༧དཔལ་ལྡན་ཁྲི་བརྟན་ནོར་བུའི་རྩེའི་གཡུང་དྲུང་བོན་གྱི་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་གི་སྐབས་ཉི་ཤུ་པའི་བཤད་སྒྲུབ་འདུས་སྡེ་དང་། ཁྲི་བརྟན་ནོར་བུའི་རྩེའི་གསོ་རིག་སྡེ་ཚན་སྔར་སྲོལ་གསོ་རིག་འབུམ་བཞིའི་སློབ་གྲྭ་དང་། ཁྲི་བརྟན་ནོར་བུའི་རྩེའི་གཞི་རིམ་སྔོན་འགྲོའི་སློབ་གྲྭ་བཅས་ཀྱི་ལོ་འཁོར་མཇུག་བསྡོམས་ཀྱི་མཛད་རིམ་སྐོར་གྱི་གནས་ཚུལ་ཉུང་འདུས།
ཕྱི་ལོ་༢༠༡༥ལོའི་ཟླ་༢ཚེས་༩ཉིན་ཞོགས་པའི་ཕྱག་ཚོད་བརྒྱད་དང་ཕྱེད་ཀའི་ཐོག ༧སྐྱབས་རྗེ་མཁན་ཆེན་ལུང་རྟོགས་བསྟན་པ་གཡུང་དྲུང་རིན་པོ་ཆེ་དང་། དཔོན་སློབ་རིན་པོ་ཆེ་ཚངས་པ་བསྟན་འཛིན། སྒྲུབ་གྲྭའི་མཁན་རིན་པོ་ཆེ་ཚུལ་ཁྲིམས་བསྟན་འཛིན། བཤད་སྒྲུབ་མཁན་པོ་དགེ་བཤེས་སྐལ་བཟང་སྨོན་ལམ་དང་། བཤད་སྒྲུབ་སློབ་དཔོན་དགེ་བཤེས་བློ་གྲོས་གཙུག་ཕུད་བཅས་མཁན་སློབ་དགེ་བཤེས་རྣམ་པ་དང་། བཙའ་སྐྱོང་ལྷན་ཚོགས་ཀྱི་ལས་བྱེད་རྣམ་པ་དང་། བཤད་སྒྲུབ་འདུས་སྡེའི་ལས་བྱེད་རྣམ་པ་དང་། གཞི་རིམ་སྔོན་འགྲོའི་སློབ་གྲྭའི་དགེ་སློབ་རྣམ་པ། སྔར་སྲོལ་གསོ་རིག་འབུམ་བཞིའི་སློབ་གྲྭའི་དགེ་སློབ་རྣམ་པ་དང་། མཛད་སྒོའི་སྐུ་མགྲོན་(Triten Norbuts Association )མཐུན་གྲོགས་ཚོགས་པ་སོགས།
འདུས་མང་ཡོངས་རྫོགས་ཆེས་མཐོའི་གཙུག་ལག་སློབ་གླིང་གི་མཛད་སྒོའི་ཚོམ་ཆེན་ཁང་དུ་ལྷན་འཛོམས་བྱུང་རྗེས་སུ། སྐབས་ཉི་ཤུ་པའི་བཤད་སྒྲུབ་འདུས་སྡེའི་དགེ་སྐོས་སངས་རྒྱས་གཡུང་དྲུང་ལགས་ནས་ཚོགས་འདུའི་མཛད་རིམ་ངོ་སྤྲོད་གནང་ནས་ཚོགས་འདུ་དབུ་འཛུག་གནང་བ་དང་། བཤད་སྒྲུབ་འདུས་སྡེའི་ཚོགས་གཙོ་བསམ་གཏན་རྒྱ་མཚོ་ལགས་ནས་བཤད་སྒྲུབ་སློབ་གཉེར་བ་རྣམས་ལོ་འཁོར་གཅིག་གི་རིང་། ཚོགས་དང་། རྩོད་པ། དཔེ་ཁྲིད། དམ་བཅའ། བགྲོ་གླེང་སོགས་སྒེར་དོན་དུ་ཆད་པ་དང་། སློབ་གཉེར་བས་དགོངས་ཤོག་ཕུལ་གྲངས་རྣམས་སྒྲོག་སྦྱང་གནང་། སྒྲུབ་གྲྭའི་དགེ་སྐོས་གཡུང་དྲུང་བསྟན་འཛིན་ལགས་ནས་སྒྲུབ་གྲྭ་བའི་ཐུན་དང་བསགས་སྦྱང་སྒེར་དོན་ཆད་པ་རྣམས་སྒྲོག་སྦྱང་གནང་གྲུབ་མཚམས། མཁན་རིན་པོ་ཆེ་ལུང་རྟོགས་བསྟན་པ་གཡུང་དྲུང་མཆོག་ནས་ལོ་གྲངས་ཧྲིལ་པོ་གཅིག་ནས་བརྒྱད་ཀྱི་བར་རྩོད་པ། དཔེ་ཁྲིད། རིག་གནས་དཔེར་བརྗོད་བཅས་གང་ཡང་མ་ཆད་པའི་བཤད་སྒྲུབ་སློབ་གཉེར་བ་རྣམས་ལ་ལོ་གྲངས་མང་ཉུང་ལ་དཔག་པའི་དམིགས་བསལ་གཟེངས་རྟགས་དང་ཁ་བཏགས་གནང་། དེ་ནས་སྡུད་གྲྭ། ཚད་འགྲེལ་ཆེན་མོ། གཏན་ཚིགས་རིག་པའི་རྣམ་བཤད། ས་ལམ་རང་འགྲེལ་ཆེན་མོ་བཅས་ཆ་ཚང་ངག་རྒྱུགས་འབུལ་མཁན་གྱི་སློབ་གཉེར་བ་རྣམས་ལ་གཟེངས་རྟགས་རིམ་པར་གནང་བ་དང་། བཤད་སྒྲུབ་འདུས་སྡེའི་སློབ་གླིང་ཁྲོད་ནས་ལོ་འཁོར་གྱི་བྲིས་རྒྱུགས་དང་རྩོད་རྒྱུགས་ཆེན་མོའི་ཆེས་མཐོ་ཤོས་ཀྱི་བརྒྱ་ཆའི་ཨང་ཐོབ་པ་རྣམས་ལ་མགུལ་དར་དང་གཟེངས་རྟགས་གསོལ་རས་གནང་གྲུབ་མཚམས།
ཁྲི་བརྟན་ནོར་བུའི་རྩེའི་སྔོན་འགྲོའི་གཞི་རིམ་སློབ་གྲྭའི་དགེ་རྒན་དོན་གྲུབ་རྒྱལ་མཚན་ལགས་ཀྱིས་སློབ་ཆུང་གི་སློབ་སྦྱོང་བྱེད་ཕྱོགས་སྐོར་གྱི་སྒྲིག་གཞི་དང་སློབ་ཚན་བཅས་ངོ་སྤྲོད་གནང་ནས། སློབ་གྲྭའི་ཁྲོོད་ནས་ཡིག་གཟུགས་འགྲན་བསྡུར་དང་། ཚན་རིག དབྱིན་ཇིའི་སྐད་ཡིག བལ་པོའི་སྐད་ཡིག། བོད་ཀྱི་བརྡ་སྤྲོད། བོད་ཡིག་ཀློག་རྩལ་འགྲན་བསྡུར། ལོ་རྒྱུས་དྲི་བ་དྲི་ལན། སྲོལ་རྒྱུན་རི་མོ། དེང་དུས་རི་མོ། ཡ་རབས་ཀུན་སྤྱོད་བཅས་ཀྱི་ཐད་ནས་བརྒྱ་ཆའི་ཨང་ཐོབ་པ་རྣམས་དང་། དེ་དག་སྤྱི་ཡོངས་ཀྱི་ཐད་ནས་བརྒྱ་ཆའི་ཨང་རིམ་མཐོ་ཤོས་ཀྱི་སློབ་ཕྲུག་རྣམ་པའི་མཚན་རིམ་བསྒྲགས་ནས་ལེགས་སྐྱེས་ཀྱི་བྱ་དགའ་གནང་།
དེ་ནས་སྔར་སྲོལ་གསོ་རིག་འབུམ་བཞིའི་སློབ་གྲྭའི་སློབ་སྤྱི་རྩ་འཛིན་སློབ་དཔོན་དགེ་བཤེས་བདེན་གཉིས་བཤད་སྒྲུབ་ལགས་ནས་སློབ་ཚན་ངོ་སྤྲོད་དང་འབྲེལ་བའི་གསུང་བཤད་གནང་རྗེས་། གསོ་རིག་སློབ་མའི་ལོ་འཁོར་རྒྱུགས་སྤྲོད་ཀྱི་རིམ་པ་གསོ་རིག་བྲིས་རྒྱུགས་དང་། ངག་རྒྱུགས། བོད་ཀྱི་བརྡ་སྤྲོད་སྐོར། འཚོ་བའི་རྒྱུན་ཤེས་སྐོར། རྒྱལ་རབས་ལོ་རྒྱུས་སྐོར། དབྱིན་ཇིའི་སྐད་ཡིག བལ་པོའི་སྐད་ཡིག ཡ་རབས་ཀུན་སྤྱོད་བཅས་ཀྱི་ཐད་ནས་ཨང་རིམ་ཐོབ་པ་རྣམས་ལ་དམིགས་བསལ་གྱི་བྱ་དགའ་བསྩལ་རྗེས་། སྐབས་ཉི་ཤུ་པ་དང་སྐབས་ཉེར་གཅིག་པའི་བཤད་སྒྲུབ་འདུས་སྡེའི་ལས་བྱེད་གསར་རྙིང་བརྗེ་ལེན་གནང་བ་དང་། སྔར་སྲོལ་གསོ་རིག་འབུམ་བཞིའི་སློབ་གྲྭའི་ལས་བྱེད་གསར་རྙིང་བརྗེ་ལེན་བྱས། དེ་ནས་མཁན་སློབ་རྣམ་པ་དང་སྐབས་བབ་ཀྱི་ལས་བྱེད་རྣམ་པས་གསུང་བཤད་ཟབ་རྒྱས་སུ་བསྩལ་བ་དེ་དག་རེ་རེ་བཞིན་འགོད་པར་དཀའ་ཡང་ནང་དོན་གནད་བསྡུས་ཤིག་འགོད་ན།
༧སྐྱབས་རྗེ་མཁན་ཆེན་ལུང་རྟོགས་བསྟན་པ་གཡུང་དྲུང་མཆོག་གིས་བཀའ་སློབ་གནང་བའི་བསྡུས་དོན་ལ། བལ་པོའི་རྒྱལ་ཁབ་འདིར་སྐྱབས་རྗེ་ཡོངས་འཛིན་སྨྲ་བའི་དབང་པོ་མཆོག་གིས་དགོན་པ་ཕྱག་འདེབས་དགོས་པའི་རྒྱུ་མཚན་གཙོ་བོ་ནི། སྤྱིར་རི་བོ་གངས་ཅན་པའི་ཆོས་དང་རིག་གཞུང་། སྒོས་སུ་ཞྭ་དཀར་གཡུང་དྲུང་བོན་གྱི་བསྟན་པ། ཡང་སྒོས་སུ་ཧི་མ་ལའི་རི་རྒྱུད་ཀྱི་བོན་པོའི་ལྷ་སྡེ་ཁ་འཐོར་བ་དེ་དག་གི་ཆེད་དུ་དགོངས་ནས་ཕྱག་བཏབ་པ་ཡིན་ཞིང་། དགོན་པ་འདིར་བཅུ་ཕྲག་རིག་པའི་གནས་སམ་རིག་པའི་གནས་ལྔ་སྦྱང་སའི་སློབ་གླིང་ཞིག་ཡིན། ད་ལྟ་ནང་དོན་རིག་པ་དང་། གསོ་བ་རིག་པ་ཆེད་སྦྱོང་གི་སློབ་གླིང་རིག་གཅིག་རྐང་འཛིན་གྱི་གནས་ཚད་ལོན་པ་ཡོད་ཀྱང་། རིག་གནས་གཞན་ཟུར་དུ་སྦྱོང་བ་ལས་ཆེད་སྦྱོང་གི་སློབ་གྲྭ་མེད་པས་མ་འོངས་པས་དེ་དག་འཛུག་རྒྱུའི་འཆར་གཞི་ཡོད། རྒྱུ་མཚན་གང་ཡིན་ཞེ་ན། རིག་གནས་ཡོན་ཏན་སྣེ་གཅིག་ནས་སྲ་ཐག་ཐག་ཡག་པོ་ཤེས་སོང་ན། འཛམ་བུ་གླིང་གང་ལ་སོང་ཡང་ངོམ་རིན་ཡོད་པ་ཆགས་ཀྱི་འདུག དེ་འདྲ་ཡིན་དུས་སློབ་ཚན་ལ་ཆེད་སྦྱོང་བྱེད་རྒྱུ་དེ་གལ་ཆེན་པོ་ཆགས་ཡོད། ཅེས་སོགས་གསུངས།
སྐྱབས་རྗེ་དཔོན་སློབ་རིིན་པོ་ཆེ་ནས། དེ་རིང་ངག་རྒྱུགས་འཕར་མ་གནང་མཁན་དང་། ལོ་འཁོར་རྒྱུགས་སྤྲོད་ཀྱི་གྲུབ་འབྲས་བཟང་ཤོས་ཐོབ་པ་རྣམས་ལ་ཡི་རང་ཡོད། སྐལ་པ་བཟང་པོ་རེད། ད་ལོ་སྐབས་ཉི་ཤུ་པའི་བཤད་སྒྲུབ་འདུས་སྡེའི་ཚོགས་གཙོ་དང་དགེ་སྐོས་རྣམ་པས་ཞི་དྲག་གང་དགོས་གནང་སྟེ་སྒྲིག་གཞི་དམ་འཛིན་ཡག་པོ་གནང་སོང་། དེ་བཞིན་སྐབས་བབ་ཀྱི་དགེ་རྒན་རྣམ་པས་དཀའ་ངལ་འཛེམ་མེད་ཀྱི་ཐོག་ནས་སློབ་ཁྲིད་གནང་བ་དང་། རྒྱུགས་ཤོག་ཞིབ་བཤེར་དང་། རྒྱུགས་སྤྲོད་སོགས་ཀྱི་སྐབས་ལྷག་བསམ་རྣམ་དག་ཐོག་ཕྱར་གྲུ་མཉམ་འདེགས་གནང་བར་ངས་གོ་སྐབས་འདི་བརྒྱུད་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། མ་འོངས་པའི་ལས་བྱེད་རྣམ་པ་ཡང་བྱ་བ་ལམ་འགྲོ་ཡོང་བའི་སྨོན་འདུན་ཡོད། ཅེས་སོགས་གསུངས།
སྒྲུབ་གྲྭའི་མཁན་རིན་པོ་ཆེ་ནས། དེང་དུས་སློབ་སྦྱོང་ལ་ཤུགས་རྒྱག་ནས་ཡར་ཡར་མཐོན་པོ་ཆགས་དགོས་པ་ལས། ངའི་ཕ་མཐོན་པོ་དང་། ཁོའི་མ་བཟང་པོ་ཟེར་ནས་ཡར་འགྲོ་ས་ཡོད་མ་རེད། སློབ་སྦྱོང་དང་ཉམས་ལེན་ཟུང་འབྲེལ་གནང་རྒྱུ་དེ་ཡང་ཧ་ཅང་གི་གལ་ཆེན་པོ་མཐོང་གི་ཡོད། དེ་བཞིན་དུ་སྐད་་ཡིག་གཞན་ལ་དོ་སྣང་བྱེད་རྒྱུ་དེ་གལ་ཆེན་པོ་ཡིན་ཀྱང་གཞུང་ལུགས་ཀྱི་ནང་དོན་རྟོགས་ལ་བོད་ཀྱི་སྐད་ཡིག་ལ་ནང་བྱན་ཆུད་པ་བྱ་རྒྱུ་གལ་ཆེན་པོ་ཡིན་པ་སོགས་དང་། དེ་བཞིན་ཞབས་བརྟན་གྱི་རིགས་ཡག་པོ་གསུང་རྒྱུ་དེ་ཡང་གལ་ཆེན་པོ་ཆགས་ཡོད་པ་རེད། དེ་ནི་རང་གི་སློབ་སྦྱོང་དང་། གཞན་ལ་ཕན་པ་གཉིས་ཀ་ཡོང་བའི་ཐབས་ལམ་ཞིག་ཡིན། ཁྲོ་ཕུར་ཞུང་གསུམ་སོགས་ཀྱི་གཞུང་ཆེན་རྣམས་ནི་གསང་སྔགས་ཀྱི་ཁྲིད་ཡིག་རྒྱས་པ་རང་ཆགས་ཡོད་རེད། ཅེས་སོགས་གསུངས།
བཤད་སྒྲུབ་མཁན་པོ་ལགས་ནས། སློབ་ཕྲུག་ཆུང་ཆུང་དེ་དག་སློབ་གསོ་ནན་པོ་བྱེད་རྒྱུ་དེ་གལ་ཆེན་པོ་རེད། བཟང་སྤྱོད་གོམས་གཤིས་ཆགས་དང་མི་ཆགས་དེ་སློབ་གསོ་ལ་རག་ལས་ཡོད། ཅེས་སོགས་གསུངས།
བཤད་སྒྲུབ་སློབ་དཔོན་ལགས་ནས། ནང་ཆོས་སློབ་སྦྱོང་བྱེད་པ་ལ་བརྟེན་ནས་ནང་ཆོས་ཀྱི་རིན་ཐང་ཤེས་དགོས་རེད། འཛམ་གླིང་གི་ཐོག་ལ་ཕྱིའི་ཆ་རྐྱེན་མོད་པོ་ཡོད་ཀྱང་། ལུས་སེམས་ལ་སྐྱོན་ཞུགས་ནས་སྨྱོ་བ་དང་། རང་ཤི་རྒྱག་མཁན་མང་པོ་བྱུང་ཡོད་རེད། ཁོ་ཚོས་ནང་ཆོས་ཀྱི་རིན་ཐང་མ་ཤེས་པའི་དབང་གིས་དེ་འདྲ་གྱུར་པ་རེད། དེ་འདྲའི་ན་ཚ་དེ་བཅོས་པའི་ནུས་པ་གཡུང་དྲུང་བོན་ལ་ཡོད་པས་བོན་གྱི་རིན་ཐང་ཤེས་པར་བྱ་རྒྱུ་གལ་ཆེན་ཆགས་ཡོད་ཅེས་སོགས་གསུངས།
གྲྭ་ཚང་གི་གཉེར་པ་ལགས་ནས། ང་ཚོ་དགོན་པའི་ལས་དོན་ཆེ་ཕྲ་ག་རེ་ཡིན་ཡང་སློབ་སྦྱོང་གི་ཆ་རྐྱེན་སྒྲུབ་བྱེད་ཡིན་པ་ལས་གཞན་དག་གི་དམིགས་ཡུལ་གང་ཡང་མེད་པ་རེད། དེ་འདྲ་ཡིན་དུས་སློབ་གཉེར་བ་ཚང་མས་དེ་ལྟར་ཐུགས་ལ་འཇོག་ནས་ཕྱག་ལེན་ཡང་དེ་བཞིན་གནང་རོགས། ཞེས་སོགས་གསུངས།
སྨན་ཁང་གི་དབུ་འཛིན་དགེ་བཤེས་བདེན་གཉིས་བཤད་སྒྲུབ་ལགས་ནས། བཤད་སྒྲུབ་འདུས་སྡེའི་ཚོགས་གཙོ་དང་དགེ་སྐོར་རྣམ་གཉིས་ཀྱིས་རང་རང་གི་ཚོགས་དང་འཆད་ར་མ་ཆད་པའི་ཐོག་སྒྲིག་ལ་དམ་འཛིན་གནང་རྒྱུ་དེ་ནི། མིག་དཔེ་ཡར་ལྟ་འོས་པ་ཞིག་རེད། དེ་བཞིན་ང་ཚོའི་གསོ་རིག་སྨན་གྱི་སློབ་གྲྭ་ཐོག་མར་འཛུག་མཁན་སྨན་དགེ་ཚུལ་ཁྲིམས་སངས་རྒྱས་དམ་པ་དེའི་བཀའ་དྲིན་རྗེས་སུ་དྲན་ནས་ཁོང་གི་ཕྱག་སྲོལ་རྒྱུན་སྐྱོང་གནང་གི་ཡོད། རྒན་ཆེན་དཔལ་འབྱོར་ནོར་བུ་དང་། སྤྱི་ཁྱབ་འགན་འཛིན་མཆོག་ལེགས་རྣམ་གཉིས་ནས་རོགས་སྐྱོར་གང་ཟབ་གནང་བ་ལ་དགེ་སློབ་ཡོངས་ཀྱི་ཚབ་ཞུས་ནས་ཐུགས་རྗེ་ཆེ་ཞུ་གི་ཡིན། ཞེས་སོགས་གསུངས།
བཤད་སྒྲུབ་འདུས་སྡེའི་ཚོགས་གཙོ་ལགས་ནས། ང་ཚོས་བྱ་དགའི་གཟེངས་རྟགས་གནང་སྟངས་སྐོར་ནས་དགེ་རྒན་ལྷན་ཚོགས་ལ་བཀའ་འདྲི་ཞུས་ནས་ཁོང་རྣམ་པས་གསུངས་དོན་བཞིན་ལག་ཏུ་བླངས་པ་ཡིན། ང་ཚོའི་འཛིན་སྐྱོང་ཐད་ནས་ལས་བྱེད་རྙིང་པ་དང་། གྲྭ་མང་ཡོངས་ཀྱི་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ། མ་འོངས་པའི་སྐབས་སུ་ལས་བྱེད་གསར་པ་རྣམས་ཀྱང་དེ་འདྲའི་རྒྱབ་སྐྱོར་གནང་རོགས་གྱིས། ཞེས་སོགས་གསུངས།
བཤད་སྒྲུབ་འདུས་སྡེའི་དགེ་སྐོས་ལགས་ནས། བཤད་སྒྲུབ་འདུས་སྡེའི་སྒྲིག་ལ་སྟངས་འཛིན་ནན་པོ་བྱེད་རྒྱུ་དཔེ་གལ་ཆེན་པོ་ཆགས་ཡོད། ལོ་གྲངས་དུ་མའི་རིང་ཚོགས་དང་འཆད་ར་སོགས་གང་ཡང་མ་ཆད་པ་དེ་དག་དངོས་གནས་ཡག་པོ་རེད་བསམ་གྱི་ཡོད། དེ་རིང་གཟེངས་རྟགས་མ་ཐོབ་ཀྱང་ནམ་རྒྱུན་སློབ་སྦྱོང་དང་། སྤྱོད་ལམ་ཡག་པོ་ཡོད་མཁན་མང་པོ་ཡོད་རེད། དེ་ཚོ་ལ་ངས་ཐུགས་རྗེ་ཆེ་ཞུ་ཡི་ཡོད། ཅེས་སོགས་གསུངས།
དེ་ནས་སྐབས་ཉེར་གཅིག་པའི་ལས་བྱེད་རྣམས་ཀྱིས་གཏམ་བཤད་གནང་རྗེས་སྐབས་ཉི་ཤུ་པའི་བཤད་སྒྲུབ་འདུས་སྡེའི་ཚོགས་གཙོ་ལགས་ཀྱིས་གཡུང་དྲུང་བོན་གྱི་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་གི་ལོ་འཁོར་གྱི་ཚོགས་འདུ་མཇུག་བསྡོམས་གནང་བ་བཅས་ཀྱི་གནས་ཚུལ་ཉུང་འདུས་སུ་ཏི་སེའི་བུ་ནས་སྤེལ།