སྲོང་བཙན་གོང་དུ་བོད་ཡིག་ཡོད་མེད་ལ་རོབ་ཙམ་དཔྱད་པ།

IMG_5225བོད་ཀྱི་ལོ་རྒྱུས་ཕལ་མོ་ཆེ་རྣམས་སུ་ང་ཚོའི་བོད་ཀྱི་རིག་གནས་ཕུན་སུམ་ཚོགས་པ་འདིའི་ཁུངས་ངོ་མ་དེ་རྒྱ་གར་འཕགས་པའི་ཡུལ་ལ་གཏུགས་ཏེ་དེའི་གོང་དུ་བོད་ལ་ཡིག་རིགས་ཙམ་ཡང་མེད་པ་ཆེས་ཀླ་ཀློ་ཞིག་ངོས་འཛིན་བྱས་ཡོད། བོད་རྒྱལ་སྲོང་བཙན་གྱིས་ཐོན་མི་ཨ་ནུ་རྒྱ་གར་ལ་བཏང་ནས་ཐོན་མིས་མཁས་པ་ལི་བྱིན་ལ་བསྟེན་ནས་ཡི་གེ་བསླབ་པ་མཐར་སོང་བྱས་ཏེ་ཕྱིར་བོད་ལ་ལོག་རྗེས་བོད་ཡིག་གསར་བཟོ་བྱས་པར་བཤད་དེ་བོད་པའི་ཀླད་ཁོག་ནང་དུ་བསུབ་ཏུ་མེད་པའི་རྫུན་རིས་ཞིག་བྲིས་པ་དེ་གནས་རི་སྲོང་བཙན་ཡན་གྱི་རྒྱལ་རབས་སུམ་ཅུ་སོ་གཉིས་རིང་གི་ཡབ་མེས་གོང་མ་རྣམས་ལ་བསམ་ཡུལ་ལས་འདས་པའི་སྨ་འབེབས་ཞིག་ཡིན་པ་སྨོས་མེད་རེད། རྒྱུ་མཚན་ནི། སྲོང་བཙན་གོང་དུ་བོད་དུ་ཡིག་སྦྱོར་གྱི་ལམ་ནས་ཕན་ཚུན་ར་སྤྲོད་ཡོད་ཚུལ་གཡུང་དྲུང་བོན་ལུགས་འཛིན་པ་ཀུན་གྱི་ཞལ་གཅིག་མཐུན་དང། བན་ཕྱོགས་ཀྱི་མཁས་དབང་མང་པོའི་དགོངས་ཚུལ་ཡིན་པ་མ་ཟད་གནའ་དཔེ་དུ་མའི་ནང་དུ་དངོས་ཤུགས་ཅི་རིགས་ཀྱི་སྒོ་ནས་བསྟན་ཡོད། དེང་སང་ཡང་བོན་པོ་ཡིན་མིན་ལ་མ་ལྟོས་པའི་ལྟ་བ་དེའི་ཚུལ་གྲངས་ཚད་ལོ་རེ་བཞིན་དུ་ཇེ་མང་དུ་འགྲོ་བཞིན་ཡོད། འདིར་བོད་པས་མ་ཐ་ལོ་ངོ་སྟོང་ཕྲག་གཉིས་གསུམ་གོང་ནས་ཡིག་སྦྱོར་གྱི་བྱ་བ་ཡོད་ཟེར་བ་དེ། སྒྲ་སྦྱོར་གྱི་ཡི་གེ་དང་། དེ་ཡང་དབྱངས་གསལ་ལྡན་པ། དེའི་མཚོན་བྱེད་ཡི་གེའི་གཟུགས་རིས་བཅས་ཆ་ཚང་མ་ཞིག་ཡོད་པ་ལས་ཆོས་འདོན་བྱེད་ཙམ་ལས་སྲིད་ཕྱོགས་ལ་བེད་སྤྱོད་མི་ཐུབ་པ་དེ་འདྲ་མིན་པ་མ་ཟད། ཐ་གུ་ལ་མདུད་རྟགས་རྒྱག་པ་དང་བྱ་གཅན་སོགས་ཀྱི་གཟུགས་རིས་འབྲི་བ་ནི་དེ་བས་ཀྱང་མིན། རྒྱུ་མཚན་ནི། བན་ཕྱོགས་ཀྱི་ལོ་རྒྱུས་རྙིང་གྲལ་རྣམས་སུ་སྲོང་བཙན་གོང་གི་རྒྱལ་དུས་སུ་སྒྲུང་ལྡེའུ་བོན་གསུམ་རྒྱ་ཆེར་བྱུང་ཚུལ་བཤད་པ་འོག་ཏུ་གསལ། གཞུང་ལུགས་རྒྱ་ཆེར་དེ་འདྲ་ཞིག་ཐག་མདུད་དང་གཟུགས་རིས་ཀྱི་ལམ་ནས་གོ་བརྡ་སྤྲོད་ཐབས་མེད་པ་ཞིག་ཡིན། ཐོན་མིས་བོད་ཡིག་བྱས་ཚུལ་གྱི་ཐོག་མའི་གླེང་གཞི་དཔེ་མཚོན་ཙམ་ཞིག་འདིར་བཀོད་ན། བཀའ་ཆེམས་ཁ་ཁོལ་མ་(གཏེར་མ། ཇོ་བོ་རྗེ་ཨ་ཏི་ཤ། གཏེར་བཏོན་ལོ། 1049 ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། ཤོག་ངོས 105) ལས། “ཐོན་མི་སམ་བྷོ་ཊས་རྒྱ་གར་ལྷོ་ཕྱོགས་སུ་ཕྱིན་ནས་བྲམ་ཟེ་ལི་བྱིན་ཏི་ཀ་བྱ་བའི་ཡིག་མཁན་ཅིག་དང་མཇལ་ནས། བྲམ་ཟེ་དེ་ལ་ཁྱེད་ཀྱིས་ང་ལ་ཡི་གེ་སློབ་དང་ཅེས་ཞུས་ནས་གསེར་དེའི་ཕྱེད་ཕུལ་བས། བྲམ་ཟེ་ན་རེ། ངས་ཡི་གེའི་ལུགས་མི་འདྲ་བ་ཉི་ཤུ་ཐམ་པ་ཤེས་པས། བོད་ཕྲུག་ཁྱོད་ཡི་གེའི་ལུགས་གང་ལ་སློབ་ཟེར་ཏེ་བྲམ་ཟེས་བོད་ཕྲུག་ཁྲིད་ནས་རྒྱ་མཚོའི་འགྲམ་ན་རྡོ་རིངས་ཅིག་ལ་ཡི་གེའི་ལུགས་མི་འདྲ་བ་ཉི་ཤུ་ཐམ་པ་བཀྲ་ལམ་མེ་བ་བྲིས་བསྐོས་ཡོད་པ་དེ་བསྟན་པས། བོད་ཕྲུག་ན་རེ་ང་ཡི་གེ་འདི་སློབ་པོ་ཟེར་ནས་བོད་ཀྱི་ཡི་གེའི་ལུགས་འདི་བསླབས་སོ།” ཞེས་སོ། བཤད་སྟངས་དེ་ལ་གཞིགས་ན་ཐོན་མིས་ཡིག་གཟུགས་གསར་རྩོམ་མི་དགོས་པ་ད་ལྟའི་བོད་ཡིག་འདི་རྒྱ་གར་གྱི་ཡིག་རིགས་ཞིག་ཡིན་པར་མངོན་སུམ་དུ་བསྟན་འདུག་པས། དེ་ལྟར་ན་བོད་མཁས་རྣམས་ཀྱིས་ཐོན་མིས་བོད་ཡིག་གསར་དུ་བྱས་ཚུལ་སྐོར་ཀྱི་ལོ་རྒྱུས་མི་མཐུན་པ་སྣ་ཚོགས་སུ་བཤད་དགོས་པའི་རྒྱུ་མཚན་རྩ་བ་ནས་མི་འདུག་སྙམ། འོན་ཀྱང་ཐོན་མིས་བོད་ཡིག་གསར་དུ་བྱས་ཚུལ་ལ་བཤད་སྟངས་སྣ་ཚོགས་མཆིས་ཏེ།

འགའ་ཞིག་གིས་ཐོན་མིས་ལན་ཚ་ལ་དཔེ་བྱས་ནས་བོག་ཡིག་བཟོས་ཟེར། འགའ་ཞིག་གིས་ཝརྟུ་ལ་དཔེ་བླངས་ནས་བྱས་ཟེར། འགའ་ཞིག་གི་ནཱ་ག་རའི་ཡི་གེ་ལ་དཔེ་བླངས་ནས་བྱས་ཟེར། འགའ་ཞིག་གིས་ཁ་ཆེའི་ཡི་གེ་ལ་དཔེ་བླངས་ནས་བྱས་ཟེར། འགའ་ཞིག་གིས་གུཔྟའི་ཡི་གེ་ལ་བལྟས་ནས་བཟོས་ཟེར། འགའ་ཞིག་གིས་ཞང་ཞུང་ཡི་གེ་ལ་དཔེ་བླངས་ནས་བཟོས་ཟེར། འགའ་ཞིག་གིས་དེ་དག་ཐམས་ཅད་ནང་ནས་ལེགས་སྒྲུག་བྱས་ཟེར་བ་སོགས་ངེས་བརྟན་མེད་པའི་བཤད་སྲོལ་འདྲ་མིན་སྣ་ཚོགས་ཞིག་བྱུང་འདུག །ལོ་རྒྱུས་ཕལ་མོ་ཆེ་རྣམས་སུ་ཐོན་མིས་བོད་ཡིག་ཇི་ལྟར་བཟོས་ཚུལ་བཤད་པ་ནི། རྒྱ་གར་གྱི་དབྱངས་ཡིག་བཅུ་དྲུག་ནང་ནས་བོད་ཡིག་གི་དབྱངས་བཞི་བླངས་པ་དང་། རྒྱ་ཡིག་གསལ་བྱེད་སོ་བཞི་ལས་ཉེར་གསུམ་འདམ་སྒྲིག་བྱས། སྲོག་ཡིག་ཨ་གསལ་བྱེད་ཀྱི་མཐར་སྦྱར་བས་མཐའ་སྡོམ་དབྱངས་གསལ་ཉེར་བརྒྱད་གྲུབ་ཀྱང་། དེས་བོད་སྐད་སྦྱོར་སྡེབ་ལ་མ་འདང་། དེའི་སྟེང་ཡི་གེ་དྲུག་མ་རྙེད་ཐོན་མི་ཐུགས་མུག་ནས་བསྡད་སྐབས། ཁ་ཅིག་གིས་རྒན་མོ་ཞིག་གི་ངག་ནས་བསླབས་ཟེར། ཁ་ཅིག་གིས་ཉམས་སྣང་ལ་མི་ནག་རྟ་ནག་ཞོན་པ་ཞིག་གིས་བསླབས་ཟེར། ཁ་ཅིག་གིས་རྒན་པོ་ཕྱག་མཁར་ཐོགས་པ་ཞིག་གིས་བསླབས་ཟེར། གང་ལྟར་ཡང་འདིར་ཆོས་འབྱུང་མེ་ཏོག་སྙིང་པོ་ལས་བཤད་པ་ལྟར་བཀོད་ན། དེ་ཉིད་(རྩོམ་པ་པོ། ཉང་ཉི་མ་འོད་ཟེར། དུས་རབས་12། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། ཤོག་ངོས། 159)ལས། “སམ་བྷོ་ཌ་ཡིས་རྒྱ་གར་གྱི་ཡི་གེ་བཞི་བཅུ་རྩ་དྲུག་ལ་སྤྲོས་པས། བོད་ཡིག་ཉི་ཤུ་རྩ་བཞི་ལས་མ་རྙེད་ནས་སྨྲ་བ་བསྡེབས་སུ་མ་འདོད་ནས་སྐད་མ་ཁུགས་ཏེ་ཁོང་དབུ་འཐོམས་ཏེ་ཉལ་ནས་འདུག་པ་མནལ་དུ་སོང་བ་དང་མནལ་སད་པའི་ཚེ་རང་གི་རྩ་ན་སྐྱེས་བུ་རྒད་པོ་ཕྱག་མཁར་ཐོགས་པ་ཞིག་འདུག་ནས་ཁྱོད་གང་ནས་འོངས། གར་འགྲོ། ཅི་བྱེད་པ་ཡིན། རིགས་གང་ཡིན། ངའི་སྒོ་བསྡམས་པ་ལ་གང་ནས་ཐར་ཞེས་སྨྲས་པས། རྒད་པོ་དེ་ན་རེ། ཆོས་ཉིད་གཤིས་ལ་གོང་འོག་མེད། ཡང་དག་དོན་ལ་བྱ་བྱེད་མེད། ནམ་མཁའ་[ལམ་དུ་]བྱས་པ་ལ། སྒོ་ཆ་བསྡམས་པ་ག་ལ་ཐུབ། ཟེར་རོ། དེ་འཕགས་པ་འཇམ་དཔལ་གྱི་སྤྲུལ་པ་ཡིན་པར་རིག་ནས་ཡང་ཡང་དུ་དྲིས་པས་རྒན་པོ་ན་རེ། ང་ཞང་ཞུང་མི་ཡུལ་ནས་འོངས། ཟ་ཧོར་གྱི་ཡུལ་དུ་འགྲོ་ཟེར། ཐག་ཇི་ཙམ་ཡོད་བྱས་པས་ཅི་ཆ་ཡོད་ཟེར། འཚོ་རྒྱགས་ཅི་ཡོད་བྱས་པས་ཇ་ཡོད་ཟེར། རིགས་ནི་འ་ཞའི་ཡིན་ཟེར། མི་སྣང་བར་སོང་ངོ་། དེར་སམ་བྷོ་ཌས་བསམས་པས་རིགས་འ་ཞ་ཡིན་ཟེར་བས་འ་རྙེད། ཞང་ཞུང་ནས་ཡོངས་ཟེར་བས་ཞ་རྙེད། ཟ་ཧོར་ཡུལ་དུ་འགྲོ་ཟེར་བས་ཟ་རྙེད། ཐག་ཇི་ཙམ་བྱས་པས་ཅི་ཆ་ཡོད་ཟེར་བས་ཅ་དང་ཆ་རྙེད་དོ། རྒྱགས་ཅི་ཡོད་བྱས་པས་ཇ་ཡོད་ཟེར་བས་ཇ་རྙེད།” ཅེས་བཤད་དོ། དེ་ནི་ཕལ་ཆེར་རྣམ་དཔྱོད་གང་ཡང་མེད་པའི་སྐྱེ་བོ་ཞིག་གིས་གང་དྲན་བྱུང་རྒྱལ་དུ་སྨས་པ་དེར་བཀོད་པར་གསལ་ཏེ། ཐོན་མི་མཁས་པ་ཆེན་པོ་ཞེས་གླེང་བཞིན་དུ་ཁོང་གིས་དེའི་གོང་དུ་ཞང་ཞུང་དང་ཟ་ཧོར་འ་ཞ་ཇ་སོགས་དྲན་མ་མྱངས་པ་དང་། རྒན་པོ་དེའི་སྐད་ཆ་ལ་ཉན་ཏེ་གཞི་ནས་དེ་ཚོ་བློ་ལ་ཤར་བ་དང་དུས་མཉམ་དུ་ཡིག་དྲུག་ངེས་པ་ནི་བསྟོད་ར་སྨད་རར་སོང་བ་ལྟ་བུ་ཅི་འདྲའི་ཡ་མཚན་ཞིག་རེད། དེ་འདྲའི་མིང་གོ་བ་ཙམ་གྱིས་ཡིག་འབྲུ་བློ་ལ་ཤར་ཐུབ་ན་རྒྱ་ཡིག་ལ་དཔེ་ལེན་དགོས་དོན་མི་འདུག་སྟེ། ཀ་བ་ཞེས་པའི་སྒྲ་ཐོས་པས་ཀ་དང་བ་བཟོ་ཆོག་ལ། ཁང་པ་ཞེས་པའི་སྒྲ་ཐོས་པས་ཁ་དང་པ། ཐོན་མི་ཨ་ནུ་ཞེས་ཐོས་པས་ཐ་དང་མ་ཨ་ན་སོགས་བཟོ་ཆོག་པ་ཅིའི་ཕྱིར་མི་འགྲུབ། མ་གཞི་ཐོན་མིས་ཡི་གེ་ཉེར་བཞི་བཟོས་ཚར་ནས་དེས་མི་འདང་བར་དེའི་སྟེང་ཡི་གེ་དྲུག་དགོས་པ་ཤེས་བཞིན་དུ་ཡི་གེ་དྲུག་དེ་གང་དང་གང་ཡིན་ཅིའི་ཕྱིར་མི་ངེས། དེའི་གོང་དུ་བོད་ལ་ཡི་གེ་མེད་པའི་དབང་དུ་བཏང་ན་ཡང་ཡི་གེའི་་སྒྲ་གདངས་ཚང་མ་ཡོད་པ་དཔེར་ན་ཞ་དང་འ་ཡི་སྒྲ་གདངས་ཡིག་གཟུགས་ལ་མ་ལྟོས་ནས་ཡོད་པ་བཞིན་ནོ། ཐོན་མིས་ཡི་གེ་གསར་དུ་བྱས་ཟེར་བ་དེ་ཡིག་གཟུགས་གསར་དུ་བཟོས་པ་ལ་གོ་བ་མ་གཏོགས་ཡི་གེའི་སྒྲ་གདངས་བཟོས་པ་ཅི་ལ་གོ། ཐོན་མིས་ཞང་ཞུང་དང་ཟ་ཧོར་ཞེས་པའི་སྒྲ་ཐོས་པ་ལ་བརྟེན་ནས་ཞ་གཟུགས་དང་ཟ་གཟུགས་གང་འདྲ་བྱེད་དེ་བློ་ལ་ཤར་ཐུབ། དེ་འདྲའི་སྒྲུང་གཏམ་དེ་ལ་གཞིགས་ན་ཐོན་མིས་ཡི་གེ་བཟོས་ཟེར་བ་དེ་ཡིག་གཟུགས་བྱས་པ་ལ་མི་གོ་བ་སྒྲ་གདངས་བཟོས་པ་རང་བཞིན་གྱིས་གོ་ནུས་སོ། དོན་དངོས་ཐོག་རྣམ་འཔྱོད་ཀྱི་བློ་གྲོས་མངའ་བའི་བན་དྷེའི་མཁས་དབང་མང་དག་ཅིག་གིས་བོད་ཡིག་ནི་ལོ་ངོ་སྟོང་ཕྲག་ཉིས་གསུམ་གོང་ནས་ཡོད་པའི་དགོངས་ཚུལ་དང་ཞལ་བཞེས་གནང་ཡོད་པས་རྣམ་དཔྱོད་ཅན་གྱི་གཞོན་རིགས་རྣམས་མཁས་དབང་དེ་དག་གིས་རྗེས་སུ་འབྲེང་བར་སྨོས་ཅི་དགོས། །དེར་མ་ཟད་ཐོན་མིའི་གོང་དུ་བོད་ལ་ཡི་གེ་མེད་པར་འདོད་ན་བན་བོན་གཉིས་ཀའི་ལུང་རིགས་བརྒྱ་ཕྲག་གིས་གནོད་པ་ཡོད་དེ། ལུང་གིས་གནོད་པ་ནི། སྲོང་བཙན་དགུང་ལོ་ཆུང་ངུའི་སྐབས་རིག་པའི་གནས་ལྔ་ལ་མཁས་པའི་ཚུལ་དང་། བོད་རྒྱལ་སྤུ་དེ་གུང་རྒྱལ་གྱི་དུས་སུ་ཁམས་བརྒྱད་ལས་སོགས་བོན་པོའི་ཆོས་མང་པོ་ཞིག་ཞང་ཞུང་ནས་བོད་དུ་བསྒྱུར་བའི་ཚུལ་བཤད་པ་ནི། རྒྱལ་རབས་གསལ་བའི་མེ་ལོང་(རྩོམ་པ་པོ། ས་སྐྱ་བསོན་ནམས་རྒྱལ་མཚན། འཁྲུངས་ལོ། 1312 མི་རིགས་དཔེ་སྐྲུན་ཁང་། ཤོས་ངོས། 57)ལས། “རྒྱལ་བློན་འདི་(སྤུ་དེ་གུང་རྒྱལ་དང་རུ་ལས་སྐྱེས་)གཉིས་ཀྱི་དུས་སུ་གཡུང་དྲུང་གི་བོན་བྱུང་སྟེ། སྟོན་པ་གཤེན་རབ་མི་བོ་ཆེ་བྱ་བ་སྟག་གཟིག་འོལ་མོའི་ལུང་རིངས་སུ་སྐུ་འཁྲུངས། ཁམས་ཆེན་པོ་བརྒྱད་ལ་སོགས་པ་བོན་པོའི་ཆོས་ཐམས་ཅད། ཞང་ཞུང་གི་ཡུལ་ནས་བསྒྱུར་ཏེ། དར་ཞིང་རྒྱས་པར་མཛད།” ཅེས་དང་། ཤོག་ངོས། 64)ལས། “དེར་རྒྱལ་བུ་དེ་ནར་ལོན་དུས། བཟོ་དང། རྩིས་དང་། སྒྱུ་རྩལ་དང་། རིག་པའི་གནས་ལྔ་ལ་མཁས་ཤིང་ཡོན་ཏན་དང་ལྡན་པར་གྱུར་པས། བློན་པོ་རྣམས་ན་རེ། འོ་ཅག་ཚོའི་རྗེ་འདི་ནི་ཡོན་ཏན་དུ་མ་དང་ལྡན་ཏེ། ཐུགས་ཤིན་ཏུ་སྒམ་མོ་ཟེར་བས། མཚན་ཡང་སྲོང་བཙན་སྒམ་པོ་ཞེས་གྲགས་སོ། དེ་ནས་རྒྱལ་པོ་དེ་དགུང་ལོ་བཅུ་གསུམ་ལོན་དུས། ཡབ་འདས་ཏེ། རྒྱལ་སར་བྱོན་པ་ཡིན་ནོ།” ཞེས་གསུངས་པ་དེ་དག་གིས་ཀྱང་ཐོན་མི་རྒྱ་གར་ལ་མ་ཕྱིེན་སྔོན་དུ་བོད་ལ་ཡི་གེ་ཡོད་པ་གྲུབ་སྟེ། ཡིག་རྨོངས་ཅན་གྱིས་རིག་གནས་ལ་མི་མཁས་པ་དང་རིག་གནས་ལ་མཁས་ན་ཡི་གེ་ལ་བརྟེན་དགོས་པ་དོན་དངོས་ཡིན་པ་མ་ཟད། ཁམས་བརྒྱད་བོད་སྐད་དུ་བསྒྱུར་ན་ཡི་གེའི་ལམ་ནས་འགྲོ་དགོས་པ་མ་བརྟགས་ཀྱང་ཤེས་ནུས་སོ།

སྲོང་བཙན་རང་ལོ་བཅུ་དྲུག་ལ་བལ་བཟའ་བླངས་སྐབས་བཀའ་ཤོག་གི་སྒྲོམ་བུ་བསྐུར་བའི་ལོ་རྒྱུས་ཡོད་དེ། བཀའ་ཆེམས་ཀ་ཁོལ་མ་(ཤོག་ངོས། 134)ལས། “ཡང་བློན་པོ་མགར་ན་རེ། རྒྱལ་པོ་ལགས། འཕྲིན་རེ་ལ་ཕར་འགྲོ་བྱས་ན་ལྷ་ཅིག་སྤྱན་འདྲོངས་པའི་དུས་མི་ཡོང་། བལ་བོད་གཉིས་ལམ་ཐག་རིང་ནས་དེ་འདྲ་མི་འགྲུབ་ནས། དངུལ་གྱི་སྒྲོམ་བུ་དེ་རྒྱལ་པོའི་ཕྱག་ཏུ་གཏད་ནས་རྒྱལ་པོ་སྲོང་བཙན་སྒམ་པོས་བསྐུར་བའི་བཀའ་ཤོག་དེ་ལ་གཟིགས་པས།” ཞེས་སོ། གལ་སྲིད་སྲོང་བཙན་ཡིག་རྨོངས་ཅན་ཡིན་ན་བཀའ་ཤོག་བྲིས་པར་བཤད་པ་ཅིའི་ཕྱིར་མི་འགལ། དེ་བལ་ཡིག་ལ་བྲིས་པར་བཤད་དོ། ཞེ་ན། དེ་ནི་བློ་རྣལ་དུ་བབས་པའི་སྐད་ཆ་ཞིག་མིན་ཏེ་དེའི་སྔོན་སྲོང་བཙན་གྱིས་བལ་ཡིག་སྦྱངས་པའི་ལོ་རྒྱུས་མེད་པ་དེ་རེད། སྤྲུལ་པའི་སྐུ་མཆོག་ལ་སོགས་པ་སྨྲ་ན་བོད་ཡིག་མི་ཤེས་པའི་རྒྱུ་མཚན་མེད་པ་དང་། རྗེས་སུ་ཐོན་མིར་དགེ་རྒན་བསྟེན་ནས་ལོ་གསུམ་བཞིར་ཡི་གེ་སྦྱངས་པར་བཤད་པ་འགལ་བའི་ཁུག་ཆེན་མ་ཡིན་ནམ། དམ་པའི་ཆོས་ཐོག་མར་བོད་ལ་བྱུང་ཚུལ་བཤད་པའི་སྐབས་སུ་རིན་པོ་ཆེའི་ཟ་མ་ཏོག་གི་ནང་དུ་གསེར་གྱི་གླེགས་བམ་མུ་ཏྲའི་ཕྱག་རྒྱ་དང་བཅས་པ་གནམ་ནས་བབས་དུས་རྒྱལ་པོས་གཟིགས་པས་གླེག་བམ་དེ་བོན་དང་ཆོས་གང་ཡིན་ངོ་མ་ཤེས་ཀྱང་ངོ་མཚར་ཆེ་བར་མནོ་ཚུལ་ཆོས་འབྱུང་མེ་ཏོག་སྙིང་པོ་ལས་བཤད་དེ། དེ་ཉིད་(ཤོས་ངོས། 151)ལས། “ནམ་མཁའ་ནས་ཚུར་ལ་ཉི་མའི་ཟེར་དང་འགྲོགས་ནས་འོད་ཟེར་སྣ་ལྔའི་སྣ་ལ། རིན་པོ་ཆེའི་ཟ་མ་ཏོག་གི་ནང་དུ་གསེར་གྱི་གླེགས་བམ་མུ་ཏྲའི་ཕྱག་རྒྱ་དང་བཅས་པ་ཞིག་ཐོག་བབས་སུ་བྱོན་པ་ལས། དེ་རྒྱལ་པོས་ཁ་ཕྱེས་ནས་གཟིགས་པས་གླེགས་བམ་ཞིག་འདུག་སྟེ། དེ་ཆོས་དང་བོན་གང་ཡིན་ངོ་མ་ཤེས་ཀྱང་ངོ་མཚར་ཆེ་བ་ཞིག་འདུག་སྟེ།” ཞེས་སོ། གལ་སྲིད་སྐབས་དེར་བོད་ལ་ཡི་གེ་མེད་ན་རྒྱལ་པོས་གླེགས་བམ་དེ་ལ་བོན་དང་ཆོས་གང་ཡིན་གྱི་དཔྱད་པ་མི་ཞུགས་པར་བླུན་པོ་ཡིན་ཡང་རྟོགས་ནུས་པ་དང་། སྐབས་དེར་བོད་ལ་ཡི་གེ་འབྲི་སྲོལ་ཡོད་པ་དེ་ག་རང་ནས་ཤེས་ཐུབ། ཡང་དེ་ཉིད་(ཤོག་ངོས། 152)ལས། “བོད་ཀྱི་ཡི་གེ་ཡང་ཁྲིམ་སོ་བུད་བཙན་པོའི་རིང་ལ་བྱུང་བར་འདོད་པ་ཡང་ཡོད་དོ།” ཞེས་བཤད་པས་གནའ་སྔ་མོ་ནས་བོད་ཡིག་ཐོན་མིས་གསར་བཟོ་བྱས་ཚུལ་ལ་དགག་པ་བྱེད་མཁན་ཡང་ཡོད་པར་བཤད་པ་མ་ཟད་ཆོས་འབྱུང་འདིའི་རྩོམ་པ་པོས་ཀྱང་བོད་ཡིག་ཐོན་མིའི་གོང་དུ་གྲུབ་པར་ཡི་རངས་ཡོད་པ་ཤུགས་ལ་བསྟན་ཏོ། གནམ་རི་སྲོང་བཙན་ཡན་རྒྱལ་རབས་སོ་གཉིས་རིང་སྒྲུང་ལྡེའུ་བོན་གསུམ་དར་ཚུལ་ལོ་རྒྱུས་རྣམས་སུ་ཤིན་ཏུ་གསལ་བ་ནི། བཀའ་ཆེམས་ཀ་ཁོལ་མ་(ཤོག་ངོས། 6)ལས། “ལུང་གི་ཆོས་གོ་བར་བྱ་བའི་ཕྱིར་སྒྲུང་བསྟན། རིག་པའི་ཆོས་གོ་བར་བྱ་བའི་ཕྱིར་ལྡེའུ་བསྟན། བསླབ་པ་གསུམ་ལ་འཇུག་པ་གོ་བར་བྱ་བའི་ཕྱིར་གཡུ་རུང་(གཡུང་དྲུང་)གི་བོན་བསྟན”། ཞེས་གསུངས་སོ། དེ་འདྲའི་སྒྲུང་ལྡེའུ་བོན་གསུམ་ནི་ཚིག་འགའ་ཙམ་མ་ཡིན་པ་རྒྱལ་སྲིད་སྐྱོང་བྱེད་དང་མིའི་བློ་སྒོ་འབྱེད་བྱེད་དུ་གསུངས་པའི་གཞུང་ཆེན་དེ་དག་གང་དང་གང་ཡིན་པའི་ཚུལ་གསལ་བར་བཤད་པ་ནི། ཆོས་འབྱུང་མཁས་པའི་དགའ་སྟོན་(རྩོམ་པ་པོ། དཔའ་བོ་གཙུག་ལག་ཕྲེང་བ། རྩོམ་ལོ། 1545 མི་རིག་དཔེ་སྐྲུན་ཁང་། ཤོག་ངོས། 89)ལས། “མ་འོངས་སྔགས་དང་འདུལ་བ་འབྱུང་བའི་ལྟས། གནམ་བོན་གཤེན་པོ་ཆེ་དང་བོན་གཞུང་བྱུང་།” ཞེས་དང་། “འབྲས་བུའི་བོན་རིགས་ལྔ་གཡུང་དྲུང་བླ་མེད་ཀྱི་ཐེག་པ་ཞེས་འབྲས་བུ་བདེ་འགྲོ་མཐོ་རིས་ཐོབ་པར་འདོད་པ་དང་། རྒྱུའི་བོན་རིགས་བཞི་སྐད་པ་སྣང་གཤེན་བལ་ཐོད་ཅན་གྱིས་ཕྱྭ་གཡང་འགུགས་མི་ནོར་རྒྱས་པར་བྱེད། འཕྲུལ་གཤེན་བལ་ཚོན་ཅན་གྱིས་ཡས་དང་མདོས་གཏོང་འགལ་རྐྱེན་སེལ། ཆ་(ཕྱྭ་)གཤེན་ཇུ་ཐིག་ཅན་གྱིས་ལེགས་ཉེས་སྟོན་ཟག་བཅས་ཀྱི་མངོན་ཤེས་འཆད། དུར་གཤེན་མཚོན་ཆ་ཅན་གྱིས་གསོན་གཤིན་རྩིས་བྱེད།” ཅེས་དང་། “མདོ་སྡེ་འབྱུང་བའི་ལྟས་སུ་སྒྲུང་རྣམས་དར། རོ་ལང་གསེར་སྒྲུབ་ཀྱི་སྒྲུང་དང་མ་སངས་ཀྱི་སྒྲུང་དང་། མཆིལ་པའི་སྒྲུང་སོགས་ཉན་བཤད་དང་། མངོན་པའི་སྡེ་སྣོད་འབྱུང་ལྟས་ལྡེའུ་སྤྲོད། སྲང་ལ་ཐེམ་གཉེར་ལྦ་བ་ཆེ་ཅི་ཡིན། པོར་མགོ་མགོ་ཅན་སྐྱེད་ཅིང་རྒྱགས་ཅི་ཡིན་ཞེས་འདྲི་སོགས་ཏེ་བོན་སྒྲུང་ལྡེའུ་གསུམ་གྱི་ཚུལ་ལྷ་སའི་གདུང་རྣམས་ལ་བྲིས་ནས་ཡོད་སྐད། དེ་ཡིས་བོད་རྣམས་ཅུང་ཟད་བློ་ཁ་ཕྱེ། རྒྱལ་པོ་ཡབ་སྲས་འདི་གཉིས་སྟོད་ཀྱི་སྟེངས།” ཞེས་སོ། དེ་ལྟར་བོད་རྒྱལ་གྲི་གུམ་བཙན་པོ་དང་། དེའི་སྲས་སྤུ་ལྡེ་གུང་རྒྱལ་གཉིས་ཀྱི་དུས་སུ་རིག་གནས་རྒྱ་ཆེར་དེ་འདྲ་ཞིག་ཡོད་པ་བཤད་བཞིན་དུ་ད་དུང་ཡི་གེ་མེད་ཟེར་ན་བརྗོད་བྱ་མེད་པ་སྨྱོན་པའི་ངག་ལྟར་འགྱུར་བ་ནི་སྨོས་ཅི་དགོས། སྲོང་བཙན་གོང་དུ་བོད་པས་ཡི་གེའི་བརྒྱུད་ནས་ཕན་ཚུན་བརྡ་སྤྲོད་ཚུལ་ཏོན་ཧུང་ཡིག་རྙིང་གིས་ཀྱང་གསལ་བཤད་བྱས་ཏེ། གནམ་རི་སྲོང་བཙན་གྱི་སྐབས་སུ་སུག་ལས་བགྱིས་ཚུལ་བཤད་པ་ནི། ཏུན་ཧོང་ཡིག་རྙིང་ལས་འཕྲོས་པའི་དོན་གནད་གསུམ། (རྩོམ་པ་པོ། ཆབ་མདོ་བློ་བཟང་ཤེས་རབ། བོན་སྒོ་ཨང་ཉེར་གཉིས་པ། སྤྱི་ལོ། 2009 ཤོས་ངོས། 105)ལས་གསལ་བས་འདིར་བསྐྱར་བཟློས་མི་དགོས་པར་དེར་གཟིགས་མཛོད། དེ་ཡང་སུག་ལས་བགྱིས་ཞེས་པ་དེ་ཡིག་ལས་བྱས་ཞེས་པ་ལ་གོ་དགོས་པ་ལས་གཞན་པའི་གོ་དོན་གང་ཡང་མེད་པར་གནམ་རི་སྲོང་བཙན་གྱི་བློན་པོ་མོང་ཁྲི་དོ་རེ་སྣང་ཚབ་ཀྱི་འཛངས་ཚད་བཤད་པ་དེ་རང་གིས་ཤེས་སོ། ནམ་རྒྱུན་ཁྱོད་ཚོས་སྲོང་བཙན་གོང་དུ་ཡི་གེ་མེད་པར་སྒྲུབ་བྱེད་ཏུན་ཧོང་ཡིག་རྙིང་ལས་གསུངས་པ། “བོད་ལ་སྔ་ན་ཡི་གེ་མེད་པ་ཡང་། བཙན་པོ་འདིའི་ཚེ་བྱུང་།” ཞེས་པ་འདི་བྱེད་ཀྱིན་ཡོད་ཀྱང་ཏུན་ཧོང་ཡིག་རྙིང་གིས་སྲོང་བཙན་གོང་དུ་ཡི་གེ་ཡོད་པར་བཤད་པ་སྔར་ལྟར་ཡིན་ལ།

ད་དུང་འདིར་དམིགས་ཀྱིས་བཀར་ནས་བཤད་ན། དེབ་ཐེར་དཀར་པོ།(རྩོམ་པ་པོ། དགེ་འདུས་ཆོས་འཕེལ། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ཤོག་ངོས། 95)ལས། “བཙན་མོའི་ཞལ་ནས། བཙན་པོ་དྲལ་ལ། བཀའ་ལན་ཡི་གེར་གསོལ་བ་ཅང་མ་མཆིས་སོ། བཙན་པོ་ཞལ་སྔ་ནས་ཐུགས་བདེ་ཞིང་བཞུགས་པ་ལ་གློ་བ་དགའ་འོ།” ཞེསདང་། “རྨང་ཆུང་སླར་བཙན་པོའི་སྤྱན་སྔར་མཆིས་ནས། བཙན་མོས་བཀའ་ལན་ཡི་གེར་གསོལ་བ་ནི་ཅང་མ་མཆིས། མགུར་བླངས་པའི་ཚིག་ནི་འདི་ཞེས་མཆི།” ཞེས་གསུངས་པ་འདི་ནི་ཏུན་ཧོན་ཡིག་རྙིང་ལས་དྲངས་པ་ཡིན་ལ་སྐབས་དེར་ཡི་གེ་འབྲི་སྲོལ་ཡོད་པའི་རྒྱུ་མཚན་ནི་དེས་གསལ་བཤད་བྱས་པས་བློ་མུན་ནག་གིས་གཏུམས་བསྡད་ན་མ་གཏོགས་རྟོགས་སླ། དེ་ནི་ཐོན་མིའི་ཡི་གེ་ཡིན་ཟེར་ན། ཐོན་མིས་ཡི་གེ་བཟོས་པའི་དབང་དུ་བཏང་ནའང་ཁོ་ཡི་ཡི་གེ་ཡིན་སྲིད་ཐབས་ཞིག་མེད་དེ། སྲོང་བཙན་གྱིས་ཞང་རྒྱལ་བརླགས་པའི་དུས་ནི་སྤྱི་ལོ་༦༤༤ལ་ཡིན་པ་ནི། བོད་བཙན་པོའི་རྒྱལ་རབས་(སྒྲིག་རྩོམ་པ། འབྲི་གུང་སྐྱབས་མགོན་ཆེ་ཚང་། སྲོང་བཙན་དཔེ་མཛོད་ཁང་། ཤོག་ངོས། 218)ལས། “དེ་ནས་ལོ་གསུམ་ན། (སྤྱི་ལོ་༦༤༤ལོར།) བཙན་པོ་ཁྲི་སྲོང་བཙན་སྒམ་པོའི་རིང་ལ། ཞང་ཞུང་རྒྱལ་པོ་ལིག་སྙ་ཤུར་གྱི་ཆབ་སྲིད་གཏོར་བརླགས་བཏང་ནས། ཞང་ཞུང་ཐམས་ཅད་བོད་ཀྱི་མངའ་འོག་ཏུ་བསྡུས་སོ།” ཞེས་བཤད་པས་ད་དུང་ཐོན་མིས་ཡི་གེ་བཟོ་མ་ཐུབ་པར་འོག་ཏུ་འབྱུང་། དེ་ལྟར་ལོ་རྒྱུས་ཁུངས་མ་རྣམས་སུ་སྲོང་བཙན་གོང་ནས་བོད་ལ་ཡིག་སྦྱོར་གྱི་ལམ་ནས་རིག་པའི་གནས་ལ་ལོངས་སུ་སྤྱད་ཡོད་པར་ཤིན་ཏུ་གསལ། རིགས་པས་གནོད་པ་ནི། གནའ་སྔ་མོའི་དུས་སུ་ཞང་ཞུང་ནི་སྟོབས་འབྱོར་ཅན་གྱི་རྒྱལ་ཁབ་ཞིག་ཡིན་པ་དང་། ལག་རྩལ་གྱི་ཆུ་ཚད་ཀྱང་ཧ་ཅང་མཐོ་ཞིང། བཟོ་ལས་ཀྱི་ཐོན་སྐྱེད་སུས་ཀྱང་འགྲན་ཟླ་ཚད་ཐུབ་མེད་པ་ཞིག་ཡིན་པའི་ཚུལ་ནི། དེང་སང་ཚན་རིག་གི་ལག་རྩལ་ཚད་གཞི་མཐོ་པོ་འདི་འདྲ་ཡོད་ནའང་སུས་ཀྱང་གསར་བཟོ་བྱེད་མི་ཤེས་པའི་རིན་ཐང་ཤིན་ཏུ་ཆེ་བའི་གཟི་ཡིས་གསལ་སྟོན་བྱས་ཡོད། གཟིའི་རི་མོ་དང་དེ་དག་གི་རྫས་སྦྱོར་གང་འདྲ་ཞིག་ལ་བརྟེན་ནས་བཟོས་ཡོད་མེད་ཁ་ཚོན་གཅོད་མ་ཐུབ་པ་ད་དུང་ལྷག་ཡོད། གཟི་ཡི་འབྱུང་ཁུངས་ནི་ཞང་ཞུང་དང་བོད་རང་ནས་ཡིན། དེ་དང་ཕྱོགས་མཚུངས་རིག་གནས་ཕུན་ཚོགས་ཡོད་པ་ཡང་སྨོས་ཅི་དགོས། བོད་འདི་ཡང་གཉའ་ཁྲི་བཙན་པོ་ནས་བཟུང་ཞང་ཞུང་ལས་ལོགས་སུ་ཡོད་པའི་རྒྱལ་ཁབ་ཅིག་ཆགས་པ་མ་ཟད། ཆབ་སྲིད་དང་དཔལ་འབྱོར་ལག་རྩལ་རིག་གནས་སོགས་སྣ་འཛོམ་ཡོད་པ་ཞིག་ཡིན། ལྷག་པར་གཉའ་ཁྲིའི་དུས་ནས་བོན་ཤེས་པ་ཅན་བཅུ་གཉིས་ཀྱི་རིག་གནས་དང་། དེའི་ནང་ནས་སྨན་རྩིས་ཀྱི་ཤེས་རིག་ཚད་གཞི་མཐོ་པོ་ཡོད་པ་དང་། དེ་ནས་བཟུང་དེ་དག་མུ་མཐུད་ཡར་རྒྱས་གཏིང་ཟབ་དང་ཕུན་སུམ་ཇེ་ཚོགས་སུ་ཕྱིན་ཡོད་ཚུལ་བན་བོན་གཉིས་ཀའི་ལོ་རྒྱུས་ནང་དུ་ཁེངས་ནས་བསྡད་ཡོད། རྒྱལ་ཁབ་གང་ཞིག་ལ་རིག་གནས་རྒྱ་ཆེ་གཏིང་ཟབ་དེ་འདྲ་ཞིག་ཡོད་ཕྱིན་ཆད་ཡིག་སྦྱོར་གྱི་བྱ་བ་མེད་ཟེར་ན་རིགས་ལམ་ལས་ཡོངས་སུ་འགལ་ཞིང་མཁས་བླུན་སུས་ཀྱང་རྣ་བར་མི་འགྲོ་བའི་སྐད་ཆ་ཞིག་རེད་སྙམ། དེར་མ་ཟད་རྒྱ་དཀར་ནག་དང་། ཁྲོམ་ཨོ་རྒྱན། གྲུ་གུ། འ་ཞ། བལ་པོ། ཏ་ཟིག་སོགས་ཁྱིམ་མཚེས་རྒྱལ་ཁབ་ཁག་གི་རིག་གནས་ལ་ཡར་རྒྱས་དང་ཡིག་ལམ་ལ་བསྐྱོད་བཞིན་དུ་བོད་པས་དེ་ལ་བལྟ་ཙམ་མི་ཤེས་པ་སྲོང་བཙན་བར་དུ་མགོ་འཐོམས་ནས་འདུག་པའི་རྒྱུ་མཚན་ཡང་འཇོག་དཀའ། གལ་སྲིད་བོད་ཡིག་འདི་ཐོན་མིས་བཟོས་ཡོད་ན་རྡོ་རིང་དང་དྲིལ་བུའི་ཁ་བྱང་ཏུན་ཧོང་ཡིག་རྙིང་སོགས་ནི། བརྡ་སྤྲོད་ཀྱི་འགྲོས་དང་། སྙན་ངག་གི་ཉམས། རྩོམ་ཚུལ་གྱི་གཤིས་གང་ཅིའི་ཐད་ནས་སློབ་དཔོན་ཐོན་མིས་བརྩམས་པའི་སུམ་རྟགས་དང་། ཁོང་གིས་སློབ་དཔོན་ལི་བྱིན་ལ་ཕུལ་བའི་བཀའ་དྲིན་ཆེ་བརྗོད་དང་། སྲོང་བཙན་གྱིས་ཐོན་མི་ལ་བཀུར་བསྟི་དང་སྲི་ཞུ་བློར་མི་ཤོང་བར་གནང་བ་ལ། བློན་པོས་ཕྲག་དོག་བྱས་པར་ཐོན་མིའི་ཕྲག་དོག་འཇོམ་པའི་ཚིག་བཅད། སྲོང་བཙན་ལ་ཐོན་མིས་ཕུལ་བའི་ཡིག་ཕུད་བྱ་དཀའ་བའི་སྙན་ངག་དེ་དག་དང་མཐུན་དགོས་པ་དོན་དངོས་ཡིན་ཡང་དེ་དང་རྩ་བ་ནས་མི་འདྲ་འདུག་པ་ནི་རྒྱུ་མཚན་ཅིས་ཉེས། དེ་ལ་དཔྱད་པ་བཏང་ན་རྡོ་རིང་དང་ཏུན་ཧོང་གི་ཡི་གེ་ཁོ་རང་རང་གིས་ཁ་གྲག་པ་ལྟ་བུ་ང་ནི་ཐོན་མིའི་ཤུགས་རྐྱེན་གཏན་ནས་མེད་ཟེར་གྱིན་མི་འདུག་གམ། དེར་མ་ཟད་དེའི་སྔོན་དུ་ཡི་གེ་མེད་ནས་བོད་ཡིག་འདི་ཐོན་མིས་གསར་དུ་བྱས་ཡོད་ན་ཡི་གེ་ཇི་ལྟར་བཟོས་ཚུལ་ཐོན་མི་རང་གིས་ལོ་རྒྱུས་ཞིབ་ཕྲ་ཡིག་ཐོག་ཏུ་འབྲི་དགོས་ངེས་ཡིན་ཡང་དེ་ཡང་སྟོན་རྒྱུ་མེད། སློན་དཔོན་ཐོན་མི་དེ་འདྲ་བྱས་རྗེས་ཅན་གྱི་བློན་པོ་ཞིག་ཡིན་ན་བཙན་པོས་གཟེངས་བསྟོད་ཀྱི་བྱ་དགའ་གསལ་བའི་མེ་ལོང་རྡོ་རིང་ཞིག་ཡོད་ངེས་ཀྱང་དེ་མཐོང་ཡུལ་དུ་མ་གྱུར། སྐབས་དེའི་དུས་ཀྱི་བྱ་བཞག་རག་ཙམ་གསལ་བའི་ཏུན་ཧོང་ཡིག་རྙིང་ལས་ཐོན་མི་ཟེར་བའི་མིང་ཙམ་ཡང་མཐོང་རྒྱུ་མེད་པ་སོགས་ལ་བལྟས་ན་རྣམ་དཔྱོད་དང་ལྡན་པ་དག་གིས་བོད་ཡིག་ཐོན་མིས་གསར་དུ་བྱས་ཟེར་བ་དེ་ལ་ཐེ་ཚོམ་མི་ཟ་ཀ་མེད་རེད། ད་དུང་ཐོན་མིས་བོད་ཡིག་གསར་བཟོའི་དུས་ཚིགས་སྐོར་ལ་དཔྱད་པ་བཏང་བ་ཡིན་ན། སྤྱི་ལོ་༦༣༢ལ་རྒྱལ་པོ་སྲོང་བཙན་སྒམ་པོས་དགུང་ལོ་བཅུ་དྲུག་ཐོག་ཏུ་བལ་བཟའ་ཁབ་ཏུ་བཞེས། དེའི་ཕྱི་ལོ་སྤྱི་ལོ་༦༣༣ལ་ཐོན་མི་རྒྱ་གར་ལ་བཏང་། ཐོན་མིས་ལོ་བདུན་རིང་རྒྱ་གར་བཞུགས་ནས་སློབ་སྦྱོང་གནང་ཟེར་བ་འདུག་ཀྱང་དེ་ལས་མང་བ་བཞུགས་ཡོད་པ་ཅི་ནས་ཀྱང་སྲིད་དེ། དུས་ཡུན་ཐུང་ངུ་དེ་འདྲ་ཞིག་གི་ནང་དུ་རྒྱ་གར་སྐད་ཡིག་དང་རིག་པའི་གནས་བཅས་ལ་ཐོགས་རྡུགས་མེད་པར་ཤེས་རྒྱུ་ཕལ་ཆེར་མི་སྲིད་པ་རེད། གང་ལྟར་ཡང་སྤྱི་ལོ་༦༤༦བར་དུ་བོད་ཡིག་གསར་བཟོ་བྱས་ཐུབ་མེད། དེའི་ཚུལ་ནི། བཙན་པོ་རིམ་བྱུང་གི་ལོ་ཚིགས་འགའ་ཞིག་གུང་བསྒྲིགས་པ་(རྩོམ་པོ། དགེ་འདུས་རབ་གསལ། ཁ་བརྡའི་དྲ་རྒྱ།)ལས། “བློན་ཆེན་ཐོན་མིས་རྒྱ་གར་ནས་རིག་པའི་གནས་ལ་སྦྱངས་ཏེ་མེ་རྟ་ལོ་སྟེ་ཕྱི་ལོ་༦༤༦ཙམ་ལ་ད་ལྟའི་བོད་ཡིག་འདི་བཞིན་གསར་བཟོ་མཛད།” ཅེས་བཀོད་ཡོད། དེ་དུས་སྲོང་བཙན་དགུང་ལོ་སུམ་ཅུ་ཐམ་པ་ལ་སླེབས་ཡོད། ཐོན་མིས་བོད་ཡིག་གསར་བཟོ་བྱས་རྗེས་སྲོང་བཙན་གྱིས་ལོ་གསུམ་བཞི་ལ་ཐོན་མི་དགེ་རྒན་བསྟེན་ཏེ་མཚམས་ལ་བསྡད་ནས་ཡི་གེ་འབྲི་ཀློག་སྦྱངས་ཟེར་ནས་ལོ་རྒྱུས་རྣམས་སུ་ཨ་བསྐོར་ཡང་བསྐོར་བྱས་ནས་བཤད་ཡོད། སྲོང་བཙན་དགུང་ལོ་སོ་བཞི་སྤྱི་ལོ་༦༥༠ལ་འདས་པ་ཏུན་ཧོང་ཡིག་རྙིང་དང་རྒྱ་ཡི་ལོ་རྒྱུས་ལས་ཤིན་ཏུ་གསལ། དེ་ལྟར་བཤད་པ་རྣམས་བདེན་ན་སྲོང་བཙན་ཡི་གེ་འབྲི་ཀློག་ཤེས་ཙམ་ནས་མྱ་ངན་ལས་འདས་ཞེས་མི་འདོད་བཞིན་དུ་ཟེར་དགོས་པ་མ་ཟད། ལོ་རྒྱུས་རྣམས་སུ་སྲོང་བཙན་གྱིས་མ་ནུ་བཀའ་འབུམ་སོགས་བསྟན་བཅོས་མཛད་པ་དང་བསྒྱུར་ཆོས་མང་རབ་ཡོད་པ་བཤད་ཚད་རྫུན་དུ་འགྲོ་བ་ནི་ཐེ་ཚོམ་ཅི་ཞིག་དགོས། དེས་ན་ཐོན་མིས་བོད་ཡིག་གསར་རྩོམ་གྱི་ལོ་ཚིགས་འདི་ལ་ཡང་དག་པའི་དཔྱད་པ་ཞིག་ཡོད་དམ། འདི་འདྲ་ལོ་རྒྱུས་འཁྲུག་པོ་དང་ཞིག་སླ་བ་རྒྱུ་མཚན་གྱི་ལྟོས་སྲབ་པ་ལ་བསམ་ན་ཐོན་མིས་བོད་ཡིག་གསར་དུ་བཟོ་ཚུལ་གྱི་ལོ་རྒྱུས་ཁུངས་དག་དང་རྒྱུ་མཚན་ཡང་དག་ཅིག་ཨི་ཡོད་ན་སྙམ། ཁ་ཅིག་གིས་དེ་འདྲའི་སྐྱོན་མེད་དེ་སྲོང་བཙན་དགུང་ལོ་བརྒྱད་ཅུ་གྱ་གཉིས་བཞུགས་ཟེར་ན།

དེ་ལ་བརྒལ་བརྟག་བྱེད་པ་འདིར་དགོས་པ་ཆེར་མེད་ཀྱང་ཀྱལ་ཀའི་ཚུལ་དུ་ཅུང་ཟད་སྨོས་ན། དེའི་ཚུལ་ནི། སྲོང་བཙན་སྤྱི་ལོ་༥༦༩ལ་འཁྲུངས་པར་འདོད་ན་ནི། འུན་ཤིང་ཀོང་ཇོ་རྒྱ་མོ་ལོ་བདུན་ཅུ་ཡར་བརྒལ་ཞིག་བོད་བཙན་པོའི་བཙུན་མོ་བསུས་སོ་ཟེར་དགོས་པར་འགྱུར། གང་ཡིན་ཟེར་ན། ཀོང་ཇོ་སྤྱི་ལོ་༦༤༡ལ་བོད་ལ་ཕེབས་པ་དང་ཁོ་མོ་སྲོང་བཙན་ལས་དགུང་ལོ་གསུམ་གྱིས་ཆེ་བར་བཤད་ཡོད་པས་སོ། སྲོང་བཙན་སྤྱི་ལོ་༦༡༧ལ་འཁྲུངས། ༦༩༨ལ་འདས་ཚུལ་བཤད་ན། ཁྲི་སྲོང་ལྡེའུ་བཙན་སྤྱི་ལོ་༧༤༢ལ་འཁྲུངས་པར་བཤད་པས་སྲོང་བཙན་དང་ཁྲི་སྲོང་གི་བར་ལོ་ཞེ་བཞི་མ་གཏོགས་མེད། དེའི་བར་རྒྱལ་རབས་བཞི་ལྔའི་ལོ་རྒྱུས་འཆད་ཐབས་ཞིག་ཨི་ཡོད་སྙམ། འདི་ལ་བསམ་ནས་དགེ་འདུས་རབ་གསལ་གྱིས་ཁྲི་སྲོང་སྤྱི་ལོ་༧༩༠ལོ་འཁྲུངས་པ་བཤད། དེ་ལྟར་ན་ལོ་རྒྱུས་ཐམས་ཅད་འཆོལ་བར་མི་འགྲོའམ། གང་ཡིན་ཟེར་ན། ལོ་རྒྱུས་ཚང་མས་མཁན་སློབ་ཆོས་གསུམ་དུས་རབས་བརྒྱད་པའི་ནང་འཛོམས་པར་བཤད་ཀྱིན་ཡོད། ཁྱོད་ཀྱིས་ཁོང་རྣམས་འཛོམ་དུས་ནི་དུས་རབས་དགུ་པའི་ནང་ཡིན་ཟེར་གྱི་ཡོད་དམ། དེ་ལྟར་ན་དུས་རབས་བརྒྱད་པའི་ནང་གི་ལོ་རྒྱུས་ཚང་མ་དུས་རབས་དགུ་པའི་ནང་ལ་མར་སྤོ་དགོས་པ་ཆགས་འགྲོ་བ་མ་ཡིན་ནམ། འོ་ན་སློབ་དཔོན་ཐོན་མིའི་བྱས་རྗེས་གང་ཡང་མེད་དམ་སྙམ་ན་དེ་ཡང་མ་ཡིན་ཏེ། ཁོང་རྒྱ་གར་ལ་ཕེབས་ནས་མཁས་པ་ལི་བྱིན་ལ་བསྟེན་ནས་རྒྱ་གར་གྱི་རིག་གནས་དང་ཆོས་ལ་སློབ་སྦྱོང་གནང་བ་དང་། ལྷག་པར་སྒྲ་རིག་ལ་མཁས་པར་བྱས་ནས་བོད་ལ་ཕྱིར་ལོག་སྟེ་བོད་པའི་སུམ་ཅུ་པ་དང་རྟགས་འཇུག་བརྩམས་པར་ཤིན་ཏུ་ནས་འདོད་དོ། འོན་ཀྱང་དེ་དུས་རབས་བཅུའམ་བཅུ་གཅིག་གི་རྗེས་སུ་མ་གཏོགས་ཐུན་མོང་ལ་དར་ཁྱབ་ཅན་ཞིག་མ་ཡིན་སྙམ།
གངས་སེང་།

གཡུང་དྲུང་བོན་གྱི་སྒྲུབ་གནས་ཁག་གི་ངོ་སྤྲོད་དམར་མོའི་མཛུབ་ཁྲིད།
གཡུང་དྲུང་བོན་གྱི་སྒྲུབ་གནས་ཁག་གི་ངོ་སྤྲོད་དམར་མོའི་མཛུབ་ཁྲིད།
ཞང་ཞུང་སྙན་རྒྱུད་བཀའ་རྒྱུད་སྐོར་བཞིའི་གླེང་བརྗོད།
ཞང་ཞུང་སྙན་རྒྱུད་བཀའ་རྒྱུད་སྐོར་བཞིའི་གླེང་བརྗོད།
བརྡ་སྤྲོད་སྲིད་པའི་སྒྲོན་མེའི་རྩ་ཚིག
བརྡ་སྤྲོད་སྲིད་པའི་སྒྲོན་མེའི་རྩ་ཚིག
མེ་སྟོན་ཉི་མ་རྒྱལ་མཚན་མཆོག་གི་གསུང་འབུམ།
མེ་སྟོན་ཉི་མ་རྒྱལ་མཚན་མཆོག་གི་གསུང་འབུམ།
བོན་ཆོས་དཔྱད་བསྡུར།
བོན་ཆོས་དཔྱད་བསྡུར།
ལེགས་བཤད་རིན་པོ་ཆེའི་གཏེར་མཛོད།
ལེགས་བཤད་རིན་པོ་ཆེའི་གཏེར་མཛོད།
 རྗེ་མཉམ་མེད་ཤེས་རབ་རྒྱལ་མཚན་གྱི་གསུང་འབུམ་ཆ་ཚང་གི་གློག་རྡུལ་འཕྲུལ་དེབ།
 རྗེ་མཉམ་མེད་ཤེས་རབ་རྒྱལ་མཚན་གྱི་གསུང་འབུམ་ཆ་ཚང་གི་གློག་རྡུལ་འཕྲུལ་དེབ།
རྒྱུན་ཁྱེར་བོན་སྤྱོད་ཕྱོགས་བསྡུས་དད་ལྡན་ཐར་ལམ་འཛེགས་པའི་ཐེམ་སྐས་ཞེས་བྱ་བ་བཞུགས་སོ།
རྒྱུན་ཁྱེར་བོན་སྤྱོད་ཕྱོགས་བསྡུས་དད་ལྡན་ཐར་ལམ་འཛེགས་པའི་ཐེམ་སྐས་ཞེས་བྱ་བ་བཞུགས་སོ།
སྨན་རིའི་སྟེགས་འཇོག་ལོ་ཐོ།
སྨན་རིའི་སྟེགས་འཇོག་ལོ་ཐོ།
previous arrow
next arrow