གཡུང་དྲུང་བོན་གྱི་གནས་བཤད།

གངས་དཀར་ཏི་སེ་ཤེལ་གྱི་མཆོད་རྟེན་འདྲ་ལ་གང་མོས་བཀོད་པ་གྲུབ། ། མ་ཕམ་གཡུ་མཚོ་གཡུ་ཡི་མེ་ལོང་འདྲ་ལ་ཀླུ་ཡི་དཀོར་ནོར་འདོད་དགུ་ཚང་། ། འབབ་པའི་ཆུ་བོ་བཞི་ཡང་བདུད་རྩི་འདྲ་བས་འཛམ་གླིང་མཚོ་བཞི་འཁྱིལ་བའི་རྟེན། ། འཛམ་གླིང་ནོར་བུའི་མཆོག་གྱུར་གནས་ཆེན་གངས་མཚོ་མ་བགོས་སྤྱི་ལ་ཁྱབ། ། གདུལ་བྱ་ཆུ་སྣོད་གྲངས་མེད་འཁྱིལ་བའི་ནང་། ། འདུལ་བྱེད་མཁའ་ཟླའི་ཆ་ཤས་ཡོངས་གང་བས།།མ་ངེས་སྒྱུ་འཕྲུལ་ཞི་དང་ཁྲོ་བོའི་གར། ། གདུལ་བྱ་དག་ཚེ་འདུལ་བྱེད་བཀོད་པ་བསྡུ། ། ཇི་ལྟར་གང་གིས་སངས་རྒྱས་ཡིད་བྱེད་པ། ། དེ་ཡི་མདུན་དུ་མངོན་སུམ་བཞུགས་ཞེས་གསུངས། ། ཆོས་རྣམས་འདུན་རྩེར་གནས་པ་དེ་ཡི་ཕྱིར། ། གང་ལྟར་བརྟགས་པས་དེ་ལྟར་སྣང་བའོ། ། འདིར་གང་ཏི་སེ་དང་མཚོ་མ་ཕམ་གཉིས་ཀྱི་ལོ་རྒྱུས་གོ་བདེ་མདོར་བསྡུས་སུ་འབྲི་བ་ལ་གྲུབ་མཐའ་མི་འདྲ་བ་མང་པོས་བཤད་སྲོལ་མི་འདྲ་བ་སྣ་ཚོགས་སུ་མཆིས་ཀྱང་སྐབས་འདིར་གཡུང་དྲུང་བོན་གྱི་ལུགས་སུ་གནས་ཤད་ཅུང་ཟད་ཙམ་ཞིག་འཆད་པ་ལ། དེ་ཡང་ཆེས་སྔ་བ་གཡུང་སྟོན་གཤེན་རབ་མི་བོ་མཆོག་གི་ཞབས་དངོས་སུ་བཅགས་ནས། གངས་ཏི་སེ་དང་མཚོ་མ་ཕམ་ལ་བྱིན་གྱིས་བརླབས་ཏེ་ནམ་ཞིག་བོད་དུ་བོན་ཐེག་པ་རོམ་དགུ་ལ་སྤྱོད་པའི་ལུང་བསྟན་དང་བཅས་རྗེས་ལ་གསུང་གི་བསྟན་པའི་དུས་གང་མཚམས་ནས་ ཞང་ཞུང་ཡུལ་གྱི་ས་གནས་སུ་གཡུང་དྲུང་བོན་གྱི་ཆོས་ལུགས་རིམ་བཞིན་དར་རྒྱས་སྐབས་གངས་ཏི་སེ་དང་མཚོ་མ་ཕམ་གཉིས་ལ་བོན་གྱི་དགོན་སྡེ་དང་སྒྲུབ་སྡེ། རི་ཁྲོད་པ་མང་པོ་སྤེལ་ནས་མཁས་སྒྲུབ་དུ་མའི་སྒོམ་བསྒྲུབ་ཀྱི་གནས་དང་དད་ལྡན་གྲངས་ལས་འདས་པས་ཕྱག་བསྐོར་མོས་མདུན་གྱི་གནས་ཁྱད་པར་ཅན་བརྩི་བ་ཡིན་ཏེ། ཇི་སྐད་དུ། ཞང་ཞུང་རྒྱལ་བ་འོད་ཀྱིས། ཞང་ཞུང་བོན་གྱི་ས་རྟཌ་ལ། ། གངས་དཀར་ཏི་སེའི་གནས་མཆོག་འདིར། ། ཞེས་དང་གནས་ཆེན་ཡིན་པ་མ་ཟད། ཞང་ཞུང་བོན་གྱི་བླ་རི་དང་བླ་མཚོ་ཡང་ཡིན་ཏེ། གྱད་ཕུར་ལས། བླ་རི་གངས་དཀར་ཏི་སེ་ལ། ། གསེར་གྱི་མེ་དཔུང་སེར་པོ་འབར། ། བླ་མཚོ་མ་ཕམ་གཡུ་མཚོ་ལ། ། གཡུ་ཡི་དུད་པ་སྔོན་པོ་འཐུལ། ། ཞེས་དང་། མཚན་ཁྲུས་ལས། བླ་རི་གངས་དཀར་ཏི་སེ་ལ། ། བདུད་རྩི་ཚན་གྱི་སྐུ་ཁྲུས་གསོལ། ། བླ་མཚོ་མ་ཕམ་གཡུ་མཚོ་ལ། ། བདུད་རྩི་ཚན་གྱི་སྐུ་ཁྲུས་གསོལ། ། ཞེས་ཀྱང་གྲགས། གཏམ་རྒྱུད་དུ་ཡང་ཞང་ཞུང་ནས་བོན། རྒྱ་གར་ནས་ཆོས། རྒྱ་ནག་ནས་ཁྲིམས་ཞེས་འབྱུང་ཁུངས་བརྗོད་པ་ཇི་བཞིན་བོན་གྱི་ལམ་ཡིག་གསལ་བའི་ དམིགས་བུ་ཞེས་པ་ལས། རྩེ་མོ་གངས་རི་དང་རྩ་བ་བྲག་རི་ཡོད་པ། དབྱིབས་ནི་ཤེལ་གྱི་མཆོད་རྟེན་འདྲ་བ་ཞིག་ཡོད་དོ། ། ཤིམ་ཕོད་ནོམ་པའི་ཚུར་རོལ་ན། ། སྤོས་ངད་ལྡན་གྱི་བྱང་ཕྱོགས་སུ།།དང་ར་ཞེས་པ་མ་དྲོས་མཚོ། ། མ་དྲོས་མཚོ་ལ་ཀླུ་ཆེན་བརྒྱད་དང་ལྷ་དང་དྲང་སྲོང་རྣམས་ཀྱང་མཆོད་པར་བྱོན་པའི་ གནས། གནས་དེ་གསུམ་ནི་སྐྱེད་པུ་ལྟར་སུམ་ཚོམས་སུ་གནས་སོ་ཞེས་དང་། ཏི་སེའི་དཀར་ཆག་ཚངས་དབྱངས་ཡིད་འཕྲོག་ལས། མ་བརྩེགས་སྲིད་པའི་རི་མོ་ཆེན་པོ་བཞི། མ་བདལ་བྱུང་བའི་ཐང་ཆེན་པོ་བཞི། མ་བཀོད་འཁྱིལ་བའི་མཚོ་ཆེན་པོ་བཞི། རང་བྱུང་ཁྲུས་ཀྱི་སྒོ་མོ་ཆེན་པོ་བཞི། ཁ་ནས་འབབ་པའི་ཆུ་བོ་ཆེན་པོ་བཞི། མཆོག་ཏུ་བསྒྲུབ་པའི་གནས་ཆེན་བཞི། དྲག་པོ་དབལ་གྱི་རོང་ཆེན་པོ་བཞི། མི་འགྱུར་གླིང་གི་ཚལ་ཆེན་པོ་བཞི། རྫུ་འཕྲུལ་སྤྲུལ་པའི་གསང་ཕུག་ཆེན་པོ་བཞི། མི་འཇིག་གཏམས་པའི་བྲག་ཆེན་པོ་བཞི། གཙུག་ལག་བོན་གྱི་གཏེར་ཆེན་པོ་བཞི། རིན་ཆེན་ནོར་གྱི་གཏེར་ཆེན་པོ་བཞི། ཁ་ལ་རག་ཆོག་གི་ཆུ་མིག་ཆེན་པོ་བཞི། ཐོད་པ་བོར་ཆོག་གི་དུར་ཁྲོད་ཆེན་པོ་བཞི། གོམ་པ་སྤོས་ཆོག་གི་གླིང་ཆེན་པོ་བཞི། སྨོན་ལམ་བཏབ་ཆོག་གི་ལམ་བཞི། གཞན་ཡང་གསང་བའི་སྦས་ཕུག་བཅུ་གསུམ། ལྷ་ཡི་ཁྲུས་ཆབ་བཅུ་གསུམ། སྐུ་གདུང་མཆོད་རྟེན་བཅུ་གསུམ། མི་འགྱུར་ས་རྟགས་བཅུ་གསུམ། སྐུ་གསུང་ཐུགས་ཀྱི་གནས་གསུམ། མགོན་པོ་གསུམ་གྱི་གནས་གསུམ། ཡེ་ཤེས་རྫུ་འཕྲུལ་ལས་བཞི། ཞེས་དང་། ཏི་སེའི་ལྷོ་ཕྱོགས་ཀྱི་གངས་རི་ནི་སྟག་རི་ཁྲ་བོ་ཞེས་པ་དེ། ཡུལ་སྒྲ་བླའི་རྒྱལ་མོས་བྱིན་གྱིས་བརླབས་པའི་གནས་ཡིན་ཞིང་། དེང་སང་སྨན་མོ་ནགས་ཉིལ་ཞེས་ཟེར་རོ། ཡང་ཀ་གདམས་ཡེ་ཤེས་རྒྱལ་མཚན་གྱིས་མཛད་པའི་གངས་རི་མཚོ་གསུམ་གྱི་དཀར་ཆག་ལས། བདག་མེད་རྣལ་འབྱོར་ཡེ་རྒྱལ་ང་། ། རིག་འཛིན་མཁའ་འགྲོའི་ལུང་བསྟན་གྲུབ། ། སྟོད་སྨད་དབུས་གཙང་རུ་བཞི་ཡི། གསང་བའི་སྒྲུབ་གནས་ཐམས་ཅད་འགྲིམ། བདུད་རྩི་སྨན་གྱི་བསྒྲུབ་པ་ཞུས། སྒོས་སུ་མངའ་རིས་ཡུལ་དུ་ཕེབས། གནས་ཆེན་གངས་རི་མཚོ་གསུམ་བསྐོར། གངས་གཉན་ཏི་སེའི་མདུན་དྲུང་གི། མཆོད་རྟེན་ཁོང་སེང་བྱ་བ་རུ། ། གསང་སྔགས་མེ་རི་འཁྱིལ་བ་ཡི། ། དབང་ལུང་མན་ངག་བསྐུར་ནས་ཀྱང་། ། ཞང་ཞུང་སྙན་བརྒྱུད་བཤད་ཙམ་ན། ། གླང་ལོ་ཟླ་བ་དྲུག་པ་ཡི། ། བཅུ་གཅིག་ནམ་གྱི་སྲོད་འཁོར་ལ། ། ཏི་སེ་འོད་ཀྱི་གསང་ཕུག་ན། ། འོད་ཟེར་ལྗང་ཁུའི་རྒྱུན་ལམ་ཞིག ། བདག་གི་མདུན་ན་ཏལ་གྱིས་ཟུག། ཅེས་དང་། ལུང་དེ་ལས། རྒྱལ་གཤེན་མུ་ཁྲི་བཙན་པོའི་ཞལ་ནས། ། གངས་གཉན་ཡ་བག་ཤ་ར་འདི། ། དང་པོ་འབྱུང་བ་བཞི་ལས་གྲུབ། ། རྒྱུ་ནི་གཡའ་གངས་ཤེལ་ལས་གྲུབ། ། ཡས་མར་དཔག་ཚད་ཕྱེད་དང་བརྒྱད། ། མཐའ་སྐོར་རྒྱང་གྲགས་ཕྱེད་དང་བརྒྱད། ། དབྱིབས་ནི་ཤེལ་གྱི་མཆོད་རྟེན་འདྲ། ། གྲུ་བཞི་ཕྱོགས་བཞིར་སྒོ་བཞི་དོད། ། ཞེས་དང་། ། ཞི་རྒྱས་དབང་དྲག་རྣམ་པ་བཞིས། ། གཞལ་ཡས་ཆེན་པོར་བྱིན་གྱིས་བརླབས། ། དེ་ལ་སྐོར་ལམ་རྣམ་གསུམ་ཡོད། ། ཅེས་དང་། ཡང་དབོན་གསས་ཐ་མི་ཐད་ཀའི་ཞལ་ནས། ། རྫོགས་སྐུ་ཀུན་ཏུ་བཟང་པོ་ཡི།། ཐུགས་ཉིད་མི་གཡོ་མཛོད་ཁང་ནས། ། འོད་ཟེར་དཀར་དམར་མཐིང་གསུམ་འཕྲོས། ། སྟོད་སྨད་བར་དང་གསུམ་གྱི་ནི། ། གནས་ཆེན་གསུམ་དུ་བྱིན་གྱིས་བརླབས། །ཁྱད་པར་སྐུ་ཡི་གཏིང་རུམ་ནས། ། ཨ་དཀར་འོད་དང་ལྡན་པ་ཞིག ། མཁའ་ལ་འོད་དུ་འཕྲོས་ནས་ནི། ། ཁྱད་པར་གནས་མཆོག་འདི་ལ་ཐིམ། །
གཉིས་མེད་གཅིག་ཏུ་བྱིན་གྱིས་བརླབས། ། དེ་ཕྱིར་གནས་མཆོག་ཁྱད་པར་ཆེ། ། ཀུན་བཟང་སྐུ་དང་གཉིས་སུ་མེད། ། ཅེས་དང་། ཁྱེད་གསོན་དང་སྐལ་ལྡན་རྣལ་འབྱོར་པ། ། སངས་རྒྱས་བསྟན་པའི་གཙོ་བོ་དེ། ། གངས་ཅན་བོད་དུ་ཕེབས་ནས་ཀྱང་། ། ཆུ་བཞི་འདུས་པའི་འགོ་བ་ལ། ། བོན་ཡང་རྣམ་པ་ལྔ་རུ་གསུངས། ། ཞེས་དང་། དེ་ནས་གངས་དཀར་ཏི་སེ་ཡི་ཤར་ལྷོ་ནུབ་བྱང་བཞི་རུ་བྱོན། ། གསང་སྔགས་ཞི་ཁྲོ་སྤྱི་སྤུངས་བཤད། ། ལོངས་སྤྱོད་ཚོགས་ཀྱི་འཁོར་ལོ་བསྐོར། ། བཀའ་རྟགས་ཞབས་རྗེས་བཞི་རུ་བཞག ཅེས་དང་། བོན་མོ་སྟག་ཝེར་ལི་ཝེར་གྱིས། ། མ་པང་གཡུ་ཡི་མཚོ་མོ་དེ། ། བདུད་རྩི་ངད་ཀྱི་ཟིལ་པ་ཆགས། ། རྒྱ་མཚོ་ཆེན་པོ་འཁྱིལ་བ་ལ། ། མ་དྲོས་ཀླུ་ཡི་ཕོ་བྲང་བཅས། ། ཟིལ་ཅན་ཞེས་སུ་དེ་ནས་གྲགས། ། འོག་མིན་དབྱིངས་ཀྱི་ཕོ་བྲང་ནས། ། བདུད་རྩི་ཟིལ་པ་ཐིགས་པ་ནི། ། དབྱར་དགུན་སྟོན་དཔྱིད་མེད་པ་རུ། ། རྟ་རྔའི་ཉག་མ་ཙམ་ཞིག་འབབ། ། མ་དྲོས་ཟིལ་ཆེན་ནང་དུ་ཐིམ། ། མ་པང་མཚོ་དང་གཉིས་སུ་མེད། ། ཅེས་དང་ཨ་ནུ་འཕྲག་ཐག་གི་ཞལ་སྔ་ནས། ། སྔོན་སངས་རྒྱསབསྟན་པའི་གཙོ་བོ་དེ། མལ་དྲོས་ཀླུ་ཡི་རྒྱ་མཚོ་ཡི། ། ཕྱོགས་བཞིའི་ཁྲུས་སྒོ་བཞིར་བྱོན་ཏེ། ། ཁྲུས་དང་མདོ་སྡེ་རིམ་པས་གསུངས། ། ལར་ཡང་མ་དག་སེམས་ཅན་གྱིས། ། ཁྲུས་དང་གཙང་སྦྲ་བྱས་གྱུར་ན། ། དག་པའི་ཞིང་དུ་སྐྱེ་བར་འགྱུར། ། ཞེས་དང་། སད་ནེ་གའུའི་ཞལ་ནས། ། མ་དྲོས་ཀླུ་ཡི་གདན་སྟེང་ན། ། གཡུང་དྲུང་སེམས་དཔའི་གྲོང་ཁྱེར་ནི། ། སུམ་བརྒྱ་དྲུག་ཅུའི་ཕོ་བྲང་བཏབ། ། ཁྲུས་དང་གཙང་སྦྲ་གང་བྱས་རྣམས། ། ལས་ཀྱི་བག་ཆགས་དག་ནས་ཀྱང་། ། དགའ་ལྡན་ལྷ་ཡི་ཡུལ་དུ་སྐྱེ། ། ཚོགས་ཀྱི་འབྲེལ་བ་གང་བཞག་པ། ། དོན་གཉིས་ཕུན་སུམ་ཚོགས་པའོ། ། ཕག་དང་བསྐོར་བ་གང་བྱས་རྣམས། ། བར་ཆོད་རྐྱེན་ངན་བཟློག་ནས་ཀྱང་། ། མི་ཚེ་མཐའ་རུ་ཕྱིན་པར་འགྱུར། ། ཞེས་དང་ཤད་པུ་ར་ཁུག་གི་ཞལ་ནས། །སངས་རྒྱས་བསྟན་པའི་གཙོ་བོ་དེས། ། གངས་དཀར་ཏི་སེའི་ལྷོ་ནུབ་ཏུ། ། གཤིན་གླུ་ཐེངས་གསུམ་མགུར་དུ་བླངས། ། ནམ་མཁའི་ལྷ་བོན་སུམ་བརྒྱ་དེ། ། གཤེན་རབ་སྤྱན་སྔར་ཆར་བཞིན་བབ། ། གླུ་གར་རོལ་མོའི་བྲོ་གླུ་འཁྲབ། ། མི་འགྱུར་བཀའ་རྟགས་རྡོ་ལ་བཞག དེ་དུས་གངས་གཉན་ཡ་བག་ཤ་ར་ལ། ། གངས་དཀར་ཏི་སེ་བྱ་བར་བཏགས། ། མ་དྲོས་གཟི་ཆེན་མཚོ་མོ་ལ། ། མ་པང་གཡུ་མཚོ་བྱ་བར་བཏགས། ། རྒྱ་བོན་ཟིང་པ་མཐུ་ཆེན་གྱིས། ། སྔོན་ཡེ་གཤེར་གསང་བ་འདུས་པ་ཡི། ། ལྷ་རྫོང་གསང་བའི་སྒྲུབ་གནས་སུ། ། གཡའ་གངས་མཚམས་ཀྱི་བྲག་ཕུག་ཏུ། ། གཙོ་མཆོག་སྐུ་ཡི་བསྒྲུབ་པ་བསྙེན། ། ཞེས་སོགས་དང་། ། དེ་ལྟར་བསྒྲུབ་ཕུག་དེ་རྣམས་སུ། ། ཚོགས་ཀྱི་འབྲེལ་བ་གང་བཞག་པ། ། ཚེ་འདིར་བར་ཆོད་གློ་བུར་ཞི། ། ཕྱི་མར་རིག་འཛིན་མཁའ་འགྲོའི་འོང་། ། རང་ལུས་ལྷ་སྐུར་གྲུབ་པའོ། ། ཞེས་དང་། སུམ་པའི་བོན་པོ་དབུ་དཀར་གྱིས། ། སྔོན་བྱོན་གྲུབ་ཐོབ་རིག་འཛིན་སེམས་དཔའ་རྣམས། ། ཏི་སེ་གངས་ཀྱི་ལྷོ་ནུབ་ཏུ། ། ལོངས་སྤྱོད་ཚོགས་ཀྱི་འཁོརལོ་བསྐོར། ། གསང་སེམས་དོན་གྱི་དྲོད་ཚད་ཉུལ། ། སྟག་འགྲོས་སེང་སྟབས་བྲ་རུ་འཁྲབ། ། མི་འགྱུར་ཞབས་རྗེས་སུམ་ཅུ་བཞག །དེ་ནས་ལི་ཤུ་སྟག་རིང་དང་། ། བླ་ཆེན་དྲན་པ་ནམ་མཁའ་དང་། ། མཁའ་འགྲོ་ཅོ་ཟ་བོན་མོ་དང་། ། དེ་གསུམ་རིག་འཛིན་གསང་ཕུག་ཏུ། ། མ་རྒྱུད་ཐུགས་ཀྱི་གཟེར་བུ་བསྒྲུབས། ། གྲུབ་རྟགས་མི་འགྱུར་ཞབས་རྗེས་བཞག །བླ་ཆེན་དྲན་པ་ནམ་མཁའ་དང་། ། མཁའ་འགྲོ་ཅོ་ཟ་བོན་མོ་ཡིས། ། རྫོང་བྲག་གསང་བའི་བྲག་ཕུག་ཏུ། ། གསང་བདུད་དམར་མོ་དམ་ལབཏགས།།མི་འགྱུར་བཀའ་བཏགས་ཞབས་རྗེས་བཞག ། ཡིད་དམ་གསང་བའི་བྲག་ཕུག་ཏུ། ། སྐྱེ་མེད་ཡི་གེའི་རང་བྱོན་ཡོད།། རྔ་བཤང་ཆིབས་ནས་མཁའ་ལ་ཕུར། ། མི་འགྱུར་བཀའ་བཏགས་རྡོ་ལ་བཞག་ཅེས་དང་། ། ཡང་ཕན་ཡོན་གྱི་རིམ་པ་ནི། ། ཇི་སྐད་དུ། ། གནས་ཀྱི་འབྲེལ་བ་གང་བཞག་རྣམས། ། མ་དག་སེམས་ཅན་ལུས་བོར་ནས། ། དག་པའི་ཞིང་དུ་སྐྱེ་བར་ངེས། ། ཞེས་གསུངས། ། སྤེ་བོན་ཐོག་ཙེའི་ཞལ་ནས། ། གཉན་ཆེན་གངས་དཀར་ཏི་སེ་ལ། ། བསྒོམ་བསྒྲུབ་ཡུན་དུ་གང་བྱས་པ། ། རབ་ལ་སྟོང་ཉིད་ལྟ་བ་ནི། ། ཕག་དང་བསྐོར་བ་གང་བྱས་པ། ། གཅིག་བཅུ་ཁྲི་འབུམ་དག་ཏུ་འགྲོ། །མཚན་བཅས་བཟླས་བརྗོད་བྱས་པ་རྣམས། ། ངག་གི་སྒྲིབ་པ་དག་ནས་ཀྱང་། ། ཚོགས་གཉིས་རྨོངས་ས་རྫོགས་པའོ། ། ཞེས་སོགས་མང་པོ་གསུངས།། བློ་ལྡན་གྱི་ལུང་བསྟན་ཟུར་བྱང་ལས། ། འཛམ་གླིང་ལྟེ་བ་གངས་ཏི་སེ། ། གང་མཇལ་སྐྱེ་བ་གསུམ་ནས་ཐར། ། མ་པང་གཡུམ་མཚོ་སྔོན་མོ་ལ། ། གྲང་འཐུང་ཚེ་རབ་སྡིག་སྒྲིབ་བྱང་། ། ཞེས་དང་། ཞང་ཞུང་སྤོས་རི་ངད་ལྡན་ལ། ། ཞག་གཅིག་བསྡད་ན་བདེ་གནས་ཐོབ། ། སྒྲུབ་གནས་ཁྱུང་ལུང་དངུལ་མཁར་ལ། ། གང་བསྒྲུབ་རིག་འཛིན་གྲལ་དུ་སྐྱེ། ། བྱ་རི་གཙུག་ལྡན་གནས་མཆོག་ལ། ། ལོ་གཅིག་བསྒྲུབ་ན་མངོན་སངས་རྒྱས། །ཞེས་གསུངས། ། ཏི་སེ་དཀར་ཆག་ཚངས་དབྱངས་ཡིད་འཕྲོག་ལས། ། སྤོས་ངད་ལྡན་པ་རི་ཡི་ཕོ་བྲང་དུ། ། ཉེར་བཞག་བྱང་སེམས་འདུས་སྡེ་རྒྱ་ཆེར་སྤེལ། ། ཞེས་དང་། གངས་རིའི་མདུན་དེང་སང་རྒྱང་གྲགས་དགོན་ཞེས་པའི་ས་གནས་སུ། སྔར་ཞང་ཞུང་སྲིད་པའི་རྒྱལ་པོ་ཁྲི་ཝེར་ལ་རྗེ་གསེར་གྱི་བྱ་རུ་ཅན་གྱི་རྒྱལ་ས་ ཡིན་འང་། རྒྱལ་པོ་འདི་སྟོན་པ་བོད་དུ་ཕེབས་སྐབས་སུ་མདོ་ཁྲི་རྗེ་ལུང་བསྟན་ཞུ་བ་པོ་དེ་ ཡིན་པར་བཤད། ཚེ་དབང་གནས་བརྒྱད་ཀྱི་བསྟོད་པ་ལས། འཛམ་བུ་གླིང་གི་དབུས་ཕྱོགས་ཀྱི། ། ཏི་སེ་གངས་ཀྱི་རི་བོ་ལ། ། འགྲོ་མགོན་ཚེ་དབང་རིག་འཛིན་བཞུགས།། ཞེས་རྗེ་བཙུན་ཚེ་དབང་གིས་བྱིན་གྱིས་བརླབས་པའི་གནས་ཡིན་པར་བསྟན། གཞན་ཡང་མེ་རི་གྱད་ཕུར་གྱི་འཕྲིན་ལས། ཏི་ཙེ་ཤེལ་གྱི་མཆོད་རྟེན་ནི། ། མ་བརྩེགས་དཔང་མཐོ་བོན་གྱི་རི། ། མ་ཕམ་གཡུ་མཚོ་མཎལ་ནི། ། མ་བརྐོས་གཏིང་ཟབ་ཁྲུས་ཀྱི་མཚོ། ། སྤོས་རི་ངད་ལྡན་བསྒྲུབ་གནས་ནི། ། ཉམས་དགའ་ཡིད་འོང་བཞུགས་པའི་གནས། ། རི་བོ་དེ་ཡི་ཕྱོགས་བཞི་ལ། ། འཁྱིལ་བའི་མཚོ་བཞི་མེ་རེ་རེ། ། གཅིག་ནི་གུང་རྒྱུད་དངུལ་མོ་མཚོ། ། གཅིག་ནི་མ་ཕམ་གཡུ་མོ་མཚོ། ། གཅིག་ནི་ལ་ངག་གསེར་མོ་མཚོ།། གཅིག་ནི་ཟོམ་ཤང་ལྕགས་མོ་མཚོ། ། ཞེས་སོགས་དང་། མ་ཕམ་མཚོ་ཡི་ཕྱོགས་བཞི་ལ། ། འབབ་པའི་ཆུ་བཞི་ཐ་ལ་ལ། ། ཞེས་གསུངས་པ་ལྟར། སྔོན་བྱོན་མཁས་གྲུབ་རིགས་འཛིན་སེམས་དཔའ་རྣམས་ཀྱིས་གངས་ཏི་སེ་དང་མ་ཕམ་གཡུ་ མཚོ་བཅས་ལ་ཞབས་ཀྱིས་བཅག་ཅིང་བྱིན་གྱིས་བརླབས་པའི་གནས་ཡིན་པ་ནི། གོང་དུ་གནས་བཤད་ཅུང་ཟད་ཞུས་པ་ཇི་བཞིན་བོན་གྱི་གྲུབ་མཐའ་འཛིན་པ་རྣམས་ཀྱིས་ མོས་གུས་ཀུན་ནས་བླངས་ཤིང་ཕག་མཆོད་སྐོར་བའི་བརྩོན་པ་གཡེང་མེད་དུ་གནང་གལ་ཆེ་ བ་དང་བོན་རང་ལུགས་ལྟར་གྱི་གངས་མཚོའི་ལོ་རྒྱུས་ཀྱི་གནས་བཤད་རྒྱས་པར་གཟིགས་ པར་སྤྲོ་ན་གཞན་ལས་ཤེས་པར་བྱའོ། །
གོང་དུ་ཆོས་དང་བོན་གྱི་གནས་བཤད་མདོ་སྔགས་སེམས་གསུམ་རིག་གནས་དང་བཅས་པ་ལ་རང་རང་མོས་འདུན་གཞིར་བཟུང་ནས་ཕྱོགས་རིས་མི་བྱེད་ཅིང་བསྟན་པ་ཐམས་ཅད་འགལ་མེད་དུ་རྟོགས་པ་དང་། གསུང་རབ་ཐམས་ཅད་གདམས་ངག་ཏུ་ཤེས་པར་བྱས་ནས་རང་རང་གི་བློ་ལ་འཚམས་པའི་སྐལ་བ་ རེ་བླང་སྟེ་མི་ལུས་དོན་ལྡན་ཡོང་བའི་བསྐུལ་མ་ཞུ་བའོ། །

གཡུང་དྲུང་བོན་གྱི་སྒྲུབ་གནས་ཁག་གི་ངོ་སྤྲོད་དམར་མོའི་མཛུབ་ཁྲིད།
གཡུང་དྲུང་བོན་གྱི་སྒྲུབ་གནས་ཁག་གི་ངོ་སྤྲོད་དམར་མོའི་མཛུབ་ཁྲིད།
ཞང་ཞུང་སྙན་རྒྱུད་བཀའ་རྒྱུད་སྐོར་བཞིའི་གླེང་བརྗོད།
ཞང་ཞུང་སྙན་རྒྱུད་བཀའ་རྒྱུད་སྐོར་བཞིའི་གླེང་བརྗོད།
བརྡ་སྤྲོད་སྲིད་པའི་སྒྲོན་མེའི་རྩ་ཚིག
བརྡ་སྤྲོད་སྲིད་པའི་སྒྲོན་མེའི་རྩ་ཚིག
མེ་སྟོན་ཉི་མ་རྒྱལ་མཚན་མཆོག་གི་གསུང་འབུམ།
མེ་སྟོན་ཉི་མ་རྒྱལ་མཚན་མཆོག་གི་གསུང་འབུམ།
བོན་ཆོས་དཔྱད་བསྡུར།
བོན་ཆོས་དཔྱད་བསྡུར།
ལེགས་བཤད་རིན་པོ་ཆེའི་གཏེར་མཛོད།
ལེགས་བཤད་རིན་པོ་ཆེའི་གཏེར་མཛོད།
 རྗེ་མཉམ་མེད་ཤེས་རབ་རྒྱལ་མཚན་གྱི་གསུང་འབུམ་ཆ་ཚང་གི་གློག་རྡུལ་འཕྲུལ་དེབ།
 རྗེ་མཉམ་མེད་ཤེས་རབ་རྒྱལ་མཚན་གྱི་གསུང་འབུམ་ཆ་ཚང་གི་གློག་རྡུལ་འཕྲུལ་དེབ།
རྒྱུན་ཁྱེར་བོན་སྤྱོད་ཕྱོགས་བསྡུས་དད་ལྡན་ཐར་ལམ་འཛེགས་པའི་ཐེམ་སྐས་ཞེས་བྱ་བ་བཞུགས་སོ།
རྒྱུན་ཁྱེར་བོན་སྤྱོད་ཕྱོགས་བསྡུས་དད་ལྡན་ཐར་ལམ་འཛེགས་པའི་ཐེམ་སྐས་ཞེས་བྱ་བ་བཞུགས་སོ།
སྨན་རིའི་སྟེགས་འཇོག་ལོ་ཐོ།
སྨན་རིའི་སྟེགས་འཇོག་ལོ་ཐོ།
previous arrow
next arrow