༢༠༡༣ལོའི་མུ་ཁྲི་བཙན་པོ་གསར་ཐོན།

Bon (2)གཡུང་དྲུང་བོན་དང་འབྲེལ་བའི་དཔྱད་གླེང་ལོ་དེབ་《མུ་ཁྲི་བཙན་པོ་》ཡི་ཀླད་ཀྱི་གཏམ།
ཨ་སྔགས་ཚེ་རིང་བཀྲ་ཤིས།
སྐད་དང་ཡི་གེ་གཉིས་ལྡན་གྱི་མི་རིགས་རང་རྐྱ་འཕེར་བ་ཞིག་ལ་མཚོན་ན། དེ་ལ་ཁུངས་ཕུགས་ཀྱི་ལོ་རྒྱུས་ཡི་གེའི་ལམ་ནས་འཁོད་ཐུབ་ཡོད་མེད་གཉིས་སུ་འབྱེད་ཆོག ཡི་གེ་མ་བྱུང་བའི་སྔོན་གྱི་ལོ་རྒྱུས་བྱུང་རབས་དག་ནི་སྒྲུང་གི་ཚུལ་དུ་ཡབ་མྱེས་ནས་བུ་རབས་ཚ་རྒྱུད་ལ་སྙན་ནས་སྙན་དུ་བརྒྱུད། ཡི་གེ་བྱུང་ཕྱིན་མི་རིགས་གང་དེའི་ལོ་རྒྱུས་བྱུང་རབས་སོགས་དེབ་ཐེར་དུ་འཁོད་པ་ནི་འཛམ་གླིང་ན་ལོ་རྒྱུས་ཡུན་རིང་བའི་མི་རིགས་ཀུན་གྱི་སྤྱི་འགྲོས་ཡིན། དེ་བཞིན་རང་རེའི་བོད་ཀྱང་དེང་གི་དུས་འདི་ནས་ཡར་དེད་ན་མི་ལོ་བཞི་སྟོང་༼བོན་རང་ལུགས་ལ་ཆིག་ཁྲི་བརྒྱད་སྟོང་༽ཡས་མས་སུ་བོན་གྱི་སྟོན་པ་གཤེན་རབ་མི་བོ་ཆེ་གཙོས་པའི་ཤེས་རིག་གི་བྱེད་པོ་རྣམས་ཀྱིས་ཡི་གེའི་སྲོལ་གཏོད་པ་ནས་བཟུང་ངག་ནས་ངག་ཏུ་བརྒྱུད་པའི་དུས་རབས་མཇུག་རྫོགས་པ་བྱས་ཤིང་ཞང་བོད་མཐོ་སྒང་དུ་ཤེས་རིག་གི་སྒྲོན་མེ་ཐོག་མར་སྤར། སྐབས་དེ་རུ་གོ་ལ་ཟླུམ་པོ་ན་དེང་ཡང་ཀུན་གྱིས་ངོ་སོ་བྱེད་པའི་དཀར་ནག་རྒྱ་དང་། ཨེར་ཅི། པཱ་པི་ལུན་སོགས་ཤེས་རིག་གི་སྒྲོན་མེ་སྤར་སྔ་བའི་རྒྱལ་ཁབ་དག་ཀྱང་རྨོངས་མུན་གྱི་དུས་རབས་མཇུག་རྫོགས་ཟིན་པའམ་ཡང་ན་རྫོགས་ལ་ཉེ་བའི་སྐབས་ཙམ་ཡིན།
དེ་ལྟ་བུའི་ལོ་རྒྱུས་ཀྱི་ཁུངས་རིང་ཡང་འོ་སྐོལ་བོད་ཀྱི་ཕྱི་རབས་པ་ཕལ་མོ་ཆེ་ནས་ཨུ་ཚུགས་ཀྱིས་བོད་ཀྱི་ཤེས་རིག་གི་སྒྲོན་མེ་སྤོར་བའི་དུས་སྐབས་ནི་དུས་རབས་བདུན་པ་སྟེ་མི་ལོ་ཆིག་སྟོང་སུམ་བརྒྱ་ཙམ་དུ་ཕྱིན་མེད་པའི་བཤད་སྒྲོས་ལ་བློ་ཕུག་གཏོད་ལ་དེ་བསྟུན་གྱི་རྣམ་བཞག་མཛད། ཚུལ་འདི་དང་འདི་ལྟ་བུའི་ཁྲོན་པའི་སྦལ་བ་ཡི་མཐོང་སྣང་ལ་གཟུར་གནས་མཁས་དབང་ནམ་མཁའི་ནོར་བུ་ནས་ཉེན་བརྡ་འདི་ལྟར་སྒྲོན་ཡོད་དེ། རང་རིགས་གཅེས་ཞེས་གཞན་རིགས་ཤེས་ཡོན་ཁུངས་སུ་འཚོལ། །རང་ཡུལ་སྐྱིད་ཅེས་གཞན་ཡུལ་གྲོང་དུ་ཁྱི་བཞིན་འཁྱམས། །རང་དབང་འདོད་ཅེས་གཞན་དབང་ལོ་རྒྱུས་རྙོགས་མར་སྤྱོད། ། རང་དོན་མ་ཤེས་གཞན་སྡེའི་ལད་མོས་ཕུང་འདི་ཕོངས། །ཞེས་སོ། ། དེ་ལྟ་བུའི་ངོས་འཛིན་དང་གདེང་འཇོག་ཡང་དག་པ་ཞིག་འབྱུང་མི་ཐུབ་པའི་རྒྱུ་མཚན་ནི་བོད་ཀྱི་ཕྱི་རབས་པ་རྣམས་བློ་གྲོས་དམན་པའི་དབང་གིས་མ་ཡིན་ཏེ། བན་དང་བོན་ཞེས་ནང་ཁུལ་གྲུབ་མཐའི་འཐེན་རྩོད་ཀྱི་གདོན་གྱིས་བསླད་པའི་མཇུག་འབྲས་རེད།
དོན་དངོས་སུ་བན་དང་བོན་ཞེས་དང་པོ་ཆོས་རྒྱལ་སྲོང་བཙན་སྒམ་པོའི་སྐུ་རིང་ནས་ད་བར་མི་ལོ་ཆིག་སྟོང་སུམ་བརྒྱ་ལྷག་གི་རིང་དུ་ཕན་ཚུན་འཐབ་ཅིང་རྩོད་ལ། རྒྱལ་ཕམ་གྱི་ཤན་ཡང་ཕྱེ་མྱོང་མོད། ཕལ་ཆེར་ཆབ་སྲིད་ཀྱི་དགོས་མཁོ་དབང་དུ་སོང་བ་ལགས་པས་བདེན་རྫུན་དང་མཆོག་དམན་ཞིག་དོན་གྱི་སྟེང་ནས་ནམ་ཡང་འབྱེད་དུ་མེད་སྙམ་སྟེ། རྒྱལ་ཁ་ལེན་མཁན་ལྷ་རུ་མངོན་ཞིང་ཕམ་ཁ་མྱོང་ཕྱོགས་བདུད་དུ་འགྱུར་བ་ནི་འཇིག་རྟེན་འདི་ཡི་མི་ཕལ་མོ་ཆེའི་བརྩི་སྲུང་བྱེད་པའི་གནས་ལུགས་སུ་འཁུམསཔས་སོ། །ཚུལ་དེ་དངོས་དོན་རྩོད་སྒྲུབ་རིག་པའི་ལྟ་བས་དཔྱད་ན། ཐུབ་པའི་བསྟན་པ་བོད་དུ་དར་བའི་གོ་རིམ་ཁྲོད་དུ་སྔར་ཡོད་གཤེན་རབ་ཀྱི་བསྟན་པའི་ལེགས་ཆ་བསྡུ་ལེན་ཇི་ཐུབ་བྱས་ཡོད་ལ་དེ་བཞིན་གཤེན་བསྟན་ནས་ཀྱང་ཐུབ་བསྟན་གྱི་སྙིང་བཅུད་རང་ཉིད་ཅན་དུ་བྱས་ཡོད།
དེས་ན་དེང་གི་བན་ལུགས་དག་ཀྱང་རྒྱ་གར་གྱི་སངས་རྒྱས་ཆོས་ལུགས་གདོད་མ་དེ་ཉིད་མིན་ལ་བོན་ལུགས་ཀྱང་ཞང་ཞུང་ཡུལ་དུ་དར་བའི་གྱེར་བསྟན་དག་མ་དེ་ཉིད་མིན། བོན་དུ་ཆོས་འདྲེས་ཡོད་ལ་ཆོས་སུ་བོན་འདྲེས་ཡོད་པས་ཐུན་མོང་སྒོས་བོད་བརྒྱུད་ནང་བསྟན་དུ་གྱུར་ཏེ་ལོ་ཡི་འཁོར་མོ་སྟོང་ཕྲག་ལྷག་གི་རིང་དུ་མཚོ་བོད་མཐོ་སྒང་འདིར་འཚོ་བཞེས་ཀྱི་མི་རྣམས་ཀྱི་དད་མོས་ཀྱི་དགོས་མཁོ་བསྐང་དང་སྐོང་མུས་སུ་མཆིས་པ་སྟེ། ཇི་སྐད་དུ། ཐུའུ་བཀྭན་བློ་བཟང་ཆོས་ཀྱི་ཉི་མ་ནས། ཆོས་དང་བོན་ཞེས་འགལ་བའི་ཚད་བྱེད་ཀྱང་། །ཆོས་ལ་བོན་འདྲེས་བོན་ལ་ཆོས་འདྲེས་པས། །ཆོས་མིག་རྡུལ་བྲལ་མི་ལྡན་བདག་ལྟ་བུ། །ཆོས་བོན་རྣམ་དབྱེ་འབྱེད་ལ་སྒྱིད་ལུག་གྱུར། །ཅེས་པ་དེ་དེ་བཞིན་ནོ། །
དད་མོས་པའི་དབང་དུ་བྱས་ན་བན་བོན་ཞེས་རང་ལུགས་མཆོག་འཛིན་གྱི་བློས་རྣམ་བཞག་ཇི་ལྟར་མཛད་ཀྱང་རུང་ཕན་ཚུན་ཕྱོགས་རིས་སྒོས་བསྟོད་པ་ཙམ་གྱིས་མཆོག་ཏུ་འགྲོ་དཀའ་ཞིང་སྨད་པ་ཙམ་གྱིས་དམན་དུ་མི་འགྲོ་བས་ན། རང་རང་སོ་སོར་མེ་ཏོག་ཕོག་པའི་ལྷ་སྐལ་ལྟར་རང་ལུགས་རྣལ་མ་བསྐྱངས་ནས་སྡོད་ན་མི་འགྲུབ་རྒྱུ་ཅི་ཡང་མེད་མོད། འོན་ཏེ་འཛམ་གླིང་རང་བཞིན་གྱི་མིག་རྒྱངས་ཀྱིས་མི་རིགས་ཧྲིལ་བོའི་ཁེ་ཕན་གྱི་ཆ་ནས་དཔྱད་ན། ཆོས་རྒྱལ་སྲོང་བཙན་ཡར་སྔོན་གྱི་བོད་ཀྱི་ལོ་རྒྱུས་བརྗོད་པ་ལ་བོན་ལུགས་ཀྱི་རིག་གཞུང་རྒྱ་མཚོ་ལྟ་བུར་མ་བརྟེན་ན་ཐབས་གཞན་འཚོལ་དུ་མེད་དེ། ཡང་ན་རིགས་གཞན་གྱི་ཡིག་ཚང་དུ་འཁོད་པའི་བོད་དང་འབྲེལ་བའི་ཚིག་དུམ་ཐ་ཐུན་ཙམ་ལ་སྐྱབས་སུ་རེ་དགོས་པའམ་ཡང་ན་ཨུ་ཚུགས་ཀྱིས་ཐུབ་བསྟན་བོད་དུ་མ་དར་སྔོན་བོད་ཡུལ་མུན་པའི་གླིང་ཞིག་ཡིན་ཞེས་བརྗོད་པ་ལས་ཐབས་མེད། དེ་ལྟར་ཡབ་མྱེས་གོང་མས་མི་ལོ་བཞི་སྟོང་སྔོན་དུ་ཤེས་རིག་གི་སྒྲོན་མེ་སྤར་བའི་མཛད་རྗེས་ནི་ཕྱི་རབས་པས་གྲུབ་མཐའི་ཕྱོགས་རིས་ཀྱིས་བསམ་བཞིན་དུ་མོག་པོར་བྱས་པ་ནི་ཅི་ནས་ཀྱང་མི་འོས་པས་ན། དེང་གི་ཆར་བོན་ལུགས་ཀྱི་ཡིག་ཆ་གཙིགས་སུ་འཛིན་ཞིང་ཅི་ཐུབ་སྒོས་བསྒྲགས་སྤེལ་དང་ཞིབ་འཇུག་བྱེད་རྒྱུ་ནི་དུས་སུ་བབ་པའི་འགན་འཁྲིར་འཁུམས།
གལ་སྲིད་བོན་གྱི་མགོ་འཕང་བཏེགས་ན་བོད་ཀྱི་ཤེས་རིག་གི་ལོ་རྒྱུས་ཀྱི་ཁུངས་ཀྱང་མི་ལོ་སྟོང་ཕྲག་དུ་མ་ཡར་འདེད་ཐུབ་ལ། དེ་ལྟར་མི་མཛད་པར་ད་དུང་གྲུབ་མཐའ་ཕྱོགས་རིས་སྒོས་བོན་གྱི་བསྟན་པ་དང་དེའི་རིག་གཞུང་དག་རྩིས་མཐོང་མེད་པར་སྨོད་པ་ཅི་ཙམ་བྱས་པ་ལས་བོད་ཀྱི་ལོ་རྒྱུས་ཀྱང་དེ་ཙམ་དུ་དབུ་ཆད་སྐེ་རལ་དུ་འགྲོ་བས་རིགས་གཞན་དང་གཞན་གྱིས་འཕྱ་དམོད་བྱེད་སའི་གནས་སུ་ལྷུང་བ་ལས་གཞན་དགེ་མཚན་སྤུ་ཙམ་ཡང་མེད་དོ། །དེ་བཞིན་ཨུ་ཚུགས་མཐར་བསྐྱལ་གྱིས་དེ་སྔར་ཆོས་ཕྱོགས་ཀྱི་ལོ་རྒྱུས་སྨྲ་བ་རྣམས་ཀྱིས་བརྩམས་པའི་ཡིག་ཚང་དག་ལ་གཞི་ཁོ་ནར་བཅོལ་ནས་བསྡད་ན། མཁས་དབང་ནམ་མཁའི་ནོར་བུས། འཇིག་རྟེན་མགོན་དེས་རིགས་ཅན་གསུམ་ལ་ཆོས་ཀྱི་འཁོར་ལོ་སྐོར་བའི་ཚེ། །ཕྱག་ན་པདྨོས་གངས་ལྗོངས་འདུལ་བར་ཞལ་གྱིས་བཞེས་གང་དྲིན་ཆེ་ཡང་། །དཀར་ནག་རྒྱ་དང་ཞང་ཞུང་ཤེས་རིག་དེ་ཙམ་རྒྱས་པའི་དུས། །བོད་ཀྱི་སྤྲེལ་རྒན་རྔ་མ་མ་ཆད་རྗེས་སུ་ལུས་པ་ཅི་ཡིས་ནོངས། །ཞེས་བསྟན་པའི་རང་འཚང་ནི་ནམ་ཡང་འགེབས་མི་ཐུབ་བོ། །
འདིར་ཡང་རང་གི་བསྟན་པ་དང་མི་རིགས་ལ་དུང་ཞེན་རབ་ཏུ་ཆེ་བའི་བཙུན་པ་བློ་གྲོས་ཅན་རིན་སྤུངས་ཚུལ་བསྟན་སོགས་ཀྱིས་གོང་ཞུས་ཀྱི་རྒྱུ་མཚན་ཤེས་ཐོག་མ་བསྐུལ་དང་ལེན་སྒོས་《མུ་ཁྲི་བཙན་པོ་》ཞེས་སྤུ་རྒྱལ་བོད་ཀྱི་བཙན་པོ་གཉིས་པའམ་བོན་གཤེན་རིག་འཛིན་གསེར་རིའི་འཕྲེང་བའི་ཁྲོད་དུ་གདུང་རྒྱུད་བཅུ་གསུམ་ཞེས་བོན་གྱི་བསྟན་པ་སྤེལ་བར་སྙན་པའི་གྲགས་པ་རབ་ཏུ་འབར་བའི་སྐྱེས་ཆེན་གྱི་ཡ་གྱལ་མུ་ཁྲི་བཙན་པོའི་མཚན་གཡར་བའི་ལོ་དེབ་ཅིག་སྤེལ་ཏེ་གཡུང་དྲུང་བོན་ལུགས་དང་འབྲེལ་བའི་དཔྱད་རྩོམ་སྣ་ཚོགས་ཀུན་གྱི་ཆུ་བུར་མིག་གི་མཐོང་ཆོས་སུ་བསྟར།
མེ་ཏོག་ཆུང་ཡང་མཆོད་པ་ཞེས་བརྗོད་པ་ལྟར་ལོ་དེབ་འདིས་ཀྱང་བོད་ཀྱི་རིག་གནས་འཛུགས་སྐྲུན་ལ་རང་ཚོད་ཀྱི་སྲི་ཞུ་བསྒྲུབས་དང་སྒྲུབ་བཞིན་པས་ན། ཕུགས་རེ་ལྡན་པའི་བོད་ཀྱི་གཞོན་སྐྱེས་རྣམས་ནས་འདི་རུ་མགྲོན་དུ་ཡང་ཡང་ཕེབས་ཤོག་དང་། ཁྱེད་ལ་ངེས་ཤེས་འདི་ལྟར་འདྲོངས་ནུས་ཏེ། ལོ་དེབ་འདི་ནི་ཅོལ་ཆུང་ལ་རྒྱ་སྒྲོག་པའི་ཀུ་ཅོ་མ་ཡིན་ཏེ། བོན་གྱི་རིག་གཞུང་རྣལ་མ་དཔྱད་གླེང་བྱེད་སའི་མཉམ་སྒྲོག་རོལ་མོའི་སྟེགས་བུ་རེད།
འདི་ནི་རང་ལྟ་མཆོག་ཏུ་འཛིན་པའི་གུ་དོག་ཅན་གྱི་ངལ་དུ་གསོས་པའི་ཁང་ཆུང་མ་ཡིན་ཏེ། བོད་ཀྱི་ཕ་ཆོས་རྣལ་མའི་གནའ་བོའི་གཟི་བྱིན་མངོན་པར་བཀྲ་སའི་སྐར་ཁུང་རེད། འདི་ནི་སྐབས་བསྟུན་གཡོ་ཟོར་མཁས་པའི་ངོ་དགའི་སྒྱུ་འཕྲུལ་གཏོང་ས་མ་ཡིན་ཏེ། གཟུར་གནས་སྐྱེས་བུས་བདེན་དོན་འཚོལ་བའི་ལམ་བུ་ཡིན།
ཞེས་གཡུང་དྲུང་བོན་དང་འབྲེལ་བའི་དཔྱད་གླེང་ལོ་དེབ་《མུ་ཁྲི་བཙན་པོ་》ཡི་ཀླད་ཀྱི་གཏམ་དུ་གུས་ཨ་སྔགས་ཚེ་རིང་བཀྲ་ཤིས་སམ་བརྡ་སྤྲོད་བཏགས་མིང་དུ་སྒྲ་དབྱངས་སྨྲ་བའི་རྡོ་རྗེར་འབོད་པས་སྤྱི་ལོ་༢༠༡༣ ལོའི་ཟླ་༡༡ ཚེས་༢༠
ཉིན་སྤོས་ངད་ལྡང་བའི་གྲོང་ནས་སྦྱར་བའོ། །
(གཙོ་སྒྲིག་པ་ཚུལ་བསྟན་གྱིས་མཚམས་སྦྱོར་ཞུས།)

གཡུང་དྲུང་བོན་གྱི་སྒྲུབ་གནས་ཁག་གི་ངོ་སྤྲོད་དམར་མོའི་མཛུབ་ཁྲིད།
གཡུང་དྲུང་བོན་གྱི་སྒྲུབ་གནས་ཁག་གི་ངོ་སྤྲོད་དམར་མོའི་མཛུབ་ཁྲིད།
ཞང་ཞུང་སྙན་རྒྱུད་བཀའ་རྒྱུད་སྐོར་བཞིའི་གླེང་བརྗོད།
ཞང་ཞུང་སྙན་རྒྱུད་བཀའ་རྒྱུད་སྐོར་བཞིའི་གླེང་བརྗོད།
བརྡ་སྤྲོད་སྲིད་པའི་སྒྲོན་མེའི་རྩ་ཚིག
བརྡ་སྤྲོད་སྲིད་པའི་སྒྲོན་མེའི་རྩ་ཚིག
མེ་སྟོན་ཉི་མ་རྒྱལ་མཚན་མཆོག་གི་གསུང་འབུམ།
མེ་སྟོན་ཉི་མ་རྒྱལ་མཚན་མཆོག་གི་གསུང་འབུམ།
བོན་ཆོས་དཔྱད་བསྡུར།
བོན་ཆོས་དཔྱད་བསྡུར།
ལེགས་བཤད་རིན་པོ་ཆེའི་གཏེར་མཛོད།
ལེགས་བཤད་རིན་པོ་ཆེའི་གཏེར་མཛོད།
 རྗེ་མཉམ་མེད་ཤེས་རབ་རྒྱལ་མཚན་གྱི་གསུང་འབུམ་ཆ་ཚང་གི་གློག་རྡུལ་འཕྲུལ་དེབ།
 རྗེ་མཉམ་མེད་ཤེས་རབ་རྒྱལ་མཚན་གྱི་གསུང་འབུམ་ཆ་ཚང་གི་གློག་རྡུལ་འཕྲུལ་དེབ།
རྒྱུན་ཁྱེར་བོན་སྤྱོད་ཕྱོགས་བསྡུས་དད་ལྡན་ཐར་ལམ་འཛེགས་པའི་ཐེམ་སྐས་ཞེས་བྱ་བ་བཞུགས་སོ།
རྒྱུན་ཁྱེར་བོན་སྤྱོད་ཕྱོགས་བསྡུས་དད་ལྡན་ཐར་ལམ་འཛེགས་པའི་ཐེམ་སྐས་ཞེས་བྱ་བ་བཞུགས་སོ།
སྨན་རིའི་སྟེགས་འཇོག་ལོ་ཐོ།
སྨན་རིའི་སྟེགས་འཇོག་ལོ་ཐོ།
previous arrow
next arrow