ལོ་དེབ་བམ་དུས་དེབ་ཚད་ལྡན་ཞིག་ཡིན་ཕྱིན་ཆད། བརྗོད་བྱ་སྲིད་འབྱོར་རིག་གསུམ་མམ་དམག་ཚོང་ཆོས་གསུམ་གང་དུ་གཏོགས་རུང་། དེ་ཉིད་སྒྲིག་སྟངས་ལ་ལམ་ལུགས་སམ་སྒྲིག་འཛུགས་ཤིག་བསྲུང་བྱར་མཆི་དགོས་ཏེ། ལུགས་ཁྲིམས་དེ་ལྟར་མ་འཇགས་པའིོ་རིགས་ནི་དུས་དེབ་གཞན་དང་འདྲ་འདྲར་སྣང་ཡང་འགྲིག་འགྲིག་མི་ཡོང་བར་མྱོང་བས་ཤེས། དེས་ན་བོན་སྒོ་ལོ་དེབ་སྒྲིག་ཚུལ་ལའང་རང་ཚུགས་ཀྱི་ཁྲིམས་སྒྲིག་ཅིག་བདོག་པར་སྨོས་སུ་མེད་པས། སུ་ཞིག་ཡིན་རུང་འདི་གར་བསྐུར་རྒྱུའི་རྩོམ་ཡིག་རྣམས་འབྲི་སྒྲིག་གནང་སྐབས་སྟངས་ལུགས་ཀྱི་རྒྱལ་སྒོ་ཆེན་པོ་དེ་ཉིད་བརྒྱུད་ནས་ཕེབས་ན་བོན་སྒོ་ལོ་དེབ་ཀྱིས་ཀྱང་གནས་ལེན་བཟང་བར་བསུ་ངེས་ཡིན་པར་ཐུགས་སུ་འཇགས་གལ་ཆེ། འོ་ན་བོན་སྒོ་ལོ་དེབ་ཏུ་གཞུག་པ་ལ་རྩོམ་ཡིག་རྣམས་ཀྱིས་བརྒྱུད་དགོས་པའི་ལུགས་སྒྲིག་གཡུང་དྲུང་སྒོ་ཆེན་དེ་ཉིད་ཇི་ལྟར་ལགས་སམ་ཞེ་ན། ལོ་དེབ་འདི་ཉིད་ཀྱི་རྩོམ་ཡིག་ཚན་སྡེ་ཁག་ལས་གོང་ཐང་ཚད་མཐོར་ཐོབ་པ་ནི་དཔྱད་རྩོམ་རྣམས་ཡིན་སྟབས། འདིར་དམིགས་སུ་བཀར་ནས་དཔྱད་གཏམ་སྤེལ་སྟངས་སྐོར་ཅུང་ཟད་དགོད་པར་བྱ་སྟེ། དེ་ཡང་རང་རྩོམ་དངོས་མ་ཞིག་ལ་ལུང་རིག་མགོ་སྦྲེལ་ལམ་བློ་སྐྱེད་གསར་གཏོད། དཀའ་གནད་གསེད་བཀྲོལ་ལམ་གཙོ་དོན་ཁུ་བསྡུས་སོགས་ཀྱི་ཁྱད་བོན་ལྡན་ན་གཙིགས་སུ་བཀུར། དེ་མིན་དཔེ་དེབ་འདྲ་མིན་གྱི་ནང་དོན་སྣ་ཚོགས་བཅད་བཏུས་བསྒྲིགས་གསུམ་གྱིས་རྗོད་བྱེད་ཚིག་སྦྱོར་ཁེར་རྐྱང་བརྗེས་པས་ཀྱང་མི་འགྲིག་ལ། རང་ཚིག་དང་རང་ལུགས་ཀྱིས་དབུལ་བའི་ལུང་ཚིག་ཁོ་ནའི་ཚོམ་བུ་དག་ཀྱང་འཕེར་གོ་མི་ཆོད། ལྷག་པར་དེང་རབས་“ཝི་ཁི་”རིག་མཛོད་དང་“གྷུ་གྷལ་”འཚོལ་བཤེར་བརྒྱུད་ནས་བཏུས་པའི་རྩོམ་ཡིག་རྣམས་ནི་དེ་བས་ཀྱང་མི་འོས། རྒྱུ་མཚན་ནི། གཞན་རྩོམ་རྙིང་པ་རྣམས་སྣང་མེད་དུ་བོར་བ་དང་དེ་དག་རང་རྩོམ་ཡིན་ཁུལ་གྱིས་འཐུ་རྐྱང་བྱེད་པ་དག་ནི་སྨྱུག་ཐོགས་པའི་བཟང་སྤྱོད་དང་འགལ་བས་གཟབ་ཟོན་དོ་ཁུར་ཡོང་བར་ནན་གྱིས་བསྐུལ། བརྟག་པ་མཐའ་བཟུང་གིས་གཞན་རྩོམ་ཡིད་སྨོན་འཆོར་བ་གང་ཞིག་བརྒྱུད་འགོད་བྱ་བར་འདོད་ཚེ། ལུང་རྟགས་དང་མཆན་འགྲེལ་གྱིས་གསལ་ཁ་གཏོད་དགོས་པ་གལ་འགངས་ཆེ། མཆན་འགྲེལ་འདོགས་ལུགས་ཀྱང་འདི་ལྟར་དགོས་ཏེ། དཔེ་དེབ་ཀྱི་མིང་བྱང་རིང་འབྲིང་ཐུང་གསུམ་གང་ཡོད་ལ། བརྩམས་བོན་ཡིན་ཚེ་མཛད་པ་པོ་དང་། ཕྱོགས་བསྡུས་ལགས་ཚེ་གཏུ་སྒྲིག་པ། གཏེར་མའི་རིགས་ལ་གཏེར་སྟོན་བཅས་ཀྱི་མཚན། པོད་ཚོགས་སུ་གཏོགས་པའམ་ལེའུ་ཚན་གང་གྱུར་གྱི་གསལ་ཁ། དཔར་མ་དང་བྲིས་མ་གང་ཡིན་གསལ་ཐོག་དཔར་མའི་རིགས་ལ་དཔེ་ཁང་གི་མིང་དང་ས་གནས་དེ་བཞིན་དཔར་ལོ་བྲིས་མཚམས། དེབ་གཟུགས་དང་དཔེ་གཟུགས་གང་ཡིན་དང་། ཤོག་ངོས་དང་ལྡེབ་ངོས་ཅི་ཡིན་གྱི་ཨང་གྲངས་བཀོད་རྗེས་གུག་རྟགས་སུ་ལུང་ཚིག་དངོས་དེ་གསལ་ལ་དག་པར་འདྲེན་དགོས། དེ་ཡང་དེབ་དཔེ་དེ་ཉིད་ལས་བསྐྱར་དུ་ལུང་ཚིག་འདྲེན་དགོས་བྱུང་ཚེ་“གོང་མཚུངས་”ཞེས་སུ་བྲིས་འཕྲོར་མིང་བྱང་དང་ལྡེབ་ཤོག་གི་ཨང་གྲངས་བཀོད་པས་ཀྱང་འཐུས། དཔྱད་གཞིའི་ཡིག་ཁུངས་ཀྱང་གཙོ་ཕལ་གཉིས་སུ་བཀར་ཐུབ་ཚེ་རབ་དང་། དེ་མིན་རང་གིས་དངོས་སུ་དཔྱད་གཞིར་བཀོལ་བའི་ཡིག་ཆ་ཁོ་ན་ཐོ་འགོད་བྱེད་དགོས་པ་ལས། བལྟ་ཀློག་བྱེད་ཀྱང་མ་མྱོང་བ་གང་ཞིག་བལྟས་ཁུལ་གྱིས་གཞན་ལས་བཤུས་ཏེ་དཔྱད་ཁུངས་སུ་དྲངས་ན་མི་འོས། གཞན་ཚགས་དཔར་དཀྱུས་མ་དང་དྲ་བ་སོགས་ལ་གཞི་ཁུངས་བཅོལ་བ་སྙུངས། གལ་ཏེ་གཉིས་མེད་དྲ་ཚིགས་ཚད་ལྡན་དག་ལས་ལུང་འདྲེན་མི་བྱ་ཀ་མེད་གྱུར་ཚེ་ངེས་པར་དུ་དྲ་བྱང་ལྷན་དུ་བསྔོགས་བལྟས་ཉིན་གྱི་ལོ་ཟླ་ཚེས་གསུམ་ཡང་འབྲི་གལ་ཆེ་སྟེ། དྲ་རྩོམ་རྣམས་མི་བརྟན་ལ་འགྱུར་བཅོས་ཀྱང་མོད་པས་སོ། །དེ་བས་དྲ་ལུང་འདྲེན་གཞི་ལའང་འདི་ནས་དོ་དམ་ནན་ཙམ་བགྱི་སྟེ། དེ་ལྟར་མ་དམ་ཚེ་ཉིན་ཞིག་“སྐད་འཕྲིན་”དང་“གདོང་དེབ་”སོགས་ལས་ལུང་དྲངས་ཀྱིས་རྩོམ་ཡིག་སྤེལ་ཉེན་ཡང་སྣང་བས་སོ། ། རྩོམ་ཡིག་ནང་དོན་ལའང་གཙིགས་འགངས་འཛིན་ཚུལ་གྱི་དབྱེ་ཁྱད་ཉམས་སུ་བསྟར་བ་སྟེ། ལར་གཡུང་དྲུང་བོན་གྱིས་གཙོས་པའི་ཞང་བོད་ཀྱི་རྒྱལ་རབས་ལོ་རྒྱུས་དང་ཤེས་རིག་བཅས་ཀྱི་སྒྲོམ་གཞིར་མི་འཚུད་པའི་བརྗོད་བྱ་དག་ནི་ལོ་དེབ་འདི་ཉིད་ཀྱི་དགོས་མཁོ་དང་མི་འཚམས་པས་རིང་དུ་འདོར། བྱེ་བྲག་ཏུ་བརྗོད་དོན་དེ་དག་དང་སྦྲེལ་རུང་ཚད་ཐལ་ཆེ་བའི་སྲིད་དོན་དང་གབ་སྦས་ཅན་གྱི་རྙོག་གཞིར་ཚུད་པའི་རྩོམ་ཡིག་དག་ལ་དགའ་བསུ་བྲལ། གཞན་ཡང་བོན་སྒོ་ཀློག་མཁན་གྱི་ཁྱབ་ཁོངས་ལ་ལྟོས་བསྟུན་གྱིས་མཚན་ཉིད་རྟགས་གསལ་གྱི་སྐོར་ནི་དམིགས་བསལ་ལུང་རིག་རྩལ་དུ་བཏོན་རིགས་ཕུད་པ་ལས་གཞན་རྣམས་དེ་ཙམ་མི་དགོད། ལྷག་པར་གཞུང་ཁྲིད་དགེ་རྒན་ཁ་ཅིག་ཏུ་གཟས་པའི་རྩོད་སྤོང་དང་། ཐུག་དང་དམ་བཅར་བཀྱོན་པའི་གོང་མ་དག་ཕས་རྒོལ་དུ་བཟུང་བའི་དགག་ལན་རིགས་ནི་ནམ་ཡང་མི་བསྐུར་བར་རེ། དེ་མཚུངས་སུ་དགོན་པ་ག་གེ་མོ་དང་བླ་སྤྲུལ་ཆེ་གེ་མོའི་སྐོར་ཡང་བརྗོད་བྱ་ཟབ་ལ་རྗོད་བྱེད་ལེགས་ན་མ་གཏོགས་དེ་ཙམ་མི་མཁོ་ལ། དེ་རིགས་འབྲི་སྐབས་ཀྱང་འདྲི་ཚིག་ག་རེ་ག་དུས་ག་པར་གསུམ་གྱི་ལན་རྣམས་རང་ཆས་སུ་སླེབས་ཐབས་བྱ་རྒྱུ་དེ་བས་ཀྱང་གལ་དུ་ཆེ། རྩོམ་ཡིག་སྐུར་སྟངས་ཀྱང་དུས་དེབ་གཞན་དང་ཚགས་དཔར་དེ་བཞིན་དྲ་རྒྱ་སོགས་བརྒྱུད་ལམ་གཞན་ནས་སྤེལ་ཟིན་པའམ་རྩོམ་སྒྲིག་ཁང་གཞན་དུ་བསྐུར་ཟིན་པའི་རྩོམ་ཡིག་རྣམས་འདིར་མི་འཇོག་པ་རྒྱུན་བསྒྲགས་ལྟར་ལགས་མོད། འོན་ཀྱང་སྐབས་རེར་གཞན་དུ་སྤེལ་བསྐུར་བྱས་མེད་ཁུལ་གྱིས་འདི་གར་སྤྲད་པའི་རྩོམ་ཡིག་རེ་འགའ་ཞུ་དག་དང་དེབ་གཟུགས་ལེགས་པར་བསྒྲུབས་མཚམས་ཕྱིར་འཐེན་བྱ་དགོས་པའང་བྱུང་མྱོང་། དེ་ནི་རྩོམ་སྒྲིག་ཚོགས་མི་རྣམས་ཀྱིས་བརྟག་དཔྱད་ཞིབ་ཚགས་མཐིལ་ཕྱིན་གནང་བའི་གྲུབ་འབྲས་སུ་ཁུམས། གང་ལྟར་ལས་དོན་གང་ཞིག་ཡིན་རུང་ཡར་རླངས་ཤོར་མེད་པ་དང་། མར་ཐིགས་ཤོར་མེད་པ་ཞིག་ཡོང་མི་སྲིད་ཀྱང་། འདི་ལྟར་ཁྲིམས་སྒྲིག་སྟངས་ལུགས་བསྒྲགས་པ་ནི་བོན་སྒོ་འདི་ཉིད་རང་ཚུགས་ཀྱིས་འཚོ་གཞེས་ཡུན་གནས་ཡོང་བའི་ཐབས་ལམ་སྤྱད་པ་ལགས། དེས་ན་ཁྲིམས་སྒྲིག་འདི་དག་ལག་བསྟར་ཡོང་བར་སྟངས་འཛིན་གནང་མཁན་ལའང་སྤྱི་སེམས་སྡུག་རུས་ཐེག་པའི་རྩོམ་སྒྲིག་ཚོགས་མི་མཁོ་བ་བཞིན་ད་ལམ་བདག་གི་རྩོམ་སྒྲིག་ལས་རོགས་གཡུང་དྲུང་མིང་ཅན་གསུམ་གྱིས་སློབ་གཉེར་གྱི་བར་གསེང་ནས་གཟབ་གཟབ་གཟེངས་གཟེངས་ཀྱིས་ལས་གཞི་གྱ་བ་རྣམས་སོར་ཆུད་དུ་སྒྲུབ་པར་མཉམ་རུབ་ཧུར་སྐྱེད་གནང་བྱུང་བས། ཁོང་རྣམ་པར་བཀའ་དྲིན་ལེགས་གསོལ་དང་འདི་བཞིན་འགན་ཁུར་རྒྱུན་བསྐྱང་ཡོང་བར་རེ་སྨོན་ཡང་ཞུའོ།། །།
བོན་སྒོ་རྩོམ་སྒྲིག་ཁང་རྒྱལ་ལོ། །གཙོ་སྒྲིག་པ་ཆོས་འཁོར་ཚང་ཉི་མ་འོད་ཟེར་པས།
བོན་སྒོ་འདོན་ཐེངས་ཉེར་དྲུག་པའི་དཀར་ཆག་འདི་ནས་གཟིགས་གནང་ཞུ།
བོན་སྒོ་ཨང་ཉེར་དྲུག་པའི་སྦྱིན་བདག ཞང་ཞུང་པ་འཕྲིན་ལས་རྒྱ་མཚོ་ལགས་བརྒྱུད་ཁོང་གི་གྲོགས་པོ་རྒྱ་གར་པ་Aditya Khanaནས་བོན་སྒོ་འདོན་ཐེངས་ཉེར་དྲུག་པ་འདི་ཉིད་ཀྱི་སྦྱིན་བདག་ཆ་ཚང་གནང་སྟེ་ཧིན་སྒོར་འབུམ་གཅིག་གནང་བར་བཀའ་དྲིན་ཐུགས་རྗེ་ཆེ་ཞུ།