སྐབས་དང་པོའི་ལྷ་སའི་ཞང་ཞུང་རིག་གནས་རིག་གཞུང་དཔྱད་གླེང་ཚོགས་འདུ།

fd༢༠༡༥ལོའི་ཟླ༡པོའི་ཚེས༢༤ནསཚེས༢༥ཉིན་གཉིས་ཀྱི་རིང་། སྐབས་དང་པོའི་ལྷ་སའི་ཞང་ཞུང་རིག་གནས་རིག་གཞུང་དཔྱད་གླེང་ཚོགས་འདུ་དེ་གནས་ མཆོག་ལྷ་ས་རུ་འཚོགས་པ་དང་། ཐེངས་འདིའི་ཚོགས་འདུར་བོད་རང་སྐྱོང་ཁུལ་གྱི་ཏང་ཨུ་རྒྱུན་ཨུ་དང་། ལྷ་ས་གྲོང་ཁྱེར་གྱི་ཧྲུའུ་ཅི་ཆིས་དགྲ་ལྷ་དང་། ལྷ་ས་གྲོང་ཁྱེར་དྲིལ་བསྒྲགས་པུའུ་ཡི་པུའུ་ཀྲང་དགྲ་འདུལ་སོགས་འགོ་ཁྲིད་རྣམ་པས་ཞང་ཞུང་རིག་གནས་ལ་མཐོང་ཆེན་དང་རྒྱབ་སྐྱོར་ཆེན་པོ་གནང་བའི་ཐུགས་ཁུར་འོག་འཚོགས་ཐུབ་པ་ཞིག་རེད། ཐེངས་འདིའི་ཚོགས་འདུར་པེ་ཅིང་དང་། མཚོ་སྔོན། སི་ཁྲོན། ཀན་སུའུ། བོད་ལྗོངས་སོགས་ཀྱི་ཞིབ་འཇུག་ལས་ཁུངས་དང་སློབ་ཆེན་གྱི་དགེ་རྒན་ཆེན་མོ་བཞི་བཅུ་ལྷག་ཞུགས་ཡོད་པ་དང་། དེར་ཞང་ཞུང་རིག་གནས་དང་འབྲེལ་བའི་དཔྱད་རྩོམ་ཉི་ཤུ་སྒྲོག་སྦྱངས་གནང་།

ཚེས༢༣ཉིན་གྱི་སྔ་དྲོར། ལྷ་ས་གྲོང་ཁྱེར་གྱི་རྒྱུན་ཨུ་དང་། དྲིལ་བསྒྲགས་པུའུ་ཡི་པུའུ་ཀྲང་དགྲ་འདུལ་གྱིས་ཚོགས་ཞུགས་མི་སྣ་མཚམས་སྦྱོར་ བྱས་པ་དང་། བོད་ལྗོངས་སྤྱི་ཚོགས་ཚན་རིག་ཁང་གི་ཞིབ་འཇུག་པ་པ་སངས་དབང་འདུས་ལགས་ཀྱིས་མདོ་ འཛིན་དང་དཔྱད་འཇོག་གནང་ཞིང་། ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོའི་དགེ་རྒན་ཆེན་མོ་ཚེ་རིང་ཐར་དང་། ལྷོ་ནུབ་མི་རིགས་སློབ་གྲྭ་ཆེན་མོའི་དགེ་རྒན་ཆེན་མོ་ཐུབ་བསྟན་ཕུན་ཚོགས། བོད་ལྗོངས་སློབ་གྲྭ་ཆེན་མོའི་དགེ་རྒན་ཆེན་མོ་གཞོན་པ་ཀུན་དགའ་ཡེ་ཤེས། ལན་གྲུ་སློབ་གྲྭ་ཆེན་མོའི་དགེ་རྒན་ཆེན་མོ་གཞོན་པ་ངག་དབང་རྒྱ་མཚོ་བཞིས་གནའ་ བོའི་ཞང་ཞུང་ཡུལ་ཁམས་དང་། གནའ་བོའི་ཞང་བོད་ཀྱི་སྐར་འབྱུང་རྩིས་ཀྱི་བྱུང་ཚུལ། ཞང་ཞུང་དུ་བྱུང་བའི་ཁྱུང་གི་རིགས་རུས་ཀྱི་མཆེད་ཁུངས་དང་དེ་འབྲེལ་གྱི་ལྷ་ སྒྲུང་གི་སྐོར། ཞང་ཞུང་དུས་རབས་ཀྱི་བོད་ཀྱི་རིག་གནས་སོགས་ཀྱི་དཔྱད་རྩོམ་སྒྲོག་སྦྱངས་གནང་།

ཉིན་དེའི་ཕྱི་དྲོར། ཚོགས་ཞུགས་མི་སྣ་ཡོངས་དང་འབྲེལ་ཡོད་ལས་ཁུངས་ཀྱི་འགོ་ཁྲིད་དང་ལྷན་དུ་ལྷ་སའི་ སྟོད་ལུང་བདེ་ཆེན་རྫོང་གི་འབྲི་ལུང་ས་ཆའི་གནའ་ཤུལ་རྙིང་པར་རྟོག་ཞིབ་ཏུ་ བསྐྱོད་པ་དང་། འབྲི་ལུང་ཞང་ཞུང་རིག་གནས་གནའ་ཤུལ་རྙིང་པ་ནི་ལྷ་ས་གྲོང་ཁྱེར་གྱི་སྟོད་ལུང་ བདེ་ཆེན་རྫོང་གནས་ཆུང་དགོན་པའི་སྤོ་མ་གྲོང་ཚོའི་ཞང་སྟོན་རང་བྱུང་ཚོ་པ་བཞི་ པའི་ལྷོ་ནུབ་མཚམས་ཀྱི་སྤྱི་ལེ་གསུམ་གྱི་མཚམས་སུ་ཡོད། དེ་ནི་ཤར་རྒྱུད་ཀྱི90°50′13.9″མཚམས་དང་། བྱང་རྒྱུད་ཀྱི་29°41′31.9″མཚམས་སུ་ཡོད། མཚོ་ངོས་ལས་མཐོ་ཚད་རྨིད4032ཡོད། བོད་ཁུལ་དུ་འདུ་གནས་སོ་བདུན་བཞེངས་པའི་ཡ་གྱལ་ཏོ་རོ་ལུང་གསུམ་ཞེས་པ་འདི་ནི། དུས་རབས་བཅུ་གཅིག་པར་བསྟན་པ་ཕྱི་དར་དུས་སུ་བོན་གྱི་མཁས་ཆེན་ཞང་སྟོན་བསྟན་པ་ ཚུལ་བཞིས་བོན་གྱི་གསས་ཁང་དུ་བསྒྱུར་ཞིང་། ལ་ལས་ད་ལྟའི་འབྲི་ལུང་གནའ་ཤུལ་རྙིང་པ་དེ་ནི་དུས་སྐབས་དེའི་སྟོད་ལུང་ར་བོན་ གྱི་འདུ་གནས་བཞེངས་སའི་གནས་སུ་འབྲི་ལུང་དགོན་བཞེངས་པར་འདོད། དུས་རབས་བཅོ་བརྒྱད་པར་འཇང་གུར་དམག་དཔུང་གིས་དགོན་པ་འདི་གཏོར་བརླགས་སུ་བཏང་ སྟེ། རིམ་བཞིན་མིག་སྔར་མཐོང་བའི་དགོན་པའི་འཛུགས་སྐྲུན་གྱི་གནའ་ཤུལ་རྙིང་པ་འདི་ གྲུབ་པ་རེད། དགོང་མོར་ལྷ་ས་གྲོང་ཁྱེར་གྱི་ཧྲུའུ་ཅི་ཆིས་དགྲ་ལྷ་གཙོས་ལྷ་སའི་གྲོང་ཁྱེར་ གྱི་དབུ་ཁྲིད་རྣམས་ཆེད་དུ་རིག་གཞུང་ཚོགས་འདུ་ལ་ཆེད་དུ་གདན་འདྲེན་པའི་ཞིང་ ལྗོངས་ལྔ་དང་རྒྱལ་ནང་ནས་ཕེབས་པའི་ཆེད་མཁས་ཞིབ་འཇུག་པ་རྣམས་ལ་དགོང་ཟས་དྲངས་ པ་དང་བསྟུན་ནས་རིག་གཞུང་ཚོགས་འདུའི་དབུ་ཚུགས་ཀྱི་མཛད་སྒོའི་ཚབ་སྤེལ།

10947245_915850841781749_3940828046235671555_nཚེས༢༥ཉིན་གྱི་སྔ་དྲོར་ཚོགས་ཆུང་གཉིས་ཀྱིས་གཏམ་བཤད་གནང་ཞིང་། ཚོགས་ཆུང་དང་པོར། ཀྲུང་དབྱང་མི་རིགས་སློབ་ཆེན་གྱི་དགེ་རྒན་ཆེན་མོ་ཚེ་རིང་ཐར་ལགས་ཀྱི་མདོ་ འཛིན་འོག ཀྲུང་གོ་ཏུན་ཧོང་དེང་རབས་བྲག་ཕུག་སྒྱུ་རྩལ་ལྟེ་གནས་ཀྱི་ཀྲུའུ་རིན་དང་། རི་མོ་པ་ཁྲང་ཅཱ་ཧོང་དང་། ལྷོ་ནུབ་མི་རིགས་སློབ་ཆེན་གྱི་དགེ་རྒན་ཆེན་མོ་ཐོགས་མེད། ཀྲུང་གོ་སྤྱི་ཚོགས་ཚན་རིག་ཁང་གི་གནའ་རྫས་རྟོག་ཞིབ་ཞིབ་འཇུག་ཁང་གི་འབུམ་རམས་ པ་དང་དང་། ཞིབ་འཇུག་པ་གཞོན་པ། བོད་ལྗོངས་གནའ་རྫས་རྟོག་ཞིབ་རུ་ཁག་གི་རུ་གཙོ་ཐུང་ཐའོ། མཚོ་སྔོན《བོད་ཀྱི་སློབ་གསོ》དུས་དེབ་རྩོམ་སྒྲིག་ཁང་གི་ཧྲེ་ཀྲང་དང་། སྤྱི་ཁྱབ་རྩོམ་སྒྲིག་པ་ནོར་བུ་ཚེ་རིང་བཞིས་ཞང་ཞུང་སྒྱུ་རྩལ་དང་། ཞང་ཞུང་ལོ་རྒྱུས་རིག་གནས་ཀྱི་ཁྱད་ཆོས་དང་དེའི་དེང་རབས་ཀྱི་རིན་ཐང་གླེང་བ། རི་བོ་ཧི་མ་ལ་ཡའི་ཁུལ་གྱི་ས་འོག་ནས་ཐོན་པའི་གསེར་གྱི་འབག གནའ་བོའི་ཞང་བོད་དང་རྒྱ་གར་བར་གྱི་འགྲོ་ལམ་ལས་འཕྲོས་ཏེ་ཞང་ཞུང་ཤེས་རིག་ཕྱི་ ཕྱོགས་སུ་ཁྱབ་པའི་རྒྱུ་ལམ་སོགས་ཀྱི་དཔྱད་རྩོམ་སྒྲོག་སྦྱངས་གནང་སྟེ་རང་སོ་ སོའི་ཐུན་མོང་མ་ཡིན་པའི་ལྟ་བ་སྤེལ།
ཚོགས་ཆུང་གཉིས་པར། ལྷོ་ནུབ་མི་རིགས་སློབ་ཆེན་གྱི་དགེ་རྒན་ཆེན་མོ་ཐུབ་བསྟན་ཕུན་ཚོགས་ལགས་ཀྱི་ མདོ་འཛིན་གནང་འོག བོད་རང་སྐྱོང་ལྗོངས་ཀྱི་ཕྱུགས་ལས་ཞིབ་འཇུག་ཁང་གི་ཞིབ་འཇུག་པ་གཞོན་པ་དཔལ་ མཁར་རྒྱལ་དང་། ཀྲུང་གོ་སྤྱི་ཚོགས་ཚན་རིག་ཁང་གི་མཚོ་བོད་མཐོ་སྒང་ཞིབ་འཇུག་ཁང་གི་ཞིབ་འཇུག་ པ་ཧའུ་ཅུའི་ཧྲི། མཚོ་སྔོན་ཞིང་ཆེན་ཁྲི་ཀ་རྫོང་ཁྱུང་མོང་དགོན་པའི་སྤྲུལ་སྐུ་དང་། མཚོ་ལྷོ་ཁུལ་སྲིད་གྲོས་ཨུ་ཡོན་མཁར་ནག་སྐལ་བཟང་རྒྱ་མཚོ། བོད་ལྗོངས་སློབ་གྲྭ་ཆེན་མོའི་དགེ་རྒན་ཨོ་རྒྱན་རྒྱལ་མཚན་བཞི་བོས་གླ་རྩིའི་ ཚོང་ལམ་དང་སྤུ་རྒྱལ་རིག་གནས་དང་། མཚོ་བོད་ས་མཐོའི་འདས་ཟིན་པའི་ལོ་ངོ་ལྔ་སྟོང་གི་གནམ་གཤིས་ཀྱི་འགྱུར་བས་ཞང་ ཞུང་གི་ཤེས་རིག་ལ་ཤུགས་རྐྱེན་བྱུང་ཚུལ། རྒྱའི་ལོ་རྒྱུས་ནང་འཁོད་པའི་འབྲེལ་ཡོད་ཞང་ཞུང་སྐོར་ཅུང་ཟད་གླེང་བ། མངའ་རིས་པུང་ཧྲང་གི་སྲོལ་རྒྱུན་བུད་མེད་ཀྱི་གྱོན་ཆས་དང་རྒྱན་ཆའི་འབྱུང་ ཁུངས་དང་། ཞང་ཞུང་རིག་གནས་ཀྱི་འབྲེལ་བ་རགས་ཙམ་གླེང་བ་སོགས་ཀྱི་དཔྱད་རྩོམ་སྒྲོག་སྦྱངས་ གནང་།

ཚེས༢༥ཉིན་གྱི་ཕྱི་དྲོར་ཚོགས་ཆུང་གཉིས་སུ་བགོས་ཏེ། གཏམ་བཤད་མཁན་བརྒྱད་ཀྱིས་རང་རང་གི་དཔྱད་རྩོམ་སྒྲོག་སྦྱངས་གནང་བ་སྟེ། ཚོགས་ཆུང་དང་པོར་ལན་གྲུ་སློབ་གྲྭ་ཆེན་མོའི་དགེ་རྒན་ཆེན་མོ་ངག་དབང་རྒྱ་མཚོས་ མདོ་འཛིན་འོག བོད་ལྗོངས་བོད་ལུགས་གསོ་རིག་སློབ་གླིང་གི་ཞིབ་འཇུག་སློབ་མ་གླིང་སྨན་གཡུང་ དྲུང་བཀྲ་ཤིས་དང་། བོད་ལྗོངས་རླུང་འཕྲིན་ལས་ཁུངས་ཀྱི་བུ་ཟླ་བ། བོད་ལྗོངས་ཐོན་མིའི་རིག་གནས་ཚད་ཡོད་ཀུང་སིའི་བསྟན་འཛིན་ཐབས་མཁས། བོད་ལྗོངས་སློབ་གྲྭ་ཆེན་མོའི་ཞིབ་འཇུག་སློབ་མ་བཞད་གཞུང་བསོད་ནམས་སོགས་ཀྱིས་ ཁྱུང་ཡུལ་རལ་པའི་སྒྱུ་རྩལ་གྱི་བྱུང་ཚུལ་གླེང་བ་དང་། ལྷ་སར་དམངས་གཉེར་རང་བཞིན་གྱི་ཞང་ཞུང་རིག་གནས་ཞིབ་འཇུག་བློ་སྦྱོང་ལྟེ་གནས་ གསར་འཛུགས་བྱ་རྒྱུའི་བསམ་གཞིག་འགའ། རྩ་བའི་བོད་ཀྱི་ཡི་གེ་སྲོལ་བཏོད་མཁན། བོན་གྱི་རོལ་དབྱངས་ཞིབ་འཇུག་གི་གནས་བབ་སོགས་ཀྱི་དཔྱད་རྩོམ་སྒྲོག་སྦྱངས་ གནང་།

ཚོགས་ཆུང་གཉིས་པར་བོད་ལྗོངས་སློབ་གྲྭ་ཆེན་མོའི་སློབ་གཙོ་གཞོན་པ་བྱང་ངོས་པ་ ཚེ་དབྱང་ལགས་ཀྱིས་མདོ་འཛིན་བྱས་འོག ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོའི་འབུམ་རམས་ཞིབ་འཇུག་སློབ་མ་ལྕགས་མོ་ མཚོ་དང༌། སི་ཁྲོན་ཞིང་ཆེན་ཡ་ཨན་གྲོང་ཁྱེར་གྱི་ཀྲིག་ཝིན་ཆང༌། བོད་ལྗོངས་ལྷ་ས་ནག་ཆུ་མཐོ་རིམ་སློབ་འབྲིང་དང་པོའི་དགེ་རྒན་ཀུན་རིག་འཚོ། བོད་ལྗོངས་ལྷ་ས་རིག་གནས་ཅུས་ཀྱི་ཞིབ་འཇུག་པ་གཞོན་པ་ཞུང་ཀརྨ་རྒྱལ་མཚན་སོགས་ ཀྱིས་དགའ་ཐང་འབུམ་པ་ཆེ་ནས་རྙེད་པའི་བོན་གྱི་ལོ་ཚིགས་དང་། ཞང་ཞུང་དང་ནུབ་ཕྱོགས་ཀྱི་བུད་མེད་རྒྱལ་ཁབ། ཞང་བོད་ཆོས་ལུགས་ཁྲོད་ཀྱི་འཁོར་ལོའི་རིག་གནས་སྐོར་ལ་ཐོག་མར་དཔྱད་པ། ཞང་ཞུང་རིག་གནས་ལྷ་སར་ཞིབ་འཇུག་གི་དགོས་འབྲེལ་དང་ཁ་ཕྱོགས་རགས་ཙམ་གླེང་བ་ སོགས་ཀྱི་དཔྱད་རྩོམ་སྒྲོག་སྦྱངས་གནང་། ཐེངས་འདིའི་ཞང་ཞུང་རིག་གཞུང་དཔྱད་གླེང་ཚོགས་འདུ་འདིར་ས་གནས་སོ་སོ་དང་ལས་ ཁུངས་སོ་སོ། ལས་རིགས་མི་གཅིག་པའི་ཞིབ་འཇུག་པ་རྣམས་ཀྱིས་ཞིབ་འཇུག་གི་ཐབས་ལམ་དང་ཞིབ་འཇུག་ ཁ་ཕྱོགས་མི་གཅིག་པ་དང་། རིགས་ལམ་མི་གཅིག་པའི་ཐད་ནས་ཞང་ཞུང་རིག་གནས་དང་། བོན་གྱི་རིག་གནས་ལ་ཞིབ་འཇུག་བྱས་ཏེ་དེ་འབྲེལ་གྱི་དཔྱད་རྩོམ་སྒྲོག་སྦྱངས་ གནང་སྟེ་རང་སོ་སོའི་ལྟ་བ་བཤད།

བོད་ལྗོངས་ཀྱི་འགོ་ཁྲིད་རིམ་པ་དག་གི་རྒྱབ་སྐྱོར་དང་ཐུགས་ཁུར་ཆེན་པོའི་འོག སྐབས་དང་པོའི་ལྷ་སའི་ཞང་ཞུང་རིག་གནས་རིག་གཞུང་དཔྱད་གླེང་ཚོགས་འདུ་བདེ་ལེགས་ ངང་མཇུག་རྫོགས་ཤིང་། འདི་ནི་བོད་ཀྱི་འགོ་ཁྲིད་རིམ་པས་རྒྱབ་སྐྱོར་གནང་བའི་ཞང་ཞུང་རིག་གནས་སྐོར་ གྱི་རིག་གཞུང་ཚོགས་འདུ་ཐེངས་དང་པོ་དེ་ཡིན་ཞིང་། ཐོག་དང་པོ་འདིས་ཞང་ཞུང་རིག་གནས་ཞིབ་འཇུག་ལ་གདེང་འཇོག་དང་མཐོང་ཆེན་ཚད་མེད་པ་ བྱས་པར་མ་ཟད། རིག་གཞུང་དཔྱད་གླེང་ཚོགས་འདུ་འདིས་ཞང་ཞུང་རིག་གནས་དང་བོན་གྱི་རིག་གནས་ལ་ དུང་ཞེན་ཆེ་བའི་མི་རྣམས་ལ་ཡར་སྐུལ་གྱི་བསམ་པ་དང་སེམས་ཤུགས་ཆེན་པོ་ཞིག་སྣང་ བའོ། །
གནས་ཚུལ་རྩོམ་པ་པོ་ལྕགས་མོ་མཚོ།
ཧི་བོན་དྲ་བ་ལས་དྲངས།

གཡུང་དྲུང་བོན་གྱི་སྒྲུབ་གནས་ཁག་གི་ངོ་སྤྲོད་དམར་མོའི་མཛུབ་ཁྲིད།
གཡུང་དྲུང་བོན་གྱི་སྒྲུབ་གནས་ཁག་གི་ངོ་སྤྲོད་དམར་མོའི་མཛུབ་ཁྲིད།
ཞང་ཞུང་སྙན་རྒྱུད་བཀའ་རྒྱུད་སྐོར་བཞིའི་གླེང་བརྗོད།
ཞང་ཞུང་སྙན་རྒྱུད་བཀའ་རྒྱུད་སྐོར་བཞིའི་གླེང་བརྗོད།
བརྡ་སྤྲོད་སྲིད་པའི་སྒྲོན་མེའི་རྩ་ཚིག
བརྡ་སྤྲོད་སྲིད་པའི་སྒྲོན་མེའི་རྩ་ཚིག
མེ་སྟོན་ཉི་མ་རྒྱལ་མཚན་མཆོག་གི་གསུང་འབུམ།
མེ་སྟོན་ཉི་མ་རྒྱལ་མཚན་མཆོག་གི་གསུང་འབུམ།
བོན་ཆོས་དཔྱད་བསྡུར།
བོན་ཆོས་དཔྱད་བསྡུར།
ལེགས་བཤད་རིན་པོ་ཆེའི་གཏེར་མཛོད།
ལེགས་བཤད་རིན་པོ་ཆེའི་གཏེར་མཛོད།
 རྗེ་མཉམ་མེད་ཤེས་རབ་རྒྱལ་མཚན་གྱི་གསུང་འབུམ་ཆ་ཚང་གི་གློག་རྡུལ་འཕྲུལ་དེབ།
 རྗེ་མཉམ་མེད་ཤེས་རབ་རྒྱལ་མཚན་གྱི་གསུང་འབུམ་ཆ་ཚང་གི་གློག་རྡུལ་འཕྲུལ་དེབ།
རྒྱུན་ཁྱེར་བོན་སྤྱོད་ཕྱོགས་བསྡུས་དད་ལྡན་ཐར་ལམ་འཛེགས་པའི་ཐེམ་སྐས་ཞེས་བྱ་བ་བཞུགས་སོ།
རྒྱུན་ཁྱེར་བོན་སྤྱོད་ཕྱོགས་བསྡུས་དད་ལྡན་ཐར་ལམ་འཛེགས་པའི་ཐེམ་སྐས་ཞེས་བྱ་བ་བཞུགས་སོ།
སྨན་རིའི་སྟེགས་འཇོག་ལོ་ཐོ།
སྨན་རིའི་སྟེགས་འཇོག་ལོ་ཐོ།
previous arrow
next arrow