ནང་རྒྱུད་གསང་སྔགས་ཀྱི་གཞུང་ཉམས་སུ་ལེན་པ་ལ་བསྙེན་སྒྲུབ་ལས་གསུམ་གྱི་སྒོ་ནས་ཉམས་སུ་ལེན་དགོས་པ་བཞིན། སྐབས་འདིར་སྔོན་འགྲོ་ཕྱི་ཡི་བསྙེན་པ་གསུམ་དང་། ཉེ་བ་ནང་གི་བསྙེན་པ་གསུམ། བཅའ་གཞི་ལས་ཀྱི་བསྙེན་པ་གསུམ་མོ། དང་པོ་སྔོན་འགྲོ་ཕྱི་ཡི་བསྙེན་པ་ནི། དཔོན་གསས་ལྷ་ལ་བསྙེན་པ། རིགས་ལྡན་གནས་ལ་བསྙེན་པ། མཚན་ལྡན་གྲོགས་ལ་བསྙེན་པ་དང་གསུམ་མོ།
དང་པོ་དཔོན་གསས་ལྷ་ལ་བསྙེན་པ་ནི། གསང་སྔགས་ཀྱི་གཞུང་གང་དང་གང་ཡིིན་ཉམས་སུ་ལེན་ཐབས་ཀྱི་དང་པོར་དཔོན་གསས་ལ་བསྟེན་དགོས་པར་བསྟན་པ་བཞིན། བླ་མ་དང་དཔོན་གསས་ཀྱི་མདུན་ནས་དང་པོ་ལུང་ཞུ་དེ་ནས་ཁྲིད་ཞུ་དེ་ནས་དབང་ཞུ་དགོས། དེ་ལྟར་ཞུ་བར་བྱ་བ་ལ་དང་པོ་སློབ་མས་དཔོན་གསས་ལ་བརྟགས་ནས་དཔོན་གསས་མཚན་ཉིད་དང་ལྡན་འཚོལ། དེ་ནས་དཔོན་གསས་ཀྱིས་སློབ་མ་ལ་བརྟག་དགོས། དེ་ཡི་དང་པོ་དཔོན་གསས་ནི་སྦྱངས་པའི་ཤེས་རབ་ཆེ་བ་དང་། ཀུན་སློང་གི་བསམ་པ་རྣམ་པར་དག་པ་དང་། འགྲོ་བ་འདུལ་བའི་ཐབས་ལ་མཁས་པ་དང་གསུམ་ལྡན་དགོས། སྦྱངས་པའི་ཤེས་རབ་ཆེ་བ་ནི་དང་པོ་ཐོས་པའི་ཤེས་རབ་དང་། བར་དུ་བསམ་པའི་ཤེས་རབ་དང་། ཐ་མ་བསྒོམ་པའི་ཤེས་རབ་དང་གསུམ་མོ། དང་པོ་ཐོས་པའི་ཤེས་རབ་ནི། རབ་རིག་པའི་གནས་ལྔ་ལ་མཁས་པ་དང་། འབྲིང་སྒྲ་ཚད་ལ་མཁས་པ། ཐ་མ་གང་གདམས་བྱའི་གནས་ལ་མ་རྨོངས་པ་ཞིག་དགོས་ཞེས་གསུངས། གཉིས་པ་བསམ་པའི་ཤེས་རབ་ནི། སྤང་བླང་གི་བྱེ་བྲག་ཕྱེད་ཅིང་། སྤྱི་དང་བྱེ་བྲག་གི་དོན་གོ་བ་དང་། བྱེ་བྲག་ཏུ་གང་གདམས་བྱའི་གཞུང་དོན་གཏན་ལ་ཕེབས་ཤིང་སྟོན་ནུས་པ་ཞིག་དགོས་ཞེས་གསུངས།
གསུམ་པ་བསྒོམ་པའི་ཤེས་རབ་ནི་གཞུང་ཚིག་ལ་སྦྱང་བ་ཙམ་མ་ཟད་དེའི་དོན་ཉམས་མྱོང་རྒྱུད་ལ་ཤར་ནས་རྟོགས་པ་མངོན་དུ་འགྱུར་པ་གཅིག་དགོས་གསུངས། གཉིས་པ་ཀུན་སློང་དག་པ་ནི། བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ཅིང་སེམས་ཅན་གྱི་དོན་ལ་དགོངས་ནས་འགྲོ་བ་འདྲེན་པའི་ཐུགས་རྗེ་ཆེ་བ་དང་ལྡན་པ་ཞིག་དགོས་གསུངས། གསུམ་པ་ཐབས་ལ་མཁས་པ་ནི། འགྲོ་བ་གང་ལ་གང་འདུལ་ལ་དེ་དང་དེ་ལ་འཚམས་པར་བོན་སྟོན་ཞིང།འདྲེན་པའི་ཐབས་བོན་དང་ཟང་ཟིང་གི་སྦྱིན་པ་དང་སློབ་མ་བཙའ་བ་དང་་བསྐྱང་པ་ལས་སོགས་ཀྱི་ཐབས་ལ་མཁས་པ་ལྡན་པ་ཞིག་དགོས་གསུངས། དེ་ལྟར་གདམས་པ་ཞུ་སའི་དཔོན་གསས་ནི། ཡེ་སངས་རྒྱས་པའི་གཤེན་རབ་དང། ཐུགས་རྗེ་སྤྲུལ་པའི་གཤེན་རབ་དང་། གང་ཟག་རྒྱུའི་གཤེན་རབ་དང་གསུམ། དེ་ཡི་ནང་ནས་འོག་མ་གཉིས་ཤས་ཆེར་སྟོན་པའོཞེས་གསུངས། མདོར་ན་གཤེན་རབ་གསུམ་དེ་མིག་སྙིང་སྲོག་གསུམ་ལྟར་གཅེས་པར་བསྒོམ་དགོས་དགོས་པར་གསུངས་སོ།
གཉིས་པ་ཉན་པ་པོ་ནི། སྟོབས་ལྡན་བློ་གསལ་དད་ཆེ་དང་། བསྟན་པའི་རྒྱལ་ཐེབ་ཀྱི་སློབ་མ་བླང་ཞེས་པ། དང་པོ་སྟོབས་དང་ལྡན་པ་ནི། ལུས་ཀྱི་སྒོ་ནས་དག་པར་ཉན་ནུས་པ་དང་། ངག་གི་སྒོ་ནས་ཉན་པའི་དུས་སུ་སྨྲ་བ་བཅད་ནས་བསྒྲུབ་པ་དང་དུ་བླངས་ཏེ་གྱེར་དང་ཟླས་བརྗོད་སྐྱབས་འགྲོའི་ལས་སོགས་ནུས་པ་དང་། ཡིད་ཀྱི་སྒོ་ནས་ཉན་པའི་དུས་སུ་མ་ཡེངས་རྕེ་གཅིག་ཏུ་ཉན་པ་དང་། ཏིང་འཛིན་བསྒོམ་པས་མི་མཐུན་ཕྱོགས་འཇོམས་ཤིང་ཟིལ་གྱིས་གནོན་པ་སོགས་དགོས། གཉིས་ནི། དང་པོ་འཛིན་པའི་བློ་དང་། བར་དུ་རྟོགས་པའི་བློ་དང་། ཐ་མ་བརྟག་པའི་བློ་གསུམ་གྱིས་བློ་རྨུག་པ་དང་འཐིབ་པ་ལས་སོགས་སེལ་དགོས་སོ། གསུམ་པ་དད་པ་ཆེ་བ་ནི་དངས་པའི་དད་པ་དང་། མོས་པའི་དད་པ་དང་། ཡིད་ཆེས་པའི་དད་པ་གསུམ་གྱིས་ཡུལ་ཁྱད་པར་ཅན་ལ་ངེས་པར་བློ་གཏད་དགོས་སོ།
མདོར་ན་བླ་མ་ལ་རབ་བོན་གྱིས་ཐུགས་བཟུང་བ་དང་། འབྲིང་སྤྱོད་པས་ཐུགས་བཟུང་བ་དང་། ཐ་མ་ཟང་ཟིང་གིས་ཐུགས་བཟུང་བ་གསུམ་གང་རུང་ལྡན་པ་ཞིག་དགོས་པ་གལ་ཆེའོ།
གཉིས་པ་རིགས་ལྡན་གནས་ལ་བསྙེན་པ་ནི།
གསང་སྔགས་ཀྱི་གཞུང་བསྒྲུབ་པའི་ས་གནས་བརྟགས་ཚུལ་ལ། རང་དོན་དུ་བྱང་ཆུབ་ཀྱི་ལམ་ནས་ཐར་པ་སངས་རྒྱས་བསྒྲུབ་པར་བྱ་བའི་གནས་ནི། རི་མཐོ་ས་གཙང་ཉམས་དགའ་ཞིང་། ཡིད་དུ་འོང་བ་བཙལ་བ་དང་ཞེས་གསུངས། གཞན་དོན་དུ་དགྲ་བགེགས་སྒྲལ་བའི་གནས་ནི། རི་གསུམ་རྩེ་འམ་ལམ་གསུམ་མདོ། ལྷ་འདྲེ་ཡོད་པའི་གནས་སུ་བསྒྲུབ་གསུངས་པས། མདོར་ན་འཕྲིན་ལས་བཞི་དང་སྦྱར་ནས་བཤད་པ་ལ། ཞི་བ་ཨ་གསལ་དང་གཡུང་དྲུང་ཡོངས་རྫོགས་སོགས་ཞི་བའི་གཞུང་རྣམས་སྒྲུབ་པའི་གནས་ནི་རིའི་མདོག་དཀར་པོ་ཡོད་པ་དང་། དབྱིབས་འཇམ་ཞིང་དུལ་བ་དེ་ལ། ལྗོན་ཤིང་དང་མེ་ཏོག་སྐྱེས་ཤིང་། འབབ་ཆུ་དར་ལ་བབ་པ་བྱ་དང་བྱིའུའི་སྐད་སྙན་སྣ་ ཚོགས་སུ་སྒྲོགས་པའི་གནས་སུ་བསྒྲུབ་པའོ། ཀུན་སྣང་དང་རྣམ་པར་རྒྱལ་བ་སོགས་རྒྱས་པའི་གཞུང་སྒྲུབ་པའི་གནས་ནི། རི་བོ་འཇིང་ཆེ་བ་དབྱིབས་འདབ་མ་ཆེ་ཞིང་རྩེ་མོ་བརྗིད་པ་རྩི་ཤིང་དང་མེ་ཏོག་རྣམས་ཀྱི་ཁ་དོག་སེར་ཤས་ཆེ་བ་དེ་ལྟ་བུའི་གནས་སུ་བསྒྲུབ་པའོ། ཁྲོ་བོ་དབང་ཆེན་སོགས་དབང་གི་བོན་རྣམས་བསྒྲུབ་པའི་གནས་ནི། དབྱིབས་ཟླ་གམ་ལྟ་བུའི་མདོག་དམར་བ་རི་ཡི་ངོས་ལ་བྲག་ཡོད་པ་ཤིང་དང་མེ་ཏོག་རྣམས་དམར་ཤས་ཆེ་བ་དེ་ལྟ་བུའི་གནས་སུ་བསྒྲུབ་པའོ།
དབལ་གསས་སོགས་དྲག་པོའི་རིགས་རྣམས་སྒྲུབ་པའི་གནས་ནི། རི་དྲག་པོའི་དབྱིབས་ཅན་གྲུ་གསུམ་ཁ་དོག་ནག་པོ་གཅན་གཟན་དང་བྱ་གཅན་ཀྲ་ལས་སོགས་སྐེད་ལ་འགྲོལ་ཞིང་རྒྱུ་བ་དང་། ཤིང་དང་མེ་ཏོག་སྐྱེས་པ་དག་སྔོ་ཤས་ཆེ་བའི་གནས་ལ་བསྒྲུབ་པའོ། དེ་ལྟ་བུའི་རྣམས་བཙལ་དགོས་སོ།
གསུམ་པ་མཚན་ལྡན་གྲོགས་ནི།
དཔའ་བརྟན་ལས་ལ་མྱུར་བ་དྲག་པོ་ལས་ཀྱི་གྲོགས། ཚོགས་ཆེ་སེར་སྣ་མེད་པ་ཡོན་བདག་རྒྱུའི་གྲོགས། བཀའ་དམ་དམ་ལས་མཁྲེགས་པ་ཐུགས་ཉིད་འབངས་ཀྱི་གྲོགས། ཞེས་ཁྲོ་བོ་སྐུ་གསུང་ཐུགས་ཀྱི་སྒྲུབ་ཐབས་ལས་གསུངས། ཡང་རྩ་རྒྱུད་བསེན་ཐུབ་ལས། རང་སེམས་རང་གིས་མཐོང་ན་སྤྲོ་བ་སེམས་ཀྱི་གྲོགས། འབྱུང་རྒྱུ་མི་འཁྲུགས་ན་གསོ་བ་ཟས་ཀྱི་གྲོགས། བསླབ་པ་ཆུད་མི་གསོན་ན་རྒྱལ་ཐེབས་སློབ་མའི་གྲོགས། ཐུགས་ཉིད་མཚན་དང་ལྡན་ན་རྒོད་ལྕམ་གསང་བའི་གྲོགས། མཚན་ལྡན་དགེ་ལ་བརྩོན་ན་མཆེད་ལྕམ་འདུན་པའི་གྲོགས། ཞེས་གསུངས་པ་དང་། མདོར་ན་གསང་སྔགས་ཀྱི་བསྙེན་སྒྲུབ་ལས་གསུམ་གང་གི་གྲོགས་ཡིན་ཀྱང་རང་དང་ལྟ་སྤྱོད་མཐུན་པ། ཕ་སྤུན་གཅིག་པའི་འདུ་ཤེས་དང་ལྡན་པ། བླ་མ་གཅིག་པའི་དབང་དམ་འདྲེས་པ་སྤུན་ལས་ལྷག་པའི་རྩེ་སེམས་དང་ལྡན་པ་ཞིག་དགོས་སོ།
གཉིས་པ་ཉེ་བ་ནང་གི་བསྙེན་བ་གསུམ་སྟེ།
ཡོ་བྱད་རྫས་ལ་བསྙེན་པ་དང་། ཐར་གླུད་སྐོང་ལ་བསྙེན་པ་དང་། ཕྱི་རྟེན་སྐོས་ལ་བསྙེན་པ་དང་གསུམ་མོ།
དང་པོ་ཡོ་བྱད་རྫས་ལ་བསྙེན་པ་ནི། སྐུ་གཟུགས་ཕྱག་རྒྱ། གསལ་བ་ཡི་དམ། དམིགས་པའི་རྫས་ཀྱི་མཆོད་པ། ཡོ་བྱད་ཚོགས་པ་ལོངས་སྤྱོད་ཚོགས་ཀྱི་རྫས། འབྲུ་སྤོས་དཀར་མངར་དམར་གསུམ་འཚོ་བ་ཡོ་བྱད་ཀྱི་རྫས། དྲི་མ་གོས་རྫས་དགྲ་བགེགས་ཀྱི་རྫས། ཐུན་དགུ་མེ་ཆུ་རླུང་དབལ་འདུལ་བྱེད་དྲག་པོའི་རྫས། མོས་འདུན་ཐལ་སྦྱོར་གྱི་ཕྱག་རྒྱ་བཅའ་བའོ། སྐུ་གཟུགས་སམ་གསལ་བ་ཡི་དམ་གྱི་སྐུ་གསེར་དངུལ་ཟངས་ལྕགས་སོགས་གང་ལྩོག་བཞེངས།
ལྷ་དེ་ཡི་ཆས་ནི་སྤྱིར་སྐབས་བབ་གང་སྒྲུབ་པའི་ཆས་དང་སྐབས་འདིར་གཙོ་བོ་དབལ་གསས་དང་གཙོ་མཆོག་ཡིན་པས་ཆས་ནི། རྩ་རྒྱུད་ལས། པྲ་ཕུད་གར་རྨོག་པྲོག་ཞུ་བརྒྱན། གཤེན་རབ་མི་ནུབ་དབུ་ཡི་ཆས། ལྷ་དང་གཉིས་མེད་དབུ་ལ་བརྟེན། གཡང་གཞི་དཔྱང་བུ་ཀས་མ་ཧྲལ། འཕྱར་གོས་དཔའ་ཆས་ལུས་ལ་བསྟེན། གཙང་ལྷམ་སྐུ་ཆིངས་དབུ་རྒྱན་གསུམ། མཛེས་བརྗིད་རྒྱན་དུ་སྐུ་ལ་སྤྲས། ཞེས་གསུངས། ཕྱག་ཆ་ནི་རྩ་རྒྱུད་ལས། གཡུང་དྲུང་འཁོར་ལོ་པདྨ་གཏེར། ཐུགས་རྗེའི་རིགས་ཀྱི་ཕྱག་མཚན་རྫས། སྟ་རེ་དགྲ་སྟ་མདའ་མདུང་གྲི། ཐུ་ལུམ་བེར་ཀ་ཐོག་ཁྲམ་རྫས། ལོག་པ་སྒྲོལ་བྱེད་ཕྱག་མཚན་གསོལ། རྔ་གཤང་དུང་གླིང་མཚན་དུག་མེ། ལོག་པ་མྱོས་བྱེད་ཕྱག་མཚན་རྫས། ལྕགས་ཀྱུ་ཞགས་པ་ལྕགས་སྒྲོག་འཕྲེང་། དབང་སྡུད་འགུག་འདྲེན་ཕྱག་མཚན་རྫས། ཞེས་གསུངས་པ་རྣམས་སོ། དམིགས་པའི་རྫས་མཆོད་ལ།
དུག་ནག་རིགས་དགུ་ནི། ས་དུག་མུ་ཟུ་སེར་ནག རྡོ་དུག་མཁར་སྒོང་སྲིན་ཅན། ཆུ་དུག་ན་ཆུ་གཙའ་༼རྩྭ༽ཁུ། མེ་དུག་སོལ་བ། ཤིང་དུག་གླང་མ། ལྡུམ་དུག་རེ་ལྗག ཟངས་དུག་འཁར་བ། དངུལ་དུག་ཞ་ཉེ། གསེར་དུག་ར་གན་དང་དགུའོ། མཚན་ཁྲུས་ཀྱི་ཆུ་དགུ་ནི། གངས་ཆུ། རྫ་ཆུ། ལུ་ཆུ། ཆར་ཆུ། གུ་ཁུལ་དཀར་པོ་ཤིང་གི་ཆུ། ཅོང་ཞི་རྡོ་ཡི་ཆུ། བྲག་ཞུན་བྲག་གི་ཆུ། བ་དཀར་འོ་མ་གསོས་ཀྱི་ཆུ་དང་དགུའོ། ཆག་གདབ་ཀྱི་ཁྲག་སྣ་དགུ་ནི། བཙག་དང་། མཚལ། ལི་ཁྲི་གསུམ་འབྱུང་བའི་ཁྲག སྤང་རྩི། རམ་པ། འབྲི་མོག་གསུམ་སྙིང་པོ་བཅུད་ཀྱི་ཁྲག གདུང་བའི་སྙིང་ཁྲག བསྣུན་པའི་མཚོན་ཁྲག རང་བྱུང་གི་མངལ་ཁྲག་གསུམ་འགྲོ་བར་རྒྱུ་བའི་ཁྲག་དང་དགུའོ། ཆག་གདབ་ཀྱི་ཆུ་སྣ་དགུ་ནི། དང་ར་དུན་གུ་ཧྲུམ་གྱི་ཆུ། དམུ་ཡད་ཏིང་ཕྱི་ངད་ཀྱི་ཆུ། སྲིད་པ་གསོ་བྱེད་རྒྱུ་ཡི་ཆུ། མལ་དྲོས་ལུ་མ་དམིགས་ཀྱི་ཆུ། ཏིང་ཤོ་གལ་ཆེན་རྒྱུན་གྱི་ཆུ། ཐ་ལེ་གཙང་མ་གངས་ཀྱི་ཆུ། གཙང་མར་སྦྱར་བ་ཚན་གྱི་ཆུ། རོ་ལྡན་གསོ་བྱེད་སྨན་གྱི་ཆུ།་ཐིག་ལེ་ཐབས་ཆེན་ཤུགས་ཀྱི་ཆུ་དང་དགུའོ། བུམ་རྫས་ཉེར་ལྔ་ནི། སྐུའི་རིན་ཆེན་ལྔ་ནི། གསེར་གཡུ་མུ་ཏིག་ཤེལ་དང་ལྔའོ། གསུང་གི་སྨན་སྣ་ལྔ་ནི། ཀཎཱ་ཀཱ་དང་། སླེ་ཏྲེས། རྒྱ་མཚོའི་ལྦུ་བ། དབང་ལག ཤུ་དག་དཀར་པོ་དང་ལྔའོ། ཐུགས་ཀྱི་སྙིང་པོ་ལྔ་ནི། ཏིལ་དང་། སྦྲང་རྩི། བུ་རམ། ལན་ཚ། མར་དང་ལྔའོ། ཡོན་ཏན་སྤོས་སྣ་ལྔ་ནི། ག་བུར་ཛཱ་ཏི། གུར་གུམ། ཙན་དན། གླ་རྩི་དང་ལྔ་ལྔ་ཉི་ཤུ་རྩ་ལྔའོ། སྨན་མཆོད་རྩ་བརྒྱད་སྟོང་ལ་སྦྱར་བ་ནི། རྩ་བ་བརྒྱད་ཕྱི་ནང་གསང་བ་ཡང་གསང་དང་བཞི་ཡོད་ཀྱང་འདིར་ཕྱི་བརྒྱུད་ཀྱི་དབང་དུ་བྱས་པའི་རྩ་བ་བརྒྱད་དང་ཡན་ལག་སྟོང་ནི། རྩ་བ་བརྒྱད་ནི། གྷནྷ་ཨ་ལ་ནི་གོ་ཡུ། སྡོང་པོ་ཙན་དན་དཀར་པོ། ཤུན་པ་ཤིང་ཚ། ལོ་མ་གུར་གུམ། ཡལ་ག་ལི་ཤི། མེ་ཏོག་གེ་སར། ཁུ་བ་ག་བུར། འབྲས་བུ་ཛཱ་ཏི་དང་བརྒྱད་དོ། ཡན་ལག་སྟོང་ནི་རྩ་བ་བརྒྱད་པོ་རེ་རེ་ལ་རྩི་སྨན། སྔོ་སྨན། ཤིང་སྨན། རྡོ་སྨན། འཕྲད་ཆུ་ལས་བྱུང་བ་དང་། རླུང་གི་སདེད་པ་དང་། གཤོག་པ་ཅན་དང་། གདོང་པ་ཅན་དང་། མཆེ་བ་ཅན་སོགས་བརྒྱ་དང་ཉེར་ལྔ་རེ་སྦྱར་བས་སྟོང་འགྱུར་རོ། འབྲུ་སྣ་དགུ་ནི། འབྲུ་ལ་འབྲུ་སྣ་དགུ་གསུངས་པ་གྲངས་མ་ངེས་ཀྱང་ཆང་ཡོད་ཚད་ཀྱི་འབྲུ་རྣམས་ལ་བྱ་གསུངས་པ་ལྟར་འཐད་དོ། རྔམ་པ་དགུའི་ལྟག་ཤ་ནི། ཆུ་སྲིན་ནག་པོའི་ཤ། ཕག་རྒོད་ཤ་དང་། ལྕེ་སྤྱང་སྔོན་མོའི་ཤ།སྟག་གི་ཤ། རྒོད་དང་དྲེད་མོང་གླག་དང་ཧོར་ཁྲའི་ཤ། སེང་ཆེན་རྔམ་པའི་ཤ་དང་ དགུའོ། ཡོ་བྱད་ཚོགས་པ་ལོངས་སྤྱོད་ཚོགས་ཀྱི་རྫས་ནི། ཚོགས་མཆོད་རྣམས་སུ་བྱུང་པའི་བཟའ་བ་བཅའ་བ་བཏུང་བ་བགོ་བ་རྣམས་རིམ་བཞིན། བཅའ་བ་ཤིང་ཐོག་ལ་སོགས་དང་། བཏུང་བ་ཆང་དང་འོ་མ། བགོ་བ་གོས་རྒྱན་གྱི་བྱེ་བྲག་དང་བྱུག་པ་ལ་སོགས་པ་རྣམས་གསུངས། འབྲུ་སྤོས་དཀར་མངར་དམར་གསུམ་འཚོ་བ་ཡོ་བྱད་ཀྱི་རྫས་ནི། རིམ་པ་བཞིན།
འབྲུ་ལ་འབྲུ་སྣ་དགུ་གསུངས་པ་གྲངས་མ་ངེས་ཀྱང་ཆང་ཡོད་ཚད་ཀྱི་འབྲུ་རྣམས་ལ་བྱ་གསུངས་པ་ལྟར་འཐད་དོ་གསུངས། སྤོས་ནི་ཨ་ཀ་རུ། དུ་རུ་ཀ། ཛཱ་ཏི། གླ་རྩི། ག་བུར། རྒྱ་སྤོས།་སྤང་སྤོས། བྲག་སྤོས། བྲག་ཞུན། ཙནྡན་དཀར་པོ། མཁན་དཀར། ཤུག་པ་ལོ་བཟང་རྣམས་སོ། དཀར་གསུམ་ཞོ་མར་ཕྱུར་གསུམ་དང་། མངར་གསུམ་ཀ་ར་བུ་རམ་སྦྲང་རྩི། དམར་གསུམ་ཤ་ཁྲག་རུས་གསུམ།
འཚོ་བ་ཡོ་བྱད་ཀྱི་རྫས་ནི། མང་ཐུན་ཤ། ཡུ་ཏི་ཆང་། དཀར་གསུམ། མངར་གསུམ། སྤྱན་གཟིགས་ལ་སོགས་ཕུན་སུམ་ཚོགས་པར་བསག་དགོས་གསུངས། དྲི་མ་གོས་རྗས་དགྲ་བགེགས་ཀྱི་རྫས་ནི། དགྲ་ཟློག་མཚོན། ནད་ཟློག་སྨན། གདོན་ཟློག་ཡས་སོགས་མཐུན་རྐྱེན་ཕུན་སུམ་ཚོགས་པར་བསག་གསུངས། ཐུན་དགུ་མེ་ཆུ་རླུང་དབལ་འདུལ་བྱེད་དྲག་པོའི་རྫས་ནི། མཚམས་བཅད་ཀྱི་སྐབས་སུ་བབ་པའི་རྫས་ཉུངས་ཀར་དང་གུ་ཁུལ་དུག་ཕྱུང་གིས་རྫས་དུག་ནག་རིག་དགུ་སོགས་ དགོས་པ་བཞིན་གང་མཁོའི་རྫས་རྣམས་ཡིན་གསུངས། མོས་འདུན་ཐལ་སྦྱོར་གྱི་ཕྱག་ རྒྱ་ནི། གཞུང་རང་རང་གི་ཕྱག་རྒྱ་རྣམས་སོ།
གཉིས་པ་ཐར་གླུད་སྐོང་ལ་བསྙེན་པ་ནི།
གོང་ལྟར་རྫས་དང་ཡོ་བྱེད་རྣམས་འཛོམས་ནས་སྒྲུབ་པར་གཞུག་པའི་དུས་ནི། དབལ་ཕུར་ནས་སྟག་སྤྲེལ་ཕག་སྦྲུལ་བཞིའམ་ཁྱད་པར་རྟ་ལོ་ལ་བཤད། དེ་ཡང་སྤྱིར་ཨ་དཀར་བའི་ལོ་དུས་ཡིན་པར་གསུངས་ལ་ཁྱད་པར་དུ་སྟོན་ཟླ་ཐ་ཆུང་རྩི་ཐོག་དང་འབྲུ་བཅུད་ཐམས་ཅད་སྨིན་ཞིང་སེམས་ཅན་རྣམས་བདེ་སྐྱིད་དང་ལྡན་པའི་དུས་ཕུན་སུམ་ཚོགས་པ་ཡིན་པ་གསུངས། རྒྱལ་བ་སྨན་རིའི་ཕྱག་ལེན་འཁྲུལ་མེད་དུ། དུག་ཕྱུང་དང་ཚན་ཁྲུས་སོགས་ཀྱིས་རྫས་དང་ཡོ་བྱད་རྣམས་དག་ཅིང་གཙང་བར་བྱས་ལ། དེ་ནས་གཏའ་ཆེན་ཕུད་ལ་རབ་བྱུང་ན་འབྲུ་སྣ་དགུའི་ཆང་དང་དེ་མ་བྱུང་ཀྱང་འབྲུ་སྣ་གང་རུང་གི་ཡུ་ཏི། གསེར་དངུལ་གཡུ་སོགས་ཀྱི་ཕུད་ཚོ་གསུམ་དུ་བཤམ་ལ། ཕུད་དང་པོ་བདེར་གཤེགས་ཡེ་ཤེས་ལྷ་ཡི་ཐུགས་ཀྱིས་བྱིན་གྱིས་རླབས་ནས་བཞག བར་ཕུད་གསེར་སྐྱེམས་སུ་བྱས་ལ་མགྲོན་བཞི་སྤྱི་ཁྱབ་ཏུ་བཏང་ཞིང་བསྔོ་བའོ། ཕུད་ཕྱི་མ་ཡང་ཕྱི་སྐོང་དང་བར་སྐོང་ནང་སྐོང་གསུམ་རིམ་བཞིན། དང་པོ་ཕྱི་སྐོང་ནི། བསང་དང་ཆབ་གཏོར་དང་ཞི་བའི་སྦྱིན་སྲེག་སོགས་ཆོ་ག་ཅི་རིགས་འགྲུབ་པར་བྱ། བར་སྐོང་ནི། གླུད་ཆེ་ཤས་དང་ཆུང་ཤས་གཏང་། ཆེ་ཤས་སུ་བྱེད་ན་སྒྲུབ་གཤེན་རང་ཉིད་ལ་ལན་ཆགས་སྙོག་པའི་སེམས་ཅན་རྣམས་ལ་གཤེན་པོའི་ཚབ་ཏུ་བསྒྲུབ་པ་པོ་དུ་ཡོད་ཀྱི་གླུད་བཅའ་ཞིང་ཟས་གོས་འཛོམ་པར་སྒྲུབ་ནས་བཏང་བ་དང་། ཆུང་ཤས་སུ་བྱེད་ན་གཤེན་གླུད་གཅིག་ཙམ་བྱས་ན་ཆོག ནང་སྐོང་ལ་སྲུང་མའི་ཚོགས་དང་སྐོང་གསོལ་སོགས་བྱ། སྒྲུབ་པའི་སྣ་སེལ་ལ་ཕྱི་བཤགས་ནི། རྒྱུན་བཞིའི་གེགས་སེལ་གསུངས་རབ་ཀླག་པ་སཱ་ཚ་འདེབས་པ་ཉེའུ་འདོན་པ་ལམ་འཕྲང་བཅོས་པ་ལ་སོགས་བྱ། ནང་བཤགས་ནི། སྐྱབས་སུ་འགྲོ་བ་དང་སེམས་བསྐྱེད་པ་མཎྜལ་འབུལ་བ་ཡིག་བརྒྱ་ལ་ སོགས་པའི་བསག་སྦྱོང་ཅི་རིགས་སུ་བྱའོ། འཇིགས་སྐྱོབ་དང་ལེགས་སྨོན་སོགས་མ་སོང་བར་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ཀྱི་དོན་དུ་སངས་རྒྱས་ཀྱི་འབྲས་བུ་ཐོབ་པར་བྱ་སྙམ་པའི་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་གཞི་བཟུང་བ་གལ་ཆེ་གསུངས། སྟོང་གསུམ་ཁ་འཛིན་དུ་གྱུར་པའི་སྲིད་རྗེ་འབྲང་དཀར་དང་། ཕྱ་རྗེ་རིང་དཀར་དང་། བསྐོས་རྗེ་དྲང་དཀར་རྗེ་བོ་དེ་གསུམ་དང་། དེ་གསུམ་གྱི་མངའ་དབང་དུ་གྱུར་བའི་ཚངས་པ་སོགས་ལྷ་བརྒྱད། དགའ་བོ་ལ་སོགས་ཀླུ་བརྒྱད། ཉི་མ་ལ་སོགས་གཟའ་བརྒྱད། རྒྱུན་སྐར་དང་རྒྱལ་ཆེན་དྲི་ཟ་གནོད་སྦྱིན་བརྟན་མ་ཐང་བཟང་དཔལ་མགོན་ལ་སོགས་ལ་བསྙེན་བསྒྲུབ་འདི་ཡི་སྒོ་ལ་འཇུག་པར་མི་མཐུན་པའི་བར་ཆད་ཐམས་ཅད་བསལ་ནས་མཐུན་རྐྱེན་བསྙེན་བསྒྲུབ་འདི་ཡི་སྡོང་གྲོགས་མཛད་པའི་རྟེན་དུ་གླིང་བཞི་གླིང་ཕྲན་མི་ནོར་ཡུལ་མཁར་དཀར་མངར་སྤྱན་གཟིགས་སོགས་འཛོམ་པའི་ཚངས་རྒྱུང་གཅིག་ཆགས་མེད་བློ་ཡིས་མཆོད་སྦྱིན་དུ་འབུལ་བའོ། དཀྱིལ་འཁོར་གྱི་ས་ལེན་པར་བྱ་བ་ལ་གནས་གསར་པ་ཡིན་ན་དང་པོ་ས་ལ་མངའ་མཛད་ས་བདག་དང་ཆུ་ལ་མངའ་མཛད་ཆུ་བདག་མེ་ལ་མངའ་མཛད་མེ་བདག་རླུང་ལ་མངའ་མཛད་རླུང་བདག་ཚོགས་ལ་གསེར་སྐྱེམས་དང་མངོན་ཆ་རིན་པོ་ཆེའི་རྩི་སྨན་འོ་མ་ལ་སོགས་པའི་མཐུན་རྫས་ཚངས་པར་བསགས་ནས་བདེར་བཤེགས་གནས་ཀྱི་གཞི་བཏིང་པའི་ས་རིན་དུ་ཕུལ། གནས་རྙིང་པ་ཡིན་ན་བསྡུས་པ་བྱས་ན་འགྲིག དེ་ནས་ས་དེའི་བདག་པོ་ཅི་ལྟར་གནས་པ་རྨི་ལམ་དང་ཉམས་ལ་བསྟུན་ནས་ས་རྐོ་ཞིང་བརྟགས་པ་སོགས་ལེགས་པར་བྱ། རྟགས་བཟང་པོ་མ་བྱུང་ན་རིམ་བཞིན་གོང་ལྟར་བྱ། རྟགས་བཟང་པོ་བྱུང་ན་ས་ཞིབ་པར་བརྡུང་ནས་གཙང་ཚན་གྱིས་དག་པར་སྦྱང་། དེ་ནས་རིན་པོ་ཆེ་སྣ་ཚོགས་ཀྱིས་འཕྲད་བྱས་སྒྲུབ་པ་པོ་རྣམས་དང་ས་ལེན་དུ་ཡོད་ཀྱི་ཕྱག་དུ་གོང་གི་ས་འཁྱེར་དགོས།
གསུམ་པ་ཕྱི་རྟེན་སྐོས་ཀྱི་བསྙེན་པ་ལ། དེ་ནས་སོ་སོ་རང་གཞུང་གི་ཕྱི་ཡི་རྟེན་རྣམས་བཀྲམ་དགོས། འདིར་སྤྱི་སྤུངས་ཁྲོ་བོའི་ཕྱི་རྟེན་ནི། དབལ་མདུང་། གནམ་མདའ་ས་མདའ། འབྲུ་སྣ། རིན་ཆེན། དར་སྣ། རྗེ་ངར། རྒྱལ་མཚན། པུ་ཐོ། བྱ་ཁྲ་རྒྱང་ཐག ཕྱི་ཐོ་རྣམས་སོ། དབལ་མདུང་གི་ཚད་ནི། འདོམ་གང་གྲུ་གང་དང་། འདོམ་ལྔ་ཡོད་པ་མི་འདྲ་བ་མང་དུ་འདུག་འོན་ཀྱང་རྒྱས་བསྡུས་ཅི་རིགས་བྱ་ཆོག་པར་སྙམ། རྒྱུ་ཆ་གསོམ་པ་དང་དབང་ཤིང་ཅི་རིགས་གསུངས་ཀྱང་ཁོ་བོས་མཐོང པའི་རྒྱལ་བ་སྨན་རིའི་དབལ་མདུང་གསོམ་པ་བྱས་འདུག་པ་གསོམ་པ་བྱེད་དགོས་པར་སྙམ། སྒྲུབ་པ་དེ་སྒྲུབ་སའི་སྒྲུབ་ཁང་གི་སྟེང་དུ་དཀྱིལ་འཁོར་གྱི་ཐད་ཀར་མདུང་ཁྲི་བཅས་ལ་དེའི་ཐོག་ཏུ་དབུས་སུ་དབལ་མདུང་གཟུག། དེ་ལ་མདུང་ཕྲན་བརྒྱད་བཅིང་། མདུང་ཕྲན་བརྒྱད་དང་དབུས་ཀྱི་དབལ་མདུང་དང་དགུའོ། མདུང་ཕྲན་བརྒྱད་དེ་སྙུག་རྒོད་ཚིགས་བདུན་པ་རེའམ་སྦ་ཤིང་གང་རུང་བྱས་དབུས་ཀྱི་དབལ་མདུང་དང་མདུང་ཕྲན་གཉིས་ཆེ་ཆུང་བྱ་དགོས། འཛོམ་ན་དབུས་ཀྱི་དབལ་མདུང་གྱི་རྩེ་ལ་འབྲོང་གཡག་གི་རུ་རྩེ་སོར་གསུམ་ཅན་གཟུག མདུང་ཕྲན་ནི། རྔམ་པའི་དབལ་མདུང་ལ་སྟག་དང་ཕག་གི་མཆེ་བ་སོར་གསུམ་ཅན་གཟུག འཛིན་པ་སྡེར་མོའི་དབལ་མདུང་ལ་ཆུ་སྲིན་དང་སེང་གེའི་སྡེར་མོ་སོར་གསུམ་ཅན་གཟུག རྣོ་དབལ་ཚེར་མའི་དབལ་མདུང་ལ་སྟག་ཚེར་སེང་ཚེར་སོར་གསུམ་ཅན་གཟུག ཚ་བ་མེ་དབལ་གྱི་དབལ་མདུང་ལ་མདོག་ལྕགས་ཨུར་མོ་མེར་མ་ཕྱིན་པ་སོར་གསུམ་ཅན་གཟུག གྲང་བ་ཆུ་དབལ་གྱི་དབལ་མདུང་ལ་ཆུ་ཤེལ་རྕེ་མོ་སོར་གསུམ་ཅན་གཟུག ཀློག་རྩ་དབལ་མདུང་ལ་རྣོ་ཚ་དཀར་པོ་ལ་སྦྲུལ་དང་སྲིན་མོའི་ལྕེ་གཟུགས་གཏོད་པ་སོར་ཅན་གཟུག གདུག་པ་དུག་དབལ་གྱི་མདུང་ལ་རྨ་བྱའི་སྒྲོ་གཟུག ཀློག་རྩེ་དབལ་གྱི་མདུང་ལ་གཟུང་མོ་བྱི་ཐུར་རམ་ཁ་ཏང་འབྱོར་ལེན་གྱི་དབལ་སྤུ་གཟུག སྤྱན་ལྡན་ཆེན་པོས་མ་འཛོམ་ན་མདུང་སོ་རྣམས་ལྕགས་བྱས་ཀྱང་རུང་གསུངས། དེ་བརྒྱད་རས་ཐག་གི་དབལ་མདུང་ཟང་ཡག་ལ་བཅིང་། མདའ་དགུ་བཅིང་སྟངས་མི་འདྲ་བ་མང་དུ་འདུག་ཀྱང་། གཉིས་ནི་གྱེན་ལ་བསྟན་པ་ཡིན། གསུམ་ནི་ཐུར་དུ་འཛུག་པ་ཡིན། བཞི་ནི་ལོགས་ལ་འདྲིམས་འཇུག་ཡིན། ཞེས་གསུངས་པ་ལྟར། སྒྲོ་དཀར་ཅན་གཉིས་མདུན་རྒྱབ་གཉིས་སུ་གྱེན་དུ་བསྟན་ལ་གཟུག སྒྲོ་ནག་ཅན་གསུམ་གཡས་གཡོན་མདུན་གསུམ་དུ་ཐུར་དུ་བསྟན་ལ་གཟུག ཡང་སྒྲོ་དཀར་ཅན་གཉིས་གཡས་གཡོན་གཉིས་དང་། སྒྲོ་ནག་ཅན་གཅིག་རྒྱབ་དང་། གསས་མདའ་མེས་མ་བཤུར་བ་གཅིག་མདུན་དང་དེ་བཞི་འཕྲེད་དུ་བསྟན་ཏེ་གཟུག
འབྲུ་སྣ་དགུ་དར་སེར་པོས་བཏུམ་ལ་གསས་རྗེའི་རྟེན་དུ་ལྷོ་རུ་གདགས། གསེར་ཁ་མེས་མ་བཞུས་པ། གཡུ་མཚོ་རོ་མིག་མ་ཕུག་པ། དངུལ་རྣམ་དག་དངུལ་བྲན་མ་ཞོམ་པ། ཟངས་རང་བྱུང་ཐོ་བས་མ་བརྡུང་པ། ཁྲོ་ཆུ་ཐོག་ལྕགས་ཞུ་མ། མུ་ཏིག་མིག་རང་བྱུང་དུ་ཡོད་པ། བྱུ་རུ་ཟངས་རྒྱས། ཤེལ་གཡུང་དྲུང་། མཆོང་ཟུར་མེད་དང་དགུ་དར་དཀར་གྱིས་བཏུམ་ལ་རྒོད་གསས་ཀྱི་རྟེན་དུ་བྱང་དུ་གདགས། དར་ལེ་བརྒན་གྱི་གཞུང་ཐག་ལ་དར་ལྕེ་བརྒྱད་བཏགས་ནས་གནམ་གསས་ཀྱི་རྟེན་ནུབ་ཏུ་གདགས། དོམ་ནག་སོགས་ཀྱི་རྗེ་ངར་གར་གསས་ཀྱི་རྟེན་ཤར་དུ་གདགས། དེ་དག་དངོས་སུ་མ་འཛོམ་ན་རིས་སུ་བྲིས་ནས་གདགས་ཆོག་པར་གསུངས། སྟག་དང་ཁྱུང་སེང་གེ་བྱ་རྒོད་རྨ་བྱ་ཆུ་སྲིན་ཕག་རྒོད་ངང་པའི་རྒྱལ་མཚན་དང་བརྒྱད། རྒྱལ་མཚན་བརྒྱད་པོ་དབལ་མདུང་གི་ཕྱོགས་མཚམས་བརྒྱད་དུ་གཟུག དེ་ནི་དམག་དཔོན་བརྒྱད་ཀྱི་རྟེན་ཡིན་གསུངས། འདི་དག་མ་འཛོམ་ན་བྲིས་པས་ཆོག་གསུངས། པུ་ཐོ་ནི། རྒྱལ་མཚན་བརྒྱད་ཀྱི་ཕྱི་རོལ་དུ་ཟངས་སམ་ས་རྡོ་ལས་བྱས་པའི་ཐོ་བརྒྱད་ ཚོན་དམར་པོས་ཁ་དོག་བརྒྱུར་ལ། སྐུ་ཡོད་ན་རབ། མ་རྙེད་ན་ཤིང་གི་བྱང་བུ་བརྒྱད་ལ་གྱད་ཆེན་བརྒྱད་ཀྱི་གཟུགས་བྲིས་ལ་ཕྱོགས་མཚམས་མ་ནོར་བར་གཟུག འདི་ནི་གྱད་ཆེན་བརྒྱད་ཀྱི་རྟེན་ཡིན། བྱ་ཁྲ་ནི། བྱ་ཁྲ་གདུག་པ་ཅན་གྱི་གཟུགས་དང་མཚོན་ཆ་སྣ་ཚོགས་པ་བྲིས་པའི་བྱང་བུ་ཚོན་སྐུད་སྣ་ཚོགས་བསྒྲིལ་མར་བརྒྱུས་ཏེ་སྣ་གཅིག་དབལ་མདུང་ལ་གདགས་ལ་གཡས་བསྐོར་དུ་མདུང་དང་རྒྱལ་མཚན་དང་པུ་ཐོ་རྣམས་སྦྲེལ་གསུངས་ཀྱང་། ཁོ་བོས་མཐོང་པའི་རྒྱལ་བ་སྨན་རིའི་སྒྲུབ་ཆེན་སྐབས། ཕྱོགས་བཞིའི་མཚོན་མདོག་ཅན་གྱི་སྐུད་པ་རྣམས་སྣེ་དབལ་མདུང་ལ་གདགས་ནས་ཕྱོགས་མདོག་ལྟར་པུ་ཐོ་ལ་གདགས། ཤར་དུ་ཚོན་སྐུད་དཀར་པོ་ལ་ཁུ་བྱུག་སོགས་ཚངས་མའི་རིགས་དང་བྱང་དུ་ཚོན་ལྗང་གུ་ལ་ཁྲ་ཀླག་སོགས་ཤ་གཟན་ཀྱི་རིགས་དང་། ནུབ་ཏུ་ཚོན་སྐུད་དམར་པོ་ལ་ངུར་པ་སོགས་འདམ་གཟན་གྱི་རིགས་དང་ལྷོ་རུ་ཚོན་ སྐུད་སྔོན་པོ་ལ་རྒུམ་ཐུན་གྱི་རིགས་སོགས་བརྒྱུས། ཕྱི་ཐོ་ནི། སྒྲུབ་ཁང་ནས་ཕྱི་རུ་འདོམ་ཉི་ཤུ་རྩ་ལྔའམ་ཡང་ན་ཕྱི་ནང་ཤན་འབྱེད་པའི་ས་རུ་ཕྱི་ཐོ་བཞི་ཕྱོགས་མདོག་དང་བསྟུན་ནས་བརྩེགས། དེ་ལ་རྒྱལ་ཆེན་བཞིའི་གཟུགས་ཤིང་གི་བྱང་བུ་ལ་བྲིས་ནས་ཞལ་ཕྱིར་ བསྟན་ནས་མ་ནོར་བར་གཟུག འདི་ནི་རྒྱལ་པོ་བཞིིའི་རྟེན་ཡིན་གསུངས། དབལ་མདུང་དང་རྒྱལ་མཚན་རྣམས་དབུས་རྒྱན། བྱ་ཁྲ་དང་རྒྱང་ཐག་ལོགས་རྒྱན། ཟངས་ཐོ་མཐའ་རྒྱན། རྒྱལ་ཐོ་ཕྱི་རྒྱན། འདི་རྣམས་ཕྱི་རྟེན་ནོ།
གསུམ་པ་བཅའ་གཞི་ལས་ཀྱི་བསྙེན་པ་གསུམ་ནི།
སྲུང་བ་མཚམས་ཀྱི་བསྙེན་པ། དཀྱིལ་འཁོར་བཅའ་གཞི་ཡི་བསྙེན་པ། སྒོ་དབྱེ་བསྲེ་བསྣན་གྱི་བསྙེན་པ་དང་གསུམ་མོ། སྐབས་འདིར་སྒྲུབ་ཁང་སྟེང་དུ་རྟེན་འཛུག་ཚིག་བཤད་གསུངས་ལ།
སྲུང་བ་མཚམས་ཀྱི་བསྙེན་པ་ནི། ཕྱི་མཚམས་ཀྱི་ཚིག་བཤད་གསུངས་ཏེ་ཕྱི་ཐོ་བཞི་རིམ་པར་གཟུག་ལ་གསུངས་ནས་རྒྱལ་པོ་བཞི་ལ་ཕྱི་ཡི་བར་ཆད་རྣམས་སྲུང་བའི་བཀའ་བསྒོ་ཞིང་མཚམས་བཅད་དོ།
དཀྱིལ་འཁོར་བཅའ་གཞིིའི་བསྙེན་པ་ལ་གསུམ་ལས། དང་པོ་ལ་གཉིས་ལས་དང་པོ་ནི། དཀྱིལ་འཁོར་བཞེངས་སའི་འབྱུང་བ་གནམ་ལ་གནས་པའི་སེམས་ཅན་ལ་མི་གནོད་པའི་ཕྱིར་འབྱུང་བཞིའི་ལྷ་དང་ལྷ་མོ་ཡབ་ཡུམ་གྱི་བྱིན་རླབས་ཀྱིས་དཀྱིར་འཁོར་དེ་ཡི་མཐོ་ཚད་དང་རྒྱ་ཆད་ཀྱི་ནམ་མཁའ་དབང་བའི་ཐིག་གདབ། རང་ལུས་འདོམ་གང་ལྷ་ཡི་གཞལ་ཡས་ཁང་དང་གཉིས་སུ་མེད་པའི་ཕྱིར་རྒྱ་རུ་འདོམ་གང་། རིགས་དྲུག་རྟོག་པ་ཟིལ་གྱིས་གནོན་པའི་ཕྱིར་རྔམས་སུ་ཆག་དྲུག་ཡོད་པར་བརྩིག གཉིས་པ་ནི། ཟངས་ཕྱེ་དང་ལྕགས་ཕྱེ་རྡོ་ཡི་ཕྱེ་མ་དང་དུག་ཆུའི་སྦྱར་ལ་ཆག་ཆག་གདབ། དེ་ནས་རྔམ་པ་དགུའི་ཁྲག་གི་ཆག་ཆག་ར་རེ་མེད་པར་གདབ། དེ་ནས་ཆུ་གདུས་ཆག་ཆག་གདབ། དེ་ནས་མེ་ཏོག་མཛེས་པ་སྣ་ཚོགས་སྤོས་སྣ་ཚོགས་དང་ཚན་སྣ་ཚོགས་ཆབ་གཙང་མས་སྦྱར་ལ་ཆག་ཆག་གདབ་དགོས། གཉིས་པ་ལ་གཉིས་ལས་དང་པོ་གནམ་ཐིག་གོང་དུ་བཤད་པའི་རྗེས་ལ་ས་ཐིག་གདབ་པ་ནི། ཐིག་ཚོན་དཀར་དམར་གཉིས་སུ་བྱས་ཏེ། དང་པོ་ཕྱི་ཡི་ཐིག་བཞི་གདབ། དེ་ནས་ཕྱོགས་མཚམས་ཚངས་པར་གདབ། དེ་ནས་དབུས་ཀྱི་མདུན་ཐིག་སོ་ནས་དྲངས་ཏེ་སོར་གཉིས་སོར་བཞི་ཚད་ལ་གསུམ་དུ་བསྐོར། བསྐོར་ཐིག་བར་པའི་སོ་ནས་ཐིག་བཞི་དམར་པོས་གདབ། ཚངས་ཐིག་གཡས་གཡོན་ནས་སོར་བཞི་གཅལ་བར་སྒོ་ཡི་ཐིག་བཞི་གདབ། སྒོ་ཐིག་སོ་ནས་འགྲུས་ཀྱི་ཐིག་བཞི་གདབ་འགྲུས་ཀྱི་རྒྱ་གྲམ་སྟེང་ནས་ཕོ་བྲང་ཐིག་བཞི་གདབ། དེའི་ཕྱི་རིམ་གསུམ་གསུམ་གཉིས་ཕྱི་རུ་བོར་ལ་དཀར་ཐིག་བཅུ་གཉིས་གདབ། ནང་སྐོར་སྒོ་ཐིག་གཡས་གཡོན་རྐྱང་གསུམ་གསུམ་མཉམ་པོར་བགོས་ལ་གཉིས་གཉིས་ཐིག་བརྒྱད་གདབ། ཕོ་བྲང་ནང་དུ་སོར་གཅིག་བསྐྱེད་ལ་དཀར་ཐིག་རེ་རེ་གདབ། ཕྱི་མ་རྐྱང་དུ་བཞག་ལ་གདུང་ཐིག་ནང་དུ་སོར་རེ་བསྐྱེད་ལ་དཀར་ཐིག་རེ་རེ་གདབ་དམར་ཐིག་རྐྱང་དང་ཕྱི་ཐིག་སོ་ནས་བསྐོར་ཐིག་རིམ་གཉིས་སུ་བསྐོར། གདུང་ཐིག་ནང་ངོས་ཚོན་རེ་གཅལ་ལ་རིམ་པ་གསུམ་དུ་བསྐོར་རོ་གསུངས། གཉིས་པ་ཚོན་ནི། ས་ཚོན་དཀར་སེར་དམར་ལྗང་མཐིང་ཀ་ལ་ཨ་ཁཾ་ཡཾ་རཾ་མཾ་བྲིས་ལ་འབྱུང་བའི་ཀློང་ལྔ་དང་མཁའ་ལྔ་དང་ལྷ་ལྔ་དང་སྐུ་ལྔ་ཡེ་ཤེས་ལྔར་བྱིན་གྱིས་བརླབས་ལ་དབྱིངས་དང་ཡེ་ཤེས་གསལ་བར་བསྒོམ། དབུས་དྲག་པོ་གྲུ་གསུམ་ཟླ་གམ་དབང་གི་མེ་རི་ཆགས་པར་བྲིས་ལ་ཨ་མ་ཟུང་གཅིག་གམ་ཟུང་གསུམ་མམ་བསྭོ་ཆ་ཧ་གསུམ་དུ་བྲིས། གདུང་བཞི་ཐོན་ཁ་ལ་དྲེགས་པ་ཅན་གྱི་མགོ་གཟུངས་བྲིས། ཕྱོགས་བཞིར་འཁོར་ལོ་རྩིབས་བཞི་གསར་ཕྱོགས་དང་སྦྱར་ལ་མ་ཨ་མ་ཟུང་བཞི་བྲིས། དེའི་གོང་རས་སེར་པོར་བྱ། དེའི་ཕྱི་རིམ་རྩིབས་བརྒྱད་དམར་པོ་བྱ། གྲུ་ཆད་སེར་པོ་ལ་ཤིང་ལོ་པ་ཏྲ་བྲིས། དེའི་ཕྱི་རིམ་ནག་པོ་ལ་ཐོད་པའི་འགྲམ་དགོད། དེ་ལ་སྒོ་བཞི་གསར་ཕྱོགས་དང་སྦྱར་ལ་དགོད། ཡི་གེ་ཛ་བཞི་དེའི་ཕྱི་རིམ་འབྱུང་བརྩེགས་སྒོ་དང་བཅས་པ་འཁོར་བར་བྲིས། སྒོ་ཡི་གཡས་གཡོན་དུ་རུས་སྦལ་གྱི་ཀ་གདན། སྲིན་པོའི་ཀ་བ། ཀྱོག་པིར་གྱི་ཀ་ཞུ་དང་ལྡན་པར་བྲིས། དེ་བར་དག་སྒོ་ཁང་གི་ཚུལ་དུ་ནག་པོ་བྲིས། དེའི་ཕྱི་རིམ་ཀློང་གི་དྲ་བརྩིགས་ཕྱོགས་འོད་བྲིས། དེའི་ཕྱི་རིམ་མཁའ་ཡི་ཡ་གད་ཐོན་ཁ་ལ་སྟག་གཡག་འབྲུག་ཁྱུང་གི་ཡ་གད་གདེངས་པར་བྲིས། དེའི་ཕྱི་རིམ་པད་འོག་ཕྱོགས་ཚོན་ཟ་ར་ཚགས་བྲིས། དེའི་ཕྱི་རིམ་རླུང་ཡབ་འཇའ་ཚོན་དར་བུ་ཁད་དུ་བྲིས། དེའི་ཕྱི་རིམ་མཚོ་དམར་ནག་མ་ཛ་བྷྱོ་ཉེར་བདུན་ཧ་བཅུ་ཞ་བཞི་དགོད། ཟླ་གམ་བཞི་ཕྱོགས་དང་སྦྱར་ལ་ནམ་མཁའ་སྟེང་དུ་རླུང་རྡོ་རྗེ་རྒྱ་གྲམ་འདེགས་པའི་སྟོབས་དང་ལྡན་པར་བྲིས། སྒོ་ཡི་སྟེང་ནས་ཅོག་བཞི་བང་རིམ་དཀར་ལྗང་དམར་སྔོའི་སྟེང་ནས་ཁྱུང་མགོ་གདུགས་ཏོག་ལྡན་པ་ལ་འོད་ཟེར་ཚ་ཚ་འོད་ཟེར་བརྒྱད་འཕྲོ་བར་བྲིས། དེའི་ཕྱི་རིམ་ཟངས་རི་ལ་མེ་རི། ལྕགས་རི་ལ་ཆུ་རི། གྲུ་ཆད་ཕྱོགས་དང་སྦྱར་ལ་རིགས་རྟགས་བཞི་བྲིའོ། གསུངས་སོ། རྒྱན་དགོད་པ་ནི། དཀྱིར་འཁོར་དར་དང་ཟ་འོག་གི་གུར་འོག་ཏུ་བཅུག་ལ། བུམ་པ་དགུའམ་ལྔའམ་གཅིག་ཡན་ཆད་ལ་འོ་མ་ཆུས་སུམ་གཉིས་ལོངས་པར་བཀང་བ་ནི་གཟུགས་སྐུ་གཉིས་དང་། སུམ་ཆ་སྟོང་པར་བཞག་པ་ནི་བོན་སྐུའི་ཆ་སྟེ་གོང་གི་བུམ་རྫས་ཉེར་ལྔ། དཀྱིལ་འཁོར་ཕྱོགས་བཞི་དབུས་ལྔ་ལ་སྐབས་དང་སྦྱར་ལ་དགོད། ཕུར་པ་ལྔ་དང་སྦར་ཤད་ལྔ་དབུས་ཀྱི་ཕོ་བྲང་ལྔ་ལ་ཟུང་རེ་དགོད་ལ་རིག་པ་ཡམ་ཡུམ་བཅུ་དང་། ཡང་ཕུར་པ་བཞི་དང་ སྤར་ཤད་བཞི་ནང་སྒོ་བཞི་ལ་ཟུང་རེ་དགོད་ལ་སྒོ་བ་ཡབ་ཡུམ་བརྒྱད་དང་། རལ་གྲི་བརྒྱད་དང་མེ་ལོང་བརྒྱད་ཟླ་གམ་བརྒྱད་ལ་ཟུང་རེ་དགོད་ལ་རིག་པ་ཡབ་ཡུམ་བཅུ་དྲུག་དང་། རལ་གྲི་གཅིག་དང་མེ་ལོང་གཅིག་དང་གཉིས་དབུས་ཀྱི་གློ་འབུར་ལ་དགོད་ལ་ལྷ་རྒོད་ཡབ་ཡུམ་གཉིས་དང་། ལྕགས་ཀྱུ་དགུ་དང་མདའ་དར་དགུ་དང་བྱང་བུ་དགུ་བར་ཁྱམས་སུ་དགོད་ལ་དབལ་མོ་ཉི་ཤུ་རྕ་བདུན་དུ་བྱིན་གྱིས་བརླབ་པའོ། དེ་ནི་ནང་རྟེན་བཅུད་དགུ་ཅེས་པ་བུམ་པ་ནས་བྱང་བུ་ཡན་ཆད་དགུ་པོ་དེ་ཉིད་དོ།
གསུམ་པ་སྒོ་དབྱེ་བསྲེ་བསྣན་གྱི་བསྙེན་པ་ལ་གསུམ་སྟེ།
གསང་སྔགས་ཀྱི་ལམ་སྒོ་དབྱེ་བ་ནི། ཕྱི་མཚན་མ་རྫས་ཀྱི་ཁྲུས་སྤྱི་དང་མཐུན་པར་བྱའོ། ནང་སྐྱབས་འགྲོ་སེམས་སྐྱེད་ཀྱི་སྡོམ་པ་དབོག སྡིག་བཤགས་བྱ མནྜལ་འབུལ་བ་རྣམས་བྱའོ། གཉིས་པ་བསྲེ་བ་ནི། བླ་མ་དང་དཔོན་གསས་དང་གྲོགས་ཡི་དམ་གྱི་ཐུགས་དང་རྩ་བ་ཡན་ལག་གི་དམ་ཚིག་རྣམས་གཅིག་ཏུ་བསྲེས་ནས་དམ་ཆུ་བླུད་དགོས་སོ། གཉིས་པ་བསྣན་པ་ནི། དམ་ཚིག་ཉེས་པ་ཡོད་ན་བཤགས་ལ། ཉམས་པ་བསྐྱར་ཉམས་ཉེས་མེད་ན་དམ་ཚིག་གཞུང་ལས་བྱུང་བའི་རྩ་ལག་སོགས་ནན་ཏན་བྱས་ཏེ། ཡང་ནས་ཡང་དུ་མ་ཡེང་པར་བསྲུང་བའོ། བསྙེན་པའི་གཞི་མ་སྒོ་དགུ་ལ་གཞུང་རེ་ལ་མཐུན་མིན་རེ་ཡོད་པ་བཞིན་འདིར་སྤྱི་སྤུངས་ཀྱི་གཞི་མ་གཞུང་རྣམས་དང་བསྟུན་ནས་མདོར་ཙམ་བཀོད་པ་ཡིན། །
རྩོམ་པ་པོ་ཨ་ཀྲོང་ཤེས་རབ་ཕུན་ཚོགས། ༼སྨན་རིའི་རྫོགས་ཆེན་འཛིན་གྲྭ།༽