སྟོན་པའི་རྒྱལ་པོ་འཁོར་བ་འདྲེན་པའི་དཔལ། །མུན་པའི་ཚོགས་རྣམས་འཇོམས་བྱེད་སྒྲོན་མེའི་འོད། །མ་རིག་ནད་གདུང་སེལ་བ་སྨན་པའི་གཙོ། །མི་ཡི་མཆོག་ཏུ་གྱུར་བ་དམུ་ཡི་རྒྱལ། །དུག་ལྔའི་འདམ་དང་མཚོ་སྐེམ་མེ་ཆེན་དཔུང་། །མཚན་དང་དཔེ་བྱད་ལྡན་པའི་གཟི་འཕགས་པོ། །དཀའ་བ་སྣ་ཚོགས་དང་དུ་བླངས་ནས་ནི། །མཛད་པ་སྣ་ཚོགས་མཐར་རུ་ཕྱིན་མཛད་ཅིང་། །གཟིགས་ཚད་བཞི་དང་དགོངས་ཚད་དྲུག་གཉིས་ཀྱིས། །བྱམས་པ་ཆེན་པོས་འཁོར་བ་སྒྲོལ་མཛད་པའི། །གཤེན་རབ་སྤྲུལ་བའི་སྐུ་ལ་ཕྱག་འཚལ་ལོ། །
དེ་ཡང་དཔྱིད་ཟླ་དང་པོའི་ཚེས་བཅོ་ལྔ་ཉིན་ནི་བདག་ཅག་གི་༧སྟོན་པ་རྣམ་འདྲེན་བརྒྱད་པ་རྒྱལ་བ་གཤེན་རབ་མི་བོ་ཀུན་ལས་རྣམ་པར་རྒྱལ་བ་མཆོག་གི་སྐུ་ཡི་མཚན་དཔེ་མི་མཇེད་པའི་འཇིག་རྟེན་གྱི་ཞིང་ཁམས་འདིར་བཞད་པའི་འཁྲུངས་སྐར་དུས་ཚེས་ཁྱད་པར་ཅན་སྲུང་བརྩིའི་ཉིན་མོ་ཡིན་ཅིང་བོན་གྱི་འབྱུང་ལྡན་ཞེས་པ་དབུ་ཚུགས་ནས་ད་ལྟའི་བར་འབྱུང་ལྡན་སུམ་བརྒྱ་དང་གཅིག་གི་ནང་ཚན་བགྲང་བྱ་ཉག་མ་སུམ་ཅུ་སོ་གཅིག་པ་ཤིང་མོ་ལུག་གི་ལོ་འདིའི་བར་ལ་མི་ལོ་(༡༨༠༣༢)འཁོར་ཞིང་འཁྲུངས་འདས་ཀྱི་ལོ་ཚིགས་ལ་མི་མཐུན་པ་འགའ་མཆིས་མོད།
བོན་རིང་ལུགས་ཀྱི་ཡིག་ཆ་ཁག་ལྟར་ན་ལུང་རིགས་སྨྲ་བའི་སེང་ཆེན་༧སྨན་རིའི་མཁན་ཆེན་ཀུན་མཁྱེན་ཉི་མ་བསྟན་འཛིན་དབང་གི་རྒྱལ་པོས་མདོ་རྒྱུད་མཐའ་དག་གི་དགོངས་དོན་ལས་འོ་མའི་སྙིང་པོ་མར་བླངས་པ་བཞིན་གསུངས་པ་“ལོ་ཡི་རྒྱལ་པོ་ཤིང་ཕོ་བྱི་ བ་དང་། ཟླ་བའི་དང་པོ་དཔྱིད་ཟླ་ར་བ་མེ་སྟག་གི་ཟླ་བ། ཞག་གི་སྙིང་པོ་ཚེས་བཅོ་ལྔ། དུས་ཚོད་ཀྱི་དང་པོ་ནམ་ལངས་པ། སྐར་མའི་དམ་པ་རྒྱལ་གྱི་རུ་གོང་ལ་སྐུ་བལྟམས་པ་ཡན་ཆད། མདོ་རྒྱུད་མཐའ་དག་གི་དགོངས་པ་གཅིག་ཏུ་འདུས་པ་ཡིན་པས་སོམ་ཉི་དང་བྲལ་བ་ཡིན་ནོ། སྐབས་འདིར་ཁ་ཅིག་གིས་དཔྱིད་ཟླ་ར་བ་ཞེས་པ་ཧོར་ཟླ་བཅུ་གཉིས་པར་ངོས་འཛིན་བྱེད་པ་ཡོད་མོད། ལུང་དོན་ལྟར་ན་བླ་ཆེན་དྲན་པའི་དྲང་དོན་མུན་སེལ་སྒྲོན་མའི་དགེ་སྤེལ་ཚོགས་འགྱུར་གྱི་གཟེར་བུ་ལས། སྟོན་པ་བྱོན་པའི་དུས་ནི། ལོ་བྱི་བ་དང་། ཟླ་བ་རྟ་པ་སྐར་མ་རྒྱལ་གྱི་ཁོངས་སུ་བྱོན་པའི་དུས་སུ་ཚོགས་ཆེ། ཞེས་གསུངས་པའི་ཕྱིར། དེས་ན་ཧོར་ཟླ་དང་པོར་འཁྲུལ་མེད་དུ་ངོས་འཛིན་དགོས་སོ།”ཞེས་ཞལ་གསལ་དུ་གསུངས་གནང་མཛད་ཡོད་པ་འདི་༧དཔལ་ལྡན་རྒྱལ་བ་སྨན་རི་བའི་རིང་ལུགས་དྲི་མ་མེད་པ་ཡིན་ཕྱིར་འུ་ཅག་བོན་དབངས་ཡོངས་ཀྱིས་འཁྲུངས་དུས་འདི་ཐུགས་ལ་ངེས་དགོས་པ་ཡིན།
དེ་ཡང་འཆར་ཅན་ལྟར་གཤེན་གྱི་འབྱུང་ལྡན་(༣༠༡)བོད་ཤིང་ལུག་ལོའི་ཟླ་བ་དང་པོའི་ཚེས་བཅུ་བཞི་ནས་བཅོ་ལྔ་སྟེ། ཕྱི་ལོ་༢༠༡༥ཟླ་བ་ ༣ ཚེས་ ༤ནས་༥ བར་དུ་གཡུང་དྲུང་བོན་གྱི་གདན་ས་ཆེན་མོ་༧དཔལ་གཤེན་བསྟན་སྨན་རིའི་གླིང་ནས་བདག་ཅག་གི་སྟོན་པ་བཀའ་དྲིན་ཅན་༧རྣམ་འདྲེན་བརྒྱད་པ་རྒྱལ་བ་གཤེན་རབ་མི་བོ་སྐུ་འཁྲུངས་ནས་མི་ལོ་(༡༨༠༣༢)འཁོར་བའི་དུས་ཆེན་ཁྱད་པར་ཅན་ལ་གཤེན་གྱི་དགེ་སྤྱོད་རྣམ་པར་དག་པའི་དཀྱིལ་འཁོར་གྱི་ཞལ་ཕྱེས་ནང་གསུངས་གནང་མཛད་ཡོད་པ་རེད།
དེ་ཡང་བདག་ཅག་གི་སྟོན་པའི་འཁྲུངས་མཆོད་མདོ་རྒྱུད་མཐའ་དག་གི་དགོངས་པ་གཅིག་ཏུ་འདུས་པ་ནི། ལོ་ཡི་རྒྱལ་པོ་ཤིང་ཕོ་བྱི་བ། ཟླ་བ་དང་པོ་དཔྱིད་ཟླ་ར་བ། མེ་སྟག་གི་ཟླ་བ། ཞག་གི་སྙིང་པོ་ཚེས་བཅོ་ལྔ། དུས་ཚོད་ཀྱི་དང་པོ་ནམ་ལངས་པ་དང་། སྐར་མའི་དམ་པ་རྒྱལ་གྱི་རུ་གོང་ལ་སྐུ་བལྟམས་པར་གསུངས་པའི་ལུང་གི་དགོངས་དོན་ དང་མཐུན་པར་ཚང་མས་མགྲིན་གཅིག་ཏུ་སྨྲ་མོད། དེ་ཡང་དཔྱིད་ར་ཞེས་པ་ཧོར་ཟླ་དང་པོར་ཁེལ་ཡོད་པ་ལུང་རིགས་གཉིས་ཀྱིས་གྲུབ་སྟེ།
དང་པོ་ལུང་ནི། བླ་ཆེན་དྲན་པས་མཛད་པའི་དྲང་དོན་མུན་སེལ་སྒྲོན་མའི་དགེ་སྤེལ་ཚོགས་འགྱུར་གྱི་གཟེར་བུ་ལས། “སྟོན་པ་བྱོན་པའི་དུས་ནི། ལོ་བྱི་བ། ཟླ་བ་རྟ་པ། སྐར་མ་རྒྱལ་གྱི་ཁོངས་སུ་བྱོན་པའི་དུས་སུ་ཚོགས་ཆེ་”ཞེས་གསུངས།
ཀུན་མཁྱེན་ཉི་མ་བསྟན་འཛིན་གྱིས་མཛད་པའི་དྭོགས་བསལ་པན་ཙ་ལི་ཀའི་ཆུན་པོ་ལས། “ཁ་ཅིག་གིས་དཔྱིད་ཟླ་ར་བ་ཞེས་པ། ཧོར་ཟླ་བཅུ་གཉིས་པར་ངོས་འཛིན་བྱེད་པ་མི་འཐད་དེ། དྲང་དོན་མུན་སེལ་སྒྲོན་མའི་དགེ་སྤེལ་ཚོགས་འགྱུར་གྱི་གཟེར་བུ་ལས། སྟོན་པ་བྱོན་པའི་དུས་ནི། ལོ་བྱི་བ། ཟླ་བ་རྟ་པ། སྐར་མ་རྒྱལ་གྱི་ཁོངས་སུ་བྱོན་པའི་དུས་སུ་ཚོགས་ཆེ། ཞེས་གསུངས་པའི་ཕྱིར། དེས་ན་ཧོར་ཟླ་དང་པོ་འཁྲུལ་མེད་དུ་ངོས་འཛིན་དགོས་སོ། །”ཞེས་གསུངས།
མཁས་གྲུབ་ལུང་རྟོགས་རྒྱ་མཚོས་མཛད་པའི་ནག་རྩིས་སྣང་སྲིད་མེ་ལོང་ལས། “ཟླ་འགོ་འཛིན་ཚུལ་ནི། རང་རང་འདོད་པ་མང་ཡོད་ཀྱང་། །འགའ་ཞིག་རྒྱ་རྩིས་དང་མི་མཐུན། །འགའ་ཞིག་མཐུན་སྣང་ཚད་མས་གནོད། །འགའ་ཞིག་དུས་ཀྱི་གཟེར་དང་འགལ། །འགའ་ཞིག་དབྱར་དགུན་གོ་ལོག་སྐྱོན། །དེས་ན་ངོ་མཚར་དུས་གཟེར་དང་། །མཐུན་པའི་རྒྱ་རྩིས་གསར་འགྱུར་གྱི། །དགོངས་དོན་འཁྲུལ་མེད་འདི་ལྟ་ཡིན། །དཔྱིད་ར་ཧོར་ཟླ་དང་པོ་འདི། །སྟག་གི་ཟླ་བ་རྩོད་བྲལ་ལོ། །”ཞེས་གསུངས།
ཁྱུང་སྤྲུལ་འཇིགས་མེད་ནམ་མཁའི་རྡོ་རྗེས་མཛད་པའི་དཔྱད་གསུམ་དག་རྩིས་བསྐལ་སྲིད་དུས་འཁོར་ལས། “འབྱུང་རྩིས་ཟླ་འགོ་ཟླ་རི་ཏིག་ཞི་ཞེས། །ཧོར་ཟླ་དང་པོ་དཔྱིད་ཟླ་ར་བ་རུ། །ས་ཚིག་སྐབས་འདིར་དངོས་སུ་གྲུབ་པས་ན། །འདི་ཉིད་མི་འདོད་རྒྱུ་མཚན་གཞན་དུ་ཟད། །ཞེས་སོ། །ཟླ་བ་དང་པོའི་མིང་གི་རྣམ་གྲངས་ལ། དེ་ཉིད་ལས། དབྱི་ཡོལ་བུམ་ཁྱིམ་མཆུ་ཟླ་ལོ་གསར་ཟླ། །སྟོན་མཆོག་འཁྲུངས་ཟླ་དཀའ་ཐུབ་ཆོ་འཕྲུལ་དང་། །འདུ་བྱེད་དཔྱིད་ར་སྟག་ཟླ་དང་པོའི་མིང་། །ཞེས་དང་། ཡང་དེ་ཉིད་ཀྱིས་མཛད་པའི་ཉེར་མཁོ་དཔག་བསམ་ལྗོན་ཤིང་ལས། ཟླ་བའི་ངོས་འཛིན་ས་གནམ་བར་གྱི་རྟགས། །རིམ་པར་བརྗོད་ལ་དཔྱིད་ཟླ་གསུམ་གྱི་དུས། །ས་ལ་ཤིང་རྩི་ཁ་འབུས་གནམ་རྟགས་སུ། །རྟ་པ་དབོ་དང་ནག་པས་ནམ་ཚོད་འཛིན། །”ཞེས་གསུངས་སོ། །
གཉིས་པ་རིགས་པ་ལ། རྗེ་མཉམ་མེད་ཆེན་པོས་མཛད་པའི་མཛོད་འགྲེལ་འཕྲུལ་གྱི་སྒྲོན་མེ་ལས། “དཔྱིད་ཟླ་ར་བའི་ཚེས་བརྒྱད་ལ། ཉིན་མོར་ཡུད་བཅུ་གཉིས། མཚན་མོར་ཡུད་བཅོ་བརྒྱད་དོ། །ཚེས་དགུ་ལ་ཉིན་མོར་ཐང་གཅིག་གིས་ལྷག མཚན་མོར་ཐང་གཅིག་གིས་མ་ཚང་ངོ་། །”ཞེས་པས་དཔྱིད་ར་བའི་ཚེས་དགུ་ནས་མཚན་ཐུང་དུ་འགྲོ་བ་དང་། བོད་ཀྱི་སྨན་རྩིས་ཁང་ནས་བཏོན་པའི་ལོ་ཐོ་ནང་དུའང་ཧོར་ཟླ་དང་པོའི་ཟླ་བཤད་ལས། “སྟག་གི་ལྔ་ཆ་གཉིས་པར་དཔྱིད་ཉིན་མཚན་མཉམ། ཉིན་ཚད། ༣༠།༠མཚན་ཚད་༣༠།༠ཚེས་༢༩ཡོས་ཀྱི་ལྔ་བཞི་པར་རྟ་བདུན་དབང་པོ་གསེར་མིག་ཁབ་ཏུ་ རོལ།” ཅེས་སོ། །“ཡོངས་གྲགས་ཁུ་ནུའི་ལོ་ཐོ་ཞེས་པའི་ཧོར་ཟླ་དང་པོའི་ཟླ་བཤད་དུའང་། དཔྱིད་ཉིན་མཚན་མཉམ་༣༠།༣༠འདི་ནས་ཉིན་ཆེ་མཚན་ཆུང་དུ་འགྲོ།” ཞེས་དང་། རྗེ་ཡི་མཛོད་འགྲེལ་དང་། མཛོད་སྒྲ་འགྲེལ། ལྔ་བསྡུས་སོགས་དང་མཐུན་པར་ཚན་རིག་པས་མཛུབ་བཙུག་གནང་བ་སོགས་གང་ཐད་ནས་ཚང་མ་ཧོར་ཟླ་དང་པོར་ཁེལ་བར་མ་ཟད་དཔྱིད་ཟུག་པ་དང་། ངང་པ་འདམ་ནས་འདོན་པ། ས་ལ་དྲོད་འོང་། ཁ་བ་ཆར་དུ་ཅུང་ཟད་འགྲོ་བ། དྲོད་རླུང་ལྡང་བ་སོགས། གང་ས་ནས་བཏོན་པའི་ལོ་ཐོ་ནས་ཀྱང་ཧོར་ཟླ་དང་པོར་ཁེལ་བ་ལས་ཧོར་ཟླ་བཅུ་གཉིས་པར་ ཁེལ་བའི་ལྔ་བསྡུས་རིག་པ་ཞིག་མ་མཐོང་།
ཡང་དྲང་དོན་མུན་སེལ་སྒྲོན་མའི་དགེ་སྤེལ་ཚོགས་འགྱུར་གྱི་གཟེར་བུ་ལས། སྟོན་པ་བྱོན་པའི་དུས་ནི། ལོ་བྱི་བ། ཟླ་བ་རྟ་པ་ཞེས་པ་དང་། ཡང་དཔྱིད་ཟླ་ར་འབྲིང་ཐ་གསུམ་ལ་ཆོ་འཕྲུལ་ཆེན་པོ་དང་འབྲིང་ཐ་མ་གསུམ་དུ་ཕྱེས་ནས་དགེ་སྤེལ་ཚོགས་འགྱུར་འཆད་སྐབས། དེ་ཉིད་ལས། “ཆོ་འཕྲུལ་ཆེན་པོ་རྟ་པའི་ཟླ་བ་ལ་བྱ། བྱ་རྦོ་ཆུའི་ཟླ་བ་ལ་བྱ། དཔྱིད་ཟླ་ཐ་ཆུང་འབྲུག་གི་ཟླ་བ་ལ་བྱ། དེ་ཅིའི་ཕྱིར་ཞེ་ན། རྟ་པ་ལ་ཞང་ཞུང་སྟོང་རྒྱུང་མཐུ་ཆེན་གྲོངས་པའི་དུས་སུ་མུ་སྟེགས་ཀྱི་སྟོན་པ་དང་ནང་པ་གཉིས། དང་པོ་རྩོད་པ་བྱས། དེ་ནས་སྒྱུ་རྩལ་འགྲན། དེ་ཆོ་འཕྲུལ་སྤྲུལ་པ་འགྲན། དེའི་སྡོང་བཏབ་པའི་དགེ་བ་འདི་བྱེ་བ་ཁྲི་འགྱུར་དུ་གསུངས།” ཞེས་དང་།
ཉེར་མཁོ་དཔག་བསམ་ལྗོན་ཤིང་ལས། “དཔྱིད་ཟླ་གསུམ་གྱི་དུས། རྟ་པ་དབོ་དང་ནག་པས་ནམ་ཚོད་འཛིན།” ཞེས་པའི་ལུང་དེ་དག་གི་རྟ་པ་ནི་སྐར་མ་མཆུ་ཡིན་པ་སྨྲོས་མེད་ལ་མཆུ་ཟླ་དང་རྒྱལ་ཟླ་གཉིས་གཅིག་ཏུ་མི་སྲིད། དེས་ན་རྒྱལ་གྱི་རུ་གོང་ཞེས་པ་རྒྱལ་གྱི་ཁོངས་སུ་བྱོན། གསུངས་པའི་ལུང་དོན་དང་དུས་གཟེར་ལྔ་བསྡུས་རིག་པ་སོགས་ཀྱིས་སྟོན་པའི་འཁྲུངས་མཆོད་ནི་དཔྱིད་ར་ཧོར་ཟླ་དང་པོར་ཁེལ་བ་གནད་ཀྱིས་གྲུབ་པ་ཡིན་ནོ། །ཞེས་ལུང་དོན་དང་འགྲེལ་བའི་དཔྱད་ཁུལ་ཙམ་འདི་ལ་ཆགས་སྡང་གིས་ངན་སྨོད་ཇི་ལྟར་ བྱ་ཡང་། རྗེ་མཉམ་མེད་ཆེན་པོའི་ཞལ་གདམས་ལས། “རང་གི་ཤེས་པ་དེ་དང་མཐུན་པར་བྱུང་ན་བསྟོད་པར་བྱེད་པ་དང་། མ་བྱུང་ན་སྨད་ར་བྱེད་པ་འདུག་སྟེ། བླུན་པོའི་གྲལ་ལ་བཞུགས་པར་མཛོད་ཅིག” ཅེས་པ་ལྟར་གནས་སྐབས་བཟོད་སྒོམ་ལས་གཞན་བྱ་ཐབས་ཟད། འོན་ཀྱང་ལུང་རིག་གིས་བདར་ཤ་མཛད་པ་རྣམས་ནི་བསྟོད་དང་བཀུར་བའི་གནས་སུ་འགྱུར་བར་སེམས་སོ། །
སྨན་རིའི་དགེ་བཤེས་གླག་རྒོད་ཀྱིས།