འགྲོ་མགོན་བཀའ་དྲིན་ཅན་གྱི་ཞབས་ལ་འདུད། །རྒྱལ་བ་འཕགས་པའི་བཀའ་ལུང་དང༌། །བླ་མ་རྒྱུད་པ་ལས་བྱུང་ཞིང༌། རང་གི་གོ་རྟོགས་ཉམས་མྱོང་པའི། །གདམ་པ་ཚིག་འགའ་བྲི་བར་བྱ། གནས་ལུགས་དོན་གྱི་གདམ་པ་ཉམས་སུ་ལེན་པ་ལ། སེམས་དང་སེམས་ཉིད་ཀྱི་ཁྱད་པར་ཕྱེད་དགོས་ཏེ། དེ་ཡང་སེམས་༼མ་༽རྟོགས་པས་སངས་མི་རྒྱས། སེམས་ཉིད་གཤིས་ཀྱི་གནསལུགས་རྟོགས་དགོས། ལུང་ལས་ཀྱང༌། འདི་རྟོགས་རྣམས་ནི་སངས་རྒྱས་ཡིན། འདི་མ་རྟོགས་ན་སངས་རྒྱས་མིན། ཞེས་གསུངས་སོ། སེམས་དྲན་པས་འགྱུ་བ་ཡུལ་མཚོ། བློ་རྟོག་པ་སྣ་ཚོགས་སུ་འཕྲོ་བ། སེམས་ལས་བྱུང་བས་ཤེས་པ་སྣ་ཚོགས་སུ་ཤར་བ་ལ། སེམས་ཞེས་བྱ། ཡིད་ཅེས་བྱ། དྲན་པ་ཞེས་བྱ་སྟེ། འདི་ནི་ངེས་མེད་སྣ་ཚོགས་སུ་འཆར་བ་ཡིན་ཏེ། སྙིང་པོའི་གནས་ལུགས་མ་རྟོགས་ན། དྲན་རྟོག་རེ་རེ་ཆད་པའམ། ཞིག་པའམ། རྟོག་མེད་དུ་གྲོལ་ཀྱང་རུང་སྟེ། གནས་སྐབས་ཀྱི་ཏིང་འཛིན་གསལ་བའམ། ཉམས་བན་བུན་སྐྱེས་ཞིང་ཤར་ཀྱང༌། མཐར་ཐུག་གི་འབྲས་བུ་ཐོབ་པར་མི་འགྱུར་ཏེ། རྒྱ་མཚོ་སྐྱོགས་ཀྱིས་ཟད་པར་མི་འགྱུར་ཞེས་དང༌། གཞི་མའི་དོན་གཅིག་མ་རྟོགས་ན། འཁྲུལ་རྟོག་ཡོང་པས་སྤོང་མི་འགྱུར་སྲིད། ཅེས་གསུངས་པ་བཞིན་ནོ། དེས་ན་སེམས་ཉིད་གཤིས་ཀྱི་གནས་ལུགས་རྟོགས་དགོས་ཏེ། དེ་ཡང་སེམས་ཀྱི་ངོ་བོ་སྐྱེ་མེད་གདོད་ནས་དག་པ༌། བཅོས་སླད་ཡོངས་དང་བྲལ་བ། འདི་ཞེས་མཚོན་པའི་ཡུལ་ལས་འདས་པ། ཅིའི་ངོ་བོར་མ་བསྟན་ཞིང༌། གང་གི་ངོ་བོར་མ་གྲུབ་པ། འཁོར་འདས་ཀུན་ལ་ཁྱབ་ཅིང་བདལ་པ་དེ་ཁོ་ན་ཉིད་ལ་སེམས་ཉིད་ཅེས་བྱ། ཡེ་དོན་གྱི་ཀུན་གཞི་ཞེས་ཀྱང་བྱ། རིག་པའི་ངོ་བོ་ཞེས་བྱ་སྟེ། མདོར་ན་ད་ལྟའི་རིག་པ་རང་གསལ་འཛིན་རྟོགས་བློ་དང་བྲལ་བ། འགྱུ་བ་རང་སར་དངས་བ། སྒྲིབ་མེད་རང་གསལ་གྱི་ཤེས་པ་འདི་ཀ་ཡིན་ཏེ། འདིའི་དོན་རྟོགས་ཤིང་མངོན་དུ་གྱུར་ན། སངས་རྒྱས་ཞེས་བྱ་བ་ཡིན་ཏེ། དེ་རིག་དེ་ལས་ངས་ཀྱང་མ་བསྟན་ཞེས་གསུངས་པ་བཞིན་ནོ། དེའི་ཚུལ་ནི་སློབ་དཔོན་བླ་ཆེན་གྱིས། སྟོང་པ་སྣང་གསལ་ལ་སྐུ་གསུམ་དུ་ངོ་སྤྲོད་གསུངས་པ་བཞིན་ནོ། སེམས་ངོ་བོ་སྟོང་པ་བོན་གྱི་སྐུ། རང་བཞིན་སྣང་བ་རྫོགས་པའི་སྐུ། རྣམ་པ་གསལ་བ་སྤྲུལ་པའིསྐུ། དེ་ཁོ་ན་ཉིད་ཡེ་ནས་རང་ལ་གནས་པའི་གཞི། དེ་ངོ་འཕྲོད་ནས་ཉམས་སུ་མྱོང་བ་ལམ། དེ་མཐར་ཐུག་ཅིང་མངོན་དུ་གྱུར་པ་འབྲས་བུ། ཉག་གཅིག་མ་སྤང་དོན་རྟོགས་ན། མི་བསླུ་བདེ་གནས་ཐར་པ་ཐོབ་པ་ཡིན། ཞེས་གསུངས་སོ། དེའི་ཕྱིར་ན་སེམས་ཉིད་གཤིས་ཀྱི་གནས་ལུགས། སྐུ་གསུམ་དབྱེར་མེད་ཀྱི་འབྲས་བུ་ཐོབ་པའི་དུས་ན། སེམས་དང་སེམས་འབྱུང་གི་འཁྲུལ་རྟོག་ཐམས་ཅད་འགག་མེད་ཡེ་ཤེས་ཀྱི་རྩལ་དུ་འཆར་བ་ཡིན་ཏེ། འཁྲུལ་རྟོག་མི་སྤང་སྤང་པའི་ཡུལ་ལས་འདས། ཅི་༼ཡང་༽མ་སྤང་པས་སེམས་ཉིད་ཉག་གཅིག་མ། མ་སྤང་བཞིན་དུ་བདེ་བའི་ཡེ་ཤེས་ངང༌། ཞེས་གསུངས་པ་བཞིན། གཞིའི་དུས་སུ་སྙིང་པོ་དང་རོལ་པ། ལམ་གྱི་དུས་སུ་ཉམས་དང་རྟོགས་པ། འབྲས་བུའི་དུས་སུ་སྐུ་དང་ཡེ་ཤེས། ཞེས་བྱའོ། སེམས་དང་སེམས་ཉིད་ཀྱི་གནས་ལུགས་ཟུར་ཙམ་བསྟན་པ་སྨར་རོ།།
༄༅།། འགྲོ་མགོན་བཀའ་དྲིན་ཅན་གྱི་ཞབས་ལ་འདུད། སྐལ་ལྡན་ཉམས་སུ་ལེན་པའི་སྐྱེས་བུ་ལ། ཉམས་དང་རྟོགས་པ་རྒྱུད་ལ་འཆར་དགོས། འོ་ན་ཉམས་རྟོགས་ཀྱི་ཁྱད་པར་གང༌། དེ་གཉིས་ཀྱི་འཆར་ཚུལ་ཅི་ལྟ་བུ་སྙམས་ན། རྟོགས་པ་གནས་ལུགས་ཀྱི་དོན་ངོ་བོ་ཉིད་ཡིན་ཏེ། དེ་ཡང་བླ་མ་དམ་པས་ངོ་སྤྲད་པས། སེམས་སྐྱེ་མེད་གདོད་ནས་དག་པ་ལ། རང་རིག་པའི་ཡེ་ཤེས་སྒྲིབ་མེད་དུ་གསལ་བ། དེ་གཉིས་དབྱེར་མེད་རང་འབྱུང་ཡེ་ཤེས་ཀྱི་ངོ་བོ། དཔེར་ན་སྤྲིན་བྲལ་གྱི་ནམ་མཁའ་ལ་ཉི་མ་ཤར་བ་ལྟ་བུ། གསལ་ལ་རྟོག་པ་མེད་པ། རང་རིག་རང་གསལ་གྱི་ཤེས་པ་བྱ་བ་འབྱུང་སྟེ། དེ་ཁོ་ན་ཉིད་ལ་སེམས་ཉིད་ཅེས་བྱ། བོན་གྱི་སྐུ་ཞེས་བྱ། རང་འབྱུང་གི་ཡེ་ཤེས་ཞེས་བྱ། སངས་རྒྱས་ཀྱི་དགོངས་པ་ཞེས་བྱ། རྫོགས་པ་ཆེན་པོ་དོན་གྱི་གནས་ལུགས་ཞེས་བྱ་བ་ཡིན་ཏེ། འདི་ཡི་དུས་ན་རྟོགས་པས་མགོ་མཐོང་བ་ཡིན། དེ་ལྟར་ཤར་བར་དགའ་དྲོད་ཀྱི་ཤེས་པ་འབྱུང་སྟེ། དེ་ལ་ཆགས་ཞེན་གྱི་འཁྲི་བ་ཆོད་པར་བྱ། དེ་ལས་ཀྱང་རྟོགས་པ་ལྷག་པ་སྐྱེས་པའི་དུས་སུ། བསྒོམ་རྒྱུ་ལ་སོགས་སྟོང་པ་དངོས་སུ་འོང་པ་འབྱུང་སྟེ། སྟོང་པ་དེ་ལ་འཇིགས་སྐྲག་སྐྱེ་བ་ཡང་འོང་ལ། སྟོང་པ་ཅི་ལ་ཡང་འཛིན་པ་མེད་པ་འབྱུང་སྟེ། འཛིན་མེད་ལྷག་མཐོང་གི་རིག་པས་གསལ་གདབ་དགོས་སོ། རྟོགས་པ་མངོན་དུ་གྱུར་པའི་དུས་ན། འཛིན་མེད་གསལ་སྟོང་གི་ཤེས་པ་བོན་སྐུར་ཐག་ཆོད། ཡིད་ཆེས་རྡེངས་ཐོབ་པ་གཅིག་འབྱུང་སྟེ། དེའི་དུས་ན་འཁོར་འདས་ལ་ཁྱད་མེད། དགེ་སྡིག་ལ་སོགས་གཉིས་འཛིན་གྱི་རྟོག་པ་ཐམས་ཅད་རང་སར་གྲོལ་ནས། སྤྲོས་བྲལ་རྣམ་པར་དག་པ་ནམ་མཁའ་ལྟ་བུའི་བོནསྐུ་བདེ་བ་ཆེན་པོ་ཐོབ་པའི་དུས་ཡིན་ནོ། ཉམས་ཀྱི་འཆར་ཚུལ་ཅི་ལྟ་བུ་སྙམ་ན། སྤྱིར་ཉམས་ངེས་མེད་དུ་འཆར་ཏེ། རྗེ་རི་ཁྲོད་ཆེན་པོའི་ཞལ་ནས། དབྱར་ཀྱི་ས་ལ་ཅི་ཡང་སྐྱེ། རྟོགས་ལྡན་ཉམས་ལ་གང་ཡང་འཆར་གསུངས་པས་ན། དང་པོ་རླུང་གི་ཉམས་སུ་རྒོད་འཕྲབ་རྒྱུག་བན་བུན་ཁྱག་ཁྱུག་ཕྱད་ཕྱོད་སྣ་ཚོགས་འབྱུང༌། བར་དུ་དཔའ་བའི་ཉམས་ལ་འགུལ་འཁྲིག་ན་ཚ་ཤར་ཤར་བ་འབྱུང༌། མཐར་སེམས་ཀྱི་ཉམས་ལ་སྣ་ཚོགས་ངེས་མེད་འཆར་ཏེ། མདོར་བསྡུས་ན་ཡང་ལ་རྒྱ་ཆེ་བ་ལྷོད་པ་དགའ་བ་གསལ་བ་ཡིད་ཆེས་པ། བདེ་བ་སྐྱིད་པ་འབོལ་ལེ་བ་འབྱུང་སྟེ། དེ་གསུམ་བསྡུས་ན་བདེ་གསལ་མི་རྟོག་པ་གསུམ་དུ་འདུས་ཏེ། དེ་ཡང་བདེ་བ་ནི་ན་ཆུང་མ་སྐྱེས་པ་དང་འཕྲད་པ་ལྟ་བུ། གསལ་བ་ནམ་ལངས་པའམ། ཟླ་བའི་འོད་ལྟ་བུའོ། མི་རྟོག་པ་མཁུར་བར་ཆུ་བླུག་པ་ལྟ་བུའམ། དིག་མའི་རྨི་ལམ་ལྟ་བུ་འབྱུང་སྟེ། དེ་ལ་ཆགས་ཞིང་ཞེན་ན་ཁམས་གསུམ་དུ་ལྟུང་སྟེ། བདེ་བ་འདོད་ཁམས། གསལ་བ་གཟུགས་ཁམས། མི་རྟོག་པ་གཟུགས་མེད་ཁམས་སུ་གོལ་བར་འགྱུར། དེ་ལ་འཛིན་ཆགས་ཞེན་གསུམ་གྱི་དྲི་མ་དང་བྲལ་ན་སྐུ་གསུམ་ཐོབ་སྟེ། བདེ་བ་སྤྲུལ་སྐུ། གསལ་བ་རྫོགས་སྐུ། མི་རྟོག་པ་བོན་སྐུ་ཐོབ་སྟེ། ཉམས་དེ་གསུམ་ཡང་དབྱེར་མེད་དུ་འཆར་ལ། དེ་ཐོབ་ཀྱི་འབྲས་བུའམ། དབྱེར་མེད་ཟུང་འཇུག་ཏུ་ཉམས་གཅིག་ཏུ་གནས་སོ། དེ་དག་གི་སྐྱེ་ཚུལ་ཡང་ངེས་པ་ཡོད་༼མེད༽དེ། ཁམས་ཀྱི་བྱེ་བྲག་དང་ཉམས་ཀྱི་སྐྱེས་ཚུལ་ལ་རག་ལས་ཏེ། ད་ཉམས་རྟོགས་ཀྱི་ཁྱད་པར་གང་ཡིན་ཞེ་ན། ཉམས་བློའི་རྣམ་པ་སྣ་ཚོགས་སུ་འཆར་ཏེ། འདི་འཆར་དང་འདི་མི་འཆར་ངེས་པ་མེད་དོ། རྟོགས་པ་ནི་གནས་ལུགས་སམ། སེམས་ཉིད་ཀྱིས་༼ཀྱི་༽ངོ་བོ་མཐོང་པ་ཡིན་ཏེ། བརྟན་ཅིང་འགྱུར་བ་མེད་པ་ཡིན་ནོ། དེས་ན་ཉམས་སྣ་ཚོགས་སུ་འགྱུར་བ་དང་བཅས་པ། བདེན་འཛིན་གྱི་ཞེན་པ་དང་བྲལ་བར་བྱ། རྟོགས་པ་གནས་ལུགས་ངོ་བོ་ཉིད་ཀྱི་དོན་ཡིན་པས། འཛིན་རྟོག་གི་བློ་དང་བྲལ་བར་བྱའོ། ད་ཉམས་རྟོགས་ཀྱི་སྐྱེ་ཚུལ་ལ། གང་ཟག་གི་དབང་པོ་ལ་རག་ལས་སྟེ། དབང་པོ་འབྲིང་དང་ཐ་མ་ལ། དང་པོ་ཉམས་སྐྱེ། བར་དུ་ཉམས་ཐོག་ནས་རྟོགས་པ་སྐྱེ། ཐ་མ་ཉམས་རྟོགས་དབྱེར་མེད་དུ་འགྲོ་བའོ། དབང་པོ་རབ་ལ་དང་པོ་རྟོགས་པ་སྐྱེ། བར་དུ་རྟོགས་ཐོག་ནས་ཉམས་འཆར། མཐའ་མ་ཉམས་རྟོགས་དབྱེར་མེད་དུ་གྲོལ་བའོ། ཉམས་ལ་དྲི་མ་ཅན་དང༌། དྲི་མ་མེད་པའི་ཉམས་གཉིས་སོ། དེའི་ཁྱད་པར་ནི། རྟོགས་པ་ཤར་མ་ཤར་ལ་བཞེད་པ་ཡང་ཡོད། འོན་ཀྱང་འཛིན་ཞེན་དང་བྲལ་མ་བྲལ་ཡིན་ནོ། རྟོགས་པ་ཡང༌། བློས་བྱས་དང་མངོན་འགྱུར་གཉིས་སུ་འདོད་པ་ཡོད་དོ། དེའི་ཁྱད་པར་ཡང་ཐོས་བསམ་ལ་བརྟེན་ནས། དོན་སྤྱིའི་གོ་བ་ཤར་བ་ནི། བློས་བྱས་ཀྱི་རྟོགས་པ་ཤར་བ་ཡིན་ལ། བླ་མས་ངོ་སྤྲད་ནས་དོན་རྗེན་གཅེར་དུ་ཤར་བ་ནི། མངོན་འགྱུར་གྱིས་རྟོགས་པ་ཡིན་ནོ། དེའི་ཕྱིར་ན་ཉམས་ལ་འཛིན་ཞེན་གྱི་དྲི་མ་དང་བྲལ་བ། རྟོགས་པ་ལ་ཞེ་འདོད་ཀྱི་བློ་དང་བྲལ་བར་བྱའོ། དེས་ཉམས་རྟོགས་ཀྱི་ཡིན་ཚུལ་ཟར་ཙམ་བསྟན་པ་སྨར་རོ། ཨག་ཐཾ།།
༄༅།། འགྲོ་མགོན་བཀའ་དྲིན་ཅན་གྱི་ཞབས་ལ་འདུད། སྐལ་ལྡན་གྱི་གང་ཟག་གིས་བསམ་གཏན་ཉམས་སུ་བླང་པ་ལ། ཉམས་སུ་བླང་རྒྱུའི་ངོ་བོ་མཉམ་རྗེས་གཉིས་སུ་འཆར་བས། དེའི་ཚུལ་ནི་ཅི་ལྟ་བུ་ཡིན་སྙམ་ན། ངོ་བོ་ནི་མཉམ་བཞག་ངང་ལ་གནས་ལུགས་ཀྱི་མཉམ་བཞག་དང༌། བློས་བྱས་ཀྱི་མཉམ་བཞག་གཉིས་སོ། གནས་ལུགས་ཀྱི་མཉམ་བཞག་ནི། ཤེས་བྱ་གཤིས་ཀྱི་གནས་ལུགས་སེམས་ཉིད་རྣམ་པར་དག་པ། སྐྱེ་མེད་གདོད་ནས་དག་པའི་བོན་ཉིད། ངོ་བོ་ཉིད་ཀྱི་ངང་ལས་མ་གཡོས་པའི། བློ་རྟོག་གི་དྲན་པས་མ་བཅོས་པ་རང་ལུགས་སུ་གནས་པ་དེ་ཡིན་ནོ། བློས་བྱས་ཀྱི་མཉམ་བཞག་ནི། རང་གི་བློས་བྱས་ནས་མ་བཅོས་པར་འཇོག་པ་ལ་མ་ཡེངས་པར་གནས་པ་དེ་ཡིན་ནོ། རྗེས་ཐོབ་ལ་གཉིས་སོ། སྣང་པ་རྗེས་ཐོབ་དང༌། གནས་ལུགས་ཀྱི་རྗེས་ཐོབ་གཉིས་སོ། གནས་ལུགས་ཀྱི་རྗེས་ཐོབ་ནི། སྐྱེ་མེད་སྤྲོས་བྲལ་གྱི་ངང་ལས་རོལ་པ་འགག་མེད་ཀྱི་རིག་པ། འཛིན་ཞེན་དང་བྲལ་བའི་ཤེས་པ་རྒྱ་ཡན་ལྷུག་པར་ཤར་བ་དེའོ། སྣང་བའི་རྗེས་ཐོབ་ནི། ཕྱི་རོལ་ནང་གིས་བསྡུས་པའི་ཤེས་བྱ་ཐམས་ཅད་བདེན་པའི་དངོས་པོར་མ་གྲུབ་པར། སྣང་སྟོང་སྒྱུ་མ་ལྟ་བུ་རང་བཞིན་སྣ་ཚོགས་ངེས་མེད་དུ་འཆར་བ་དེའོ། དེ་དག་གི་འཆར་ཚུལ་ནི་ཅི་ལྟར་ཡིན་སྙམ་ན། དབང་པོ་རབ་ལ་གནས་ལུགས་ཀྱི་མཉམ་བཞག་དང༌། སྐྱེ་མེད་གདོད་དག་གི་ངང་ལ། ཅི་ཤར་འགག་མེད་ཡེ་ཤེས་ཀྱི་རོལ་པ་རྒྱ་ཡན་ལྷུག་པར་འཆར་ལ། དབང་པོ་འབྲིང་མན་ཆོད་ལ། བློས་བྱས་ཀྱི་མཉམ་བཞག་མ་བཅོས་མཉམ་པའི་ངང་ལ། ལང་པའི་དུས་སུ་ཕྱི་ནང་གི་ཤེས་བྱ་ཐམས་ཅད་སྣང་སྟོང་སྒྱུ་མ་ལྟ་བུར་བདེན་མེད་དུ་འཆར་ངོ༌། འོ་ན་མཉམ་རྗེས་དེ་དག་གཅིག་གམ་ཐ་དད་དམ་ཅི་ལྟ་བུ་སྙམ་ན། དབང་པོ་རབ་ལ་དབྱེར་མེད་དུ་གནས་པ་ཡིན་ཏེ། སྐྱེ་མེད་སྤརོས་བྲལ་དུ་གནས་པའི་ངང་ལས་འགག་མེད་ཀྱི་ཡེ་ཤེས་གསལ་བར་འཆར་ཏེ། གསལ་སྟོང་ངམ་དབྱིངས་ཤེས་དབྱེར་མེད་དུ་གནས་པ་ཡིན་ནོ། དབང་པོ་འབྲིང་ཡན་ཆོད་ལ་ཅི་རིགས་སུ་ཡོད་དེ། མཉམ་བཞག་གི་ངང་ལ་མ་གཡོས་བཞིན་དུ། རྗེས་ཤེས་སྒྱུ་མ་ལྟ་བུ་ཤུགས་ལ་འཆར་བ་ཡོད་དོ། མཉམ་བཞག་ལས་ལང་པའི་དུས་སུ་སྒྱུ་མ་ལྟ་བུ་ཝལ་ལེ་ཁྱུག་གེ་འཆར་བ་ཡང་ཡོད་དོ། དེས་མཉམ་རྗེས་ཀྱི་གནས་ལུགས་ཟུར་ཙམ་བསྟན་པའོ། སྨར་རོ།།
༄༅།། འགྲོ་མགོན་བཀའ་དྲིན་ཅན་གྱི་ཞབས་ལ་གུས་པས་འདུད། སྐྱེས་བུ་ཉམས་སུ་ལེན་པའི་གང་ཟག་ལ། ཞི་གནས་ལྷག་མཐོང་གཉིས་སུ་འབྱུང་སྟེ། དེ་ཡང་རང་བཞིན་དང་བློས་བྱས་སོ། རང་བཞིན་གྱི་ཞི་གནས་ནི། བྱང་ཆུབ་ཀྱི་སེམས་བདེ་བ་ཆེན་པོའི་ངང་ལས། འཁོར་འདས་ཐམས་ཅད་མཉམ་པ་ཉིད་དུ་གནས་པ་དེ་ཡིན་ནོ། བློས་བྱས་ཀྱི་ཞི་གནས་ནི། འགྱུ་བྱེད་ཀྱི་དྲན་རྟོག་ཉེ་བར་ཞི་ནས་མ་རྟོགས་པའི་ངང་ལ་བློ་བཞག་པ་དེའོ། ལྷག་མཐོང་ལ་ཡང༌། ཤེས་བྱའི་ལྷག་མཐོང་དང་མཚན་མའོ། ཤེས་བྱའི་ལྷག་མཐོང་ནི། རིག་པ་རང་གསལ་སྒྲིག་མེད་ཀྱི་ཤེས་པ་དེ། གསལ་བར་ལྷག་གིས་འཆར་བ་དེ་ཡིན་ལ། མཚན་མའིལྷག་མཐོང་ནི། དྲན་རྟོག་གིས་ཤེས་པ་སྣ་ཚོགས་ཀྱི་ཡུལ་ལ་ཤེས་པ་སྣ་ཚོགས་སུ་འཕྲོ་བ་ཡིན་ནོ། ཅི་ལྟར་རྒྱུད་ལ་འཆར་སྙམ་ན། རང་བཞིན་གྱི་ཞི་གནས་དང༌། ཤེས་བྱའི་ལྷག་མཐོང་དབྱེར་མེད་དུ་འཆར་ཏེ། གསལ་སྟོང་དབྱེར་མེད་ཀྱི་དགོངས་པ་དེ། བྱང་ཆུབ་སེམས་ལ་དབྱེར་མེད་དུ་གནས་པའི་ཕྱིར་རོ། བློས་བྱས་ཀྱི་ཞི་གནས་དང་མཚན་མའི་ལྷག་མཐོང་གཉིས། ཐ་དད་དེ་གང་རུང་གཅིག་གནས་པའི་དུས་སུ་གཅིག་མི་གནས་འགག་པ་ཡིན་ནོ། དེས་ཞི་གནས་དང་ལྷག་གི་གནས་ལུགས་བསྟན་པ་སྨར་རོ།། མན་ངག་གཅེས་པའི་གནད་དོན་བཞི་པ་ཞེས་བྱ་བ་ཚེག་ཉུང་དོན་ཆེ་ཉམས་ལེན་གནད་དུ་འདེགས་པ། མཚན་ལྡན་བློ་གྲོས་ཀྱིས་མཛད་པ་རྫོགས་སོ། ཡེ་ཁྲི་ལས། བསྒོམ་དུ་ཡོད་པར་མ་ཤེས་ན། སྐྱེ་བ་སྡོམས་དང་ཁྱད་པར་མེད། ཐ་མལ་རང་ཉིད་གོལ་སར་འགྲོ། མི་བསྒོམ་བསྒོམ་པའི་དོན་ཤེས་ན། ཉག་གཅིག་དོན་དང་འདུ་བྲལ་མེད། བསྒོམ་པ་མི་བསྒོམ་དོན་ཤེས་ན། དམིགས་གཏད་བློའི་མཐའ་ལས་ཟློག གཉིས་སུ་མེད་པའི་དོན་རྟོགས་ན། ཕྱོགས་རིས་འཛིན་པ་ཀུན་དང་བྲལ། ཞེས་གསུངས་སོ། དགེའོ། དགེའོ། དགེའོ། བཀྲ་ཤིས་སོ།། །།