རྫ་སྨོན་རྒྱལ་གཡུང་དྲུང་གླིང་།

9དེ་ཡང་རྒྱུད་ཡེ་ཁྲི་མཐའ་སེལ་ལས། ལོ་རྒྱུས་ཁུངས་ནས་མ་བཤད་ན། ཡིད་མི་ཆེས་པའི་རྒྱུ་རུ་འགྱུར། ཞེས་གསུངས་པ་ལྟར།  འདི་ནས་གླེང་བར་བྱ་བ་ནི། ༧རྫ་སྨོན་རྒྱལ་གཡུང་དྲུང་གླིང་ནས་༧རྣམ་འདྲེན་བརྒྱད་པ་རྒྱལ་བ་གཤེན་རབ་མི་བོ་མཆོག་འཇིག་རྟེན་མི་ཡི་གཟུགས་སྤྲུལ་ནས་མི་ལོ་ཧྲིལ་པོ་༡༨༠༣༢འཁོར་བའི་འཁྲུངས་མཆོད་དང་འབྲེལ་སྟེ། རྫ་སྨོན་རྒྱལ་གཡུང་དྲུང་གླིང་གི་ངོ་སྤྲོད་མདོ་བསྡུས་ཙམ་ནི།

༡༩༧༢ལོ་ནས་བྱེས་ཀྱི་གླིང་ཚང་གཞིས་ཆགས་གསར་དུ་བསྐྲུན་པ་དང་། སྐབས་དེ་གླིང་ཚང་༧རྒྱལ་སྲས་འཇིགས་མེད་དབང་འདུས་ཆོས་རྒྱལ་རིན་པོ་ཆེ་མཆོག་གི་མངའ་ཁོངས་སུ་ཆོས་ལུགས་ཆོས་རྒྱུད་རིས་མེད་ཀྱི་དགོན་སྡེ་མང་ཙམ་ཞིག་ཡོད་པའི་ནང་ཚན་དགོན་སྡེ་ཆེ་ཁག་དྲུག་གི་ཡ་གྱལ་རྫ་སྨོན་རྒྱལ་དགོན་ནི་དེ་ཡི་ནང་ཚན་ཡིན་པའི། རྒྱལ་སྲས་མཆོག་གིས་ཐུགས་བསམ་རྒྱལ་ཆེ་ཟབ་བཞེས་ངང་མ་འོངས་པར་སྨོན་རྒྱལ་དགོན་གྱི་བསྟན་པ་ལ་དམིགས་ཏེ། ཕྱི་ལོ་(༡༩༧༤/༩/༢༩)ཉིན་ཧཱུྃ་ཆེན་བླ་མའི་དངོས་སློབ་སྨོན་རྒྱལ་དགོན་གྱི་བླ་མ་འཕྲིན་ལས་རྒྱ་མཚོ་མཆོག་ལ་རྒྱ་གར་ཡུ་པི་མངའ་སྡེའི་དྷེ་ར་རྡུན་མན་གྲུ་ཝ་ལ་ཞེས་པའི་ས་གནས་དེ་ལ་སྨོན་རྒྱལ་དགོན་གྱི་ས་སྐལ་གནང་བ་དང་ལྷན་དུ་༧རྒྱལ་སྲས་མཆོག་དབུ་བཞུགས་ཐོག་དབུ་འཛིན་རྣམ་པ་མཉམ་འཛོམས་ངང་གསང་གསོལ་གནང་བ་དང་ས་ཐོག་འདིར་གཡུང་དྲུང་སེམས་དཔའ་མང་པོས་ཁེངས་པར་ཤོག་ཅེས་སྨོན་ལམ་དྲི་མ་མེད་པས་མཚམས་སྦྱར་ཡོད་སྐོར་ད་བཞུགས་རྒན་རབས་དུ་མའི་ངག་ནས་གསལ། དགོན་ཆེན་དྲུག་གི་ནང་ཚན་ཞིག་ཀྱང་ཡིན་པ་དང་དགོན་པ་འདི་ཡི་བསྟན་པའི་བདག་པོ་ནི། ༧དྲན་པའི་རྣམ་རོལ་རིག་འཛིན་ཀུན་གྲོལ་འཇའ་ཚོན་སྙིང་པོའི་སྐུ་ཕྲེང་རིམ་བྱོན་རྣམས་ཡིན་ལ། ལྷག་པར་དུ་བོད་ལ་འཕོ་འགྱུར་མ་བྱུང་སྔོན་༧གཏེར་སྟོན་ཆེན་པོ་ཧཱུྃ་ཆེན་འགྲོ་འདུལ་གླིང་པས་བསྐྱངས་ཤིང་། མ་ཟད་ཁྱད་པར་དུ་༧ཧཱུཾ་ཆེན་བླ་མ་མཆོག་ནི་མདོ་ཁམས་གླིང་ཚང་རྒྱལ་བློན་དུ་མའི་དབུ་བླ་ཡང་ཡིན་པའི་གླིང་ཚང་བློན་ཆེན་དབང་ཐང་དར་རྒྱས་སྐྱབས་སམ་ཡར་གླིང་དབང་རྒྱལ་མཆོག་གིས་ཀྱང་བླ་མ་འཕྲིན་ལས་རྒྱ་མཚོ་མཆོག་ལ་ངེས་པ་དུ་སྨོན་རྒྱལ་དགོན་པ་དང་ཀུན་གྲོལ་སྤྲུལ་སྐུ་སོགས་ལ་ཁྱེད་ཀྱིས་ཐུགས་བསམ་ཟབ་མོ་བཞེས་དགོས་པའི་ཁོང་གི་ལག་པར་བཟུང་སྟེ་དམ་བཅའ་གནང་དགོས་པའི་བཀའ་སློབ་ཟབ་མོ་མཛད་གནང་བར་ཁོང་གིས་ཀྱང་དམ་བཅའ་ཞུས་པ་དང་དེ་ནས་ཁོང་ཉིན་གསུམ་ལས་ཙམ་མ་བཞུགས་ཞིང་ཁམས་གཞན་དུ་ཕེབས་གནང་བ་དང་།

དེ་ནས་དམ་བཅའ་ཞུས་པ་བཞིན་༧ཞྭ་དཀར་བསྟན་པའི་མངའ་བདག་དཀའ་དྲིན་སུམ་ལྡན་གྱི་དཔོན་གསས་བླ་མ་༧སྐྱབས་རྗེ་རྒྱལ་བ་སྨན་རི་བའི་མཁན་རབས་སོ་གསུམ་པ་ལུང་རྟོགས་བསྟན་པའི་ཉི་མ་དཔལ་བཟང་པོ་མཆོག་ལ་གནས་ཚུལ་དེ་དག་སྙན་གསན་ཞུས་སྐབས་༧སྨན་རི་བ་མཆོག་གིས་ཀྱང་གླིང་ཚང་རྒྱལ་བློན་གཙོས་པའི་འབྲེལ་ཡོད་དག་ལ་བསྟོད་སྔགས་དང་འབྲེལ་ཏེ་བྱ་བ་དེ་དག་ངེས་པ་དུ་སྒྲུབ་དགོས་པའི་བཀའ་སློབ་ལམ་སྟོན་བྱུང་བས། (༡༩༧༤)ལོ་ནས་དབུ་འཛུག་སྟེ་སྨོན་རྒྱལ་དགོན་གྱི་བླ་རྒན་འཕྲིན་ལས་རྒྱ་མཚོ་མཆོག་གིས་དཀའ་བ་ཁྱད་དུ་བསད་ངལ་བ་དང་དུ་བླངས་ཏེ། ལུས་སྲོག་གང་ལ་ཡང་མ་འཛེམ་ནས་ཐབས་ཤེས་གང་དྲག་ཐོག་བླ་བྲང་དང་གྲྭ་ཤག་འཁོར་ཁང་སོགས་གསར་སྐྲུན་མཛད་གནང་བ་དང་ལྷག་པར་དུ་(༡༩༩༥)ལོར་གླིང་ཚང་དབུ་འཛིན་གཙོས་པའི་རྒན་རབས་འགའ་ཡིས་༧ཞྭ་དཀར་བསྟན་པའི་མངའ་བདག་༧སྐྱབས་རྫེ་༧རྒྱལ་བ་སྨན་རིའི་ཁྲི་འཛིན་༣༣པ་མཆོག་ལ། གླིང་ཚང་སྡེ་བའི་ཡུལ་མི་རྣམས་ཀྱི་རེ་འདུན་ལྟར། རྫ་སྨོན་རྒྱལ་དགོན་འདིར་གཙུག་ལག་ཁང་ཞིག་མཆོད་པའི་རྟེན་དང་བླ་གྲྭ་གཏན་བཞུགས་གནང་མཁན་བཅས་དགོས་པའི་ཞུ་ཡིག་ཕུལ་དོན་ལྟར། བསྟན་འགྲོའི་དོན་དུ་གཟིགས་ནས་༧སྐྱབས་རྗེ་མཆོག་གིས། བླ་ཁྲི་དང་སྨོན་རྒྱལ་བླ་རབས་རིམ་བྱོན་བར་དམིགས་བསལ་ནང་འབྲེལ་ཟབ་མོ་ཡོད་པ་དགོངས་བཞེས་གནང་སྟེ། བླ་ཁྲི་མཁན་པོ་དགེ་བཤེས་ཉི་མ་གྲགས་པ་རིན་པོ་ཆེ་མཆོག་ལ་གླིང་གཞིས་སྨོན་རྒྱལ་དགོན་པའི་གཙུག་ལག་ཁང་གསར་བཞེངས་གནང་རྒྱུའི་ཐུགས་འགན་བཞེས་དགོས་ལུགས་སོགས་བཀའ་གནང་བར་ལྟར། བླ་ཁྲི་མཁན་པོ་དགེ་བཤེས་ཉི་མ་གྲགས་པ་རིན་པོ་ཆེས་ཀྱང་རྩ་བའི་བླ་མས་བཀའ་གནང་བ་བཞིན་ཕྱི་ནང་བཀོད་པ་ཆ་ཚང་བཞེངས་རྒྱུའི་ཐུགས་འགན་བཞེས་བ་དང་སྐབས་དེ་འཕྲིན་ལས་རྒྱ་མཚོ་མཆོག་གིས་ཀྱང་ལུས་དང་སྲོག་ལ་བབས་ཀྱང་སྨོན་རྒྱལ་དགོན་འདིར་འཛིན་སྐྱོང་སྤེལ་གསུམ་གྱི་ཐོག་འགན་འཁུར་གནང་རྒྱུར་༧སྐྱབས་རྗེ་སྨན་རིའི་ཁྲི་འཛིན་རིན་པོ་ཆེའི་དྲུང་ནས་དམ་བཅའ་ཞུས་པ་བཞིན། དེ ནས(༡༩༩༦/༥/༡༠)ལ་༧གདན་ས་སྨན་རི་ནས་༧སྐྱབས་རྫེ་༧སྨན་རིའི་དཔོན་སློབ་ཡོངས་སྟོན་འཕྲིན་ལས་ཉི་མ་རིན་པོ་ཆེ་གཙོས་པའི་བླ་སྤྲུལ་ཉི་ཤུ་ལྷག་གདན་ཞུས་ཀྱིས་ཐུན་མིན་བོན་པོའི་གཞུང་དོན་དང་འབྲེལ་བའི་དམིགས་བསལ་ས་འདུལ་སོགས་ཆོ་གའི་རིམ་པ་རྣམས་ལེགས་པར་སྤེལ་ཏེ།  ཕྱི་ཟླ་༥ཚེས་༡༢ཉིན་༧སྨན་རིའི་དཔོན་སློབ་ཡོངས་སྟོན་འཕྲིན་ལས་ཉི་མ་རིན་པོ་ཆེ་མཆོག་དང་། ཀུན་གྲོལ་ནམ་མཁའ་འཕྲིན་ལས་དབང་རྒྱལ་རིན་པོ་ཆེ། དགེ་བཤེས་སྐྱོང་སྤྲུལ་བསྟན་འཛིན་རྣམ་རྒྱལ་རིན་པོ་ཆེ། བླ་ཁྲི་མཁན་པོ་དགེ་བཤེས་ཉི་མ་གྲགས་པ་རིན་པོ་ཆེ་བཅས་ཀྱིས་དགོན་པའི་ཕྱོགས་བཞིར་ཐིག་བཏབ་གནང་བ་དང་ཆབས་ཅིག ཀུན་གྲོལ་རིན་པོ་ཆེའི་ལོ་ཁམས་དང་མཐུན་པའི་ས་སྐྱ་རབ་བརྟན་དགོན་པའི་མཆོག་སྤྲུལ་༧ངག་དབང་བསྟན་པའི་རྒྱལ་མཚན་རིན་པོ་ཆེ་མཆོག་གིས་རྨང་གཞིའི་ས་བརྐོ་དབུ་འཛུགས་གནང་རྗེས། སྤྱིར་གླིང་གཞིས་འབྲེལ་ཡོད་ལས་བྱེད་རྣམས་དང་། ལྷག་དོན་ཨོ་རྒྱན་འགྱུར་མེད་སོགས་ཀྱིས་དགོན་འདི་དང་འབྲེལ་བའི་ལས་དོན་ཆེ་ཕྲ་གང་ཅི་ཡི་ཐོག་ནས་རོགས་དོན་རྒྱ་ཆེ་གནང་བ་དང་མ་ཚད་ནང་རྟེན་སྟོན་པའི་སྐུ་སོགས་གཙོས་པའི་སྐུ་དག་ལ་ཡང་ཟུང་འཇུག་གོང་ལེགས་འོང་ཆེད་དུ་༧སྐྱབས་རྗེ་སྨན་རི་བ་མཆོག་གིས་དགེ་བཤེས་གཡུང་དྲུང་བསྟན་རྒྱལ་ཆེད་མངག་གནང་བ་དང་ཁོང་གིས་ལེགས་སོ་ཞུས་པ་བཞིན་ནང་རྟེན་རིགས་ལ་ཡང་ལེགས་པོ་བྱུང་རབས་གྲགས།

དེ་ནས་སྤྱི་ལོ་(༢༠༠༠/༩/༥)ལ་ཕྱི་ཡི་རྟེན་དང་ནང་གི་རྟེན་པ་ཡོངས་རྫོགས་ལེགས་གྲུབ་བྱུང་ནས། དེ་མཚམས་༧སྐྱབས་རྗེ་༧རྒྱལ་བ་སྨན་རིའི་ཁྲི་འཛིན་རིན་པོ་ཆེ་ལ་མངའ་དབུལ་རབ་གནས་དང་སྒོ་འབྱེད་མཛད་སྒོར་དབུ་བཞུགས་གནང་རྒྱུར་གསོལ་འདེབས་ཞུས་དོན་བཞིན་ཐུགས་དགྱེས་ཚོར་ཆེན་པོའི་ངང་ནས་ཞལ་བཞེས་ཐོབ་སྟེ་ཕྱི་ལོ་(༢༠༠༠/༡༠/༩)ཉིན་འགོ་འཛུགས་ཏེ་༧སྐྱབས་རྗེ་༧ཁྲི་འཛིན་རིན་པོ་ཆེ་དབུ་བཞུགས་ཐོག བླ་གྲྭ་བརྒྱ་ལ་ཉེ་བ་ཞིག་གིས་མངའ་དབུ་རབ་གནས་མཛད་གནང་བ་དང་། ལྷག་པ་དུ་༧སྐྱབས་རྗེ་རྒྱལ་བ་སྨན་རིའི་བ་མཆོག་གིས་གླིང་ཚང་ལྷ་སྡེའི་ཡུལ་མི་ཡོངས་ལ་ཚེ་དབང་དང་བཀའ་སློབ་གནང་སྐབས། ༧སྐྱབས་རྗེ་སྨན་རི་བ་མཆོག་གིས། གླིང་ཚང་ཡུལ་མི་ཡོངས་ལ་བསྟོད་སྔགས་དང་འབྲེལ་ཏེ་མི་རབས་གོང་མའི་རྗེས་འཛིན་རེད་ད་ལྟ་བར་དུ་ཡག་པོ་གནང་བཞགས་བཀའ་དྲིན་ཆེ་དགའ་བོ་བྱུང་ད་དུང་མ་འོངས་པར་ཡང་སྔོན་བཞིན་གནང་རོགས་གནང་ཞུས་དོན་བཞིན་དབུ་འཛིན་རྣམ་པ་གཙོས་པའི་མི་རབས་རྒན་པ་ཀུན་གྱིས་དགའ་ཚོ་ཆེན་པོས་དམ་བཅའ་ཞུས་པ་དང་སྐབས་དེ་༧སྐྱབས་རྗེ་སྨན་རི་བ་མཆོག་ལྷག་དུ་དགའ་ཚོ་ཆེན་པོས་ངང་ནས་ཁོང་རྣམས་དང་མ་འོངས་དྲན་རྟེན་ཆེད་སྐུ་པར་མཉམ་དུ་བསྒྲོན་གནང་། མ་ཚད་བསྟན་པ་རྒྱས་པའི་ཐུགས་སྨོན་གྱིས་མཚམས་སྦྱར་གནང་ཞིང་ཉིན་བཅུ་ལྷག་ཙམ་བཞུགས་རྗེས་མཛད་སྒོ་ལེགས་འགྲུབ་བྱུང་། དེ་ནས་བཟུང་ད་བར་བླ་གྲྭ་རྒྱུན་མ་ཆད་པ་བཞུགས་ཡོད་པའི། ལྷག་ཏུ་ད་སྐབས་ལ་ཡང་༧ཀུན་གྲོལ་རིན་པོ་ཆེ་མཆོག་དང་༧དཔལ་གཤེན་བསྟན་སྨན་རིའི་གླིང་གི་དགེ་བའི་བཤེས་གཉེན་ཆེན་མོ་གཡུང་དྲུང་བསྟན་རྒྱལ་ལམ་སྨན་རིའི་སྒྲུབ་ཁང་ལྷ་མཆོད་དུ་གྲགས་པ་མཆོག་དབུ་བཞུགས་ཐོག་དགེ་འདུན་པ་རྒྱུན་བཞུགས་གནང་དང་གནང་བཞིན་ནོ།

དགོན་འདི་ནི་བྱེས་ཀྱི་གླིང་ཚང་བའི་དགོན་པ་ཐོག་མ་དང་ལྷག་པ་དུ་མ་དགོན་ལྟ་བུ་ཞིག་ཀྱང་ཡིན་པ་ཐོས། ཕྲན་གྱིས་ཞུས་པ་དག་ལ་སྙན་མོའི་ཚིག་རྒྱན་རིགས་དབེན་ཀྱང་སྙན་རྩོམ་གྱི་འགྲོས་ལྟ་བུ་མ་ཡིན་པ་གླིང་གཞིས་ཀྱི་དགུང་གྲངས་བརྒྱད་ཅུ་ལས་བརྒལ་བའི་རྒན་རབས་དུ་མའི་ངག་བརྒྱ་གཅིག་ལྟར་གྲགས་པའི་ལོ་རྒྱུས་ལྟར་ཡིག་ཐོག་ལ་བཀོད་པ་ཡིན་ནོ། །
༢༠༡༥/༣/༤ཉིན་གླིང་གཞིས་རྫ་སྨོན་རྒྱལ་གཡུང་དྲུང་གླིང་ནས་གླིང་འགྱུར་མེད་ཀྱིས།

གཡུང་དྲུང་བོན་གྱི་སྒྲུབ་གནས་ཁག་གི་ངོ་སྤྲོད་དམར་མོའི་མཛུབ་ཁྲིད།
གཡུང་དྲུང་བོན་གྱི་སྒྲུབ་གནས་ཁག་གི་ངོ་སྤྲོད་དམར་མོའི་མཛུབ་ཁྲིད།
ཞང་ཞུང་སྙན་རྒྱུད་བཀའ་རྒྱུད་སྐོར་བཞིའི་གླེང་བརྗོད།
ཞང་ཞུང་སྙན་རྒྱུད་བཀའ་རྒྱུད་སྐོར་བཞིའི་གླེང་བརྗོད།
བརྡ་སྤྲོད་སྲིད་པའི་སྒྲོན་མེའི་རྩ་ཚིག
བརྡ་སྤྲོད་སྲིད་པའི་སྒྲོན་མེའི་རྩ་ཚིག
མེ་སྟོན་ཉི་མ་རྒྱལ་མཚན་མཆོག་གི་གསུང་འབུམ།
མེ་སྟོན་ཉི་མ་རྒྱལ་མཚན་མཆོག་གི་གསུང་འབུམ།
བོན་ཆོས་དཔྱད་བསྡུར།
བོན་ཆོས་དཔྱད་བསྡུར།
ལེགས་བཤད་རིན་པོ་ཆེའི་གཏེར་མཛོད།
ལེགས་བཤད་རིན་པོ་ཆེའི་གཏེར་མཛོད།
 རྗེ་མཉམ་མེད་ཤེས་རབ་རྒྱལ་མཚན་གྱི་གསུང་འབུམ་ཆ་ཚང་གི་གློག་རྡུལ་འཕྲུལ་དེབ།
 རྗེ་མཉམ་མེད་ཤེས་རབ་རྒྱལ་མཚན་གྱི་གསུང་འབུམ་ཆ་ཚང་གི་གློག་རྡུལ་འཕྲུལ་དེབ།
རྒྱུན་ཁྱེར་བོན་སྤྱོད་ཕྱོགས་བསྡུས་དད་ལྡན་ཐར་ལམ་འཛེགས་པའི་ཐེམ་སྐས་ཞེས་བྱ་བ་བཞུགས་སོ།
རྒྱུན་ཁྱེར་བོན་སྤྱོད་ཕྱོགས་བསྡུས་དད་ལྡན་ཐར་ལམ་འཛེགས་པའི་ཐེམ་སྐས་ཞེས་བྱ་བ་བཞུགས་སོ།
སྨན་རིའི་སྟེགས་འཇོག་ལོ་ཐོ།
སྨན་རིའི་སྟེགས་འཇོག་ལོ་ཐོ།
previous arrow
next arrow