གསང་སྔགས་བསྐྱེད་རྫོགས་སྐོར་གྱི་དཔྱད་གླེང་།

399830_261673257239818_1644105188_nར་ནག་གཡུང་དྲུང་དབང་གྲགས་ཀྱིས་བརྩམས། སྨན་རིའི་གླིང་།
དེ་ཡང་ཐེག་པ་ཆེན་པོ་གསང་བ་སྔགས་ཀྱི་འབྲས་བུ་ནང་གི་ཐེག་པའི་ལམ་བསྐྱེད་རིམ་དང་རྫོགས་རིམ་གྱི་སྐོར་ལ་རང་བློས་དཔག་ཚོད་ཀྱིས་བོན་རང་ལུགས་ཀྱི་བཀའ་ལུང་དག་གི་དགོངས་དོན་གནད་བསྡུས་རྣམས་བཀྲལ་ཁུལ་དུ་འདིར་སྤྲོ་བར་བྱའོ།
དང་པོ་། གསང་སྔགས་ནང་མའི་ལམ་བསྐྱེད་རིམ་བཤད་པ།
བསྐྱེད་རིམ་ལ་མཚན་ཉིད་དང་། དབྱེ་བ། ངེས་ཚིག  སྒོམ་ཚུལ།  སྒོམ་པའི་བྱེད་ལས་དང་ལྔའོ། དང་པོ་མཚན་ཉིད་ལ། ཡོངས་འཛིན་རིན་པོ་ཆེས་མཛད་པའི་བཀའ་འགྲེལ་གསལ་བྱེད་ལས། སྐྱེ་ཤི་བར་དོ་གསུམ་ཅི་རིགས་སྦྱོང་བྱེད་དུ་བོན་མཐུན་ཁྱད་པར་ཅན་གྱི་སྒོ་ནས་ལམ་གྱི་དངོས་གཞི་གྲུབ་པ་གང་ཞིག་ཡི་དམ་རྫོགས་བྱེད་དང་མཉེས་པར་བྱེད་པ་གཉིས་ལས་ཕྱི་མའི་མིང་ཅན་གྱི་རྣལ་འབྱོར། ཞེས་གསུངས་པ་དང་། ཡང་ཤར་རྫ་བ་བཀྲ་ཤིས་རྒྱལ་མཚན་གྱིས་མཛད་པའི་ལྷ་གཉེན་ཤེལ་སྒོང་ལས། བཞི་པ་བསྐྱེད་རིམ་གྱི་མཚན་ཉིད་ནི། འདི་ལྟར་སྣང་བ་ཐམས་ཅད་ཟག་མེད་ཡེ་ཤེས་ཀྱི་རོལ་པ་ཡེ་ནས་ཡིན་པ་ལ་ཡིན་པར་གསལ་གདབ་ནས་སྐུ་དང་ཞིང་ཁམས་ཀྱི་སྣང་བ་འབའ་ཞིག་ཏུ་ལྟ་བ་སྟེ། ཕྱི་སྣོད་ལྷ་ཡི་ཞིང་ཁམས་ནང་བཅུད་ལྷ་དང་ལྷ་མོར་ཁམས་དང་སྐྱེ་མཆེད་སྐུ་དང་ཡེ་ཤེས་ཀྱི་རོལ་པ་ཆེན་པོ་དེ་ཉིད་ལམ་དུ་ཁྱེར་བ། ཞེས་གསུངས་སོ།
ཡང་སྤྱན་ལྡན་ཆེན་པོ་འ་ཞ་འགྲོ་མགོན་བློ་གྲོས་རྒྱལ་མཚན་གྱིས་མཛད་པའི་འགྲེལ་བ་ཡིད་བཞིན་རྣམ་པར་བཀོད་པའི་རྒྱན་ལས། དང་པོ་ལ་འདི་ལྟར་སྣང་བ་ཐམས་ཅད་ཟག་མེད་ཡེ་ཤེས་ཀྱི་རོལ་པར་ལྟ་བ་སྟེ། དེ་ཡང་ཕྱི་སྣོད་ལྷ་ཡི་གཞལ་ཡས། ནང་བཅུད་ལྷ་དང་ལྷ་མོ། ཕུང་པོ་ཁམས་དང་སྐྱེ་མཆེད་སྐུ་དང་ཡེ་ཤེས་ཀྱི་རོལ་པ་སྟེ། ལོག་འཁྲུལ་རྟོག་པ་སྣ་ཚོགས་སྤྱིར་སྣང་ཡང་། ཟབ་མོའི་དགོངས་པས་ལྷ་དང་ལྷ་མོར་བསྒྱུར་བ། ཞེས་གསུངས་པའོ། དེས་ན་བོན་རང་ལུགས་ལ་ཕྱི་སྣོད་ལྷ་དང་གཞལ་ཡས། ནང་བཅུད་ལྷ་དང་ལྷ་མོ། ཕུང་པོ་ཁམས་དང་སྐྱེ་མཆེད་སོགས་སྐུ་དང་ཡེ་ཤེས་སུ་བསྒྱུར་བའམ་བསྒོམ་པ་ཙམ་ལ་བསྐྱེད་རིམ་འཇོག་པ་མི་འཐད་དེ། དེ་ལྟར་ན་གསང་སྔགས་རྒྱུད་སྡེ་འོག་མ་གཉིས་ལ་བསྐྱེད་རིམ་ཡོད་པར་ཐལ་བའི་ཕྱིར་ཏེ། རྒྱུད་སྡེ་འོག་མ་གཉིས་ལ་དེ་ལྟར་བསྒོམ་པ་ཡོད་པའི་ཕྱིར་ཏེ།  ཐེག་པའི་རིམ་པ་མངོན་དུ་བཤད་པའི་མདོ་རྒྱུད་གྱི་འགྲེལ་བ་འཕྲུལ་གྱི་མེ་ལོང་དགུ་སྐོར་ལས། བྱ་རྒྱུད་ཀྱི་སྤྱི་དོན་རྣམ་པ་བདུན་བསྟན་པའི་སྐབས།  ལྟ་བ་ནི་དག་པ་གསུམ་གྱི་བོན་ཉིད་དེ།  རང་ཡང་ཉམས་སུ་ལེན་ལ་གཞན་ལ་ཡང་སྟོན་པའོ། ཞེས་གསུངས་པས་གྲུབ་སྟེ། དག་པ་གསུམ་ནི། ཕྱི་མཚན་མ་རྫས་སུ་དག་པ། ནང་ཕུང་པོ་ལྷ་རུ་དག་པ། གསང་བ་སེམས་ཡེ་ཤེས་སུ་དག་པ་དང་གསུམ་མོ།
དང་པོ་ནི། ཕྱི་སྣོད་འཇིག་རྟེན་ས་རྡོ་རི་བྲག་ཐམས་ཅད་ལྷ་དང་གཞལ་ཡས་ཀྱི་རང་བཞིན་དུ་དག་པར་ལྟ་བ་དང་། གཉིས་པ་ནི། ནང་ཕུང་པོ་ལྔ་དང་། ཁམས་བརྒྱད། སྐྱེ་མཆེད་དྲུག་རྣམས་རྣག་ཁྲག་དང་འཛོལ་སྙོག་གི་རང་བཞིན་མིན་པར་ལྷ་དང་ལྷ་མོིའི་སྣང་བར་དག་པར་བསྒྱུར་པ་དང་། གསུམ་པ་ནི། སེམས་དང་སེམས་བྱུང་གི་རྟོག་ཚོགས་ཐམས་ཅད་དག་པ་ཡེ་ཤེས་ཀྱི་རང་བཞིན་དུ་བསྒྱུར་པར་བལྟ་བའོ།  གཞན་ཡང་བྱ་བ་གཙང་སྤྱོད་ཡེ་བོན་གྱི་ཐེག་པའི་གཞུང་ཆོག་ཆུང་བདེར་གཤེགས་སྨོན་ལམ་མཐའ་ཡས་དང་། བྱམས་མ་རྩ་བའི་དཀྱིལ་འཁོར་གྱི་ཆོ་གའི་ཏིང་འཛིན་དང་།  ཡང་རྣམ་པ་ཀུན་ལྡན་མངོན་ཤེས་ཀྱི་ཐེག་པའི་ཆོ་ག་ཀློང་རྒྱས་སོགས་ལ་ཞིབ་གྱིས་བལྟས་ན་རྒྱུད་སྡེ་འོག་མ་གཉིས་ཀྱིས་ཕྱི་སྣོད་ལྷ་དང་གཞལ་ཡས། ནང་བཅུད་ལྷ་དང་ལྷ་མོ། ཕུང་པོ་ཁམས་དང་སྐྱེ་མཆེད།
ནང་སེམས་དང་སེམས་བྱུང་རྣམས་དག་པ་ཡེ་ཤེས་སུ་བསྒོམ་ཚུལ་རྒྱས་པར་གསལ་བས་ཤེས་ངེས་སོ།
ཡང་གོང་དུ་སྤྱན་ལྡན་ཆེན་པོས་མཛད་པའི་འགྲེལ་བ་ཡིད་བཞིན་རྣམ་པར་བཀོད་པའི་རྒྱན་དང་། ཤར་རྫ་བ་བཀྲ་ཤིས་རྒྱལ་མཚན་གྱིས་མཛད་པའི་ལྷ་གཉེན་ཤེལ་སྒོང་ལས་གསུངས་པའི་བསྐྱེད་རིམ་གྱི་མཚན་ཉིད་ལྟར་ན། རྒྱུད་སྡེ་འོག་མ་གཉིས་ལ་བསྐྱེད་རིམ་ཡོད་པར་ངང་གིས་ཐལ་བའི་ཕྱིར་ཞེ་ན།  དེ་ལྟར་ཐལ་བ་ནི་མེད་དེ།    གོང་གི་མཚན་ཉིད་གཉིས་པོ་ནི་ཏིང་འཛིན་རྣམ་གསུམ་གྱི་སྒོ་ནས་སྐྱེ་ཤི་བར་དོ་གསུམ་སྦྱོང་བྱེད་ཀྱི་བོན་མཐུན་ཁྱད་པར་ཅན་གྱི་ལམ་དུ་ཁྱེར་བ་གཞིར་བཞག་གི་སྒོ་ནས་གསུངས་པ་ཡིན་པའི་དགོང་པ་ལེན་དགོས་པར་སྙམ། རྒྱུ་མཚན་ནི། རྒྱུད་སྡེ་འོག་མ་གཉིས་ལ་བསྐྱེད་རིམ་མེད་པ་ཁོང་རྣམ་གཉིས་ཀྱིས་གསུངས་པ་གང་ཞིག དེ་ལྟར་མིན་ན།  རྒྱུད་འོག་མ་གཉིས་ལ་བསྐྱེད་རིམ་ཡོད་མེད་གཉིས་ཀ་ཐལ་བའི་ཕྱིར་རོ།
ཡང་རྒྱུད་སྡེ་འོག་མ་གཉིས་ལ་བསྐྱེད་རིམ་མེད་དེ།  བཀའ་འགྲེལ་གསལ་བྱེད་ལས། རྒྱུད་སྡེ་འོག་མ་གཉིས་ལ་བསྐྱེད་རིམ་ཡོད་མེད་ལ་རྩོད་པ་སྤོང་སྐབས། རང་ལུགས་ཀྱི་ལན་ནི། ཏིང་འཛིན་རྣམ་གསུམ་ཡོད་པ་དང་བསྒོམ་པ་འདྲ་ཡང་། རང་ལུགས་ཀྱི་ཏིང་འཛིན་གསུམ་གྱིས་ཐ་མལ་གྱི་སྣང་ཞེན་སྦྱང་བ་ཙམ་དུ་མ་ཟད་འདོད་ཁམས་པའི་འཆི་བ་དང་བར་དོ་སྐྱེ་བ་དང་གསུམ་སྦྱང་བྱ་བྱས་ཏེ། དེ་སྦྱོང་བྱེད་དུ་ཏིང་འཛིན་གསུམ་སྐུ་གསུམ་དུ་མོས་ནས་སྦྱོང་བ་ལམ་དུ་བྱེད་པའི་ཕྱིར་ཞེས་གསུངས་སོ།
བོན་རང་ལུགས་ལ་རྒྱུད་སྡེ་འོག་མ་གཉིས་ལ་བསྐྱེད་རྫོགས་མེད་པའི་ཁུངས་དག་གི་བཀའ་ལུང་མ་མཐོང་ཀྱང་།  རང་ལུགས་ཀྱི་མཁས་པ།  ཤར་རྫ་བ་བཀྲ་ཤིས་རྒྱལ་མཚན་གྱིས་མཛད་པའི་ལྷ་གཉེན་ཤེལ་སྒོང་དང་སྡེ་སྣོད་རིན་པོ་ཆེའི་མཛོད་དང་།  དེ་བཞིན་ཡོངས་འཛིན་རིན་པོ་ཆེས་མཛད་པའི་བཀའ་འགྲེལ་གསལ་བྱེད་བཅས་ཀྱི་དགོངས་དོན་ལྟར་ན། བོན་རང་ལུགས་ལ་རྒྱུད་སྡེ་འོག་མ་གཉིས་ལ་བསྐྱེད་རྫོགས་མེད་པར་གསལ་འདུག  །
དེས་ན་བསྐྱེད་རིམ་གྱི་མཚན་ཉིད་ནི།  ཏིང་འཛིན་རྣམ་པ་གསུམ་གྱིས་ཟིན་པའི་སྐྱེ་ཤི་བར་དོ་གསུམ་སྦྱོང་བྱེད་དང་འདི་ལྟར་གྱི་སྣང་བ་ཐམས་ཅད་ཟག་མེད་ཡེ་ཤེས་ཀྱི་རོལ་པར་བསྒྱུར་བའི་རྫོགས་རིམ་སྨིན་བྱེད་ཀྱི་ཉམས་ལེན་ནོ། ཚིག་ཟུར་སྔ་མས་རྒྱུད་སྡེ་འོག་མ་གཉིས་བཅད་ལ།  ཚིག་ཟུར་ཕྱི་མས་མཐོང་ལམ་མམ་རྫོགས་རིམ་བཅད་དོ།
གཉིས་པ་དབྱེ་བ་ལ།    བླ་ཆེན་པོ་དྲན་པ་སོགས་ཀྱིས་མཛད་པར་གྲགས་པའི་ཀུན་འདུས་རིན་ཆེན་རྩ་རྒྱུད་ཉི་ཟེར་དྲྭ་བ་ལས། སྤྱིར་དབྱེ་བ་ལ་གསུམ་སྟེ། དེ་བཞིན་ཉིད་ཀྱི་ཏིང་འཛིན་དང་། ཀུན་ཏུ་སྣང་བའི་ཏིང་འཛིན་དང་། རྒྱུ་ཡི་ཏིང་འཛིན་དང་གསུམ། ཞེས་དང་། ཡང་ཤར་རྫ་བ་བཀྲ་ཤིས་རྒྱལ་མཚན་གྱིས་མཛད་པའི་སྡེ་སྣོད་རིན་པོ་ཆེའི་མཛོད་ཕྱི་དུམ་ལས། དྲོད། རྕེ་མོ། བཟོད་པ། བོན་མཆོག  །ཞེས་དབྱེ་ཚུལ་མང་དུ་གསུངས་ཀྱང་། བསྡུས་ན་དབྱེ་བ་རྣམ་པ་གཉིས་སུ་བསྡུས་ཏེ།  གསང་དོན་ལས། རི་རབ་ཙམ་གྱི་སྐུ་བསྐྱེད་དང་། ཉུང་འབྲུ་ཙམ་གྱི་སྐུ་བསྐྱེད་པ། གཤེན་རབ་རིག་པའི་སྟོབས་དང་སྦྱོར། ཞེས་གསུངས་པ་ལྟར།  རགས་པའི་བསྐྱེད་རིམ་དང་།  ཕྲ་བའི་བསྐྱེད་རིམ་གཉིས་ཀྱི་སྒོ་ནས་དབྱེ་བའོ།
དང་པོ་ནི། བློ་ཐ་མའམ་ལས་དང་པོ་བ་ལ་ལྟོས་ནས་དབྱེ་བ་སྟེ། རྟེན་ལྷ་ཡི་གཞལ་ཡས་དང་བརྟེན་པ་ལྷ་གཙོ་འཁོར་ཞི་དྲག་སོགས་གང་རང་གིས་བསྒོམ་ཡང་། དམིགས་པ་ཞིབ་ཕྲ་མིན་པར་རྩིང་རགས་ཀྱི་རྣམ་པ་སྟེ།   བློ་ཆུང་རིམ་གྱིས་བསྐྱེད་པ་ཞེས་ཀྱང་བྱ།  དེ་ནི་སྐུ་ཆེ་བ་རི་རབ་ཙམ་སོགས་ལྷ་དང་ལྷ་མོའི་རང་བཞིན་དུ་བློས་དམིགས་པ་བསྒྱུར་བ་ལ། ཆུང་བ་སེན་མོ་ཙམ་དང་། སྲན་འབྲུ་ཙམ། ཉུང་འབྲུ་ཙམ་གྱི་སྤྱན་འབྲས་དང་། ལུས་ཀྱི་བ་སྤུ་སོགས་ཕྲ་ཞིང་ཕྲ་བ་ནས་མིན་པར་སྤྱི་ཁོག་གམ་རགས་རིབ་གྱི་རྣམ་པར་ལྷ་བསྐྱེད་པའི་ལས་དང་པོའི་རྒྱུད་ཀྱི་སྦྱོར་ལམ་ལྟ་བུའོ།
གཉིས་པ་ནི། གཡུང་དྲུང་གསང་བའི་རྒྱུད་ལས། སེན་མོ་ཟླུམ་པ་ཙམ་ཉིད་དུ། ཉི་ཟླ་པད་མའི་གདན་ཉིད་ལ། སྲན་འབྲུ་ཙམ་གྱི་པད་མའི་གདན། ཉུང་འབྲུ་ཙམ་གྱི་ཡི་གེ་ལ། ལྷ་སྐུ་ཕྱག་རྒྱ་རིལ་འབྲུ་ཙམ། མཁས་པས་གང་བྱེད་གནས་སྐབས་ཀྱིས། གཞུང་བཞིན་རབ་ཏུ་བསྒོམ་པར་བྱ། ཞེས་གསུངས་པས།  དེ་ནི་རྩ་བའི་ལྷ་གཅིག་གམ་གཙོ་འཁོར་གང་བསྒོམ་ཀྱང་། སྐུ་ཆུང་བ་སེན་མོ་ཙམ་དང་། སྲན་འབྲུ་ཙམ་དང་། ཉུང་འབྲུ་ཙམ་གྱི་སྤྱན་འབྲས་དང་། གདན་པད་མ་དང་། ལུས་ཀྱི་བ་སྤུ་རེ་རེའི་སྟེང་ལྷ་སྐུ་སོགས་མ་སྒྲིབ་པར་ཕྲ་ཞིང་ཕྲ་བ་ནས་གསལ་ལ་དོད་པར་བསྒོམ་ནུས་པའི་སྦྱོར་ལམ་ནི་བསྐྱེད་རིམ་ཕྲ་མོའི་ཚད་དུ་འཇོག་གོ   །
གསུམ་པ་ངེས་ཚིག་ནི།   ཕྱི་ཡི་སྣོད་དང་། ནང་ཕུང་པོ་ཁམས་དང་སྐྱེ་མཆེད།  གསང་བ་སེམས་དང་སེམས་བྱུང་ལས་རིམ་གྱིས་ལྷ་བསྐྱེད་པས་བསྐྱེད་རིམ་ཞེས་བྱའོ།  གཞན་ཡང་དྲན་པ་སོགས་ཀྱིས་མཛད་པས། ཀུན་འདུས་རིན་ཆེན་རྩ་རྒྱུད་ཀྱི་འགྲེལ་ཉི་ཟེར་དྲྭ་བ་ལས། མི་སྣང་བ་ལས་སྣང་བར་བསྐྱེད་པས་བསྐྱེད་པ། འོད་ཀྱི་རིམ་པ་ལས་ཡིག་འབྲུའི་རིམ་པར་བསྐྱེད། ཡིག་འབྲུ་ལས་ལྷའི་རིམ་པར་བསྐྱེད། ལྷ་ལས་རྒྱན་དང་ཆ་ལུགས་ཀྱི་རིམ་པར་བསྐྱེད་པས་བསྐྱེད་རིམ། ཞེས་གསུངས་སོ།
བཞི་པ་བསྒོམ་ཚུལ་ནི། གསང་བ་དགུ་འཕར་གཡུང་དྲུང་གསང་བའི་རྒྱུད་ལས། དཔེར་ན་སྲིད་པའི་འཁོར་ལོ་ཡིས།
སྲིད་གསུམ་སེམས་ཅན་སྨིན་པའི་ཚུལ། མངལ་དང་རྫུས་ནས་སྐྱེ་བཞིན་དུ། ཤེས་རབ་བརྩོན་འགྲུས་ཆེ་ཆུང་གིས། རིམ་དང་ཅིག་ཆར་གཉིས་སུ་བསྟན། ཞེས་གསུངས།  ཀུན་མཁྱེན་ཤར་རྫས་མཛད་པའི་སྡེ་སྣོད་རིན་པོ་ཆེའི་མཛོད་སྨད་ཆ་ལས། འདི་ལྟར་མངལ་སྒོང་གཉིས་ཀ་མངལ་སྐྱེས་སུ་བསྡུས་ནས་རིམ་གྱིས་བསྐྱེད་ལུགས་དང་། དྲོད་རྫུས་གཉིས་ཀ་རྫུས་སྐྱེས་སུ་བསྡུས་ནས་ཅིག་ཅར་དུ་བསྐྱེད་པའི་ལུགས་དང་གཉིས་སོ།  ཞེས་གསུངས་པ་ལྟར། སྐྱེ་གནས་རིམ་པ་བཞི་ལ་སྦྱར་ནས་བསྐྱེད་རིམ་སྒོམ་ཚུལ་བཤད་པ་སྟེ། དང་པོ་སྒོང་སྐྱེ་དང་མཐུན་པའི་སྒོ་ནས་སྒོམ་ཚུལ་ནི།  དང་པོ་ས་བོན་ལས་ཕྱག་མཚན་དང་།  ཕྱག་མཚན་དེ་ཉིད་འོད་ཀྱི་གོང་བུའི་རྣམ་པ་ཅན་དང་། འོད་ཀྱི་གོང་བུ་དེ་ལྷ་དང་ལྷ་མོའི་རང་བཞིན་བསྒྱུར་བ་ནི། སྒོང་སྐྱེས་དང་མཐུན་པའི་སྒོམ་ཚུལ་བསྟན་པའོ།
གཉིས་པ་ནི།   ས་བོན་ལས་གདན་པད་མ་དང་། དེ་ལས་ཕྱག་མཚན། ཕྱག་མཚན་དེ་ཉིད་འོད་ཀྱི་རྣམ་པ་ཅན། འོད་དེ་ཉིད་ལས་ཕུང་པོ་ཁམས་དང་སྐྱེ་མཆེད་དང་། ཕུང་པོ་ཁམས་དང་སྐྱེ་མཆེད་རྣམས་ལྷ་དང་ལྷ་མོའི་རྣམ་པར་བསྒྱུར་བ་ནི། མངལ་སྐྱེས་དང་མཐུན་པའི་བསྐྱེད་རིམ་སྒོམ་ཚུལ་ལོ།
གསུམ་པ་ནི།  ཉི་མ་དྲོད་དང་། ཟླ་བ་གཤེར་ལས་ས་བོན་དང་།  ས་བོན་ལས།  སྒོང་སྐྱེས་དང་། མངལ་སྐྱེས་ལ་མི་ལྟོས་པར་དྲོད་གཤེར་ལ་བརྟེན་ནས་བློ་བུར་དུ་ལྷ་སྐུ་བསྐྱེད་པ་ནི། དྲོད་གཤེར་ལས་བསྐྱེད་བ་དང་མཐུན་པའི་སྒོམ་ཚུལ་ལོ།
བཞི་པ་ནི། ས་བོན་ལས།  གདན་པད་མ། དེ་ལས་སྐུ་མདོག་ཕྱག་མཚན་དང་། ཕྱག་མཚན་ལས་ལྷ་སྐུ་སོགས་སྐད་ཅིག་གིས་ཆུ་ལས་ཉ་ལྡང་བ་བཞིན་ཀྲོང་གིས་བསྐྱེད་པ་ནི། རྫུས་སྐྱེས་དང་མཐུན་པའི་སྒོ་ནས་བསྐྱེད་རིམ་སྒོམ་ཚུལ་བསྟན་པའོ།
ཡང་ལས་དང་པོ་ལ་ལྟོས་ནས་སྒོང་སྐྱེས་དང་། དེ་ལས་ཅུང་བརྟན་པ་ལ་ལྟོས་ནས་མངལ་སྐྱེས་དང་། བློ་རབ་ལ་ལྟོས་ནས་དྲོད་སྐྱེས་དང་། བློ་ཡང་རབ་ལ་ལྟོས་ནས་རྫུས་སྐྱེས་དང་མཐུན་པའི་སྒོ་ནས་སྒོམ་ཚུལ་རིམ་བཞིན་བསྟན་པའོ།
ལྔ་པ་བྱེད་ལས་ནི།  སྡེ་སྣོད་མཛོད་ལས། བསྐྱེད་རིམ་གྱིས་ཕྱི་སྟོང་གསུམ་ལྷུན་རྫོགས་བསྒོམས་པས་ཡིད་ངོའི་སྣང་བ་ཤིན་ཏུ་རྒྱ་ཆེ་བ་སྟོང་གསུམ་འཇིག་རྟེན་ལྟ་བུ་དང་། མིག་ཤེས་ཀྱི་སྣང་བ་ས་རྡོ་རི་བྲག་ལྟ་བུ་དངོས་པོ་རང་མཚན་པར་བལྟ་བ་སྦྱོང་ལ། བཅུད་ལྷ་དང་ལྷ་མོར་བསྒོམས་པས་ཡིད་ངོར་སྣང་བ་ཚད་མེད་པ་རྨི་ལམ་ལྟ་བུར་འཆར་བ་དང་། མིག་ཤེས་ཙམ་དུ་སྣང་བའི་སེམས་ཀྱི་བདེན་ཞེན་བག་ཆགས་དང་བཅས་པ་སྦྱོང་།  ཁྱད་པར་དུ་རང་གི་ཕུང་ཁམས་སྐྱེ་མཆེད་ཀྱང་གདོད་མ་ནས་ལྷའི་རང་བཞིན་དུ་ཡོད་པར་ཤེས་ཤིང་དེ་དང་དེར་གསལ་ཐེབས་པས་གཟུགས་ཀྱི་ཕུང་པོ་ལ་སོགས་པའི་སྒྲིབ་སྦྱོང་བར་བྱེད་དོ།
དེའང་རྒྱུད་སྡེ་འོག་མ་རྣམས་སུ་ནི། བསྐྱེད་རིམ་ཙམ་པོ་སྒྱུ་མ་ལྟ་བུ་ཡིན་པས་ཐུན་རྗེས་སུ་བསྡུ་བ་ཙམ་ལས་མེད་དོ། ཞེས་གསུངས་སོ།
གཉིས་པ། གསང་སྔགས་ནང་མའི་ལམ་རྫོགས་རིམ་བཤད་པ།
རྫོགས་རིམ་ལ་མཚན་ཉིད་དང་།  སྒོམ་པའི་གཞི།  བསྒོམ་པའི་བྱེད་ལས།  ངེས་ཚིག་དང་བཞིའོ།
དང་པོ་མཚན་ཉིད་ལ། བཀའ་འགྲེལ་གསལ་བྱེད་ལས། རང་རྒྱུ་བསྐྱེད་རིམ་སྨིན་ཚོད་ཀྱི་ལམ་རྫོགས་རྗེས་སུ་བྱུང་བའི་མ་བཅོས་ཐབས་ཀྱིས་བསྒྲུབས་པའི་ཡི་དམ་རྫོགས་བྱེད་ཀྱི་རིམ་པ། ཞེས་གསུངས། ཡང་འགྲེལ་བ་ཡིད་བཞིན་རྣམ་པར་བཀོད་པའི་རྒྱན་ལས།   གཉིས་པ་ལ་དེ་དག་ཐམས་ཅད་ཀྱང་སྣང་ལ་རང་བཞིན་མེད་པ།  གསལ་ལ་རྟོག་པ་མེད་པ། འཛིན་མེད་ཀྱི་རིག་པ་རང་གསལ་བྱང་ཆུབ་སེམས་ཀྱི་ངང་དུ་མ་གཡོས་མ་བཅོས་ལྷུན་གྱིས་གྲུབ་པའི་དགོངས་པས་ཐེམས་པ།  ཞེས་གསུངས་སོ། དེ་ན་ཏིང་འཛིན་རྣམ་གསུམ་གྱིས་ཟིན་པའི་རང་རྒྱུ་བསྐྱེད་རིམ་ལ་བརྟེན་ནས་གཙོ་བོ་རྩ་རླུང་ཐིག་ལེ་གསུམ་གྱི་སྒོ་ནས་ལྷ་སྐུ་སོགས་མངོན་གསུམ་དུ་བསྐྱེད་པའི་ཉམས་ལེན།    གསང་སྔགས་ནང་མའི་ལམ་མཐོང་ལམ་སྐྱེས་བ་དང་རྫོགས་རིམ་སྐྱེས་བ་གཉིས་དུས་མཉམ་མོ།
གཉིས་པ་བསྒོམ་པའི་གཞི་ནི།  ལུང་ལས། རྩ་ཡི་ལམ་ལ་རླུང་གི་རྟ་ཞོན་ནས། ཐིག་ལེ་སྐྱེས་བུ་ཡི་གེའི་མཚོན་ཐོགས་པས། ཞེས་གསུངས། ཡང་མ་རྒྱུད་ལས།  རང་རིག་པའི་ཡེ་ཤེས་ཀྱི་རྩལ་ལས་རླུང་གཡོ། རླུང་གིས་རྩ་སྦུབས་ཕྱེ། རྩ་སྦུབས་སུ་ཐིག་ལེ་གནས། ཐིག་ལེ་ལ་ལྷ་གནས་པའོ། ཞེས་གསུངས་པ་ལྟར། གནས་པ་རྩ་དང་། གཡོ་བ་རླུང་། བརྟེན་པ་ཐིག་ལེ་དང་གསུམ་མོ།
དང་པོ་ལ།  ལུང་ལས། རྩ་བ་གཅིག་ལ་ཡེ་ཤེས་སྡོང་པོ་གསུམ་ཞེས། རྐྱང་མ་དང་། རོ་མ་དང་། དབུ་མ་དང་གསུམ་མོ།  རྩ་དབུ་མ་སྲོག་ཤིང་གཅིག་ལས་ཡར་རྩེ་མོ་གསུམ་དུ་རྒྱས་པའི་ཚུལ་དུ་གནས་པའོ།  གཡས་པ་འཁོར་བའི་རྩ་ནི་ཉོན་མོངས་རྩུབ་རླུང་རྒྱུ་བས་མདོག་དཀར་པོ་དང་།  གཡོན་པ་མྱང་འདས་ཀྱི་རྩ་ནི་ཡེ་ཤེས་ཀྱི་བདེ་རླུང་རྒྱུ་བས་དམར་པོ། དབུས་ནི་རིག་པའི་རང་རླུང་རྒྱུ་བས་མཐིང་མདོག་དུ་གནས་པ་དང་། གཞན་ཡང་རྐྱང་མ་ཐབས་ཀྱི་རྩ་ཐིག་ལེ་དཀར་པོ་རྒྱུ་བས་དཀར། རོ་མ་ཤེས་རབ་ཀྱི་རྩ་ཐིག་ལེ་དམར་པོ་རྒྱུ་བས་དམར།  དབུ་མ་ཐབས་ཤེས་ཟུང་འབྲེལ་གྱི་རྩ་ཡིན་པས་མཐིང་མདོག་ཏུ་གནས་པའོ།  ཕྲ་སྦོམ་གྱི་ཚད་ནི། རྩ་གཡས་གཡོན་གཉིས་ནི། མ་རྒྱུད་ལས། རིང་ཐུང་ཚད་ཚོན་གང་པ་ཕྲ་སྦོམ་རྟ་རྔ་བཅུ་ཚལ་ཙམ།
ཞེས་གསུངས་པ། རྟ་རྔ་ཉག་མ་གཅིག་དེ་ཆ་བཅུ་རུ་ཕྱེ་པའི་ཚལ་པ་གཅིག་གི་ཚད་ཡིན་ནོ། དབུ་མ་ནི། དར་སྐུད་སུམ་གཅིག་ཏུ་བསྒྲིལ་བའི་ཚད་དུ་གནས་སོ།
ཀུན་མཁྱེན་ཤར་རྫ་བའི་ལྷ་གཉེན་ཤེལ་སྒོང་ལས། རྩ་གཡས་དཀར་ནི། སྤྱི་བོར་མདུན་ནས་རྒྱབ་ཏུ་བསྐོར་ནས་སྣེ་མོ་སྣ་བུག་གཡས་སུ་དོད་པ་དང་། གཡོན་དམར་ནི། མདུན་ནས་བསྐོར་ཏེ་སྣེ་མོ་སྣ་བུག་གཡོན་དུ་དོད་པར་གསུངས། དབུ་མ་ནི་ཡར་སྣེ་སྤྱི་བོ་ཚངས་བུག་ནས་དོད། མར་སྣེ་གསང་སྦུགས་ནས་དོད་དོ།
འཁྲིལ་ཚུལ་ནི། སྤྱི་བོ་ནས་མགྲིན་པའི་བར་རྩ་དབུ་མས་གཡས་གཡོན་གཉིས་ལ་འཁྲིལ་བའི་ཚུལ་དུ་གནས། མགྲིན་པ་ནས་སྙིང་ཁའི་བར་གཡས་གཡོན་གཉིས་ཀྱིས་དབུ་མར་འཁྲིལ་བའི་ཚུལ་དུ་གནས། སྙིང་ཁ་ནས་ལྟེ་བའི་བར་རྩ་གསུམ་གཤིབ་པའི་ཚུལ་དུ་གནས།  ལྟེ་བ་ནས་མར་སོར་བཞིའི་རླུང་སྒོའི་བར་སྐྱེས་པ་ལ་གཡོན་ནས་གཡས་ལ་འཁྲིལ་བ་དང་།  བུད་མེད་ལ་གཡས་པ་ནས་གཡོན་པར་འཁྲིལ་བའི་ཚུལ་དུ་གནས་སོ།
གཉིས་པ་རླུང་ལ། མ་རྒྱུད་ཐུགས་རྗེ་ཉི་མའི་རྒྱུད་ལས།   རྣམ་གྲངས་ལ་ཡང་རྒྱས་འབྲིང་བསྡུས་གསུམ་སྟེ།  རྒྱས་པ་སྲིད་པའི་རླུང་རིན་པོ་ཆེ་ལས་སོགས་པ་གསུང་རབ་ལས་གསུངས་པའི་ཉི་ཤུ་རྩ་ལྔ་པ་དང་། འབྲིང་དུ་གསང་སྔགས་མ་རྒྱུད་འདིའི་དགོངས་པ་ལ་དགུ་སྟེ། བོན་ཉིད་ཀྱི་དབྱིངས་རླུང་། ཡེ་ཤེས་བདེ་རླུང་། རིག་པའི་རང་རླུང་། ཡིད་ཀྱི་རྟ་རླུང་། ལས་ཀྱི་ཤུགས་རླུང་། ཉོན་མོངས་པའི་རྩུབ་རླུང་། འདུ་བའི་འཁྲུག་རླུང་། སྲིད་པའི་སྟོབས་རླུང་། བསྐལ་པའི་འཇིག་རླུང་དང་དགུའོ།
བསྡུས་པའི་རྣམ་གྲངས་ལ་གསུམ་སྟེ། སྲིད་པའི་རླུང་དང་། ལྷན་སྐྱེས་ཀྱི་རླུང་དང་། བསྒོམ་པའི་རླུང་ངོ་།
ཡང་དེ་ཉིད་ལས་རླུང་གི་རྣམ་གྲངས་ལ་གསུམ་སྟེ།  རྩ་བའི་རླུང་དང་། ཡན་ལག་གི་རླུང་དང་། ཉིང་ལག་གི་རླུང་ངོ་།
མ་རྒྱུད་ལས།  རྩ་བའི་རླུང་ནི། སྲོག་འཛིན་པའི་རླུང་རིན་པོ་ཆེ། མེ་མཉམ་གྱི་རླུང་རིན་པོ་ཆེ། གྱེན་རྒྱུའི་རླུང་རིན་པོ་ཆེ། ཁྱབ་བྱེད་ཀྱི་རླུང་རིན་པོ་ཆེ། ཐུར་སེལ་གྱི་རླུང་རིན་པོ་ཆེ་དང་ལྔའོ། ཞེས་གསུངས། ཡང་འགྲེལ་བ་ཡིད་བཞིན་རྣམ་པར་བཀོད་པའི་རྒྱན་ལས།  རླུང་ལ་མང་ཡང་བསྡུས་པས་གཞི་རང་གནས་ཀྱི་རླུང་ལྔ་འབྱུང་བ་ལྔའི་རླུང་ཡིན་ཏེ། དེ་ཡང་སྲོག་འཛིན་དང་། གྱེན་འདྲེན་དང་། ཐུར་སེལ་དང་། མེ་མཉམ་དང་། ཁྱབ་བྱེད་དང་ལྔ་ཡིན་ཏེ།  ཉོན་མོངས་པའི་རྐྱེན་དང་ཕྲད་ནས་ཉོན་མོངས་ཀྱི་རྩུབ་རླུང་དུ་འགྱུར་ལ། ཏིང་འཛིན་གྱི་རྐྱེན་དང་ཕྲད་ན་ཡེ་ཤེས་ཀྱི་བདེ་རླུང་དུ་འགྱུར།  ཞེས་གསུངས་སོ།
དེ་ལ་གནས་ས་ལྔ། བྱེད་ལས་ལྔ། ཁ་དོག་ལྔ། ཕན་ཡོན་ལྔ་བསྟན་པའོ།  དང་པོ་གནས་ས་ལྔ་ནི།   སྲོག་འཛིན་ནི་སྲོག་རྩ་སྙིང་དང་གློ་བར་གནས།  གྱེན་རྒྱུ་ནི་བྲང་ནས་སྣ་བ་དང་ཀླད་པར་འཁྱིལ།  ཐུར་སེལ་ནི་འོག་སྒོ་ནས་གསང་བར་གནས།
མེ་མཉམ་ནི་ལྟེ་བ་དང་ཕོ་བ་དང་རྒྱུ་མ་ལ་ཁྱབ་པར་གནས། ཁྱབ་བྱེད་ནི་ལུས་ཀུན་ལ་ཁྱབ་པར་གནས་པའོ།
བྱེད་ལས་ལྔ་ནི། སྲོག་འཛིན་སྲོག་བཟུང་བློ་སྟོབས་འདོད་པ་བསྒྲུབ། གྱེན་རྒྱུས་དབུགས་རྒྱུ་བ་དང་ཟས་མྱིད་པར་བྱེད། ཐུར་སེལ་གཤང་ལྕི་ཐིག་ལེ་འབྱིན་སྡོམས་བྱེད། མེ་མཉམ་ཟས་འཇུ་བ་དང་ལུས་དྲོད་བསྐྱེད་བར་བྱེད། ཁྱབ་བྱེད་ལུས་ཀྱི་བྱ་བ་ཕལ་ཆེར་བྱེད་དོ། དོག་ནི། སྲོག་འཛིན་ནམ་མཁའི་རླུང་སྟེ་དཀར། གྱེན་རྒྱུ་ས་ཡི་རླུང་སྟེ་སེར། ཐུར་སེལ་ཆུ་ཡི་རླུང་སྟེ་སྔོ། མེ་མཉམ་མེ་ཡི་རླུང་སྟེ་དམར། ཁྱབ་བྱེད་རླུང་གི་རླུང་སྟེ་ལྗང་བ་ཡིན་ནོ།
དེ་དག་ཉམས་སུ་ལེན་པའི་ཕན་ཡོན་ནི།  སྲོག་འཛིན་སྲོག་རྩལ་བསྐྱེད་ཅིང་བློ་རིག་གསལ།  གྱེན་རྒྱུ་དབང་པོ་བསྐྱེད་ཅིང་མགོ་ནད་སེལ། ཐུར་སེལ་རོ་སྨད་ཀུན་འདེགས་སྦོབ་འཁྲུག་འདོན། མེ་མཉམ་ཟས་བཞུ་ལུས་ཟུངས་བསྐྱེད། ཁྱབ་བྱེད་ཡན་ལག་སྟོབས་འཕེལ་ལས་ཀུན་བྱེད་དོ།
གསུམ་པ་ཐིག་ལེ་ལ།  མ་རྒྱུད་ལས། གྲུབ་པ་སྐུ་ཡི་ཐིག་ལེ་བཞི་བཅུ་རྩ་ལྔ་དང་། སྣང་བ་ཕྱིའི་ཐིག་ལེ་བཞི་བཅུ་རྩ་ལྔ་དང་། རིག་པ་ནང་གི་ཐིག་ལེ་བཞི་བཅུ་རྩ་ལྔ་དང་། གཡུང་དྲུང་གསང་བའི་ཐིག་ལེ་བཞི་བཅུ་རྩ་ལྔ་དང་། ཡེ་ཤེས་ལྷའི་ཐིག་ལེ་བཞི་བཅུ་རྩ་ལྔ་སོགས་མང་གསུངས་ཀྱང་། བསྡུས་ན་རྣམ་པ་གཉིས་ཏེ།  དྭངས་མ་རིག་པའི་ཐིག་ལེ་དང་། སྙིགས་མ་ལུས་ཟུངས་ཀྱི་ཐིག་ལེ་དང་གཉིས་སུ་བསྟན།  དྭངས་མ་རིག་པའི་ཐིག་ལེ་ནི། འབྱུང་བའི་དྭངས་མ་ཕ་ལས་ཆད་པའི་ཐིག་ལེ་དཀར་པོ་དང་། མ་ལས་ཆད་པའི་ཐིག་ལེ་དམར་པོ་གཉིས་འདྲེས་པའི་རང་བཞིན་ཤེས་པ་ནི་རྟེན་གནས་སུ་གྱུར་བ་དེ་ལ་བྱའོ།
སྙིགས་མ་ལུས་ཟུངས་ཀྱི་ཐིག་ལེ་ནི་ཟས་ཀྱི་བཅུད་ཡོངས་འདུས་ནས་ཕོ་མོའི་རྟེན་གནས་ཀྱི་བཅུ࿋བ་དཀར་དམར་དུ་འབྱུང་དེ་ཡིན་ནོ།
གསུམ་པ་རྫོགས་རིམ་བསྒོམ་པའི་བྱེད་ལས་ནི།  སྡེ་སྣོད་རིན་པོ་ཆེའི་མཛོད་ལས། སྣང་ཆ་ལྷ་དང་གཞལ་ཡས་བལྟ་བའི་སྤྲོས་པ་ཉེ་བར་བསྡུས་པས་བར་དོའི་ལམ་སྦྱོང་ཞིང་། རྩ་རླུང་ཐིག་ལེའི་རང་བཞིན་ལ་གནད་དུ་བསྣུན་པས་ཉོན་མོངས་པའི་སྒྲིབ་པ་སྦྱོང་།ཞེས་གསུངས་སོ།
བཞི་པ་ངེས་ཚིག་ནི།  གཙོ་བོ་རྩ་རླུང་ཐིག་ལེ་ལ་བརྟེན་ནས་ལྷ་སྐུ་མངོན་དུ་རྫོགས་པར་རིམ་གྱིས་བསྒོམ་པས་དེ་སྐད་བརྗོད་དོ།
མཐའ་དོན་ནི། ལམ་བསྐྱེད་རྫོགས་ཀྱི་སྐོར་ནི་ནམ་མཁའ་ལྟར་རྒྱ་ཆེ་ཞིང་རྒྱ་མཚོ་ལྟར་གཏིང་ཟབ་པས་བློ་དམན་བདག་ལྟ་བུས་དེ་སྐོར་ལ་གཞལ་བ་ནི་མཁས་པས་བཞད་གད་ཀྱི་གནས་ལས་མ་འདས་མོད། འདི་ནི་རང་ཉིད་བསྐྱེད་རྫོགས་ཀྱི་གཞུང་ལ་གོམས་ཆ་དང་བློ་སྦྱོང་ཙམ་གྱི་ཆེད་དུ་རང་ལུགས་ཀྱི་བཀའ་ལུང་དག་ལས་བསྐྱེད་རྫོགས་ཀྱི་དོན་གནད་སྐོར་བསྡུས་ཁུལ་ཙམ་ཡིན་པས་མཆོག་གསུམ་བླ་མ་ཡི་དམ་མཁའ་འགྲོ་རྣམས་ཀྱིས་ཐུགས་ཁྲེལ་མི་གནང་བར་ཞུ་ཞེས་ཀྱང་ཞུའོ།།
ཞེས་པ་༧གཡུང་དྲུང་བོན་གྱི་གདན་ས་ཆེན་མོ་སྨན་རིིའི་བཤད་སྒྲུབ་སློབ་གཉེར་པའི་མིང་ཙམ་འཛིན་པ་ར་ནག་གཡུང་དྲུང་དབང་གྲགས་པས་གཤེན་གྱི་འབྱུང་ལྡན་སུམ་བརྒྱ་དང་གཅིག་བོད་ཆུ་སྦྲུལ་ལོའི་ཟླ་བ་གཉིས་པའི་ཚེས་སུམ་ཅུ་སྟེ། ཕྱི་ལོ་༢༠༡༣ཟླ་༤ཚེས་༡༠ཉིན་ལེགས་པར་གྲུབ་པ་ཐ་ཚན་མུ་ཙུག་སྨར་རོ།། །།

གཡུང་དྲུང་བོན་གྱི་སྒྲུབ་གནས་ཁག་གི་ངོ་སྤྲོད་དམར་མོའི་མཛུབ་ཁྲིད།
གཡུང་དྲུང་བོན་གྱི་སྒྲུབ་གནས་ཁག་གི་ངོ་སྤྲོད་དམར་མོའི་མཛུབ་ཁྲིད།
ཞང་ཞུང་སྙན་རྒྱུད་བཀའ་རྒྱུད་སྐོར་བཞིའི་གླེང་བརྗོད།
ཞང་ཞུང་སྙན་རྒྱུད་བཀའ་རྒྱུད་སྐོར་བཞིའི་གླེང་བརྗོད།
བརྡ་སྤྲོད་སྲིད་པའི་སྒྲོན་མེའི་རྩ་ཚིག
བརྡ་སྤྲོད་སྲིད་པའི་སྒྲོན་མེའི་རྩ་ཚིག
མེ་སྟོན་ཉི་མ་རྒྱལ་མཚན་མཆོག་གི་གསུང་འབུམ།
མེ་སྟོན་ཉི་མ་རྒྱལ་མཚན་མཆོག་གི་གསུང་འབུམ།
བོན་ཆོས་དཔྱད་བསྡུར།
བོན་ཆོས་དཔྱད་བསྡུར།
ལེགས་བཤད་རིན་པོ་ཆེའི་གཏེར་མཛོད།
ལེགས་བཤད་རིན་པོ་ཆེའི་གཏེར་མཛོད།
 རྗེ་མཉམ་མེད་ཤེས་རབ་རྒྱལ་མཚན་གྱི་གསུང་འབུམ་ཆ་ཚང་གི་གློག་རྡུལ་འཕྲུལ་དེབ།
 རྗེ་མཉམ་མེད་ཤེས་རབ་རྒྱལ་མཚན་གྱི་གསུང་འབུམ་ཆ་ཚང་གི་གློག་རྡུལ་འཕྲུལ་དེབ།
རྒྱུན་ཁྱེར་བོན་སྤྱོད་ཕྱོགས་བསྡུས་དད་ལྡན་ཐར་ལམ་འཛེགས་པའི་ཐེམ་སྐས་ཞེས་བྱ་བ་བཞུགས་སོ།
རྒྱུན་ཁྱེར་བོན་སྤྱོད་ཕྱོགས་བསྡུས་དད་ལྡན་ཐར་ལམ་འཛེགས་པའི་ཐེམ་སྐས་ཞེས་བྱ་བ་བཞུགས་སོ།
སྨན་རིའི་སྟེགས་འཇོག་ལོ་ཐོ།
སྨན་རིའི་སྟེགས་འཇོག་ལོ་ཐོ།
previous arrow
next arrow