཁར་ན། སུ་བཞུགས་སུ་མི་བཞུགས། བཞུགས་པ་གཤེན་གྱི་ལྷ། གཤེན་རབ་མྱི་བོ་ཆེ།” ཞེས་པས་ཞང་ཞུང་ཡུལ་གྱི་ལྟེ་བ་གངས་ཏི་སེའི་ས་སྐོར་ལ་འོལ་མོ་ལུང་རིང་འབོད་པ་ དང་དེར་སངས་རྒྱས་གཤེན་རབ་མི་བོའི་གཞུགས་ཡུལ་ཡིན་པར་གསལ་སྟོན་བྱས།
དེ་ལས་ཆེར་ཁ་གསལ་ཡོད་པ་ཞིག་ནི། རྩ་རྒྱུད་ཉི་ཟེར་སྒྲོན་མ་(གཏེར་མ། བྲ་བོ་བསྒོམ་ཉག དུས་རབས།? བརྟེན་འགྱུར་པོད། ༡༨༧ ཤོག་ངོས། 500)ལས། “འོལ་ མོ་ལུང་རིངས་ལྷོ་ཕྱོགས་ན། རྒྱ་གར་ཤམ་པ་ལ་ཡོད། རི་ནི་བྱ་རྒོད་སྤུངས་པ་ཡོད། རྡོ་རྗེ་གདན་གྱི་གྲོང་ཁྱེར་ཡོད། དེའི་ནུབ་ན་ཨུ་རྒྱན་གྱི་ཡུལ་ཡོད། ཤར་ལྷོ་ན་རྒྱ་ནག་རི་བོ་རྩེ་ལྔ་ཡོད། ལྷོ་ན་མོན་གྱི་རྒྱལ་ཁམས་ཡོད། ཤར་ན་ཙ་རི་ཙ་ཀོང་ཡོད། ལྷོ་ནུབ་ན་སྲིན་པོ་མུ་སྟེག་གླིང་།” ཞེས་པ་འདིས་འོལ་མོ་ལུང་རིང་ནི་བོད་རང་ལ་ཡོད་པར་མཛུག་བཙུགས་བྱས་པ་ཧ་ཅང་གསལ་ ཏེ། དེའི་ལྷོ་ཕྱོགས་ན་རྒྱ་གར་རྡོ་རྗེ་གདན་དང་། ཤར་ལྷོ་ན་རྒྱ་ནག་རི་བོ་རྩེ་ལྔ། མོན་གྱི་ཡུལ་ནི་བོད་དང་བལ་ཡུལ་གྱི་ས་མཚམས་ཧི་ལ་ཡའི་རྒྱུད་ལ་ངོས་འཛིན་བྱེད་ སྲོལ་འདུག་པས་དེ་ནི་ལྷོ་དང་། ཨོ་རྒྱན་ནུབ་ན་ཡོད་པ་སོགས་བཤད་པས་གནས་སྟངས་ཕལ་ཆེར་ར་སྤྲོད་གཏིང་ཟབ་བྱས་འདུག དེ་དང་ཆ་མཐུན་པར་གླིང་གཞི་བསྟན་པའི་བྱུང་ཁུངས་ལས་བཤད་པ་ནི། དེ་ཉིད་(ཤོག་ངོས། 369)ལས། “འཛམ་ གླིང་བྱེ་བ་ཕྲག་བརྒྱའི་དབུས་ནི། འཛམ་གླིང་ཉེར་ལྔའི་དབུས་ཞེས་བྱ་བ་འདི་ཉིད་ཡིན་ཏེ། གླིང་བཞི་ལ་མཆོག་ཏུ་གྱུར་པ་ལྷོ་འཛམ་བུའི་གླིང་། སྟོན་པ་ཐམས་ཅད་ཀྱི་འབྱུང་གནས། བཀའ་ཐམས་ཅད་ཀྱི་བབ་ས། གླིང་གི་སྙིང་པོ་འདི་ནི། ཡུལ་སྡེ་ཆེན་པོ་བཅོ་བརྒྱད་དོ། ཡུལ་ཕྲན་དགུ་བཅུ་རྩ་གཅིག མཐའ་འཁོབ་སྟོང་དང་སུམ་བརྒྱ་ཡོད་དོ། ཡུལ་ཆེན་བཅོ་བརྒྱད་ནི། ཤར་ན་རྒྱ་ནག་དང་ཁྲི་གདན་གཉིས། ལྷོ་ན་རྒྱ་གར་དང་ཁ་ཆེ་གཉིས། ནུབ་ན་སྟག་སྡེ་དང་གཟིག་འཕེན་གཉིས། བྱང་ན་གེ་སར་དང་ཧོར་ཡུལ་གཉིས། དབུས་ན་གངས་ཀྱི་ར་བ་ཅན་དང་དགུའོ།” ཞེས་གསུངས་པས་འཛམ་གླིང་ཉེར་ལྔའི་དབུས་ལྟེ། སྟོན་པ་སངས་རྒྱས་ཀྱི་འབྱུང་གནས། བདེར་གཤེགས་བཀའ་ཡི་བབ་ས་ནི། གངས་ཏི་སེ་རང་ལ་ངོས་བཟུང་བ་ནི། རྒྱ་ནག་ཤར། རྒྱ་གར་དང་ཁ་ཆེ་ལྷོ་ན་ཡོད་པར་བཤད་པའི་ཤུགས་ལས་གོ་བ་དཔྱད་པ་ཙམ་གྱིས་རྟོགས་ ཐུབ་པ་འདུག ཡུལ་དེར་སངས་རྒྱས་གཤེན་རབ་མི་བོ་སྐུ་འཁྲུངས་ནས་མཛད་འཕྲིན་གང་འདྲ་བསྐྱངས་ ཡོད་མེད་རགས་ཙམ་ཞིག་སྲིད་པ་རྒྱུད་ཀྱི་ཁ་བྱང་ལས་གསལ་བ་ནི། དེ་ཉིད་(གཏེར་མ། ཁོད་པོ་བློ་གྲོས་ཐོག་མེད། གཏེར་བཏོན་ལོ། 1301 ཅང་ཧའོ་གློག་རྡུལ་དཔེ་སྐྲུན་ཁང་། ཤོག་ངོས། 1)ལས། “དེའི་ ནང་ནས་ཀྱང་ལྷོ་འཛམ་བུའི་གླིང་འདི་ནི། གླིང་གཞན་ལས་ཁྱད་པར་དུ་འཕགས་པ་ཅིག་ཡིན་ཏེ། དུས་གསུམ་གཤེན་རབས་སྟོང་རྩ་གཅིག་ཀྱང་། འོལ་མོ་ལུང་རིང་གྲུབ་པ་གཤེན་གྱི་གནས་མཆོག་དེ་རུ་འབྱོན་ཞིང་། རྒྱུ་སེམས་ཅན་ལ་འབྲས་བུ་སངས་རྒྱས་སུ་གྲུབ་ཅིང་། བོན་ཉིད་བདེ་བ་ཆེན་པོའི་ས་ལ་ཡོངས་སུ་བཀོད་དོ། མདོར་ན་མངའ་རིས་བོད་ཀྱི་རྒྱལ་ཁམས་འདི། ལྷོ་འཛམ་བུ་གླིང་གི་དཀྱིལ། རྒྱལ་བོ་ཆེན་པོ་བཞི་ཡི་དབུས། ཆུ་བོ་ཆེན་པོ་བཞི་འདུས་ཀྱི་འགོ་བོ། ཀླུ་ཡི་རྒྱལ་པོ་མལ་དྲོས་ཀྱི་འཆགས་ས། རི་མཐོའ་ལ་ས་གཙང་བ་སྤུ་རྒྱལ་བོད་ཀྱི་ཡུལ། མཐའ་མ་གངས་རི་དཀར་པོས་བསྐོར་བ། ལྷ་རྒོད་གཉན་པོ་གནས་ཤིང་འཆགས་པའི་ས། ཚ་གྲང་ཁོད་སྙོམས་པའི་དགོས་དགུ་ཏོག་ལ་འཁྲུངས་ས། དེ་ལྟ་བུའི་ཞིང་ཁམས་དེའི་མངའ་བདག་ནི། སྟོན་པ་གཤེན་རབ་མི་བོའོ། བསྟན་པ་ནི་གཡུང་དྲུང་གི་བོན་རིན་པོ་ཆེའོ། ཞིང་ཁམས་ནི་སྟོང་གསུམ་གྱི་སྟོང་ཆེན་པོའོ།” ཞེས་པ་དེས་སྤྱིར་ཕྱི་སྣོད་འཇིག་རྟེན་གླིང་གཞི་གླིང་ཕྲན་ཆགས་རབས་དང་ནང་བཅུད་ ཀྱི་སེམས་ཅན་གྲོལ་ཚུལ་སྤྱི་བཤད་ཙམ་བྱས་ནས་དེའི་ནང་ནས་ལྷོ་འཛམ་བུ་གླིང་འདི་ ཁྱད་པར་འཕགས་པའི་རྒྱུ་མཚན་ནི་འོལ་མོ་ལུང་རིང་དེར་ཡོད་པ་དང་། དེ་ནི་དུས་གསུམ་སངས་རྒྱས་རྣམས་ཀྱི་བྱོན་གནས་ཡིན་པ་དང་། དེ་ཡང་མདོར་བསྡུས་ན་མངའ་རིས་བོད་ཀྱི་རྒྱལ་ཁམས་འདི་རང་ཡིན་པ་ཤིན་ཏུ་གསལ་བས་ དེ་ལས་གཞན་པ་ཞིག་གོ་ནོར་ཡོང་འགྲོ་སའི་གནས་རྩ་བ་ནས་མི་འདུག་སྙམ།
དེར་མ་ཟད་གངས་ཏི་སེ་ནི་དུས་གསུམ་བདེར་གཤེགས་རྣམས་ཀྱི་སངས་རྒྱས་སའི་གནས་ཡིན་པར་གསལ་བར་བཤད་པའི་ཚུལ་ནི། བསྒྲགས་པ་གླིང་གྲགས་(ཤོས་ངོས། 91)ལས། “དེའི་ འོག་གི་ཐད་དྲང་སོ་ན། གངས་ཡ་ཕག་ཤ་ར་བྱ་བ་ཡིན་ཏེ། མི་རྣམས་ཀྱིས་ཏི་ཙེ་གངས་ཡིན་ཟེར་བ་དང་། མཚོ་མལ་དྲོས་བྱ་བ་ཡིན་ཏེ། མ་པང་ཟེར་བ་དེ་གཉིས་ཡོད་དེ། ཏི་ཙེའི་གངས་ནི་མཆོད་རྟེན་བཀོད་ལེགས་འདྲ། མ་པང་མཚོ་ནི་མཎྜལ་བཤམས་པ་འདྲ། སྙིང་པོ་དོན་ཡོད་པ་བྱང་ཆུབ་ཀྱི་མཚོ་དང་གངས་ཡིན་པས། དུས་གསུམ་གཤེན་རབ་ཐམས་ཅད་མངོན་པར་སངས་རྒྱས་པའི་གནས་ཡིན་ནོ།” ཞེས་དང་། (ཤོག་ངོས། 92)ལས། “དེ་ ཡང་ད་ལྟ་མི་ཀུན་གྱིས་མཐོང་བའི་ཏི་ཙེ་དང་མ་པང་ཞེས་པ། ཏི་ཙེ་འཛམ་བུ་གླིང་གི་དབུས་ཡིན་པར་ངེས་ཏེ་གངས་དེ་ཡ་བག་ཤ་ར་དང་། མཚོ་དེ་མལ་དྲོས་ཞེས་བྱའོ།” ཞེས་བཤད་པས་གཞུང་འདི་དག་གི་གསུངས་ཚུལ་ལ་གཞིགས་ན་སངས་རྒྱས་གཤེན་རབ་མི་བོ་ནི་ བོད་རང་ལ་འཁྲུངས་པ་མ་གཏོགས་ཁོང་གི་འཁྲུངས་ཡུལ་གཞན་ཞིག་ལ་མཛུག་གུ་བཙུགས་ དགོས་དོན་གཏན་ན་མི་འདུག་སྙམ།
ད་དུང་མྱ་ངན་ལས་འདས་ཡུལ་ས་གནས་དེ་རང་ལ་ཡིན་པར་བཤད་དེ། སྲིད་པ་རྒྱུད་ཀྱི་ཁ་བྱང་(ཤོག་ངོས། 16)ལས། “སྟོན་པ་གྲོངས་པའི་སྤུར་ནི་སྲིན་བལ་དང་དར་རས་ཀྱི་ནང་དུ་དྲིལ་ནས་གསེར་གྱི་སྒྲོམ་བུར་བཅུགས། ཞེས་དང་།” (ཤོག་ངོས། 17) “ཞག་ བདུན་གྱི་བར་དུ་འཕྲིན་ལས་གཞུང་བསྲིངས་ནས་གྲོངས་པའི་སྤུར་ཡང་སྣང་མའི་ཞུགས་ མར་ལ་བཞེན་པའི་སྐུ་གདུང་རིང་སྲེལ་ཤ་རི་རམ་ཁྲག་དང་རུས་པ་ཤ་ལ་གྲུབ་པ་ནི། རིང་སྲེལ་བསམ་ལས་འདས་པ་སྟེ། ཞང་ཞུང་ཡུལ་གྱི་ཁལ་གཅིག་བྲེ་གསུམ་བྱུང་ཡང་ཟེར།” ཞེས་པས་རིང་བསྲེལ་མང་ཉུང་གི་ཚད་འཇལ་བྱེད་ཞང་ཞུང་གི་ཁལ་དང་བྲེ་ལ་བྱས་པར་བཤད་པས་ཞང་ཞུང་རང་ལས་གཞན་པ་ཞིག་ག་ལ་གོ་སྙམ། ཁམས་འགྲེལ་(རྩོམ་པ་པོ། རྨེའུ་སྟོན་ཚུལ་ཁྲིམས་དཔལ་ཆེན། འཁྲུངས་འདས་ལོ། 1052-1106 ཁྲི་བརྟན་ནོར་བུ་རྩེ་དཔེ་མཛོད་ཁང་། དེབ་འཕྲེང་བཅོ་བརྒྱད་པ། ཤོས་ངོས། 117)ལས། “བལྟམ་ ཞིང་སྐྱེ་བ་བཞེས་པ་ལ་ཡང་ལྷོའི་དགོངས་པ་ནི། གསལ་བ་འོད་ཀྱི་གླིང་ལ་སྐུ་བཙའ་སྟེ། ཆོ་འཕྲུལ་གྱི་མཛད་པ་དྲུག་ཅུ་རྩ་གཅིག་དང་ལྡན་པ་ཉིད་ཀྱིས་ཐུགས་ལ་གསལ་བ་ཞིག་ སྐུ་འཁྲུངས་ཏེ། འདི་ཡི་དགོངས་པ་ནི་འཛམ་བུ་གླིང་གི་དཀྱིལ་མ་དྲོས་པའི་མཚོ་དང་གངས་རི་ཅན་དུ་ སྐྱེ་བ་བཞེས་པར་གསལ་བ་ཡིན་ནོ།” ཞེས་པས་སངས་རྒྱས་གཤེན་རབ་མི་བོའི་འཁྲུངས་ཡུལ་ནི། གསལ་བ་འོད་ཀྱི་གླིང་ཡིན་པ་དང་། དེ་ནི་གངས་རིན་པོ་ཆེ་དང་མཚོ་མ་པང་ལ་ངོས་བཟུང་དགོས་པ་ལྷོ་གཏེར་གྱི་དགོངས་པ་ ཡིན་པར་བཞེད། མཛོད་སྒྲ་འགྲེལ་( གཏེར་མ། རྨ་སྟོན་ཇོ་ལྕམ། དུས་རབས། 12 Published by. Geshe M.T. Namdak Tsukphud ཤོས་ངོས། 130)ལས། “གཤེན་ ལྷ་འོད་དཀར་ཐུགས་ཀྱི་ཆོ་འཕྲུལ། འོད་སྣང་དཀར་དམར་དུ་སྤྲོས་པ། སྐུའི་རྫུ་འཕྲུལ་བྱ་རྒྱལ་ཁུ་བྱུག གཡུ་ག་ལྗང་གི་མདོག་འདྲ་བས་ཡུམ་སྲིད་པའི་རྒྱལ་མོ་ལ་གཟི་བྱིན་ཕབ། གསུང་གི་རྣམ་འཕྲུལ་ལས། སྐད་ལྷང་ལྷང་སྙན་པར་བསྒྲགས་པས། སྣང་སྲིད་སྤྲོ་བ་བསྐྱེད། ཡུལ་འོལ་བུ་རྒ་(དགའ་)ལྡན་གསལ་བ་འོད་ཀྱི་གླིང་ལ་སྐུ་བཙས་པའི། ལྷ་ལས་མི་རུ་སྤྲུལ་པའི་གཤེན་པོ། སྟོན་པ་གཤེན་རབ་མི་བོས་བཏགས་སོ།” ཞེས་པ་འདིས་ཀྱང་སངས་རྒྱས་གཤེན་རབ་མི་བོ་གསལ་བ་འོད་ཀྱི་གླིང་ལ་སྐུ་འཁྲུངས་པར་གསུངས།
གསལ་བ་འོད་ཀྱི་གླིང་ནི་གོང་དུ་མཁས་པ་དཔལ་ཆེན་པོས་གངས་ཏི་སེ་དང་མཚོ་མ་པང་ལ་ངོས་འཛིན་གནང་བ་དེ་དང་ཤིན་ཏུ་མཐུན་པས་སེམས་ཏེ། (སྒྲ་འགྲེལ། ཤོག་ངོས། 119)ལས། “སྔོན་ ཞང་ཞུང་གི་ཡུལ་ཨི་ཤོ་ད་ན། ཤིང་ཨ་པར་ལྗོན་པའི་ཚལ། གྲོང་ཁྱེར་རྒྱལ་བ་མཉེས་ཀྱི་དབུས། མཁར་ཁྱུང་ལུང་དངུལ་མ་མ་ཞེས་ཀྱང་བྱ། འོམ་པོ་སྒོ་བཞི་ཞེས་ཀྱང་བྱ་བ་ན་ཞིག) མེ་ཏོག་པདྨ་འོད་གེས་ཀྱི་གླིང་ན།” ཞེས་པའི་ལུང་གོང་མས་“འོལ་བུ་”ཞེས་པ་དང་འོག་མས་“འོམ་པོ་”ཞེས་པ་གཉིས་ཕན་ཚུན་སྒྲ་ཤིན་ཏུ་ཉེ་བ་དང་། ཡང་ལུང་གོང་མས་“གསལ་བ་འོད་ཀྱི་གླིང་”ཞེས་དང་། འོག་མས་“འོད་གེས་ཀྱི་གླིང་”ཞེས་ པ་གཉིས་ཕལ་ཆེར་གཅིག་མཚུངས་སུ་གནས་པས་དཔྱད་གཞིགས་བྱེད་དགོས་པ་གལ་ཤིན་ཏུ་ཆེ་ ལ། ཕྲན་ཙམ་མི་འཐུན་པ་ནི་ཡི་གེའི་འབྲི་སྟངས་མི་འདྲ་བའམ་ཡང་ན་ཡིག་ནོར་ཡིན་སྲིད་ པ་སྟེ། དཔེ་རྙིང་འདི་དག་མི་ལོ་སྟོང་ཕྲག་དུ་མའི་རིང་དཔེ་ནས་དཔེར་བཤུས་པའི་ལག་བྲིས་ ཤ་སྟག་ཡིན་པ་དང་། དཔེ་བཤུ་མཁན་ཡང་བརྒྱ་ཆ་དགུ་ཅུ་ཐམ་པ་དཔེ་དོན་མི་ཤེས་པ་ཤ་སྟག་ཡིན་ཙང་ཡིག་ནོར་ ཡིན་ནའང་ཡ་མཚན་རྒྱུ་ཅི་ཡང་མེད།
ཁོ་བོའི་བསམ་ཚུལ་ཞིག་ཞུས་ ན་ལུང་དེའི་དོན་ནི་སངས་རྒྱས་གཤེན་རབ་མི་མོའི་འཁྲུངས་ཡུལ་དེ་སྤྱིར་གངས་ཅན་ བོད་ཀྱི་ཡུལ་དང་། སྒོས་གངས་རི་མཚོ་གསུམ་གྱི་སྐོར་རྒྱུད། ཡང་སྒོས་གངས་ཏི་སེའི་ནུབ་ཕྱོགས་ཁྱུང་ལུང་དངུལ་མཁར་རེད་ཅེས་གསལ་བཤད་བྱས་ འདུག་སྙམ། མདོ་འདུས། (ཤོག་ངོས། 1)ལས། “དེ་ཡི་(གངས་ཏི་སེ་)ནུབ་བྱང་གཤེན་ཡུལ་འོལ་མོ་གླིང་། དཔག་ཚད་སྟོང་ཕྲག་གཞི་གནས་ཡོད། ཆུ་བོ་པཀྵུ་སིནྡྷུས་རབ་བཅད་དེ། རི་ནག་པོ་དགུས་བཅད་པ་འོ།” ཞེས་པའི་དོན་འདི་ལ་དགོངས་པ་ཡིན་པར་ཅི་ནས་ཀྱང་སྲིད། ཐེག་པའི་རིམ་པ་གསལ་བྱེད་ཀྱི་མེ་ལོང་(རྩོམ་པ་པོ། སྒ་སྟོན་ཚུལ་ཁྲིམས་རྒྱལ་མཚན། འཁྲུངས་ལོ། 1237 Published by. Geshe M.T. Namdak Tsukphud ཤོག་ངོས། 28)ལས། “མདོ་གཟེར་མིག་ལས། ནུབ་ཕྱོགས་འོལ་མོ་ལུང་རིང་དུ་སྐུ་འཁྲུངས་ཤིང་། སྐུ་ཚེ་གཤེན་ལོ་སུམ་ཅུ་བཞུགས་ལ། མཛད་པ་དྲུག་ཅུའི་མདོ་ལས། “གངས་ཏི་ཙེའི་’ “སའི་”འགྲམ་ དུ་འཁྲུངས་ཤིང་། ལོ་བརྒྱར་མྱ་ངན་ལས་འདས་པར་བཤད། མདོ་འདུས་ལས། འོལ་མོ་ལུང་རིང་དུ་སྐུ་འཁྲུངས་ཤིང་། ལོ་བརྒྱད་ཅུ་རྩ་གཉིས་སུ་འདས་པར་བཤད་པའི་ཕྱིར་རོ།” ཞེས་གཟེར་མིག་ལས་གསུངས་པའི་འོལ་ལུང་དེ་ནུབ་བདེ་བ་ཅན་གྱི་ཞིང་ཁམས་དང་མིང་གི་ རྣམ་གྲངས་སུ་སྨོས་པའི་རྟག་གཟིགས་འོལ་མོ་ལུང་རིང་དེ་ལ་དགོངས་པར་སེམས། མཛད་པ་དྲུག་ཅུའི་མདོ་ལས་གསུངས་པའི་སངས་རྒྱས་ཀྱི་འཁྲུངས་ཡུལ་གངས་ཏི་ཙེ་ཞེས་ པ་དེ་བོད་ཡུལ་དུ་ཡོད་པ་འདི་དགོངས་སོ་ཞེས་བཤད་ན་མི་འཚམས་པ་གང་ཡང་མེད་དོ། རྒྱུ་མཚན་ནི། དེ་གཟེར་མིག་ལས་གསུངས་པའི་ནུབ་ཕྱོགས་འོལ་མོ་ལུང་རིང་དང་ལོགས་སུ་བཤད་པས་ཤེས་ ནུས། མཛད་པ་དྲུག་ཅུའི་མདོ་ཞེས་པ་དེ་ད་ཡོད་ཀྱི་བཀའ་བརྟེན་འགྱུར་ནང་དུ་ཁོ་བོས་བཙལ་ ཀྱང་མ་རྙེད། འོན་ཀྱང་ཀུན་མཁྱེན་ཉི་མའི་བཀའ་བརྟེན་འགྱུར་དཀར་ཆག་ནང་དུ་གཉེན་འཐེང་ཤེས་རབ་ རྡོ་རྗེའི་གཏེར་མ་མཛད་པ་དྲུག་ཅུའི་མདོ་ལེའུ་བདུན་པ་ཟེར་བ་ཞིག་བཀོད་ཡོད་པས་ དེ་མིན་ནམ་སྙམ།
མདོ་འདུས་ཀྱིས་གསུངས་ཚུལ་ནི། དེ་ཉིད་(ཤོས་ངོས། 17)ལས། “ཚེ་ལོ་བརྒྱ་ཐུབ་དུས་ལ་ནི། མ་སངས་རྒྱལ་པོས་མངའ་མཛད་དེ།” ཞེས་དང་། “གནས་ནི་འཛམ་གླིང་འོལ་མོ་གླིང་། མཁར་ནི་བར་པོ་སོ་བརྒྱད་དུ། ཡབ་མྱེས་གདུང་རྒྱུད་དམུ་ཡི་རིགས།” ཞེས་པས་འདིར་ཁོ་བོའི་བསམ་ཚུལ་ཞིག་ཞུས་པ་ཡིན་ན། འདིའི་འོལ་ལུང་ནི་བོད་ཡུལ་ལ་ཡོད་པར་འདུག་སྙམ་སྟེ། བོད་ཡུལ་འདི་ནི་མ་སངས་ཀྱིས་དབང་བསྒྱུར་བྱེད་མྱངས་བར་བཤད་པ་དང་གོང་དུ་“མ་སངས་རྒྱལ་པོས་མངའ་མཛད་”ཅེས་ པ་གཉིས་ཚིག་འགྲོས་ཤིན་ཏུ་མཐུན་པས་དེ་ནི་མ་སངས་ཀྱིས་དབང་བསྒྱུར་བྱས་པའི་བོད་ ཡུལ་རང་ལ་གོ་བ་མ་གཏོགས་གཞན་པའི་དོན་ཞིག་རྙེད་དཀའ། ཡང་དེ་ཉིད་(ཤོག་ངོས། 39)ལས། “ཏི་སེ་གངས་ཀྱི་རྩེ་མོ་རུ། མ་སངས་ལྷ་ཡི་ཞལ་དྲོ་དྲངས།” ཞེས་པ་འདིས་གོང་གི་ལུང་དོན་ཇེ་གསལ་དུ་གཏོང་བའི་ཚུལ་དཔོག་ཐུབ། དེ་ཉིད་(ཤོས་ངོས་75)ལས། “གཤེན་ ཡུལ་འོལ་མོ་ལུང་རིང་ནི། དཔག་ཚད་ལྔ་བཅུར་ཆུ་ཞེང་མཉམ། གླིང་བཞི་རི་རབ་ཚུལ་དུ་གྲུབ། ལྷོ་འཛམ་བུ་གླིང་གི་ནུབ་བྱང་ན། མུ་ཁྱུད་འཛིན་གྱི་ལྷོ་ཡི་ཕྱོགས། འཛམ་བུ་པྲིཀྵ་ཤིང་གི་རྩ། རི་བོ་གངས་ཅན་ཏི་སེའི་དྲུང་། མཚོ་ནི་པ་པང་གཡུ་མཚོའི་འགྲམ། ཆུ་བོ་ཆེན་པོ་བཞི་འདུས་མགོ། རི་བོ་སྤོས་རི་ངད་ལྡན་ཉེ་བའི་ས། རི་ནག་པོ་དགུ་འདུས་ཀྱི་ར་བ་སྟེ། ཆུ་བོ་པཀྵུ་དང་ནི་སིནྡྡུས་བཅད་པ་སྟེ། དུས་གསུམ་སྟོན་པ་འབྱུང་བའི་ཞིང་།” ཞེས་གསུངས་པས་འདིའི་“རི་བོ་གངས་ཅན་ཏི་སེ་”དང་གོང་དུ་དྲངས་པའི“རི་བོ་གངས་ཆེན་ཏི་ཙེ།”ཞེས་པ་གཉིས་མིང་གཅིག་ཏུ་སྣང་བས་འདི་ནི་བོད་ཡུལ་རང་ལ་མཛུག་གུ་བཙུགས་ན་མདོ་འདུས་ཀྱི་དགོངས་པ་དང་འགལ་བ་མེད་པར་སེམས།
སྤྱིར་མཛད་མདོ་རྒྱས་ འབྲེང་བསྡུས་གསུམ་ནི་སྟོན་པ་གཅིག་གི་མཛད་འཕྲིན་གསལ་བའི་མེ་ལོང་ཞིག་ཡིན་ནའང་ གསུངས་ཚུལ་ལ་ཁྱད་པར་ཆེན་པོ་འདུག ཁོ་བོ་བོད་ལ་ཡོད་དུས་མཚན་ཉིད་སྦྱོང་སྐབས་དགེ་རྒན་དམ་པ་དེས་རང་ལ་གསུངས་མྱོང་ འདི་འདྲ་ཞིག་ཡོད། མཛད་མདོ་དྲི་མེད་གཟི་བརྗིད་ནི་གཙོ་བོ་ཐེག་པ་ཆེན་པོའི་བཞེད་ལུགས་དང་། གཟེར་མིག་གཙོ་བོ་ཐེག་པ་འབྲིང་གི་བཞེད་ཚུལ། མདོ་འདུས་ཐེག་པ་ཆུང་ངུའི་བཞེད་བསྟན་པ་རེད་ཅེས་ཡང་ཡང་གསུང་སྲོལ་ཡོད། སྐབས་དེར་དེ་ལ་དོན་སྣང་ཆེར་མ་བྱུང་། དེ་ནི་དངོས་གནས་དཔེ་ཆའི་དཀའ་གནད་འཁྲོལ་བའི་གསུང་ཞིག་ཡིན་པ་ད་སྐབས་གཞི་ནས་ ཤེས་བྱུང་། དེ་ལྟར་ཐེག་པའི་གཏོགས་ཚོགས་ཀྱིས་ཁྱད་པར་འབྱེད་མ་ཤེས་ན་འགལ་འདུ་དུ་མ་ཞིག་ ཐོན་ཀྱིན་ཡོད། དཔེར་ན་གཟི་བརྗིད་ལས་སྟོན་པ་སངས་རྒྱས་འགྲོ་བ་གཞན་ལས་ཁྱད་པར་འཕགས་པའི་རྟགས་ སུ། རླུང་གི་ལྷ་མོས་ཞབས་ནས་བཏེགས་ཏེ། ཡུམ་གྱི་མཆན་ཁུང་གཡས་ནས་འཁྲུངས་པར་གསུངས་ཡོད། གཟེར་མིག་ནང་ལས་ཀྱིས་དབང་གིས་མ་ཡི་མངལ་སྒོ་ནས་ཐོན་པར་གསུངས། མདོ་འདུས་ནང་བདུད་ཀྱི་བར་ཆད་དབང་གིས་མ་ཡི་མངལ་སྒོ་སྲིན་གྱིས་བཀག དེ་ནས་མ་ཡི་གློ་གཡས་ནས་འཁྲུངས་པར་བཤད་པ་དེ་དག་གདུལ་བྱའི་བློ་ཡི་སྣང་ཚུལ་ དབང་གིས་ཡིན་པ་མ་གཏོགས་གང་ཟག་གཅིག་ལ་སྐྱེ་ཚུལ་དུ་མ་ཞིག་ཡོང་མི་སྲིད་པ་ཡིན།
མདོ་འདུས་ཀྱི་གསུང་ ཚུལ་ཕལ་ཆེར་འགྲོ་བ་ཕལ་པའི་བློ་ངོ་དང་འཚམས་པའི་ལོ་རྒྱུས་མང་དག་ཅིག་ཐོན་ཀྱིན་ ཡོད། དཔེར་ན་སངས་རྒྱས་གཤེན་རབ་མི་བོ་གཞོན་ནུའི་སྐབས་ཡིག་རྩིས་བསླབས་པ་དང་དེ་ཡང་ སློབ་གྲོགས་ཀུན་ལས་ཁྱད་པར་འཕགས་ཚུལ། དགུང་ལོ་བཅུ་ནས་རྒྱལ་སར་བསྐོས་པ། བཅོ་ལྔ་ལ་ཁབ་བཞེས་པ། བཅོ་བརྒྱད་སྐབས་ཡབ་ལ་བོན་གསན་པ། སྐབས་ཞིག་ན་ཀོང་པོ་ལ་ཕེབས་ནས་ལྷ་རི་གྱང་ཐོ་ལ་ཞག་བདུན་བཞུགས་པ། དེ་ནས་ཕྱིར་ཞང་ཞུང་ལ་ཕེབས་ཏེ་ཁྱུང་ལུང་དངུལ་མཁར་བཞེངས། སྲས་ཀོང་ཚ་དབང་ལྡན་དེར་འཁྲུངས། དེ་རྗེས་མཚོ་མ་པང་ལ་ལོ་གཅིག་ཀླུ་ལ་བོན་གསུངས་པ་སོགས་དངོས་ཡོད་འགྲོ་བ་མི་དང་ མཐུན་པའི་མཛད་འཕྲིན་བསྐྱངས་འདུག་པས་ལོ་རྒྱུས་འདི་ནི་ཚན་རིག་གི་ལམ་ནས་དཔྱད་ རིས་ཆོག་པ་དཔེ་མང་པོ་ཞིག་འདུག ཁོ་ན་རེ། སངས་རྒྱས་གཤེན་རབ་མི་བོའི་འཁྲུངས་ཡུལ་བོད་ཡུལ་གངས་ཏི་སེ་དང་། དེ་ནི་འོལ་གླིང་ཡིན་པར་འདོད་ན། ལུང་གི་གནོད་པ་དང་། རིགས་པའི་གནོད་པ་དུ་མ་འབབ་པའི་ཕྱིར།
དང་པོ་ལུང་གི་གནོད་པ་ནི། མདོ་འདུས་ལས། དེ་ནས་མ་པང་མཚོ་ལ་འཆག ཀླུ་ཡི་སྟོན་པ་ལོ་གཅིག་མཛད། ཏི་སེ་གངས་ཀྱི་རྩེ་མོ་རུ། །མ་སངས་ལྷ་ཡི་ཞལ་དྲོ་དྲངས། །དེ་ནས་སླར་ཡང་འོལ་མོ་གླིང༌། །ཁྲི་སྨོན་རྒྱལ་བཞེད་དག་ཏུ་བྱོན། ཞེས་པས་སྟོན་པ་སངས་རྒྱས་ཀླུ་ཡི་སྟོན་པ་ལོ་གཅིག་མཛད་ནས་སླར་ཡང་འོལ་གླིང་ལ་ གཤེགས་པ་གསལ་བར་བསྟན། དེ་ལྟར་ན་སྟོན་པ་གངས་ཏི་སེ་ལ་ལོ་གཅིག་མ་གཏོགས་མ་བཞུགས། དེར་ལོ་གཅིག་མ་གཏོགས་བཞུགས་མེད་ན་སྟོན་པའི་མཛད་པ་བཅུ་གཉིས་དེར་འབྱུང་བའི་ གོ་སྐབས་ཞིག་མེད་པར་ཐལ་བའི་ཕྱིར།
གཉིས་པ་རིགས་པས་གནོད་པ་ ནི། བོད་ཡུལ་ཏི་སེའི་སྐོར་བོན་ཅན། དུས་བཞི་ཆ་སྙོམས་འཇིག་བྲལ་མེད་པར་ཐལ། འོལ་མོ་ལུང་རིང་ཡིན་པའི་ཕྱིར། རྟགས་གྲུབ་སྟེ། འོལ་མོ་ལུང་རིང་ལ་དུས་བཞིའི་འགྱུར་ལྡོག་མེད་པར་གསུངས་པའི་ཕྱིར་ཏེ། གཟི་བརྗིད་ལས། གཞན་ཡང་དུས་བཞི་རྒྱལ་མོས་ཆ་སྙོམས་ནས། དབྱར་དགུན་སྟོན་དཔྱིད་ཆ་སྙོམས་མ་གཏོགས་པ། གཞན་གྱི་ཞིང་ཁམས་དང་ནི་འདྲ་བ་མེད། ཅེས་གསུངས་པའི་ཕྱིར་རོ། གཞན་ཡང་འོལ་མོ་ལུང་རིང་བོད་ཡུལ་ལ་ཡོད་ན་དེར་སྐྱེ་བའི་སྨོན་ལམ་འདེབས་ཡུལ་ཁོ་ ན་བྱེད་དགོས་པ་ཅིའི་ཕྱིར་ཡིན། ཞེས་ཟེར། དེའི་ལན་ནི། གོང་གི་མདོ་འདུས་ཀྱི་ལུང་དོན་ལ་ཅུང་ཟད་ཅིག་དཔྱད་དགོས་པར་འདུག འོན་ཀྱང་ཁོ་བོའི་བསམ་པར་སྟོན་པས་ཀླུ་ལ་བོན་གསུངས་ཚར་རྗེས་སླར་ཡང་འོལ་གླིང་ ལ་ཕེབས་པར་བཤད་པ་དེ་བོད་ཡུལ་ལས་གཞན་པའི་ས་ཐག་རིང་པོ་ཞིག་ལ་གཤེགས་པའི་དོན་མ་ ཡིན་པར་སྐབས་དེར་སྟོན་པའི་གཞུགས་ཡུལ་གྱི་ལྟེ་བ་ཁྱུང་ལུང་དངུལ་མཁར་ཡིན་ཙང་ དེར་ཕྱིར་ལོག་པའི་དོན་ཡིན་པ་སྲིད་ལ། དེ་ལྟར་ཡིན་ན་རྩ་བའི་ཆ་ནས་འགལ་བ་གང་ཡང་མེད་དེ། དེ་འདྲའི་ཚུལ་རྒྱུན་འབྱུང་ཡིན་པའི་ཕྱིར། དཔེར་ན་བལ་ཡུལ་ཀ་ཋ་མན་ཌུ་ལ་ཡོད་པའི་མིས་ཀ་ཋ་མན་ཌུ་ལ་འགྲོ་དགོས་ལབ་དུས་ཀ་ཋ་ མན་ཌུའི་ལྟེ་བ་གང་ལ་ཡོད་པ་དེར་འགྲོ་བར་གོ་བ་དང་། ལྷ་ས་ལ་ཡོད་པའི་མིས་ལྷ་སར་འགྲོ་གི་ཟེར་དུས་ལྷ་སའི་མཐིལ་ལ་འགྲོ་བར་གོ་བ་ སོགས་ཡོད་ཆོག་པས་དེ་ལྟར་ཡིན་ཡང་མི་སྲིད་པ་མིན། གཉིས་པ་གཟི་བརྗིད་ལས་དེ་ལྟར་གསུང་པར་སྐྱོན་མེད་དེ། དེ་དག་ཞིང་འོལ་མོ་ལུང་རིང་ལ་དགོངས་པའི་ཕྱིར་ཟེར་ན། ཁྱོད་ཀྱིས་ཅི་སྙམ།
ད་ནི་སངས་རྒྱས་གཤེན་རབ་མི་བོ་བོད་ཡུལ་ལ་འཁྲུངས་པའི་དུས་ཚོད་སྐོར་ལ་ཅུང་ཟད་ཞུས་ན་བསམ་པས། དེ་ནི་ཁོ་བོས་བརྩམས་པའི་(གཏེར་སྟོན་ཆེན་པོ་གཤེན་ཆེན་ཀླུ་དགའི་ལོ་རྒྱུས་ལས་འཕྲོས་པའི་དཔྱད་གཏམ།)ཟེར་ བ་དེའི་ནང་དུ་མཁས་དབང་ནམ་མཁའི་ནོར་བུས་སྟོན་པ་གཤེན་རབ་སྤྱི་ལོའི་སྔོན་གྱི་ ལོ་༼༡༩༡༧༽ལོར་འཁྲུངས་པར་གསུངས་པ་དེ་ལ་མོས་མཐུན་བྱས་ཡོད། དེ་ལྟར་མོས་མཐུན་བྱེད་དོན་ནི། ངུ་བའི་ཁ་ན་བལྟས་ན་ངུ་བྲོ། དགོད་པའི་ཁ་ལ་བལྟས་ན་དགོད་བྲོ་བའི་དཔེ་ལྟར་མ་ཡིན། ཕག་པ་ཆུ་སྣ་གར་ཁྲིད་དང་། བྱིས་པ་མངར་མོས་བསླུས་པ་ལྟ་བུའང་མ་ཡིན་པར་དེ་ལ་རྒྱུ་མཚན་མང་པོ་ཞིག་མཐོང་བས་ ཡིན། དེའི་ཚུལ་ནི། སྟོན་པ་གཤེན་རབ་མི་བོའི་སྲས་ཀོང་ཚ་དབང་ལྡན་དང་། དེའི་སྲས་འབྲུག་གི་རྒྱལ་པོ། དེའི་སྲས་དམུ་བོན་ཡོའུ་བརྟན། དེའི་སྲས་དམུ་བོན་ཐང་རྡོལ། དེའི་སྲས་དམུ་བོན་སྐྱེས་ལོ་ཚལ། དེའི་སྲས་གཤེན་གྲོལ་བ། དེའི་སྲས་དམུ་ཁ་སྤོ་མི་སྤོ་ཡིན། དམུ་ཁ་སྤོ་མི་སྤོ་ནི། གཉའ་ཁྲི་ཡབ་སྲས་ཀྱིས་བོད་ལ་གདན་འདྲེན་ཞུས་ཏེ་མཆོད་གནས་སུ་བཀུར་བའི་ལོ་ རྒྱུས་ཀུན་མཁྱེན་ཤར་རྫ་པའི་ལེགས་བཤད་མཛོད་ལས་གསུང་ཡོད། མདོར་ན་རྒྱལ་སྲས་ཀོང་ཚ་དབང་ལྡན་ནས་དམུ་ཁ་སྤོ་མི་སྤོའི་བར་རྒྱལ་རབས་བདུན་ སོང་ཡོད། གཉའ་ཁྲི་བཙན་པོ་བོན་ལུགས་སུ་མཁས་པ་རྣམས་ཀྱི་ཞལ་གཅིག་མཐུན་སྤྱི་ལོའི་སྔོན་ གྱི་ལོ་༡༡༣༦ལ་འཁྲུངས་པར་བཤད་ཡོད། བྱས་ཙང་། སྟོན་པའི་འཁྲུངས་ལོ་དང་གཉའ་ཁྲིའི་འཁྲུངས་ལོ་བར་ལོ་གྲངས་༧༨༡གིས་ཁྱད་པར་ཡོད་ པས་དེ་ནི་སྟོན་པ་ནས་དམུ་ཁ་སྤོ་མི་སྤོ་བར་རྒྱ་རབས་བརྒྱད་ཀྱི་མགོར་བགོས་པས་ མི་རེར་ལོ་༩༧རེ་ཐོབ་ཀྱི་འདུག་པས་དེ་ནི་འཚམས་ཚོད་རེད་འདུག་སྙམ། དེའི་ནང་ནས་འགའ་ཤས་སྐུ་ཚེ་རིང་པོར་བཞུགས་ཡོད་པར་སྲིད་ཀྱང་བརྒྱ་ཕྲག་མང་པོ་ དང་སྟོང་ཕྲག་བཞུགས་ཟེར་ན་ཁྱི་སོ་ལས་རིང་བསྲེལ་འཁྲུངས་ཐུབ་པའི་དད་ཅན་འགའ་ལས་ མ་གཏོགས་འགྲོ་བ་མིའི་ལོ་རྒྱུས་དང་མཐུན་པའི་རྒྱུ་མཚན་ཞིག་རྙེད་དཀའ། སངས་རྒྱས་གཤེན་རབ་མི་བོ་ལོ་ཤིང་ཕོ་བྱི་བ། ཟླ་བ་དཔྱིད་ཟླ་ར་བ་མེ་སྟག ཚེས་བཅོ་ལྔའི་ནམ་ལངས་ཡོས་ལ་སྐུ་འཁྲུངས་པར་གསུངས། སྐབས་དེའི་སྤྱི་ཟླ་ར་བའི་ཚེས་གཅིག་ལ་སྨེ་བ་གཅིག་དཀར་དང་། བཅོ་ལྔ་ལ་ལྔ་སེར་ཁེལ་ཡོད། དེར་བརྟེན་འབྱུང་རྩིས་ལུགས་ལ་ལོ་ཡི་དང་པོ་བྱི་བ་དང་། འབྱུང་ཁམས་ཀྱི་དང་པོ་ཤིང་། ཟླ་བའི་དང་པོ་སྟག དུས་ཚོད་དང་པོ་ཡོས། སྨེ་བའི་དང་པོ་གཅིག་དཀར་འཇོག་དགོས་པའི་གཏན་ཚིགས་དེ་ནས་བྱུང་བ་ཐེ་ཚོམ་ཅི་ ཞིག་དགོས། དེར་མ་ཟད་སྨེ་བ་ལྔ་སེར་དབུས་ལ་བཞག་དགོས་པའི་རྒྱུ་མཚན་ཡང་དེ་ཡིན། དེ་དག་གི་ཚུལ་ལ་མི་འདོད་པའི་ཤངས་བསྙེར་གནང་མཁན་ཡོད་སྲིད་ཀྱང་སྟོན་པ་སངས་ རྒྱས་ཀྱི་སྲས་རྒྱུད་དེ་དག་ཚེའི་རིག་འཛིན་ཐོབ་པ་ཡིན་ཟེར་ནས་དད་པ་དང་དག་སྣང་ ཕྱོགས་མེད་གནང་ནས་བཞུགས་ན་མ་གཏོགས་བྱིས་བློའི་གཞལ་བྱར་གྱུར་པའི་གཏན་ཚིགས་ ཞིག་ཡོད་པ་ཤིན་ཏུ་དཀའ།
གཤེན་གྱི་རྩིས་གསར་ རྣམ་དག་ནང་སངས་རྒྱས་ཀྱི་འཁྲུངས་འདས་སྐོར་རང་གྲོལ་བླ་མ་རྒྱལ་མཚན་གྱི་བཞེད་ ཚུལ་ཞིག་བཀོད་ཡོད། དེ་ནི་རབ་བྱུང་བཅུ་བཞིའི་ཆུ་ཕག་ཡན་སངས་རྒྱས་འདས་ནས་ལོ་༣༥༢༠སོང་བར་བཤད། དེ་དུས་སྤྱི་ལོ་༡༨༦༣ཡིན། གོང་གི་སྟོན་པའི་འདས་ལོ་ལས་༡༨༦༣ཕྲི། ལྷག་མ་འདི་༡༦༥༧སྤྱི་ལོའི་སྔོན་གྱི་སངས་རྒྱས་ཀྱི་འདས་ལོ་ཡིན། གླེང་གཞི་བསྟན་པའི་བྱུང་ཁུངས་ལྟར་ན་ས་མོ་ལུག་ཡན་སངས་རྒྱས་གཤེན་རབ་མི་བོའི་ བསྟན་པའི་དབུ་ཟུགས་ནས་ལོ་༦༧༡༦འདས་པར་བཤད་ཡོད། དེའི་ས་མོ་ལུག་ནི་རབ་བྱུང་ལྔ་པའི་ནང་དང་སྤྱི་ལོ་༡༣༡༩ལ་ཁེལ་ཡོད། ལོ་རྒྱུས་འདིའི་ནང་སངས་རྒྱས་གཤེན་རབ་མི་བོ་ལོ་༣༥༠༠བཞུགས་པར་གསུངས་ཡོད། གོང་གི་ལོ་༦༧༡༦ནས་༣༥༠༠འཐེན། ལྷག་མ་༣༢༡༦ཡོད། དེའི་ནང་ནས་སྤྱི་ལོ་༡༣༡༩འདི་འཐེན། ལྷག་མ་༡༨༩༧འདི་སྤྱི་ལོའི་སྔོན་གྱི་སངས་རྒྱས་ཀྱི་འདས་ལོ་ཡིན། དེར་བརྟེན་སྤྱི་ལོའི་སྔོན་གྱི་ལོ་༡༨༩༧ཡས་མས་ལ་སངས་རྒྱས་གཤེན་རབ་མི་བོ་འཇིག་ རྟེན་ཁམས་ལ་བཞུགས་ཡོད་པ་གསལ་པོ་ཡིན། ཡ་མཚན་སྐྱེ་དགོས་པ་ཞིག་ནི་དར་རྒྱས་གསལ་སྒྲོན་ལས་གསུང་པའི་སྟོན་པའི་འདས་ལོ་ དེ་རེད་འདུག དེ་ནི་ཤིང་བྱི་ལོ་ཡན་སྟོན་པ་འཁྲུངས་ནས་ལོ་༤༨༨༨ཕྱིན་པར་བཤད། དེའི་ཤིང་བྱི་དེ་རབ་བྱུང་ལྔ་པའི་ནང་གི་སྤྱི་ལོ་༡༣༢༤ལ་ཁེལ་ཡོད། སྟོན་པ་དགུང་ལོ་༣༡༠༠བཞུགས་པར་གསུངས། གོང་གི་ལོ་འདི་༤༨༨༨ནས་༣༡༠༠འཐེན། ལྷག་མ་༡༧༨༨འདི་ཡིན། དེའི་ནང་ནས་སྤྱི་ལོ་༡༣༢༤འདི་འཐེན། ལྷག་མ་༤༦༤འདི་སྤྱི་ལོའི་སྔོན་གྱི་སྟོན་པའི་འདས་ལོ་ཡིན།
འདི་ནི་གཡུང་དྲུང་བོན་ ལུགས་འཛིན་པའི་མཁས་གྲུབ་རྣམས་ཀྱིས་གཏན་ལ་ཕབས་པའི་གཉའ་ཁྲི་བཙན་པོའི་འཁྲུངས་ ལོ་དང་བསྡུར་ན་རྩ་བ་ནས་ཡོང་ཐབས་མེད་པ་ཞིག་རེད། རྒྱུ་མཚན་ནི། གཉའ་ཁྲི་བཙན་པོ་གཤེགས་ཚར་བའི་རྗེས་སུ་ད་དུང་སྟོན་པ་སངས་རྒྱས་བཞུགས་ཡོད་པས་ ཡིན། འོན་ཀྱང་བན་དྷེའི་ལུགས་ལ་ཡོངས་གྲགས་ལོ་ཐོའི་ནང་དུ་རྒྱུན་བཀོལ་གནང་རྒྱུ་ སྤྱི་ལོའི་སྔོན་གྱི་ལོ་༡༢༧འདི་གཉའ་ཁྲིའི་འཁྲུངས་ལོ་ཡིན་པས་དེ་ལྟར་ན་རྒྱུ་ མཚན་ཅུང་ཟད་ཡོད་སྲིད་ཀྱང་གཡུང་དྲུང་བོན་གྱི་ལོ་རྒྱུས་དང་བསྡུར་ན་སངས་རྒྱས་ ཀྱི་འདས་ལོ་ཉུང་དྲགས་པ་ཞིག་རེད་སྙམ། དེ་དག་ནི་རྣམ་དཔྱོད་དང་ལྡན་པ་རྣམས་ཀྱིས་དཔྱད་གཞི་གལ་ཆེན་ཞིག་ཡིན་པས་བརྟག་ པར་ཞུ། བསྟན་པའི་གནས་ཚད་ཀྱང་ལོ་རྒྱུས་རྣམས་སུ་བཤད་ཚུལ་མི་མཐུན་པར་ཕྲན་ཙམ་ཡོད་ཀྱང་ ད་ལན་དེ་དག་ཚང་མ་བསྔོག་མི་དགོས་པའི་ཐོག་ནས་རང་གི་འདོད་ཚུལ་ཞིག་ཞུས་པ་ཡིན་ན། ལོ་རྒྱུས་རྣམས་སུ་གསུང་ཚུལ་གཙོ་ཆེ་བ་གཉིས་ཡོད། མི་ལོ་ཁྲི་གསུམ་ཡིན་ཟེར་བ་དང་། ལོ་དགུ་སྟོང་དུ་འདོད་པ་གཉིས། དང་པོ་ནི་དག་ཞིང་འོལ་མོ་ལུང་རིང་ལ་སངས་རྒྱས་ཀྱི་བསྟན་པའི་གནས་ཚད་དང་། ཕྱི་མ་བོད་ཡུལ་ལ་བསྟན་པའི་གནས་ཚད་ལ་བཞག་ན་རུང་སྙམ་པ་ཁོ་བོའི་རྨོངས་འཆར་ཡིན།
2012/10 ནང་བྲིས།

གཡུང་དྲུང་བོན་གྱི་སྒྲུབ་གནས་ཁག་གི་ངོ་སྤྲོད་དམར་མོའི་མཛུབ་ཁྲིད།
གཡུང་དྲུང་བོན་གྱི་སྒྲུབ་གནས་ཁག་གི་ངོ་སྤྲོད་དམར་མོའི་མཛུབ་ཁྲིད།
ཞང་ཞུང་སྙན་རྒྱུད་བཀའ་རྒྱུད་སྐོར་བཞིའི་གླེང་བརྗོད།
ཞང་ཞུང་སྙན་རྒྱུད་བཀའ་རྒྱུད་སྐོར་བཞིའི་གླེང་བརྗོད།
བརྡ་སྤྲོད་སྲིད་པའི་སྒྲོན་མེའི་རྩ་ཚིག
བརྡ་སྤྲོད་སྲིད་པའི་སྒྲོན་མེའི་རྩ་ཚིག
མེ་སྟོན་ཉི་མ་རྒྱལ་མཚན་མཆོག་གི་གསུང་འབུམ།
མེ་སྟོན་ཉི་མ་རྒྱལ་མཚན་མཆོག་གི་གསུང་འབུམ།
བོན་ཆོས་དཔྱད་བསྡུར།
བོན་ཆོས་དཔྱད་བསྡུར།
ལེགས་བཤད་རིན་པོ་ཆེའི་གཏེར་མཛོད།
ལེགས་བཤད་རིན་པོ་ཆེའི་གཏེར་མཛོད།
 རྗེ་མཉམ་མེད་ཤེས་རབ་རྒྱལ་མཚན་གྱི་གསུང་འབུམ་ཆ་ཚང་གི་གློག་རྡུལ་འཕྲུལ་དེབ།
 རྗེ་མཉམ་མེད་ཤེས་རབ་རྒྱལ་མཚན་གྱི་གསུང་འབུམ་ཆ་ཚང་གི་གློག་རྡུལ་འཕྲུལ་དེབ།
རྒྱུན་ཁྱེར་བོན་སྤྱོད་ཕྱོགས་བསྡུས་དད་ལྡན་ཐར་ལམ་འཛེགས་པའི་ཐེམ་སྐས་ཞེས་བྱ་བ་བཞུགས་སོ།
རྒྱུན་ཁྱེར་བོན་སྤྱོད་ཕྱོགས་བསྡུས་དད་ལྡན་ཐར་ལམ་འཛེགས་པའི་ཐེམ་སྐས་ཞེས་བྱ་བ་བཞུགས་སོ།
སྨན་རིའི་སྟེགས་འཇོག་ལོ་ཐོ།
སྨན་རིའི་སྟེགས་འཇོག་ལོ་ཐོ།
previous arrow
next arrow