གསང་མཆོག་བླ་མ་རྣམས་ལ་དེ་པ་ཧོ། གསང་བའི་མཁའ་འགྲོ་འདེགས་བྱེད་སྒྲོལ་མ་ལ་ཕྱག་འཚལ་ལོ། །སྤྱིར་ཡང་དག་པའི་དོན་ཚེ་གཅིག་ལུས་གཅིག་ལ་མངོན་པར་སངས་རྒྱས་པར་བྱེད་པ་ལ། གསང་སྔགས་ཐབས་དང་ཤེས་རབ་འབྲེལ་བའི་ལམ་མ་ཡིན་པས་མི་ནུས་ཏེ། ཕྱི་མདོ་མཛོད་འདུལ་བ་གསུམ་ལས་སོགས་པ་སྲས་རྒྱུད་ཐེག་པ་རིམ་པ་དགུ་ཡང་སྐས་གདང་ལྟ་བུ་མས་འཛེགས་ཀྱི་ལམ་ཡིན་ནོ། །ཕ་རྒྱུད་སྡོང་པོ་དགུ་འདུས་ཀྱང་ལྟ་བ་ཆེན་པོ་ལ་བཟླས་པས་ཐབས་དང་མ་འབྲེལ་པས་ལམ་ཡང་དག་པར་མི་འགྱུར་རོ། །དེས་ན་ཐབས་ཤེས་ཟུང་དུ་འབྲེལ་པ་མ་རྒྱུད་ཐུགས་རྗེ་ཉི་མ་འདི་བསྒོམ་པ་ལ། ལམ་ལྔ་ཐབས་དྲུག་ཁྲིད་བརྒྱད་དོ། །ལམ་ལྔ་ནི་བོན་སྤྱི་དང་མཐུན་ཏེ། ཚོགས་ལམ་དང་། སྦྱོར་ལམ་དང་། མཐོང་ལམ་དང་། སྒོམ་ལམ་དང་། མཐར་ཕྱིན་པའི་ལམ་མོ། །དེ་ལ་ཐབས་དྲུག་ནི། སྒོམ་ལམ་གྱི་ས་གཉིས་པ་ནས་བདུན་པའི་བར་དུ་སྦྱར་བ་ཡིན་པས། འདི་ཅི་ལྟ་བ་བཞིན་དུ་བྱས་ནས་ས་ནོན་པ་ཡང་ངེས་པའོ། །ཐར་སྨིན་གྲོལ་གསུམ་ནི་དག་པའི་ས་གསུམ་བྱ་བ། ས་བརྒྱད་པ་ནས་བཅུ་པའི་བར་ལ་གནས་པ་ཡིན་ནོ། །དེ་ལ་ཡང་ཐར་ལམ་ནི་སྒོམ་ལམ་ཡང་དག་པར་མི་འདུག་པ་དང། སྨིན་ལམ་ཡང་བསྲུང་བྱ་ཡིན་པས་དེ་ལྟར་མི་ནོན་ཞེ་ན། དངོས་སུ་དེ་ལྟར་སྣང་བ་ཡིན་ཡང་ཤུགས་ཀྱིས་དོན་བཞིན་བྱས་ན་ནོན་པར་ངེས་ཏེ། ཐར་ལམ་གྱིས་ནི་གྲོལ་ལམ་གྱི་བསྐྱེད་བྱེད་དངོས་སུ་བྱེད་པ་དང་། སྨིན་ལམ་ནི་གསང་སྔགས་འདི་གཅིག་པུར་མ་ཟད་དེ། གསང་སྔགས་ཐམས་ཅད་ཀྱི་རྩ་བ་ཡིན་པས། འདིའི་རྩ་བའི་ལྟུང་བས་ཕོག་ན་ས་ཐོབ་ཟིན་པ་ཡང་དམྱལ་བར་ལྟུང་ངོ་། །
དེས་ན་ལམ་གྱི་འབྲས་བུ་གྲོལ་ལམ་གྱི་ས་བཅུ་པར་ནོན་པ་འདི། མདོ་སྡེ་བ་བཞིན་སྟོང་པ་ལ་མཛུབ་རིས་མི་དགོས་པར། ཚེ་འདིར་མངོན་སུམ་དུ་བསྒྲུབ་པ་ཆོག་པས་ན། ལམ་མངོན་སངས་རྒྱས་པའི་རྒྱུད་དོ། །ཡང་གྲོལ་ལམ་ནས་འབྲས་བུ་སྐུ་གསུམ་ཡང་ཡོད་པར་བཤད་པ་ནི། བསྒོམ་པ་དེ་ཡོངས་སུ་རྫོགས་ནས་དེ་ལྟར་ཡིན་ཏེ། ས་བཅུ་ཡི་སེམས་དཔའ་དེ་དང་སངས་རྒྱས་པའི་བར་ན། སྐད་ཅིག་མ་གསུམ་ལས་མེད་པའོ། །ཐབས་ཤེས་རབ་གཉིས་སུ་དབྱེ་ན། གྲོལ་ལམ་ཡན་ཆད་འབྲས་བུ་སྐུ་བཞིའི་ཁྲིད་མན་ཆད་ནི་ཤེས་རབ་ལ། གཞན་རྣམས་ཐབས་ཀྱི་ལམ་མོ། །དེ་ལ་ཐབས་ཀྱི་ལམ་འདི་ཤིན་དུ་གལ་ཆེ་བ་ཡིན་ཏེ། ཐོག་མ་བར་དང་ཐ་མ་གསུམ་དུ་གལ་ཆེ་བའི་དུས་གསུམ་སྟེ། ཐོག་མར་ཐབས་ཀྱི་ལམ་ལ་མ་བགྲོད་ན། ཤེས་རབ་སྟོང་པ་ཉིད་ལ་འཇུག་སྔ་བས། བསྒོམ་པའི་མཐུ་མདངས་མི་ཐོན་ཞིང་ཐེག་པ་མར་ལོགས་སུ་འགྱུར་བ་དང་བསྒོམ་པ་ལ་ཡང་ཁྱད་ཆེ་སྟེ། ལྗོན་ཤིང་ལས་སྐྱེས་པའི་མེ་ཏོག་དང་། ཐང་རྡུམ་ལས་སྐྱེས་པའི་མེ་ཏོག་བཞིན་ནོ། །བར་དུ་ཐབས་དང་མ་འབྲེལ་བའི་ཤེས་རབ་ལ་སྐྱོན་ཡོད་དེ། དཀའ་བ་མ་བྱས་ནས་རྙེད་པ་ངོ་མཚར་ཆུང་སྟེ་བྱ་རྒོད་གསེར་རི་ལ་ཕྱིན་པ་དང་འདྲ་བཅར་དོན་མེད། ཐེག་པ་ཆུང་བར་འགྱུར་ཏེ། ཐར་ལམ་ལས་སོགས་པའི་སྙིང་རྗེ་དང་མ་འབྲེལ་པས། རང་ཉིད་ཞི་བདེའི་བསྒྲུབ་ཐབས་སུ་གོལ་བའོ། །ཐ་མར་ཡང་ཐབས་དང་འབྲེལ་པའི་བསྒོམ་པ་ལ་སྟོབས་ཆེ་བ་རྟ་ལ་ཞོན་པ་ལྟ་བུ། རྩལ་འབྱུང་བ་གཤོག་དྲུག་རྒྱས་པ་ལྟ་བུ། འབྲས་བུ་ངོ་མཚར་ཆེ་བ་དེད་དཔོན་གཟིངས་ལ་བབ་པ་ལྟ་བུ། ཐེག་པ་ཆེ་བ་རྒྱལ་པོ་འབངས་ཀྱིས་བཏེགས་པ་ལྟ་བུ། རང་ལ་ངེས་ཤེས་སྐྱེས་པ་སྐྱེས་བུས་ལས་བྱས་པ་ལྟ་བུའོ། །དེ་ལྟར་ཡིན་པའི་དོན་གྱི་ཐབས་ལམ་དུ་ཁྱེར་བ་འདི་བསྟན་ནོ། །༧འབྱུང་བའི་ཐིག་ལེ་ཡེ་ཤེས་ནམ་མཁའི་ངོགས། །འབྱུང་བ་ལྔའི་ལུས་བསྟན་པ་དང་། ཐིག་ལེའི་དུས་གནད་བསྟན་པ་དང་། ཡེ་ཤེས་རྒྱུ་བའི་རྩ་བསྟན་པ་དང་། ནམ་མཁའ་དག་པའི་རླུང་གི་ཡན་ལག་བཞི་ལྡན་བསྟན་པ་དང་། ངོགས་ལྟར་དམིགས་པའི་ཡུལ་གནད་བསྟན་པ་དང་ལྔའོ། །དེ་ཡང་འབྱུང་བ་ས་ཆུ་མེ་རླུང་འདུས་པ་ལས། རྒྱུ་རྟེན་འབྲེལ་འཚོགས་པ་ཚང་བའི་ལུས་འབྱུང་ཆེན་འབྱུང་ཆུང་དང་བཅས་པ་དངོས་སུ་གྲུབ་པ་ལས། ཤ་ཁྲག་དྲོད་དབུགས་བཞིས་ཡོངས་སུ་བསྡུས་པའི་ལུས་འདི། རྩ་དང་རླུང་དང་ཐིག་ལེ་ཡི་གེར་གནས་པ། སྟོང་གཞི་ནས་གསལ་བར་བཤད་པས་གོ་ཕུག་བསྟན་ནོ། །དེ་ནས་འདིར་ནི་མདོར་བསྡུས་པ། བསྒོམ་པའི་གང་ཟག་དེའི་བཅའ་བ་ལུས་ཀྱི་གནད་ཙམ་གཅིག་གིས་ཆོག་པ་ཡིན་ནོ། །
༒དེ་ལ་དང་པོ་སྔོན་དུ་འགྲོ་བ། མ་རྒྱུད་ཀྱི་དབང་དང་གདམས་ངག་དང་། བླ་མ་དམ་པས་ལག་ལེན་དམར་ཁྲིད་ཞིབ་ཏུ་བསྙད་དེ། དཀའ་བ་ཉམས་སུ་ལེན་པ་ཡིན་པས། འཇིག་རྟེན་གྱི་བྱ་བ་མ་ལུས་རྒྱབ་ཏུ་ལིངས་ཀྱིས་འདོར། གསང་སྔགས་ཀྱི་དགེ་སྦྱོར་ཡིན་པས་ཤིན་ཏུ་དབེན་པའི་གནས་སུ་འཇུག ཉམས་ལེན་ལ་བར་ཆོད་མི་འབྱུང་པའི་བཟའ་བཏུང་གི་ཡོ་བྱད་ཚགས་སུ་གསལ༼བསག༽། མལ་ས་ཆུང་ལ་བདེ་བར་འདུག་པ་ཡིན་ཞིང་། ལུས་གདུལ་བའི་བྱ་བ་སྐུ་མཉེ་བྱུག་པ་དང་། སེམས་འདུལ་བ་དང་དབུ་མར་འཛུད་པ་ཅི་ཤེས་ཀྱིས་སྟོང་པ་ཉིད་ཞག་འགའ་བསྒོམ་པར་བྱ་བ་ཡིན་ཏེ། མངོན་སངས་རྒྱས་པའི་རྒྱུད་ལས་ཀྱང་། ལམ་ལྔ་ཐབས་དྲུག་ཁྲིད་བརྒྱད་མ་ལུས་ཀྱིས། ། གཞུང་ལམ་རྒྱལ་པོ་ཐབས་ལམ་མ་བསྒོམ་ན། །ཐོག་མ་བར་དང་ཐ་མ་མཐར་མི་ཕྱིན། །འཇུག་སྔ་གྲོལ་འཕྱི་སྒོམ་ལ་མཐུ་མདངས་མེད། །རྙེད་ཀྱང་ངོ་མཚར་ཐེག་སྟོབས་ཆུང་བ་དང་། །ཐབས་དང་མ་འབྲེལ་ཤེས་རབ་འཆིང་བའི་ལམ། །དེ་བས་ལས་དང་སྐལ་བ་ལྡན་པ་ཡིས། །ཐབས་ལ་མཁས་པའི་ཐབས་མཆོག་བརྟེན་བྱས་ན། །ཐབས་ལས་སྐྱེས་པའི་ཤེས་རབ་རིན་པོ་ཆེ། །ཐབས་ཤེས་ཟུང་འབྲེལ་ཨུད་འབར་མེ་ཏོག་བཞིན། །ཐེག་སྟོབས་ཆེ་བ་སྐྱེས་བུ་རྟ་ཞོན་འདྲ། །རྩལ་འབྱུང་གཤོག་དྲུག་རྒྱས་པའི་ཁྱུང་ཆེན་བཞིན། །ངོ་མཚར་ཆེ་བ་དེད་དཔོན་ནོར་ལེན་འདྲ། །ཐེག་པ་ཆེ་བ་རྒྱལ་པོ་འབངས་བཅས་ཚུལ། །ངེས་ཤེས་ཆེ་བ་སྐྱེས་བུ་ལས་ཟིན་དཔེ། །ཡོན་ཏན་བསམ་གྱིས་མི་ཁྱབ་ནོར་བུ་མཆོག། འདི་དང་ལྡན་པའི་ཐེག་ཆེན་བསྒོམ་པ་ན། །འབྱུང་བའི་ཐིག་ལེ་ཡེ་ཤེས་ནམ་མཁའི་ངོགས། །འབྱུང་ལུས་ཐིག་ལེ་ལུས་གནད་ཡེ་ཤེས་རྩ། །ནམ་མཁའི་ཡན་ལག་ངོགས་བསྟན་དམིགས་པའི་ཐབས། །དེ་ཡང་འབྱུང་བ་ལྔ་ལས་གྲུབ་པའི་ལུས། །རྒྱུ་རྐྱེན་རྟེན་འབྲེལ་འཚོགས་པའི་ནུས་མཐུ་ལས། །རྩའི་ལམ་ལ་རླུང་གི་རྟ་ཞོན་ནས། །ཐིག་ལེ་སྐྱེས་བུའི་ཡི་གེའི་མཚོན་ཐོག་པས། །གཟུང་འཛིན་འཁོར་བའི་གཡུང་ངོ་བཟློག་བྱས་ནས། །རྣམ་པར་རྟོག་པའི་དགྲ་བོ་བཙོན་དུ་བཟུང་། །འདུ་བ་རྣམ་བཞིའི་དམག་དཔུང་ཆམ་ལ་ཕབ། །རང་སེམས་སངས་རྒྱས་རྒྱལ་ས་ཡུལ་དུ་བཅད། །ཡེ་ཤེས་རྒྱུ་བའི་རྩ་ལྔ་རྫོང་དུ་བརྩིགས། །རང་རིག་རྒྱལ་པོ་ཡེ་ཤེས་གཏན་ཡུལ་བཟུང་། །ཐབས་ལྔ་ལམ་གཞན་བློན་པོ་དབང་ལ་བཏབ། །རྩལ་དང་ཤུགས་འབྱུང་རོལ་པའི་འཁོར་ཚོགས་བསྡུ། །རྟོགས་གསལ་ཐར་སྨིན་གྲོལ་བའི་རྒྱལ་མཚན་ཕྱར། །མཚན་བཅས་སྐུ་བཞི་དག་པའི་ལྷ་ཞལ་བལྟ། །མཚན་མེད་སྐུ་བཞི་བོན་གྱི་དབྱིངས་ལ་རོལ། །སངས་རྒྱས་མངོན་སུམ་འབྱུང་བ་ངོ་མཚར་ཆེ། །ལམ་འདི་བསྒོམ་པའི་སྔོན་དུ་འགྲོ་བ་ནི། །བླ་མ་དམ་པའི་དབང་དང་གདམས་ངག་བླང་། །འཇིག་རྟེན་ལས་སྤང་དཀའ་བ་ཉམས་སུ་བླངས། །དབེན་པའི་གནས་སུ་དགོས་པའི་ཡོ་བྱད་བསོག། ལུས་གདུལ་སེམས་གདུལ་ཆུང་བདེའི་མལ་སར་གཞུག༼བཞུགས༽། །ཅེས་གསུངས་པ་ཡིན་ནོ། །
༧དེ་ནས་རླུང་གནད་དུ་འཇུད་༼འཛུད༽པ་ནི་ཙོག་པུར་བསྡད། དྲོད་སྐྱེད་མྱུར་བས་རྐང་པ་རེའུ་མིག་བཞིན་དུ་བསྣོལ། རླུང་གནད་དུ་ཆུད་པ་ཡིན་པས་སྒལ་ཚིགས་མདའ་སྙུག་བཞིན་དུ་བསྲང་། བདེ་བ་བསྐྱེད་པའི་ཡན་ལག་ལྟེ་འོག་ཏུ་མཉམ་བཞག་ཕྱག་རྒྱས་བཙིར། མི་རྟོག་པ་སྐྱེ་བའི་ཡན་ལག་མགྲིན་པ་ཐག་མདུད་བཞིན་དུ་བསྡམས། ཤེས་པ་གསལ་བའི་ཡན་ལག་དམིག་གཉིས་སྣ་རྩེ་ལ་གཏད། རྩ་རླུང་གནད་དུ་བཟུང་བའི་ཡན་ལག་དཔུང་པ་ཁྱུང་གཤོག་བཞིན་དུ་གདེངས། དྲོད་རྟགས་མྱུར་བའི་ཡན་ལག་ལུས་སེམས་ཐམས་ཅད་རབ་ཏུ་བསྒྲིམས། ལུས་གནད་མི་འཆུག་པའི་ཐབས་བསྒོམ་ཐག་གིས་ལེགས་པར་བསྡམས། བསྲུང་བ་ཆེན་པོའི་ཐབས་རང་ལུས་ཡི་དམ་དཀྱིལ་འཁོར་བསྒོམ་པའོ། །དེ་ནི་ལུས་སེམས་འབྱུང་བ་དབང་ལ་འདེབས་པའི་གནད་དོ། །འབྱུང་བ་ལུས་ཀྱི་བཅའ་བ་བསྟན་པ་ནི། །རླུང་གཅུན་དྲོད་བསྐྱེད་གནད་དུ་འཛུད་པའི་ཐབས། །ཙོག་པུ་དཀྱིལ་ཆུང་སྒལ་ཚིགས་མདའ་ལྟར་བསྲང་། །བདེ་གསལ་སྟོང་པའི་ཉམས་གསུམ་སྐྱེ་བྱེད་པ། །མཉམ་བཞག་མིག་ནི་སྣར་གཏད་མགྲིན་པ་བསྡམས། །རླུང་བཟུང་དྲོད་མྱུར་ལུས་གནད་མི་འཆུག་པ། །དཔུང་གདེང་ལུས་སེམས་རབ་བསྒྲིམ་སྒོམ་ཐག་བསྡམས། །ལུས་གནད་དགུའི་ཕྱག་རྒྱ་མཆོག་ཏུ་བཟུང་། །ཞེས་གསུངས་སོ། །༧གཉིས་པ་ཐིག་ལེའི་དུས་གནད་བསྟན་པ་ནི། ཟག་བཅས་ཀྱི་ཐིག་ལེ་རྩ་ལ་འགྲིམ་པ་དང་། ཟག་མེད་ཀྱི་ཐིག་ལེ་དབུ་མར་འཛུད་པའི་དུས་གཉིས་ཡིན་ཏེ། ཟག་བཅས་བདེ་བ་འཆར་བའི་དུས་ལ། ཐིག་ལེ་དབུ་མའི་རྩ་ལ་འགྲིམ་པ་ཡིན་ཡང་དེ་བསྒུག་པའི་ཁར་མེད་པས། ཟག་བཅས་ཀྱང་ཟག་མེད་བསྒོམ་ན་ནི་ནམ་ཡང་ཡེ་ཤེས་ཀྱི་རྩ་ལ་རྒྱུ་བ་ཡིན་ཏེ། སྟོང་ཉིད་བསྒོམ་པས་ཡེ་ཤེས་ཀྱི་རྩ་ཁ་བྱེ་བའོ། །དེ་བཞིན་དུ་ཉོན་མོངས་སྐྱེ་བའི་གཏམ་དང་། ཡུལ་བསྟན་པས་འཁོར་བའི་རྩ་ལམ་དུ་རྒྱུ་བའོ། །དེས་ན་བཙན་ཐབས་སུ་ཉོན་མོངས་པ་ཡེ་ཤེས་སུ་བཅད་ལ་ཟག་མེད་སྟོང་པ་ཉིད་བསྒོམ་པས་ཐིག་ལེ་ཡེ་ཤེས་སུ་དྲང་ངོ་། །ཐིག་ལེ་དུས་ཀྱི་དབབ་གནད་བསྟན་པ་ནི། མ་དག་ཐིག་ལེ་ཟག་པ་སྒོ་དགུར་འབབ། །འཆག་གཉིད་སྦྲིད་དང་ངུ་དང་རྒོད་པ་དང། །དུས་དེར་ཡེ་ཤེས་དབྱེ་བས་མི་རྟོག་སྐྱེ། །དག་པའི་ཐིག་ལེ་རྩའི་གནས་ལ་ཡོད། །བཅུ་དྲུག་ཕྱེད་ཕྱེད་འབྲི་བའི་རྣམ་པ་ཀུན། །གང་རུང་བདེ་བར་འཆར་བས་བྱང་སེམས་འཕེལ། །ཤིན་ཏུ་དང་པས་མི་རྟོག་སྟོང་པའི་ཉམས། །བཙན་ཐབས་བསྒོམ་པའི་སྟོབས་ཀྱིས་དབུ་མར་འཛུད། །འབྱུང་བཞི་འདུ་བ་འཁྲུག་ཀྱང་ཉམ་མི་ང་། །ལྷན་སྐྱེས་ཡེ་ཤེས་སྟོབས་ཀྱིས་རྣལ་དུ་ཕེབ། །ཅེས་སོ། །༧གསུམ་པ་ཡེ་ཤེས་རྒྱུ་བའི་རྩ་རྣམས་གསལ་གདབ་པར་བསྟན་པ་ནི། རྩ་བ་གཅིག་དབུས་མཐིང་ཉེ་ལོ་བསམ་གཏན་གྱི་རྩ་ཚངས་པའི་བུ་ག་ནས་གསང་བར་ཐུག་པ་ལ་གཉིས་པོ་ལྟེ་འོག་ཏུ་ཟུག་པ་ལ། གཡས་དཀར་དང་བསྐྱེད་ཐབས་ཀྱི་རྩ་དང། གཡོན་དམར་ཤེས་རབ་མང་རུམ་རྩ་གཉིས་འཁོར་ལོ་ལ་འཁྱུད་ནས་ཀླད་པའི་སྟིང་༼གཏིང་༽ནས་འཁྱོག་སྟེ་སྨིན་མཚམས་ནས་བཀུག་ནས་མ་རི་གཉིས་ལ་ཟུག་པའོ། །རྩ་འདབ་ཀྱང་ལྷ་དང་མཐུན་པར་སྤྱི་བོ་བདེ་ཆེན་འཁོར་ལོ་ལ་རྩ་འདབ་སུམ་ཅུ་སོ་གཉིས་ལ་ཚད་མེད་ཡུམ་སོ་གཉིས་གནས་སོ། །མགྲིན་པ་ལོངས་སྤྱོད་འཁོར་ལོ་ལ་རྩ་འདབ་བཅུ་དྲུག་ལ་རྒྱུན་མེད་ཡུམ་བཅུ་དྲུག་གནས་སོ། །ཐུགས་རྗེ་རྒྱུན་མེད་ཡུམ་ཉི་ཤུ་ཡོད་པ་དང་གྲངས་མ་འགྲིག་ཅེ་ན། དཀྱིལ་འཁོར་དུས་ཕྱོགས་བཞི་དབུས་ལྔ་ཡོད་པས་གྲངས་སུ་བརྩིས་པ་ཙམ་ལས། དོན་གསང་མཆོག་རིགས་བཞིའི་ཡུམ་བཞི་ལ་བྱེད་པའོ། །ཐུགས་ཁ་བོན་ཉིད་ཀྱི་འཁོར་ལོ་བཅུ་གཉིས་ལ་བདེ་ཆེན་སངས་རྒྱས་ཡུམ་བཞི་དང་ཁྲོ་མོ་བརྒྱད་གནས་པའོ། །ལྟེ་བ་སྤྲུལ་པའི་འཁོར་ལོ་དྲུག་ཅུ་རྩ་བཞི་ལ་ཞིང་འཁམས་ཀྱི་འགྱུར་བས། ཤེས་རབ་བློ་ལྡན་མ་ལྔ་ཡོད་པ་བཞིན་འདོད་ཡོན་བཅུ་གཉིས་ལ་དྲུག་ཅུར་འགྱུར་བ་གནས་སོ། །དོན་བྱེད་མ་བཞི་ལ་བལྡབ་མི་འོང་པ་ནི་དོན་བཞིའི་ལས་ཀྱང་དུས་གཅིག་ཡིན་པ་དང་། དཀྱིལ་འཁོར་གྱི་ཡང་གྲུ་ཆད་བཞི་ལ་གནས་པའོ། །ལྟེ་འོག་ཐབས་ཤེས་འཁོར་ལོ་ལ་རྩ་འདབ་བཞི་སྒོམ་སྟེ་སྦྱོར་ལམ་མ་བཞིའོ། །ཡེ་ཤེས་རྒྱུ་བའི་རྩ་དེ་རྣམས་ལས་གཞན་བསྒོམ་པའི་ཚད་མེད་པས། དེ་རྣམས་སུ་ལྷ་རྣམས་གསལ་གདབ་བོ། །དེ་ཡང་བསྒོམ་པའི་རྩ་གཙོ་བོ་གསུམ་མདའ་སྙུག་ཙམ། །འཁོར་ལོ་རྣམས་སྙུག་ཕྲན་ཙམ། ཐིག་ལེ་རྣམས་མེ་ཏོག་ཙམ། །ལྷ་རྣམས་འབྲས་བུའི་ཚུལ་དུ་གསལ་བའོ། །
དེ་ལྟར་ཡང་རྩ་བ་གསུམ་ནི་སྲོག་ཤིང་བརྟེན་པའི་རྩ། །སོ་གཉིས་ཐུགས་རྗེ་ཚད་མེད་ངང་ལ་གནས། །བཅུ་དྲུག་ཐུགས་རྗེ་རྒྱུན་མེད་འགྲོ་དོན་བསྲིང་། །བཅུ་གཉིས་སངས་རྒྱས་འགག་མེད་རྩལ་དུ་ཤར། །རེ་བཞི་འདོད་ཡོན་དོན་བྱེད་སྤྲུལ་པའི་གཟུགས། །བཞི་ནི་ཐབས་དང་ཤེས་རབ་སྦྱོར་བའི་ལམ། །རིགས་ལྔའམ་ནི་སྐུ་གསུམ་ཡུམ་བཅས་གནས། །ཞེས་པས། འཁོར་ལོ་ལྔ་ལ་མཁའ་འགྱིང་རིགས་ལྔ་ལྟེ་བར་བསྐྱེད་པའམ། སྤྱི་བོར་བླ་མ་བོན་སྐུ་ཀུན་ཏུ་བཟང་པོ། མགྲིན་པར་རྫོགས་སྐུ་མཁའ་འགྱིང་། ཐུགས་ཀར་གསང་མཆོགལྟེ་བར་སྤྲུལ་སྐུ་འཆི་མེད། ཐབས་ཤེས་རབ་ལ་བཟང་ཟ་བསྐྱེད་པ་ཡིན་ནོ། །༧བཞི་པ་ནམ་མཁའ་ལྟ་བུ་ལ་སྦྱོར་བའི་རླུང་གི་ཡན་ལག་བཞི་དང་ལྡན་པར་བསྒོམ་སྟེ། དང་པོ་སྣ་བུག་སྲིན་ལག་གཡོན་པས་མནན་ལ་ཐང་གསུམ་འབུད། དེ་ནས་སྣ་བུག་སྲིན་ལག་གཡས་པས་མནན་ལ་ཐང་གསུམ་འབུད། དེ་ནས་གཉིས་ཀ་ནས་ཐང་གསུམ་བུས་པས་རླུང་རོས་ནད་གདོན་སངས་ཀྱིས་སོང་བར་བསམ། རྔུབ་པ་དང། དགངས་པ་དང་། གཞིལ་བ་དང་། འཕང་པའོ། །དེ་ནས་སྣ་བུག་གཉིས་ནས་འཇམ་ལ་རིང་བའི་རླུང་ལྕགས་ཀྱུ་བཞིན་དུ་བཀུག་པའོ། །དེའི་རླུང་རང་གནད་ཀྱི་རྩ་ལ་ཚུད་པའོ། །དྲག་རྩུབ་ཏུ་བྱས་ན་གཞན་དུ་བྱེར་བའོ། །དེ་ནི་རླུང་རྔུབ་པ་སྲིན་བལ་ལྟ་བུའི་རླུང་ངོ་། །དེ་ནས་བཟུང་བའི་དུས་སུ་རྩ་གཉིས་ནས་ན་ར་ར་སོང་པས་དབུ་མར་ལྷུད་ཀྱིས་གང་བར་བསམ་མོ། །དེ་ནི་དགངས་པ་བདུད་རྩི་ལྟ་བུའི་རླུང་ངོ་། །དེ་ནས་གཞིལ་བ་ནི་ཐུབ་ཐུབ་ཏུ་དྲག་པར་མནན། མི་ཐུབ་པ་ལ་རྔུབ་ཆུང་དུ་བྱས་ཤིང་དབུ་མ་ལ་བསྟིམ་མོ། །དེ་ནི་གཞིལ་བའི་རླུང་མེ་དཔུང་ལྟ་བུའོ། །དེ་ནས་མི་ཐུབ་པའི་དུས་སུ་དངོས་སུ་སྣ་བུག་གཉིས་ནས་དལ་བུས་བཏང་ཞིང་། དམིགས་པས་དབུ་མའི་ནང་ནས་སྔོ་སྤུ་རུ་རུ་འགྲོ་བར་བསམ་ཞིང་ལྷག་མ་ཅུང་ཟད་ན་ཡང་བསྡམ་པའོ། །དེ་ནི་འཕང་བ་དུ་བ་ལྟ་བུའི་རླུང་ངོ་། །དེ་ནི་རླུང་སྦྱོར་བའི་ཡན་ལག་བཞི་ཡིན་ཏེ། སྔ་མའི་རླུང་རོ་ནད་དུག་བཏོང་བྱས་ནས། །སྦྱོར་བ་བཞི་ལྡན་བདེ་རླུང་བཟུང་བ་ནི། །ལྕགས་ཀྱུ་ལྟ་བུའི་རླུང་དབྱིབས་སྣ་ནས་རྔུབ། །དཀར་འཇམ་བསྙོམ་ལ་རིང་བ་སྲིན་བལ་འདྲ། །འཁོར་འདས་ཡོན་ཏན་མ་ལུས་སྡུད་པར་བྱེད། །ཆུ་རྒྱུན་ལྟ་བུའི་རླུང་དབྱིབས་རྩ་ལ་དབབ། །ཐབས་དང་ཤེས་རབ་འབྲེལ་པས་དབུ་མར་བསྟིམ། །བདེ་ཆེན་བྱང་སེམས་ཐིག་ལེས་རྒྱས་པར་བྱེད། །མེ་དཔུང་ལྟ་བུའི་རླུང་དབྱིབས་ལུས་ལ་བཟུང་། །སྟོབས་ཆེན་ཤུགས་དང་ལྡན་པས་དབུ་མར་གཞིལ། །ཡེ་ཤེས་བདེ་དྲོད་ནང་ནས་འབར་བར་བྱེད། །དུ་བ་ལྟ་བུའི་རླུང་དབྱིབས་སྤྱི་བོར་གཏང་། །དོན་གྱི་མཆོད་པ་དབུ་མའི་བུ་གར་གདོན། །ནད་གདོན་སྒྲིབ་པ་མདའ་ལྟར་འཕེན་པར་བྱེད། །ཅེས་པའོ། །
༧ལྔ་པ་ངོགས་ལྟར་དག་པའི་ཡུལ་གནད་བསྟན་པ་ལ་གསུམ་སྟེ། རྩོལ་བ་ལུས་སྦྱོང་གནད་ཀྱིས་རྩ་མདུད་བཀྲོལ་བ་དང་། འདྲེན་པ་སྒྲའི་གནད་ཀྱིས་རྩ་ལམ་སྦྱང་པ་དང་། དམིགས་པ་ཏིང་ངེ་འཛིན་གྱི་གནད་ཀྱིས་རྩ་སྐྱོན་བསལ་བའོ། །དང་པོ་ལ་ཡང་གསུམ་སྟེ། རྩ་བའི་རླུང་ལྔས་ལུས་སྦྱོང་གི་བདེ་དྲོད་སྤར་བ་དང་། ཡེ་ཤེས་ཀྱི་འཁྲུལ་འཁོར་བཞི་བཅུ་རྩ་ལྔས་ཡོན་ཏན་བསྐྱེད་པ་དང་། ཐབས་ཀྱི་སྦྱང་བ་དྲུག་ཅུས་ནད་གདོན་བསལ་བའོ། །༧དེ་ལ་གྱེན་རྒྱུ་ནི་མགྲིན་པ་ལོངས་སྤྱོད་ཀྱི་འཁོར་ལོ་ལ་གཏད་དེ། སྐེ་གཡས་གཡོན་དུ་སྒ་ར་ར་གཅུ་ལ་རླུང་ཚངས་པའི་བུ་ག་ན་འཕང་ངོ་། །སྲོག་འཛིན་སྙིང་ཁར་བཟུང་བ་ནི། ཤེས་པ་གློད་ཅིང་བསྟིམ་པའི་ཚུལ་དུ་བྱ་བ་དང། ལག་པ་གཡས་པས་ཁུ་ཚུར་བཅངས་ནས་ཞགས་པ་འཕེན་པ་བཞིན་དང་། སོར་མོ་རེ་རེ་བཞིན་དགྲོལ་བ་ཐང་རེ་བྱ་བ་དང་ལྔ། གཡོན་པས་ཀྱང་དེ་བཞིན་ལྔ་དང་། རོ་སྟོད་གཡས་བསྐྲུལ་གཡོན་བསྐྲུལ་ལྔ་བྱའོ། །མེ་དང་མཉམ་པ་ལྟེ་བར་བཟུང་པ་ནི། སྐྱིལ་ཀྲུང་གི་གསུས་པ་སྒལ་པར་རྡེབ་ཅིང་ལག་པ་གཉིས་རྐེད་པར་འཇུས་ལ་གཡས་སྐོར་ལྔ་གཡོན་སྐོར་ལྔ་རེ་བྱེད་དོ། །ཁྱབ་བྱེད་ཡན་ལག་ལ་བཟུང་པ་ནི། དབང་པོ་ཡན་ལག་ཐམས་ཅད་བསྐུམ་ཞིང་ལག་ན་གཉིས་རེ་མོས་རྩ་རྒྱུད་ལ་ཡར་བྱུག་མར་བྱུག་ལྔ་ལྔ་དང་། མདའ་འགེང་གཞུ་འགེང་དུ་བྱའོ། །ཐུར་སེལ་གསང་གནས་ལ་བཟུང་བ་ནི། འོག་སྒོ་གཉིས་དབྱེ་བཙུམ་དུ་བྱ་ཞིང་ལག་པ་གཉིས་པུས་མོ་གཡས་ལ་འཇུས་ལ་རྐེད་པ་འཁོར་ལོ་བཞིན་གཡས་སུ་ཐང་ལྔ་བསྐོར་བ་དང་། གཉིས་ཀ་གཡོན་ལ་འཇུས་ལ་ཐང་ལྔ་བསྐོར་བ་དང་། གཉིས་ཀ་ལ་འཇུས་ལ་བསྐྲུལ་བ་དེ་བཞིན་དུ་བྱའོ། །འཁྲུལ་འཁོར་ཡན་ལག་གི་སྦྱོར་བ་སྐྱོན་དགག་ཏུ་གོ་ཕུག་ཧ་ར། ༧དེ་དག་ཀྱང་རླུང་བཟུང་བ་དང་འཁོར་ལོ་ལྔ་ལ་དམིགས་པ་རེས་མོས་གཏད་པ་དང་། ལུས་སྦྱོང་གི་ཡན་ལག་དུས་གཅིག་ཏུ་བྱེད་པའོ། །དེས་དང་པོ་ལུས་ལ་དྲོད་སྐྱེ། དེ་ནས་སྣང་བ་འཆར་ཏེ། དང་པོ་སྨྲིག་རྒྱུ་ལྟ་བུ་འབྱུང་སྟེ་སའི་རླུང་ཟིན་པའོ། །དེ་ནས་དུ་བ་ལྟ་བུ་འབྱུང་སྟེ་ཆུའི་རླུང་ཟིན་པའོ། །དེ་ནས་སྲིན་བུ་མེ་ཁྱེར་ལྟ་བུ་འབྱུང་སྟེ་མེའི་རླུང་ཟིན་པའོ། ། དེ་ནས་མར་མེ་ལྟ་བུ་འབྱུང་སྟེ་རླུང་གི་རླུང་ཟིན་པའོ། །དེ་ནས་ནམ་མཁའ་སྤྲིན་དང་བྲལ་བ་ལྟ་བུ་འབྱུང་སྟེ་ནམ་མཁའི་རླུང་ཟིན་པའོ། །དེ་ནས་ཡེ་ཤེས་དངོས་སུ་ཐོབ་པ་འབྱུང་སྟེ། སྤྱིར་ས་ལམ་གྱི་ལམ་རྟགས་ས་ལམ་དང་ཐད་ཀར་ཆོད་པ་འབྱུང་བ་ནི། བསྒོམ་པ་དང་རྩ་རླུང་གཉིས་ཀ་བསྡོང་པ་ལས་འབྱུང་པའོ། །དེ་ལྟར་དུ་ཡང་ངོགས་བཞིན་དག་པར་བྱེད་པའི་ལས་གསུམ་ནི། རྩའི་མདུད་གྲོལ་ངག་གིས་རྩ་ལམ་སྦྱངས། །དམིགས་པས་སྐྱོན་བསལ་སྒོ་གསུམ་ཡོན་ཏན་བསྐྱེད། །ལུས་སྦྱོང་རྩ་བ་ལྔ་དང་ཞེ་ལྔ་དང་། །ཡན་ལག་དྲུག་ཅུས་བདེ་དྲོད་ཡོན་ཏན་བསྐྱེད། །གྱེན་རྒྱུས་མགྲིན་པའི་འཁོར་ལོ་ཡོངས་སུ་བསྐོར། །སྲོག་འཛིན་ཐུགས་ཀློད་ཞགས་འདེབས་སོར་མོ་དགྲོལ། །མེ་མཉམ་གསུས་རྡེབས་རྐེད་པ་འགལ་མེས་བསྒྱུར། །ཁྱབ་བྱེད་ཀུན་བསྡམ་རྩ་བྱུག་མདའ་འགིང་བྱ། །ཐུར་སེལ་སྒོ་བསྡམ་པུས་འཛིན་ཡོངས་སུ་བསྐྲུག། རླུང་བཟུང་ལུས་སྦྱོང་དམིགས་པ་གསུམ་འཛོམས་པས། །སྨྱིགས་༼སྨྲིག་༽རྒྱུའི་འོད་འབྱིན་གཡུ་བུན་དུ་བ་འཕྱུར། །ཟེར་གྱི་མདངས་འབྱུང་གསལ་བའི་སྒྲོན་མེ་འབར། །སྤྲིན་མེད་ནམ་མཁའ་དག་པ་ཇིི་བཞིན་དུ། །འབྱུང་ལྔའི་རླུང་རྟགས་སྣང་བ་གསལ་བར་འཆར། །དེ་ལ་གོམས་པས་ཡེ་ཤེས་ལྔ་ཡོང་ངོ་། །ཞེས་སོ། །༧གཉིས་པ་འདྲེན་པ་སྒྲའི་གནད་ཀྱིས་རྩ་ལམ་སྦྱང་བ་ནི། བླ་མ་དགྱེས་པའི་འགྱིང་རིང་ཞེས་པ་ཧི་ཧིང་གིས་སྟོབས་བསྐྱེད། ཡི་དམ་འཛུམ་པའི་བསྡུས་འབོད་ཅེས་པ་ཧཱུ་ཧཱུཾ་གིས་གནད་ལ་དབབ། མཁའ་འགྲོ་འབོད་པའི་བརྡའ་སྐད་ཅེས་པ་ཧཱུཾ་ཧྲི་ཡིས་སྤར་འདོན་བྱེད། ཡང་ན་ཨ་ཡང་ཞེས་པ་དཔང་དམའ་བ་ཡར་ལ་འདེགས་པ་དང་ཨཱོྃ་ཧཱུཾ་ཞེས་པས་ཆད་ཅིང་འཕྲོ་བ་མཐུད་པ་དང་། མགོ་ན་བ་ལ་འབིག་བྱེད་འབྲུ་གཅིག་ཧིག་གིས་དྲང་བ། འཕྱོ་བ་ལ་ཧཾ་ཞེས་པས་མར་རྟིག གློ་སྙིང་རོ་སྟོད་ན་བ་ལ་ཧ་ཕུས་ཞེས་འབུད། རྒྱབ་ན་གཟེར་བ་ལ་ཧ་མང་། བྲང་ན་ཞིང་གཟེར་བ་ལ་ཕུ་མང་། འཐམ་པ་ལ་ཕཊ་ཀྱིས་འགྲེམ། འཐོར་ན་ཧཱུཾ་གིས་སྡུད། སྲབ་ན་ཧས་ཀྱིས་འཐུག དེ་ལས་སོགས་པའི་སྒྲ་སྐད་སྣ་ཚོགས་པས་མི་བདེ་བ་ཀུན་དྲང་པར་བྱའོ། །དེའི་༼དེས༽རྩ་གནས་འགག་པ་དང་འཁྱིམ་པ་དང་། རིང་བའི་ནད་དང་གགས་ཀུན་བྱང་བར་འགྱུར་རོ། །འདྲེན་པ་སྒྲའི་གནད་རྣམས་རྩ་ལམ་སྦྱངས། །གནས་བརྒྱད་ལམ་ལས་འདོན་བྱེད་ཡི་གེའི་ཚོགས། །སྟོད་སྨད་སྒྲིམ་གློད་བསྡམ་བསྡུད་གཏོར་དང་འདྲེན། །སྐྱེས་བུའི་གར་བཞིན་རྣམ་འགྱུར་དུ་མའི་ཚོགས། །གང་ལ་བྱ་བའི་ནུས་པ་བསམ་འདས་པས། །མཁས་པའི་རྩལ་གྱིས་ཡོངས་སུ་དྲང་བར་བྱ། །༔༧གསུམ་པ་དམིགས་པ་ཏིང་ངེ་འཛིན་གྱིས་རྩ་སྐྱོན་བསལ་བ་ནི། སྤྱིར་སེམས་ཀྱི་རྒྱལ་པོ་སྣ་ཚོགས་སུ་འཕྲོས་པས། རླུང་ཁྲིད་དེ་རླུང་སེམས་ལོག་པར་འཇུག་པ་ཡིན་པས་ན། དམིགས་པའི་རྟེན་གཅིག་ལ་བཟུང་པས་ལས་སུ་རུང་པར་འགྱུར་བའོ། །དེ་ཡང་ལྟེ་བའི་འོག་གྲུ་གསུམ་མེའི་དཀྱིལ་འཁོར་དུ། མཁའ་འགྲོ་མ་འདེགས་བྱེད་སྒྲོལ་མ། ཚད་པ་ཆེ་ན་ལྗང་ཁུ། གྲང་བ་ཆེ་ན་དམར་པོ། གྲི་ཁུག་དང་ཐོད་ཁྲག་ཅན། ཐབས་ཀྱི་ངོ་བོ་ཁ་ཏང་༼ཊཱཾ་༽ཁ་ལ་འཁྱུད་པ། དེ་ཡང་དམར་འབར་མེའི་རང་བཞིན་མོ་ཁབ་ཙམ་གཅིག་ལ་བློ་གཏད་དོ། །རྩ་དབུ་མའི་ནང་གི་དམིགས་པ་དེ་ཤིན་དུ་ཕྲ་ན་དྲོད་སྐྱེ་མྱུར་བ་ཡིན་ནོ། །དེ་ནི་དང་པོའི་དུས་སུ་བསྲུང་བར་འགྱུར་རོ། །དེ་ནས་གང་བདེ་ལ་སྤོས་ཀྱིན་བྱ་སྟེ། སེམས་བྱིང་རྒོད་ཆེ་ན་ཨ་དམར་པོ་ལ་གཏད། རྟོག་པ་མང་ན་ཐིག་ལེ་དཀར་པོ་ལ་གཏད། གྲང་བ་ཆེ་ན་མེའི་རྒྱུན་ལ་གཏད། དེ་ལས་སོགས་པ་གང་བདེ་བ་ལ་སྤོས་ཀྱིན་བྱའོ། །དེ་ནས་ཡེ་ཤེས་རྙེད་ནས་ཐེག་པ་ཆེན་པོའི་ངོ་བོ་ཉིད་ཀྱི་ངང་ལས་གཏུམ་མོ་བཟུང་པ་ཡིན་ནོ། །དེ་དག་ནི་དམིགས་པས་རླུང་སེམས་དབུ་མ་ལ་འཛུད་པར་བྱའོ། །༧ཏིང་འཛིན་གནད་ཀྱིས་རྩ་སྐྱོན་བསལ་བ་ནི། །སེམས་ཀྱི་རྟོག་པས་རླུང་ཁྲིད་ལོག་པར་འཇུག། འཁྲུལ་པའི་རྩ་ལམ་རྒྱུ་བ་དགག་པའི་ཕྱིར། །དང་པོའི་དུས་སུ་སྤྲུལ་སྐུའི་ཏིང་ངེ་འཛིན། །འདེགས་བྱེད་སྒྲོལ་མ་ཐབས་ཀྱི་ཁ་ཏང་༼ཊཱཾ་༽འཛིན། །སྐུ་རུ་བསྒོམ་པས་སྲུང་བའི་མཆོག་ཏུ་འགྱུར། །ལས་སུ་རུང་ནས་རྫོགས་སྐུའི་ཏིང་ངེ་འཛིན། །ཨ་དམར་ཐིག་ལེ་མེ་རྒྱུན་ཙཎྜ་ལི། །བྱིང་རྒོད་འཕྲོས་དང་ཚ་གྲང་གནད་ལ་བསྣུན། །རང་སེམས་ཐབས་དང་ཤེས་རབ་གང་འདོད་འབྱུང་། །ཡེ་ཤེས་རྙེད་ནས་བོན་སྐུའི་ཏིང་ངེ་འཛིན། །འོད་གསལ་སྟོང་ཉིད་མཁའ་ལྟར་དག་པའི་དོན། །རྣམ་གྲོལ་ཟབ་མོའི་ལམ་ལ་བགྲོད་པར་བྱ། །ཐབས་མཆོག་རྒྱལ་པོ་ཐེག་པའི་རུ་ཤིང་འདི། །གསང་སྔགས་གསང་བ་མཆོག་གི་རྟ་པོ་༼ཕོ༽ཡིན། །ཐེག་པ་ཆེན་པོ་ཉིད་ཀྱི་གཤོག་པ་སྟེ། །བསྒོམ་ཆེན་ཡང་དག་བྱེད་པའི་རུ་དར་རོ། །རི་ཁྲོད་དགོན་པར་གནས་པའི་ཕ་ནོར་ཏེ། །གཅིག་པུར་དབེན་པ་འཛིན་པའི་སྲོག་མཁར་བྱེད། །ནད་གདོན་བར་ཆོད་སྒྲོལ་བའི་མཚོན་ཆ་ལ། །རང་ལུས་བདེ་དྲོད་འབར་བའི་གོས་པོ་ཆེ། །བཅུད་ལེན་ནུས་པ་བསྐྱེད་པ་བདུད་རྩིའི་ཟས། །སྡུག་བསྔལ་འཁོར་བས་མི་ཐུབ་གོ་ཆ་བརྩན། །དབུ་མའི་རྩ་ཁ་འབྱེད་པའི་ལྡེ་མིག་ཡིན། །ཡེ་ཤེས་བདེ་རླུང་བསྐྱེད་པའི་གཡོབ་དར་ལ། །བྱང་སེམས་ཐིག་ལེ་རྒྱས་པའི་དམུ་ཡད་ཟས། །རང་རིག་ཡེ་ཤེས་གསལ་བའི་ཡི་གེ་མཆོག རྟོགས་པ་དྭངས་སྙིགས་འབྱེད་པ་སྲིད་པའི་རླུང་། །ཐར་པའི་སྦུག་གུ་སེལ་བའི་ཡི་དམ་ལྷ། །ཡོན་ཏན་བསམ་གྱིས་མི་ཁྱབ་ལམ་འདི་ཡིན། །ཞེས་ཡོན་ཏན་དུ་མ་ཡང་གསུངས་པ། ཤུགས་ཀྱིས་མ་བཤད་ཀྱང་གོ་བའོ། །༧དེ་ལྟར་གསང་སྔགས་ཀྱི་རྩ་བ་ཐེག་པ་ཆེན་པོ་བསྒོམ་པ་ལ། ཡང་དག་པའི་གནད་རླུང་གིས་ལས་ཐམས་ཅད་བྱེད་པ་ཡིན་པས། གང་ཟག་གི་ཕུང་པོའི་འཁམས་དང་འབྱུང་བ་མི་གཅིག་པས། ནད་དང་གགས་དང་སྐྱོན་བྱུང་ན་བཅོས་དགོས་པ་ཡིན་པས། དེ་ལ་ཡང་བསྡུས་ན་གསུམ་སྟེ། ཕྱི་ལྟར་དམིགས་པའི་ཐབས་ལམ་གྱིས་གདོན་སྟོང་ཕྲག་བརྒྱད་ཅུ་ཞི་བར་བྱ་བ་དང་། ནང་ལྟར་སྦྱངས་པའི་ཐབས་ལམ་གྱིས་ནད་བཞི་བརྒྱ་རྩ་བཞི་ཞི་བར་བྱ་བ་དང་། གསང་བ་ལྟར་རྟོགས་པའི་ཐབས་ལམ་གྱིས་ཉོན་མོངས་པ་བརྒྱད་ཁྲི་བཞི་སྟོང་ཞི་བར་བྱའོ། །དེ་ཡང་གདོན་ཐོག་ཏུ་བབ་པ་འདྲེའི་ཆོ་འཕྲུལ་སྣ་ཚོགས་འཁྲུག་པ་ལ། གདོན་ངེས་པར་སངས་རྒྱས་ཀྱི་སྤྲུལ་པ་ཡིན་པས། རང་ལ་བརྩོན་འགྲུས་ཀྱི་ལྕག་བྱེད་པས་དེའི་དོན་དུ་བྱམས་སྙིང་རྗེ་དང་སྟོང་ཉིད་དུ་བསྒོམ་པའོ། །ནད་བཞི་བརྒྱ་རྩ་བཞི་ཡོད་ཀྱང་བསྒོམ་པའི་གང་ཟག་ལ་རྩ་བའི་གག་བཅུ་དྲུག་བྱུང་པ་ཡིན་ནོ། །དེ་གང་ཞེ་ན། འགག་པ། འཁྱིམ་པ། རེན་པ། ཞུགས་པ། འབྱམས་པ། དྲེད་པ། མགོ་འཐིབ། སྙིང་རླུང་། སྟོད་རྒྱས། འཕར་འདར། རྒྱུ་འཁྲུགས། ཤ་གསུ། གསུས་ནད། གཞུང་ནད། སྐེ་རྒྱས། སྐྱ་སྦབ་དང། ནད་ཀྱི་རིགས་སུ་གྱུར་པ་དེ་ཚོའོ། །རླུང་གི་ནད་དུ་གྱུར་པ་ཕྱི་རླུང་ལུས་ལ་རེང་པ། ནང་རླུང་རྩ་ལ་རེང་པ། གསང་རླུང་སེམས་ལ་རེང་པ་གསུམ་གྱིས་བསྡུས་པ་རྣམས་སོ། །ཉོན་མོངས་པ་ལས་གྱུར་པ་དྲེད་ཀྱི་རྣམ་པ་བཞིའོ། །དེ་ལྟར་སྐྱོན་བཅོས་ཤིང་ཡོན་ཏན་བསྐྱེད་པའི་ཐབས་བསྟན་པ་ནི། འགག་པ་ལ་གསུམ་སྟེ། རླུང་འགག་པ་དང་། དྲི་ཆེན་འགག་པ་དང་། དྲི་ཆུ་འགག་པའོ། །དང་པོ་ནི་མཁའ་འགྲོའི་གནད་ཀྱིས། རླུང་ཕྱིར་སོང་ནང་དུ་མ་འདུས་ནས་འགག་ན། ལྷག་མའི་རླུང་ཐུབ་ཚད་དུ་མནན་ཞིང་ནང་དུ་བཟུངས་སོ། །ནང་རླུང་ཕྱིར་མི་རྒྱུ་བར་འགག་ན་སྣ་བུག་གཉིས་ནས་དྲག་ཏུ་འབུད། དེ་ལྟར་བྱས་པས་ཕན་ནོ། །དྲི་ཆེན་འགག་ན་སྟེགས་གཉིས་ཤིང་གཅིག་བཞག་ལ་གོས་སྟན་གྱི་ལྗིབ་སྟེ། ལྟེ་བ་ཤིང་ལ་བཀལ་ལ་ཁ་སྦུབ་ཉལ་ནས་བྱ་ལྡིང་བ་བཞིན་འཁྲུལ་འཁོར་བྱ། རྐང་ལག་ཡར་མར་དུ་ཤད་ཤད་བརྐྱང་ངོ་། །དྲི་ཆུ་འགག་ན་ལག་པའི་མཐེབ་ཆེན་གཉིས་ཀྱིས་དཔྱི་སྣ་གཉིས་ནོན་པར་བྱ། སོར་མོ་གཞན་རྣམས་ཀྱིས་འབྲས་བུའི་རྩ་བ་མནན་ཞིང་བྱུག་ལ། སྤྲེའུ་རྩེ་མཁན་ལྟ་བུའི་འཁྲུལ་འཁོར་བྱའོ། །སྟེང་འགག་ན་འོག་སྒོ་གཉིས་བསྡམ་ལ་རླུང་དང་ཤེས་པ་གཉིས་ཀ་གྱེན་ལ་འདོན། འོག་འགག་ན་སྟེང་བསྡམ་ལ་རླུང་འོག་ཏུ་གཏད་ལ་ཤད་ཀྱིས་བཏང་ངོ་། །
༒གཉིས་པ་འཁྱིམ་པ་ལ་སྟོད་འཁྱིམ་སྨད་འཁྱིམ་གཉིས། ཕྱི་འཁྱིམ་ནང་འཁྱིམ་གཉིས། སྟོད་རླུང་འཁྱིམ་པས་རོ་སྟོད་གཟེར་ཞིང་ཕོ་ཁ་འགག་པ་བྱུང་ན། རླུང་དྲག་ཏུ་བཟུང་ལ་སེང་འགེ་༼གེ་༽སྤྲུག་རྡེབ་ཀྱི་འཁྲུལ་འཁོར་ལག་པ་གཉིས་གཡས་སྤྲུག་གཡོན་སྤྲུག་བྱའོ། །སྨད་འཁྱིམ་སྦོས་ན། ན་ས་མན་ཆད་དུ་ཤེས་པ་གཏད་ལ་གཡག་རྒོད་ཆད་པའི་འཁྲུལ་འཁོར་བྱ། བསྒོམ་བཞག་པའི་དུས་སུ་ཧ་ཧ་དྲག་ཏུ་བྱའོ། །ཕྱི་འཁྱིམ་ཕྱི་རུ་རླུང་འཐུམ་པས། སྨྲ་མ་ཤེས་ན་གྲེ་བར་རླུང་བཏོན། འགྲོ་མ་ཤེས་ན་རྐང་མཐིལ་དུ་རླུང་བཏོན། གར་ན་ས་རུ་སྟོང་པ་དང་ཁྲོལ་ཚག་ལྟ་བུ་བྱ། ན་བ་ཐོག་དབབ་ཀྱི་འཁྲུལ་འཁོར་ན་ས་ཀུན་ཏུ་མི་དྲག་པར་བརྡུང་ངོ་། །ནང་འཁྱིམ་ཤ་མཐོང་བར་དུ་རླུང་ཞུགས་ནས་སྐྱ་སྦབས་སུ་སོང་ན། ན་ས་སོར་མོས་བསྡུས་ནས་ལག་ཡས་གཡོབ་ཅིང་བརྡུང་པ་ཁུག་ཁུག་བྱས་ན་ཕན་ནོ། །རུས་མིག་འཕྲ་མོའམ་ཀོར་ཙེར་རླུང་འཁྱིམ་པས། ལུས་སྐམ་གཟེར་ན་ཚ་བྱུང་ན། གང་ན་ས་ཡི་ཐད་དུ་པད་མ་ལྟེ་བའི་གསེང་བུ་ཅན་དུ། ཧཱུཾ་སྟོབས་པོ་ཆེའི་ནད་ཅུར་ཅུར་ཐེན་པར་བསམ་པས་ཕན་ནོ། །༧གསུམ་པ་རེན་པ་ལ་ཡང་གཉིས་ཏེ། དྲག་ཐལ་བས་རེན་པ་སྤྲོ་ཐུང་རིག་པ་སྤུན་ཚིག་པ་ཟ་བའོ། །དེ་ལ་ནི་ཅུང་ཟད་གློད་ཅིང་ལས་དཀའ་རྔུལ་ཐོན་པ་ཙམ་དང། སྒྲ་གནད་ཀྱིས་སྤར་བའོ། །ཞེན་ཐལ་བས་རེན་པ་ལེ་ལོའི་དབང་གིས་བསྒོམ་ཤོར་ཐབས་སུ་སོང་བས། ངན་ལང་དུ་རེངས་ནས་འཇུག་དཀའ་ཞིང་རེན་པའོ། །དེ་ལ་ནི་ལུས་སེམས་དྲག་ཏུ་གཅུན་ལ་གཉའ་ལངས་སུ་མི་བཏང་ལ་བསྒོམ་པའོ། །༧ཞུགས་པ་ནི་ཁྱབ་བྱེད་ཀྱི་རླུང་མི་འདོད་པའི་ཕྱོགས་སུ་ཞུགས་པས་ལུས་འགྱེལ་ཞིང་འགྲོ་བ་སྟེ། དེ་ལ་ཐིག་ལེ་ལ་སེམས་གཏད་པས་བསྲང་པ་ནི། གཡོན་དུ་འགྱེལ་ན་གཡས་ཀྱི་རྩེའུ་ཆུང་དུ་ཐིག་ལེ་དཀར་པོ་གཅིག་བསམ། གཡས་སུ་འགྱེལ་ན་གཡོན་གྱི་རྩེའུ་ཆུང་དུ་ཐིག་ལེ་གཅིག་བསམ། མདུན་དུ་འགྱེལ་ན་རྒྱབ་ཀྱི་ལྟག་ཁུང་དུ་བསམ། རྒྱབ་ཏུ་འགྱེལ་ན་མདུན་གྱི་དཔྲལ་བ་རུ་བསམ། དེ་ནི་ཡེ་ཤེས་བཞིའི་ཐིག་ལེ་བཏབ་པས་བསྲོང་པའོ། །ཞུགས་པ་འབྲིང་པོ་འཁྲུལ་པའི་རྩར་རླུང་སེམས་ཞུགས་ནས་འབོག་བརྒྱལ་དུ་སོང་ན། དེ་དགག་པའི་བསྒོམ་ཐབས་ནི། རྩ་དབུ་མ་ངང་སེང་ངེ་བ་སྦ་ལྕག་ཙམ་གཅིག་བསམ་པའི་སྟེང་དུ་ཨ་དཀར་པོ། བར་དུ་ཨཱོྃ་དམར་པོ། མར་སྣེར་ཧཱུཾ་མཐིང་ཁ། དེ་གསུམ་རེ་རེ་ལ་ཡང་རང་འདྲའི་ཡི་གེ་གྲངས་མེད་པས་གཡས་སྐོར་དུ་བསྐོར་བ་ལ། འོད་ཟེར་གྱི་རྒྱུན་དབུ་མར་ཡར་འགྲོ་མར་འགྲོ་བྱེད་པར་བསམ་ཞིང། ཨ་ཨཱོྃ་ཧཱུཾ་ཞེས་བཟླས་པ་དང་བསྒོམ་པས་སེལ་བར་འགྱུར། ཡང་ན་རྩ་གཡས་དཀར་དུ་ཨཱོྃ། གཡོན་དམར་དུ་ཧཱུཾ། དབུས་མཐིང་དུ་ཨའི་ཐིམ་མེ་གང་བ་ལ། འོད་ཟེར་འདུ་འཕྲོ་དཔག་ཏུ་མེད་པ་བསམ་ཞིང་བསྒོམ་པས། དུག་གསུམ་ཞི་ཞིང་སྲུང་བའི་མཆོག་ཏུ་འགྱུར་རོ། །ཞུགས་པ་ཆེན་པོ་ནི་རྩ་སྨྲ་བསམ་རྩི་དུག་གི་ནང་དུ་རླུང་སེམས་འདུས་པས། སེམས་ལ་ཅི་བསམ་རྣ་བར་རྟོལ་རྟོལ་གཏམ་པ་འབྱུང་སྟེ། མི་གཞན་གྱིས་ཅི་བསམ་པ་གཏམ་པ་དང་། འདྲེ་རང་ལ་གང་གནོད་པ་ཟློ་བ་དང། གཏེར་དང་འབྲུ་ནོར་གར་ཡོད་བསམ་ན་དེ་ན་ཡོད་ཟེར་བ་ལས་སོགས་མངོན་པར་ཤེས་པ་སྟོན་པ་བཞིན་དུ། རང་ཁ་དང་རང་སེམས་བློ་གྲོས་འགྲིག་པའི་གཏམ་བཟློ་བ་འབྱུང་ངོ་། །དེ་མ་བཅོས་ན་ཇེ་ཆེ་ལ་བདུད་དང་བསྙོ་༼སྨྱོ༽འབོགས་སུ་གྱུར་པས། རྩ་དབུ་མའི་ཡར་སྣེ་ལ་སེང་ཁྲི་པད་ཟླའི་སྟེང་དུ་ཡི་དམ་དང་བརྒྱུད་པ་ཐམས་ཅད་གཞའ་ཚོན་གྱི་འོད་རྒྱུད་ལ་བསམ་ལ། རྩ་ཁ་ཧཾ་ལ་གཏད་པས། བླ་མ་ཡི་དམ་འོད་དུ་ཞུ་ནས་རིམ་པར་བསྟིམས་པས། ཧཾ་ལ་བདུད་རྩིའི་རྒྱུན་བབས་ནས་རྩ་ཐམས་ཅད་གང་བར་བསམ་ཞིང་བསྒོམ་མོ། །དེས་སེལ་བར་འགྱུར་རོ། །འབྱམས་པ་ལ་གསུམ་སྟེ། རྟོག་པའི་བློ་འབྱམས། འབྱུང་བའི་རྒྱུད་འབྱམས། བདུད་ཀྱི་བྱིན་འབྱམས་པའོ། །དང་པོ་ནི་སེམས་གནས་སུ་མི་འདོད་པར་རྟོག་པ་སྣ་ཚོགས་སུ་འཕྲོ་བའོ། །དེ་ཡང་རང་གི་ལུས་དང་ཡོ་བྱད་འགའ་ཞིག་རྒྱུ་ཞིང་འཕྲོ་ན། མདུན་གྱི་ནམ་མཁའ་ལ་བླ་མ་བསྒོམ་ལ་རང་གི་མགོ་བཅད་ལ་ཕུལ་བས་བཞེས་པར་བསམ། དེ་བཞིན་ཡན་ལག་མགོ་སྙིང་ཀུན་ཕུལ་བས་སྟོང་པ་ལ་སྦྱང་ངོ་། །དོན་མེད་པའི་དྲན་པ་སྣ་ཚོགས་སུ་འཕྲོ་ན། རྩ་དབུ་མ་གསལ་བའི་འཁོར་ལོ་ལྔ་ལ་བླ་མ་མཚན་དང་གཟི་བརྗིད་ལྡན་པར་བསྐྱེད་ལ། འོད་ཟེར་གྱི་ཕུང་པོ་ཕྲ་ཕྲ་རམ་རམ་ཉུག་ཉུག་པ་མང་པོས་རྩ་གནས་ཁྱབ་ཅིང་། ཁང་པ་མགྲོན་གྱིས་གང་བ་བཞིན་དུ་བསམ་མོ། །༧ཡང་ཤེས་པ་འཆད་ཅིང་འཕྲོ་སྡོད་མི་ཚུགས་པར་ཙིག་པ་ཟ་ན། རླུང་ཡིན་པས་འཚོགས་གསང་དང་རླུང་གསང་དུ་མི་ཚིལ་དང་སྐུ་བྱུག་བྱའོ། །དེ་ལ་བསྒོམ་པའི་དུས་སུ་ཉོན་མོངས་ཞེ་སྡང་འདོད་ཆགས་གཏི་མུག་གསུམ་ལ་འཕྲོས་ནས། བསྒོམ་གནས་སུ་མི་འདོད་པ་ལ། འབྱུང་བ་ལུས་འཁྲུག་གི་འོང་པ་དང་། བདུད་ཀྱི་འོང་པ་གཉིས་སོ། །དེ་ལ་སྒོམ་ཡང་རེས་ཡང་དག་པ་འོང་རེས་རྣམ་རྟོག་ཏུ་ལྡང་ན་ལུས་འཁྲུག་གི་ནད་ཡིན། བསྒོམ་ཡེ་མི་གནས་ཞིང་ཆགས་སྡང་ཁོ་ནར་འཕྲོ་ན་བདུད་ཡིན། ཐུན་འགོ་བས་ཐུན་འགབ་ཀྱི་མི་བཟང་ལ་སོང་ན་གདོན་ཡིན། རྨུག་འཐིབ་གཉིད་དུ་སོང་ན་ཡང་དེ་ཡིན། བསྒོམ་པ་ལ་ཞུགས་ན་གཉིད་ཅིང་མི་བསྒོམ་པར་གཉིད་མེད་ན་གདོན་ཡིན། དེ་ལ་བདུད་ཀྱིས་མི་ཚུགས་པའི་སྲུང་བ་ནི། མཁའ་འགྲོ་ཐུགས་རྗེ་ཉི་མའི་ཐུགས་ཀར་ཡི་དམ། དེའི་ཐུགས་ཀར་རང་གི་བླ་མ། དེའི་ཐུགས་ཀར་རང་བསྒོམ་ལ། རྩ་གསུམ་གསལ་གདབ་པའི་ནང་དུ། གཏི་མུག་ཤས་ཆེ་ན་དབུ་མའི་ནང་དུ་བླ་མ་སྒོམ། ཞེ་སྡང་གཡས་དཀར་ཡི་དམ་གྱིས་བཀང་། གཡོན་དམར་འདོད་ཆགས་མཁའ་འགྲོས་བཀང་ངོ་། །མདུན་དུ་བླ་མ་རྒྱུད་པ་དང་བཅས་པ། ཡི་དམ་གཙོ་འཁོར་དང་བཅས་པ། མཁའ་འགྲོ་བཀའ་སྐྱོང་དང་བཅས་པ་ལ། ཕར་ལ་ཕྱི་ནང་གསང་བའི་མཆོད་པ་འབུལ་ཞིང་། ཚུར་ལ་ཡེ་ཤེས་བདུད་རྩིའི་ཆུ་རྒྱུན་དུ་སྤྱན་དྲང་བས་དུག་གསུམ་སེལ་ལོ། །དེ་ལྟར་བདུད་ཀྱི་བྱིན་འབྱམས་པ་མ་སེལ་བར་དུ་བྱའོ། དེ་ནས་འབྱུང་པ་ལ་རྒྱུད་འབྱམས་པ་དང་འཁྲུག་འབྱམས་གཉིས་སོ། །རྒྱུད་འབྱམས་པ་འབྱུང་བ་རང་ལུགས་ཤས་ཆེ་བ་ཡིན། འཁྲུག་འབྱམས་འབྱུང་བ་གཉིས་སྡེབས་སུ་འཁྲུག་པའོ། །དང་པོ་འབྱུང་བ་རང་རྒྱུད་ཤས་ཆེ་བ་ལ་གཞན་གྱིས་བཅོས་ཏེ། ས་ཤས་ཆེ་བས་ལུས་པོ་ལྗི། འགྲོ་མི་འདོད་ཤེས་པ་འཐིབ། དེ་ལ་ས་ཕྱོགས་བསིལ་བ་བསྟེན། རང་ལུས་ཁྲུ་བུས་པ་ལྟར་སྟོང་པར་ཟླ་བའི་དཀྱིལ་འཁོར་གྲང་ལྷང་ངེ་བ་བསམ་ལ། དེའི་དཀྱིལ་གྱི་བཾ་ལས་བདུད་རྩི་དཀར་ལ་བསིལ་བ་བབས་པར་བསམ་ཞིང་། རླུང་ཐུན་ཉི་ཤུ་རྩ་གཅིག་ཐུན་གཅིག་ཏུ་བྱས་པའི་ཐུན་བདུན་ནམ་བཅུ་བཞི་ཉི་ཤུ་རྩ་གཅིག་གི་རབ་འབྲིང་ཐ་མའི་ཚུལ་དུ་སེལ་ལོ། །མེ་ཤས་ཆེ་བ་འཆད་ཅིང་འཕྲོ་བ་ལ། སྤྱི་བོ་ནས་ཆུ་ཤེལ་གྱི་བུམ་པ་ཁ་ཐུར་དུ་གྱུར་བ་ལས། ཆུ་སེལ་༼སལེ་༽ལྗོན་ཕྱུག་གྲང་ལྷང་ལྷང་འབབ་པར་བསམ་ལ། རླུང་སྒྲ་བཅས་སུ་རྔུབ་ཅིང་སྒྲ་བཅས་སུ་བཏང་། ཆུ་ཤས་ཆེ་བས་ལུས་གྲང་བ་སྐྱེ། ཟས་མི་འཆུན་ཅིང་ཕོ་བ་ན། རྒྱུ་སྨད་སྦོས་པ་ལ། འོག་སྒོར་ཡང་ལས་རླུང་བྱུང་། ལྟེ་བའི་རཾ་ལས་མེ་དཔུང་འབར་ནས། མེ་ལྕེ་དམར་ཚུབ་ཚུབ་བསྒོམ། རླུང་སྒྲ་མེད་དུ་བཟུང། སྒྲ་མེད་དུ་བཏང་། རླུང་ཤས་ཆེ་བས་འགྲོ་ལ་དགའ། ཏིང་ངེ་འཛིན་གཡེལ། ཤེས་པ་འཕྱོ། དེ་ལ་སྙིང་ཁར་སའི་དཀྱིལ་འཁོར་གྲུ་བཞི་ལ་ནོར་བུ་རིན་པོ་ཆེ་ལྗིད་ལྗིད་འདྲ་བ་བཞིའི་ཟུར་ནས་འཕྱང་བར་བསམ་ལ། འཇམ་རླུང་བཟུང་། སྐུ་མཉེ་དང་དྲོད་བཅུད་བརྟེན། ནག་སར་བསྒོམ་མོ། །དེ་ནི་འབྱུང་བ་གཅིག་གིས་གཅིག་བཅོས་པའོ། །འབྱུང་བ་བཞི་འཁྲུག་པ་བསལ་བ་ནི། སའི་རླུང་དང་རླུང་གི་རླུང་གཉིས་འཁྲུག་པ་ལ་ཞེ་སྡང་བྷ་༼འབའ༽ཞིག་ཏུ་འབར། ཆུ་རླུང་མེ་རླུང་གཉིས་འཁྲུག་ན་འདོད་ཆགས་ཀྱིས་སེམས་ཅན་ལ་༼སེམས་ལ༽སྲེད་པ་ཆེ། ས་ཆུ་གཉིས་འཁྲུག་ན་གཏི་མུག་ཏུ་འཐིབ། དེ་ལས་ཡེ་ཤེས་ཀྱི་རྩ་གསུམ་དུ་བླ་མའི་བྱིན་རླབས་ཆུ་རྒྱུན་གོང་དུ་བསྟན་པ་བཞིན་ཡང་དང་ཡང་དུ་ཞུའོ། །༧དྲེད་པ་ལ་གསུམ་སྟེ་གསང་བ་རྩ་བའི་རླུང་ལྔ་དྲེད་པ་དང་། ནང་དོན་སྣོད་ཀྱི་རླུང་དྲེད་པ་དང་། ཕྱི་དབང་པོ་ཡན་ལག་གི་རླུང་དྲེད་པའོ། །དེ་ལ་དང་པོ་སྙིང་ཁའི་རླུང་སྲོག་འཛིན་དྲེད་པས། སྙིང་རླུང་བསྙོ་༼སྨྱོ༽འབོགས་སུ་འགྱུར། དེ་ལ་སྙིང་ཁའི་ཧཱུཾ་ལ་ཤེས་པ་གཏད་ལ་རྐང་པ་གཉིས་རྒྱ་གྲམ་གྱི་སྐྱིལ་ཀྲུང་བཅས་ནས་གན་རྐྱལ་དུ་འདུག་སྟེ། ལག་པས་རྐང་མཐེབ་ལ་འཇུས་ལ་རླུང་ཅུང་ཟད་མནན་ཅིང་སྒ་ར་ར་བསྐོར་ཐུན་གཉིས་གསུམ་གྱིས་སོས་སོ། །མགྲིན་པའི་གྱེན་རྒྱུ་དྲེད་པས་ལྐུགས་པའམ་གྲེ་འགག་ཏུ་འགྱུར། དེ་ལ་སྐྱིལ་ཀྲུང་བཅས་ནས་རྣ་བ་གཉིས་ནས་ཡར་འཐེན་མར་དྲག་པོར་བརྡབ་པར་བྱའོ། །ཡང་ན་གོས་ཕྱར་དུ་གཞུག་ལ་གཡུག་པས་འཕྲལ་དུ་སྐྱོན་སེལ་ལོ། །ཁྱབ་བྱེད་དྲེད་པས་ཚིགས་ཐམས་ཅད་ན་བ་ལ། དྲག་ཤུལ་གྱི་མཆོང་རྒྱུག་ཉིད་ཀྱིས་སེལ་ལོ། །ལྟེ་བའི་མེ་མཉམ་དྲོད་པ་ལ། སྦོས་དང་མི་ཞུ་ཕོ་བ་སྒྲེགས་པ་འབྱུང་།
དེ་ལ་སྐྱིལ་ཀྲུང་བཅས་པའི་ནང་དུ་ལག་པ་གཉིས་བཏོན་ལ། གཅུད་དུ་འདོར་ཞིང་མགོ་བོ་ཐུར་དུ་འཕྱང་ལ་ཆུ་སྐྱུག་པ་དང་སྐིག་བུ་བཏོན་པས་སེལ་ལོ། །ཐུར་སེལ་དྲེད་པས་ཟུག་བསྐྱེད་དྲི་ཆུ་བསྡམས་པ་ལ། ཙོག་པུར་བྱས་ཞིང་མཆོང་རྒྱུག་དང་། གཤང་ལྕི་བར་དུ་མཉེ་བསུབ་བྱ། དེས་ནི་རྩ་བའི་རླུང་ལྔ་དྲེད་པ་བསལ་བའོ། །༔ནང་དོན་སྙིང་ལྔ་ལ་རླུང་རང་གནས་སུ་མ་འཆུན་པས་དྲེད་པ་བསལ་བ་ནི། སྙིང་དང་རོ་སྟོད་གཟེར་ཞིང་ན། ཕྱི་རོལ་དུ་ཕོ་གདོན་བྷ་༼འབའ༽ཞིག་གདོན། འདུ་བ་ཁྲག་དང་མཁྲིས་པ་འཕྱུར། ཉོན་མོངས་པ་ཞེ་སྡང་རྒྱས། ཏིང་འཛིན་སྟོང་པ་ཤར་དུ་མི་སྟེར། དེ་ལ་སྙིང་ཁར་ཆུ་ཟླའི་དཀྱིལ་འཁོར་དུ་ཡི་དམ་བསྐྱེད། བསྐལ་པ་གསུམ་སྤྲོས་པས་སྦྱངས། སྟོང་ཉིད་ལ་གཞིར་བཞག སྤར་འདོན་གྱིས་ཕྱིར་འབྱིན། དེ་འདྲའི་ཐུན་རེ་ལ་ཉི་ཤུ་རྩ་གཅིག་བྱས་པས། རབ་ཐུན་གཅིགའབྲིང་ལ་བདུན། ཐ་མ་བཅུ་གསུམ་ཚུན་ཆད་ཀྱིས་གྲོལ་ལོ། །བསྐལ་པ་གསུམ་གྱི་རཾ་ལ་མེ་སྤར་བས་བསྲེག མང་ལས་ཆུ་བབ་པས་བཀྲུས། ཡང་ལས་རླུང་བྱུང་བས་བ་སྤུའི་བུ་གར་ཕྱིར་སྔོན་དམར་བུན་བུན་སྤར་ཞིང་འདོན་པའོ། །སྟོང་ར་ནི་དེ་རྗེས་སྟོང་པ་ཉིད་གར་མི་བདེ་སར་བསྒོམ་པའོ། །གཏུམ་མོ་བསྒོམ་ལོག མགོ་ན་ཞིང་ལྗི། ནད་བད་ཀན་གྱི་མྱོས། གདོན་ས་བདག་ཀླུ་གཉན་གདོན། གཏི་མུག་མུན་པས་མཐའ་རྒྱས། ཉམས་གསལ་བ་ཤར་དུ་མི་སྟེར། དེ་ལ་གླད་པ་དུང་ཁུང་གི་ཟླ་གདན་ལ་བླ་མ་བསྒོམ་ཞིང་བསྐལ་པ་སྤར་འདོན་སྟོང་ར་རླུང་དང་བཅས་པ་བྱའོ། །འདོད་ཆགས་ཤས་ཆེ་བའི་སྐྱེས་བུ་དེ། མཁལ་ནད་དང་གྲང་བ་ཅན་དུ་འོང་། མོ་གདོན་རིགས་སུ་གྱུར་པས་ཉམས་ལེན། ཏིང་ངེ་འཛིན་བདེ་ཆེན་གྱི་རོ་མི་མྱོང་། དེ་ལ་ལྟེ་འོག་ཏུ་ཉི་མའི་དཀྱིལ་འཁོར་ལ་མཁའ་འགྲོ་མ་ཁྲོ་ཆུ་ཁོལ་མ་ལྟ་བུའི་སྐུ་བསྒོམ། བསྐལ་པ་སྤར་འདོན་སྟོང་ར་རླུང་དང་བཅས་པས་སེལ་ལོ། །དེ་ལྟར་ཉོན་མོངས་པ་དུག་གསུམ་དུ་ནད་གདོན་བསྡུས་པ་དེ་བཞིན་དུ། ནང་དོན་སྣོད་གང་ལ་ཡང་དེས་འགྲེས་སོ། །ཕྱི་དབང་པོ་ཡན་ལག་གི་རླུང་དྲེད་བསལ་བ་ནི། སྙིང་ནང་དུ་ཆུ་གྲང་བླུག་པ་འདྲ་ཞིང་སེམས་མི་བདེ་ན། སྲོག་རྩ་འགག་པ་ཡིན་པས་སྙིང་ལ་གོང་བཞིན་ཡི་དམ་བསྒོམ། དང་ཁ་འཚང་པ་འདྲ་ན་གློ་སྙིང་ལ་བླ་མ་བསྒོམ་ཞིང་སྐེ་ཕར་གཅུ་ཚུར་གཅུ་བྱ། སྐེ་དང་ཁ་ལྐོག་རྒྱས་པ་སེལ་ལོ། ནུ་བྲང་ན་ན་ཡེ་ཤེས་ཀྱི་འཁོར་ལོ་རྣོན་པོ་ལ་མཁའ་འགྲོ་མ་བཞུགས་པས། འོད་ཟེར་སྤྲོ་ཞིང་བསྐོར་བས་ནད་རྣམས་རེག་རེག་སྲེག་པར་བསམ། རྐེད་པ་ན་བའམ་སྒུར་པར་སོང་བ་ལ། རྐེད་པ་ཕན་ཚུན་དུ་བསྐྲུལ་ཞིང་རླུང་བཟུང་པས་མགྲིན་པ་བསྡམ་མོ། །སྤྱི་བོ་ན་ན་སྨིན་མཚམས་ཡན་ཆད་བྲེག་ནས་སྟོང་སང་ངེ་བསྒོམ། མགོ་གཞོག་ན་བ་ལ་ནང་ནས་ཡེ་ཤེས་འཁོར་ལོས་བྲེག་པ་དང་། ཕྱི་ནས་བླ་མའི་ཞུན་ཁུས་བསྲེག་པར་བསམ་མོ། །མིག་ན་བ་ལ་ནམ་མཁའི་མཐོངས་ཕྱེ་བ་ལ་མིག་བར་སྣང་ལ་སྐར་ཆེན་བཞིན་སྒོམ་པ་དང་། དངོས་པོའི་གནས་བསྒྱུར་བ་མིག་སྟོང་པ་ཉིད་དུ་བསྒོམ་པ་དང་། ཡུལ་གྱི་སྣང་བ་བསྒྱུར་བ་མིག་བླ་མར་བསམ་མོ། །རྣ་བ་གཟེར་བ་ལ། རང་གི་དྲི་ཆུ་བར་པ་བླུག་ལ་བལ་གྱིས་བཙང་། རླུང་བཟུང་ཞིང་བཏང་བ་རྣ་བར་སོང་བར་བསམ་ལ་དུས་གཅིག་བཏང་ངོ་། །འོན་པ་ལ་ཡེ་ཤེས་ཧར་ཐལ་དུ་ཕར་འགྲོ་ཚུར་འགྲོ་བྱེད་པ་དང། བླ་མའི་བདུད་རྩི་ན་ར་ར་བབ་པ་རེས་མོས་བྱ། སྣ་ན་བ་དང་མཚུལ་པ་འགག་པ་ལ་རླུང་བཟུང་ཞིང་སྐེ་ཕན་ཚུན་དུ་གཅུ་བའོ། །མཚུལ་ཁུང་ན་ཞིང་འགག་པ་ལ། ལག་པ་གཉིས་འཕྲག་མགོ་ལ་འཇུས་ལ་རོ་སྟོད་གཡས་གཅུ་གཡོན་གཅུ་བྱའོ། །གྲེ་བ་ན་བ་ལ་ཧཱུཾ་གི་འཕྲོ་འདུས་ཡི་དམ་དང་དུས་མཉམ་དུ་བྱའོ། །སོ་ན་བ་ལ་རླུང་དང་དམིགས་པ་མིག་དང་མཐུན་པར་བྱའོ། །སྙིང་འཕར་བ་ལ་གསེར་གྱི་མཆོད་རྟེན་གྱིས་མནན་པར་བསྒོམ། སྙིང་ན་བ་ལ་ཡེ་ཤེས་བསྙུང་བུས་གཟེར་བས་ནད་བཏོན་པར་བསམ། གླ་བ་༼བླ༽རྡོལ་བྱེད་པ་ལ་གདོན་ཡིན་ན། སྤྲེལ་ཆེན་པོའི་སྤུ་རྩེ་མིག་གིས་གང་བ་གཅིག་གི་ནང་དུ་རང་ཡི་དམ་དུ་བསམ་ལ་ཉལ་ལོ། །འཁྲུལ་པ་ཆེ་ན་བྱང་ཆུབ་ཀྱི་ཐོད་པ་ཁ་སྦྱོར་སྲུབ་མེད་གཅིག་ཏུ་རང་ཆུད་པར་བསམ། གཤིས་འཁྲུལ་ལ་རང་སེམས་ཉི་མའི་སྟེང་དུ་ཨ་ལ་ཤེས་པ་གཏད་དོ། །སྤྱིར་གསང་སྔགས་ཀྱི་ལུགས་ཀྱིས་གང་ལ་ཡང་རྩ་དབུ་མ་ནས། འཁོར་ལོ་ལྔ་ལ་ལྟེ་བའི་མེ་རྒྱུན་ཇེ་བསྲིང་ཇེ་བསྲིང་བྱས་པས་ནད་གདོན་བསྲེག་པར་བསམ་མོ། །ཞུས་སོ། །དག་གོ། །།