མཛངས་ཡོན་ཤེས་ལྡན་གྱི་བོན་བློན་ཆེན་པོ་ངམ་སྟག་ར་ཀླུ་གོང་གི་དངོས་ཡོད་ལོ་རྒྱུས་རགས་ཙམ་བཀོད་པ།

1417503_685026741510587_933437814_oངམ་སྟག་ར་ཀླུ་གོང་ཞེས་གྲགས་ཅན་གྱི་མི་སྣ་དེ་བོད་རྒྱལ་ཁྲི་སྲོང་ལྡེ་བཙན་གྱི་བཀའི་བློན་ཆེན་ཞིག་ཡིན་ཞིང་། བོད་རྒྱལ་ཁྲི་སྲོང་ལྡེ་བཙན་འཁྲུངས་པའི་དུས་སྐབས་འདི་ནི་བན་བོན་ཕྱོགས་གཉིས་ཆ་ནས་བལྟས་ནའང་བོད་ཀྱི་རྒྱལ་རབས་ནང་གི་གྲགས་ཆེ་བའི་དུས་ཀྱི་ལ་ཚིགས་ཆེན་པོ་ཞིག་ཏུ་ངོས་འཛིན་བྱེད་པ་བོད་ཀྱི་རྒྱལ་རབས་ལ་མཁྱེན་དཔྱོད་ཡངས་པ་ཙམ་དུ་མ་ཟད། བཤད་སྒྲོས་དང་གོ་ཐོས་ཡོད་པ་དག་གིས་ཀྱང་དེ་ལྟར་ཉིད་དུ་ངོས་འཛིན་པ་ཤེས། འོན་ཀྱང་བོན་གཤེན་དང་བོན་པོ་དག་གི་ངོས་ནས་བལྟས་ན། དུས་སྐབས་དེ་ནི་བསྐལ་བ་མར་འགྲིབ་དང་། སེམས་ཅན་ཐུན་མོང་གི་བསོད་ནམས་བྲི་བ་དང་། སངས་རྒྱས་བསྟན་པ་བསྣུབས་པའི་དུས་སྙིགས་དྲག་རྩུབ་ཀྱི་མཚོན་ཆ་རྣོ་ངར་ཅན་ཞིག་ལ་ངོས་འཛིན་གནང་ཡོད་པ་དང་། ཆོས་ཀྱི་བླ་དཔོན་དང་ཆོས་པ་རྣམས་ཀྱིས་ལྟ་སྟངས་ལ་དུས་སྐབས་དེ་ནི་ཤིན་ཏུ་སྐལ་པ་བཟང་པོ་དང་། གངས་ཅན་འགྲོ་བ་མིའི་བསོད་ནམས་ཡར་ངོའི་ཟླ་དང་། སངས་རྒྱས་བསྟན་པ་དར་ཞིང་འཕེལ་རྒྱས་གློག་ལྟར་མྱུར་བའི་དུས་རིམ་ཁྱད་པར་བ་ཞིག་ཏུ་བཞེད་ཡོད་འདུག
དེ་ལྟར་ཕྱོགས་གཉིས་ཀྱིས་ལྟ་སྟངས་མི་འདྲ་བའི་གཞི་རྩའི་ཁྱད་པར་ནི། རང་རང་གི་བསྟན་པ་ལ་གཅེས་འཛིན་དང་། དུང་ཞེན་ཆེ་བས་ཡིན་སྨོས་པ་དགོས་པ་རེད། དེས་ན་གོང་གི་དུས་རིམ་ཁྲོད་དུ་བྱོན་པའི་བོད་རྒྱལ་ཁྲི་སྲོང་ལྡེ་བཙན་ནི་ཕྱི་ལོའི་དུས་རབས་བརྒྱད་པའི་ནང་དུ་ཡབ་རྗེ་ཁྲི་ལྡེ་གཙུག་བརྟན་དང་། ཡུམ་སྣ་ནམ་བཟའ་ལ་སྐུ་བལྟམས་པ་ཡིན་མོད། སྦ་བཞེད་རྗེས་འབྲང་བཅས་པས་གྱིམ་ཤང་ཀོང་ཇོའི་སྲས་སུ་འཁྲུངས་པར་གསུངས་པ་ལ་ཡེ་ནས་རྒྱུ་མཚན་མེད་པ་མ་ཡིན་ཏེ། ལོ་རྒྱུས་གང་མང་ཞིག་ལས་ཀོང་ཇོའི་སྲས་སུ་བཞེད་པ་དང་། བན་བོན་ལོ་རྒྱུས་དག་ལ། ཕན་ཚུན་གོ་བསྡུར་དང་། ལྷག་པར་དུ་སྤ་བསྟན་རྒྱལ་བཟང་པོས་མཛད་པའི་དར་རྒྱས་གསལ་བའི་སྒྲོན་མེ་ལས། འཇང་ཚ་ཀྲོང་༼ གྲོང་ ༽མེས་པོ་ཁྲི་ལྡེ་གཙུག་བརྟན་གྱིས་བཀབ་པས། ཁྲི་སྲོང་ལྡེ་བཙན་འཁྲུངས་ཞེས་པའི་ལུང་ཚིག་སོགས་པ་ལེགས་པར་གཞིག་ན། ལོང་ལོང་ཐལ་བ་རྡུལ་འཚུལ་གཡོ་བའི་ཆབ་སྲིད་ངེས་ཅན་ཞིག་ལ་བརྟེན་ནས་གྱིམ་ཤང་ཀོང་ཇོའི་སྲས་ཡིན་པའི་ཚུལ་བྱས་ཏེ་རྒྱལ་སྲས་སྐུ་ན་ཆུང་ངུ་ནས་ཀོང་ཇོའི་ཕྱོགས་དང་བཅས་པས་བདག་སྐྱོང་བྱས་པའི་འོག་ཏུ་ཅི་ནས་ཀྱང་སྐུ་ནར་སོན་མི་ཆོག་པ་མེད་པས་རྒྱལ་རབས་ལོ་རྒྱུས་ཁོངས་ལ་ཀོང་ཇོའི་སྲས་སུ་བཞེས་ཚུལ་བྱུང་ཡོད་ལས་ཆེ་འདུག་གང་ལྟར་འདིར་འཆད་པ་ནི། ཡབ་རྗེ་ཁྲི་ལྡེ་གཙུག་བརྟན་གྱི་སྲས་པོ་བོད་རྒྱལ་ཁྲི་སྲོང་ལྡེ་བཙན་གྱི་བློན་པོའི་སྐོར་ཡིན་ལ། རྒྱལ་གྱི་བློན་པོའི་རྣམ་གྲངས་སྡེ་ཚན་འཇོག་ཚུལ། ཞང་ཞུང་སྙན་རྒྱུད་ལས། ཁྲི་སྲོང་ལྡེ་བཙན་གྱི་རིང་ལ་ཕྱི་བློན་བཅུ། ནང་བློན་བཅུ། འཕྲིན་བློན་བཅུ་དང་སུམ་ཅུ་ཡོད་ཅིང་ཞེས་གསུངས་པའི་བློན་ལ་སྡེ་ཚན་གསུམ་དུ་ཕྱེས་ཡོད་པ་དང་། དོན་གྲུབ་རྒྱལ་གྱི་དཔྱད་རྩོམ་ཕྱོགས་བསྒྲིགས་ལས། བཙན་པོའི་བློན་ལ་བྱེ་བྲག་མང་དུ་བཞེད་པ་ལས། ཆོས་བློན་དང་། བོན་བློན་ཞེས་པའི་ཐ་སྙད་བྱུང་ཡོད།
དེ་ལྟར་ཁྲི་སྲོང་ལྡེ་བཙན་གྱི་ཆོས་བློན་ནི། བསྒྲགས་བྱང་ལས་གསུངས་པའི་བློན་གཡུ་སྒྲ་དང་། མཆིམས་བཞེར་སོགས་ཡིན་པར་ངེས་ལ། བོན་བློན་རྣམ་འབྱེད་འཁྲུལ་ལྡེ་ལས་བཞེད་པའི་འགོས་ཁྲི་བཟང་ཡབ་ལྷག་དང་། ངམ་སྟག་ར་ཀླུ་གོང་། མ་ཞང་ཁྲོམ་པ་སྐྱེས་སོགས་ཡིན་པར་བན་བོན་ལོ་རྒྱུས་གང་ལ་བལྟས་ཀྱང་གོ་རྟོགས་སླ་བ་རེད། ཡིན་ནའང་སྒ་སྟོན་གཏེར་གྱི་ཁ་བྱང་ལས། དེའི་དུས་ན་ཡུམ་མཁར་ཆེན་བཟའ་མཚོ་རྒྱལ། དེའི་བློན་པོ་ཁྲི་བཟང་ཡབ་ལྷག་དང་། ཞང་ལྡོ་ཟ་ཁྲོམས་སྐྱེས་ལ་སོགས་པས། བོན་འཕྲུལ་ངག་བདེན་པ་འདི་ནུབ་པར་བྱས་ཏེ་ཞེས་བསྟན་པའི་ཁྲི་བཟང་ཡབ་ལྷག་དང་ཞང་ལྡོ་ཟ་ཁྲོམས་སྐྱེས་ལ་སོགས་པས། ། བོན་འཕྲུལ་ངག་བདེན་པ་འདི་ནུབ་པར་བྱས་ཏེ་ཞེས་བསྟན་པའི་ཁྲི་བཟང་ཡབ་ལྷག་ན་རེ། དེ་སྔོན་གདུང་རབས་སུམ་ཅུ་རྩ་བརྒྱད་ཡན་ཆད་ལ། དམ་པའི་ཆོས་ཀྱི་བཀའ་དྲིན་ཡོད་མ་མྱོང་། ད་ཤེས་དང་མི་ཤེས། སློབ་དང་མི་སློབ། ལྷ་སྲས་མངའ་ཆེ་གང་དགྱེས་མཛོད་ཟེར་ནས། བྱང་སྟོད་རྟ་ནག་མཁར་ཐབས་ཀྱི་བྲག་ལ་དགོངས་པར་གཤེགས་སོ། །ཞེས་གསུངས་པས་དང་། བོན་བློན་བཤད་པའི་ཁྲོམ་པ་སྐྱེས་དང་ཡང་མི་འདྲ་སྟེ། གཏེར་གྱི་ཁ་བྱང་གི་ལུང་ལས་གསུངས་པ་ནི། ཞང་ལྡོ་ཟ་ཁྲོམ་སྐྱེས་ཡིན་ལ། བོན་བློན་འདི་ཞང་སྣ་ནམ་ཁྲོམ་པ་སྐྱེས་ཡིན་ཕྱིར་དང་། བོན་བློན་མ་ཞང་ཁྲོམ་པ་སྐྱེས་ཆོས་བྱ་བ་ལ་བཀའ་གྲོས་མ་མཐུན་པས། ཆོས་བློན་རྣམས་ཀྱིས་ཐབས་ཤེས་ཡོད་དགུ་ལ་བརྟེན་ནས་སྟོད་ལུང་བྲང་ཕུ་རུ་གསོན་པོར་བང་སོར་བཅུག་པ་ཆོས་པའི་རྒྱལ་རབས་ལས་ཀྱང་མང་དུ་བཞེད་པ་ལ་རྒྱ་མཚན་ངེས་གཏན་ཡོད་པའི་ཕྱིར་རོ། །
དེ་ལྟར་ཁྲི་སྲོང་གི་བོན་བློན་བགྲངས་བ་ལས། སྐབས་འདིར་བརྗོད་པ་གཙོ་བོ་བོད་ཀྱི་མེས་རྒྱལ་གོང་མའི་ཐུན་མོང་མ་ཡིན་པའི་བསྟན་སྲིད་ཟུང་གི་ལམ་ལུགས་ཀྱི་ཆབ་རྒྱུད་རིང་མོ་འཕྲལ་རྐྱེན་འཕྲང་དོག་ཏུ་སླེབས་པའི་དུས་ཀྱི་ལ་ཚིགས་ཆེན་པོ་དེར། བསྟན་སྲིད་གང་གི་ཐད་ལ་བྱས་རྗེས་ཀྱི་རི་མོ་འབུར་དུ་ཐོན་པ་དང་། ཀུན་ལས་གཟེངས་མཐོ་བ་ཞིག་བཞག་ཡོད་པའི་ངམ་སྟག་ར་ཀླུ་གོང་གི་སྐོར་འཆད་པར་སྤྲོ་བར་འདོད། དེ་ཡང་ཡོངས་གྲགས་སུ་ཁོང་གི་མཚན་ལ་ངམ་སྟག་ར་ཀླུ་གོང་ཞེས་འབོད་ཀྱང་། འདིའི་མཚན་ལ་ཡི་གེ་འབྲི་སྲོལ་མང་དུ་བྱུང་འདུག་སྟེ། ལྡེའུ་ཆོས་འབྱུང་ལས། ངན་ལམ་སྟག་ར་གླུ༼ཀླུ༽གོང་དང་། པད་མ་བཀའི་ཐང་ཡིག་ལས། བློན་ཏ་ར་ཀླུ་གོང་། ལོ་རྒྱུས་ལྷ་རྒྱུད་རིན་ཆེན་ཕྲེང་བ་མ་བཅོས་གསེར་གྱི་ཡང་ཞུན་ལས། ངམ་སྟག་སྒྲ་ཀླུ་གོང་། ལྷ་སའི་རྡོ་རིང་ཕྱི་མར་བཀོད་པ་ལས། ངན་ལམ་ཀླུ་ཁོང་ཞེས་སོགས་གསུངས་ཤིང་། ཆོས་འབྱུང་ལས། བློན་འདིའི་མཚན་ཟུར་གྱི་ངམ་ལ་ངན་དང་། བཀའ་ཐང་ལས། སྟག་ལ་ཏ། གསེར་གྱི་ཡང་ཞུན་ལས། ར་ལ་སྒྲ། རྡོ་རིང་ལས། གོང་ལ་ཁོང་ཞེས་འབོད་སྲོལ་བྱུང་ལུགས་ནི། སྒྲ་ཉེ་བའི་དབང་གིས་རྒྱལ་རབས་ལོ་རྒྱུས་ཁོངས་སུ་འབྲི་སྲོལ་སྣ་ཚོགས་བྱུང་ཡོད་པ་ལས་དོན་དུ། འབྱུང་ཞིང་བསྐལ་པའི་གཡུལ་ཆེནགནམ་སར་འཁྲུགས་པའི་དུས་སྐབས་ལ་བོད་ཀྱི་ཡང་མེས་ཆེན་པོས་བསྟན་སྲིད་ཟུང་ལ་བཀའ་དྲིན་བླ་ལྷག་ཏུ་གྱུར་པ་གནའ་རབས་བོད་རྒྱལ་བཙན་པོའི་བཀའི་ནང་བློན་ཆེན་པོ་ངམ་སྟག་ར་ཀླུ་གོང་འདི་ཉིད་རང་ཡིན་འདུག སླར་ཁོང་གི་མཚན་ཟུར་གྱི་ངམ་ཞེས་པ་འདིའང་ལྷ་སའི་རྡོ་རིང་ཕྱི་མ་སོགས་ལ་ངན་ལམ་ཀླུ་གོང་ཞེས་བཀོད་པའི་ངན་ལམ་ཞེས་པ་སྒྲ་ཐུང་ངུར་སོང་སྟེ་ངམ་དུ་བཀླགས་ནས་རིམ་པར་བརྒྱུད་དེ་མཐར་ངམ་འདི་འབྲི་སྲོལ་བྱུང་བར་སྙམ་ཀྱང་མཐའ་གཅིག་ཏུ་ཐག་གཅོད་མ་ངེས། གཞན་ཞིག་ལ་ས་སྐྱ་བ་བསོད་ནམས་རྒྱལ་མཚན་གྱིས་བརྩམས་པའི་རྒྱལ་རབས་གསལ་བའི་མེ་ལོང་སོགས། ད་ལྟ་བས་ཅུད་ཟད་སྔ་བའི་ཆོས་ཕྱོགས་ལོ་རྒྱུས་འགའ་ཞིག་ལས། དེས་ན་རྒྱལ་པོ་སྐུ་ནར་སོན་ཏེ། རྗེ་བློན་རྣམས་ཆོས་བྱ་བར་བློ་མཐུན་ཏེ། ཐབས་སྣ་ཚོགས་ཀྱིས་མ་ཞང་སྟོད་ལུང་བྲང་ཕུ་རུ་གསོན་པོར་བང་སོར་བཅུག སྟག་ར་ཀླུ་གོང་བྱང་ལ་བཅུག༼སྤྱུགས༽གོ་གསུངས་པའི་ལུང་དོན་ཙམ་ལ། ཕུན་ཚོགས་ཚེ་རིང་མཆོག་གིས་གསལ་སྤྲོས་ཡིན་ཁུལ་གྱིས་ཁོ་བོས་བརྩམས་པའི་དེབ་ཐེར་ཀུན་གསལ་མེ་ལོང་དུ། བཙན་པོས་ལྐོག་ཏུ་འགོས་རྒན་དང་། ངན་ལམ་སྟག་སྒྲ་ཀླུ་ཁོང་སོགས་ཆོས་བློན་རྣམས་ལ་བཀའ་གྲོས་ལེགས་པར་མཛད། ཐབས་སྣ་ཚོགས་ལ་བརྟེན་ནས་ཞང་ཁྲོམ་པ་སྐྱེས་སྟོད་ལུང་བྲང་ཕུ་རུ་གསོན་པོར་བང་སོར་བཅུག སྟག་ར་ཀླུ་གོང་བྱང་ལ་སྤྱུག་གོ་ཞེས་བཀོད་པས། ངན་ལམ་སྟག་སྒྲ་ཀླུ་ཁོང་དང་། སྟག་ར་ཀླུ་གོང་གཉིས་མི་ཐ་དད་པ་གཉིས་སུ་མ་ཟད་ངན་ལམ་སྟག་སྒྲ་ཀླུ་ཁོང་ཆོས་བློན་ཞིག་ཏུ་ངོས་འཛིན་གནང་ཡོད་པ་ཡིན། གལ་ཏེ་ངན་ལམ་སྟག་སྒྲ་ཀླུ་ཁོང་ཞེས་པ་ཆོས་འབྱུང་ཆེན་མོ་ལས་གསུངས་པའི་མ་ཞང་ཁྲོམ་སྐྱེས་སྐུ་རྐྱེན་འདས་རྗེས་ཀྱི་བློན་པོ་ངན་ལམ་སྟག་ར་ཀླུ་གོང་འདི་ཉིད་འབྲེལ་ཡོད་ལོ་རྒྱུས་སླད་མེད་གང་ལ་བསམ་ན་མིན་ཐབས་མེད་པར་ངེས་ཤིང་། དེ་ནི་ལྡེའུ་རྒྱ་བོད་ཆོས་འབྱུང་ལས། སྐུ་ཚེ་སྨད་ལ་སྦ་གསལ་སྣང་དང་། འགོས་ཁྲི་བཟང་ཡབ་ལྷག མཆིམས་རྒྱལ་གཟིགས་ཀླུ་འཐེང་ངམ་སྟག་ར་ཀླུ་གོང་། མཆིམས་མདོ་བཞེར་སྦྲེ་ཆུང་རྣམས་ཀྱིས་བློན་པོ་བྱས་སོ་ཞེས་བསྟན་པའི་ཚིག་ཟིན་གྱི་ཁྲི་སྲོང་སྐུ་ཚེ་སྨད་ཀྱི་བློན་པོ་ངམ་སྟག་ར་ཀླུ་གོང་འདི་མ་གཏོགས། བཙན་པོ་ཁྲི་སྲོང་སྐུ་ན་གཞོན་པའི་སྐབས་ལ་བྱང་དུ་སྤྱུགས་པའི་བློན་སྟག་ར་ཀླུ་གོང་ཡིན་པ་ནི་ཕུན་ཚོགས་ཚེ་རིང་ཁོང་གིས་དགོངས་ཚུལ་ཅིས་ཀྱང་མི་འཐད་པར་ང་ཚོས་གོ་རྟོགས་སླ་བ་ཡིན། དེའི་ཕྱིར་ངམ་སྟག་ར་ཀླུ་གོང་འདི་ཉིད་རང་ཡིན་འདུག ལྡེའུ་ཆོས་འབྱུང་ལས་བཞེད་པའི་ངན་ལམ་སྟག་ར་ཀླུ་གོང་དང་། ལོ་རྒྱུས་གསེར་གྱི་ཡང་ཞུན་ལས་གསུངས་པའི་ངམ་སྟག་སྒྲ་ཀླུ་གོང་། ཕུན་ཚོགས་ཚེ་རིང་ཁོང་གིས་བརྩམས་པའི་དེབ་ཐེར་ལས་བསྟན་པའི་ངན་ལམ་སྟག་སྒྲ་ཀླུ་ཁོང་ཡོངས་སུ་ངམ་སྟག་ར་ཀླུ་གོང་དུ་འབོད་སྲོལ་བཅས་ལ་གོང་དུ་གླེངས་ཟིན་པ་ལྟར་ཁྱད་པར་མེད་པ་མི་གཅིག་ཏུ་ངེས་པར་ཡིད་གཉིས་སོམ་ཉི་དང་བྲལ་བའོ། །
ལྷ་ས་ཞོལ་གྱི་རྡོ་རིང་ཕྱི་མའི་ལྷོ་ངོས་སུ་བཙན་པོ་ཁྲི་སྲོང་ལྡེ་བཙན་སྐུ་ལ་ནི་དར་དུ་ཉེ། བོད་མགོ་ནག་པོའི་སྲིད་འཁྲུག་དུ་བྱེད་པ་ལས། ཀླུ་གོང་གིས། འབལ་དང་། ལང་གློ་བ་རིངས་པའི་གཏན་གཙིགས། བཙན་པོ་ཁྲི་སྲོང་ལྡེ་བཙན་གྱི་སྙན་དུ་གསོལད་ནས་འབལ་དང་། ལངས་གློ་བ་རིངས་པ། བདེན་པར་གྱུརད་ཏེ། ཁོང་ཏ་ནི་བཀྱོན་ཕབ་ཏེ། ཀླུ་ཁོང་གློ་བ་ཉེའོ་ཞེས་བཀོད་པའི་གྲགས་ཅན་བློན་པོ་ཁོང་། རྒྱལ་པོ་ཁྲི་སྲོང་དགུང་ལོ་ཆུང་ངུའི་སྐབས་ལ་ཡོད་པ་ཞལ་གསལ་དུ་བསྟན་ཞིང་། མཁས་དབང་ནམ་མཁའི་ནོར་བུས་མཛད་པའི་ཏི་སེའི་འོད་སྣང་ལས། ཆོས་རྒྱལ་སྐུ་ན་ཕྲ་བའི་སྐབས་ཆོས་པ་རྣམས་ཀྱིས་ནུས་པ་ཤིན་ཏུ་ཞན་པ་དང་ལེས་གསུངས་པ་ལྟར། སྐབས་དེ་དུས་བོན་གྱི་བསྟན་དོན་དུ་དལ་འབྱོར་ལུས་འདིའི་གཅེས་པའི་སྲོག་དབུགས་བྲལ་ཀྱང་སྐད་ཅིག་ཙམ་ལའང་ནོངས་འགྱོད་མེད་ཅིང་དཔའ་འཛངས་རྟུལ་ཕོད་ལྡན་པའི་བོན་བློན་ཆེན་པོ་སྣ་ནམ་མ་ཞང་ཁྲོམ་པ་སྐྱེས་དང་། ངམ་སྟག་ར་ཀླུ་གོང་གཉིས་ཀྱིས་མཙན་པོ་ཁྲི་ལྡེ་གཙུག་བརྟན་གྱི་སྐུ་ཚེ་སྨད་ལ་བོན་ཆོས་ཅུང་ཞིག་དར་རྒྱས་སོང་བར་བརྟེན། ཡང་མེས་གཡུང་དྲུང་བོན་གྱིས་བསྟན་པའི་ཆོས་ལུགས་པ་དང་ཕན་ཚུན་ཟིང་འཁྲུག་ཆེན་པོ་ལངས་ཏེ། འབངས་འཁོར་རྒྱལ་བློན་བཅས་པ་མི་བདེའི་གནས་སུ་བསྐྱལ་ཡོད་པར་བསམ་གཞིགས་བཏང་སྟེ་བོད་རྗེ་གཅིག་གི་ཁྱབ་འོག་ཏུ་བོན་ཆོས་གཉིས་ཀ་མ་མཐུད་སྤྱོད་པ་ལ་འབངས་འཁོར་གཡོག་དང་རྒྱལ་བློན་ནང་ཁུལ་སོགས་ཀྱི་འཐབ་རྩོད་དང་རྙོག་འཛིང་དྲི་མའི་རང་བཞིན་གཤིས་ངན་ལ་རྒྱུན་ཆད་མེད་པར་དགོངས་པར་རྒྱ་ཆེར་བཞེས་ནས་དུས་རབས་གོང་མའི་ནང་གི་གྲུབ་པ་བརྙེས་པའི་བོན་རྒྱལ་མུ་ཁྲི་བཙན་པོ་སོགས་ཀྱིས་བླ་ན་བཀུར་ཞིང་གཞི་ལམ་འབྲས་གསུམ་མ་ལུས་པ་དོན་ཟབ་རྒྱས་ཕུན་སུམ་ཚོགས་པར་བསྟན་པའི་བོན་སྡེ་དང་བོན་བསྟན་རང་འཇགས་སྤྱོད་དུ་བཅུག ཆོས་ལ་ལོག་པར་ལྟ་བ་དང་ཧ་ཅང་མུ་སྟེགས་ལྟ་བུའི་ལྟ་བ་ངན་པའི་མཐར་གོལ་བར་དགོངས་པར་བཞེས་ནས་བསྣུབས་པ་དང་། སྤྱོད་དུ་མ་བཅུག་པ་ཡེ་ནས་མིན་མོད། གངས་ཅན་ལྗོངས་འདིར་བསྐལ་པ་སྔོན་ནས་ཆབ་རྒྱུན་རིང་མོའི་ཚུལ་དུ་རྒྱུན་ལྡན་དུ་བྱུང་བ་མིན་པར་འཕྲལ་ལམ་ཞིག་ཏུ་བྱུང་བ་ཡིན་སྟབས། གངས་ཅན་སྐྱེ་འགྲོ་གང་གིས་སྲིད་པ་འཁོར་བ་ལས་སྒྲོལ་བ་དང་། ཞི་བ་མྱང་འདས་བྱང་ཆུབ་སྒྲུབ་པ་ལ་གནའ་རབས་སྔ་མོ་ནས་ཡོད་པའི་ཟབ་མོའི་གཡུང་དྲུང་བོན་འདི་ལས་ལྷག་པར་སྤྱོད་དུ་མེད་ལ། འཕྲལ་དུ་བྱུང་བའི་དམ་པའི་ཆོས་སྤྱོད་པར་དེ་ལས་དམིགས་བསལ་དགོས་པའང་མ་མཐོང་བ་དང་། ལྷག་པར་དུ་གོང་སྨོས་གཏན་ཚིགས་སོགས་ལ་བསམ་ནས་ཞང་བོད་ལོ་རྒྱུས་ཏི་སིའི་འོད་སྣང་ལས། ཡབ་ཁྲི་ལྡེ་གཙུག་བརྟན་གྱི་སྐུ་ཚེའི་སྨད་དང་། སྲས་ཁྲི་སྲོང་ལྡེ་བཙན་སྐུ་ན་ཕྲ་བའི་སྐབས་ཀྱི་བློན་དུ་གསུངས་པའི་སྣ་ནམ་མ་ཞང་ཁྲོམ་པ་སྐྱེས་དང་། རིག་ལྡན་བོན་བློན་ཆེན་པོ་ངམ་སྟག་ར་ཀླུ་གོང་གཉིས་ཀྱིས་ཐབས་ཤེས་གར་གྱི་རོལ་པ་སྣ་ཚོགས་ཀྱི་མཛད་འཕྲིན་ལ་བརྟེན་ནས། གངས་ཅན་ཁ་བའི་ལྗོངས་འདིར། རྒྱུ་དཀར་ནག་གི་མཆོད་གནས་རྣམས་རང་གནས་སུ་བརྫངས་པ་དང་། ཆོས་སྤྱོད་མི་ཆོག་པའི་བཀའ་འོག་ཏུ་བཅུག་ཡོད་པའི་ཁར། ལྡེའུ་ཆོས་འབྱུང་ཆེན་མོ་ལས། སྐུ་ཚེ་སྟོད་ལ་བློན་པོ་མཆིམས་ཁྲི་ཐོག་རྗེ་ཐང་ལ་འབར་ཐོག༼ལྕོག༽རོ་སྐྱེས་གཟའ་རྒྱལ་འགོང་༼གོང་༽ཞང་མ་ཞང་གསུམ་གྱིས་ཆོས་བསྣུབས་ཏེ་ཀཱ་ཆུ་དང་འཁར་ཕྲག་བཤིག ཕྱིས་ཆོས་ལ་མི་སྤྱོད་པའི་བཀའ་ཁྲིམས་བྲིས། ཞེས་དང་། རྒྱལ་རབས་གསལ་བའི་མེ་ལོང་ལས། རྒྱལ་པོ་ཆོས་ལ་དགའ་ནའང་བློན་པོ་མ་ཞང་ཁྲོམ་པ་སྐྱེས་དང་། སྟག་ར་ཀླུ་གོང་ལ་སོགས་དབང་ཆེ་བས། གཞན་གྱིས་རྒོལ་མ་ནུས་སོ་ཞེས་བཞེད་པས་སུས་ཀྱང་རྒོལ་མ་ནུས་པ་དང་། ཕྱིས་སུ་ཡང་ཆོས་ལ་སྤྱོད་མི་ཆོག་པར་རྒྱལ་ཁྲིམས་དང་འབྲེིལ་བའི་བཀའ་ཁྲིམས་ཡིག་ཐོག་ཏུ་བཀོད་ཡོད་པར་བསྟན་ནོ། །
རྒྱལ་བོ་ཁྲི་སྲོང་ལྡེ་བཙན་སྐུ་ན་གཞོན་པ་བློ་ཁ་བསྒྱུར་དུ་ཡང་བ་དང་། བན་བློན་མཆིམས་བཞེར་ལ་སོགས་པས་སྔར་ཆོས་ལ་སྤྱོད་མི་ཆོག་པའི་བཀའ་ཁྲིམས་གཅོད་པ་ལ་ཞེ་ནད་བཟུང་ནས། རྒྱལ་ལ་དབྱེན་བཅུག་པ་དང་། བཀའ་གྲོས་སྣ་ཚོགས་ཀྱི་ཐབས་ལམ་ལ་བརྟེན་ནས་མ་ཞང་ཁྲོམ་པ་སྐྱེས་མ་ཤི་གསོན་པོར་བང་སོར་སྦས་པ་དང་། མཛངས་ཡོན་ཤེས་ལྡན་གྱི་ནང་བློན་ཆེན་པོ་ངམ་སྟག་ར་ཀླུ་གོང་བྱང་དུ་སྤྱུགས། དེ་ནས་ངམ་སྟག་ར་ཀླུ་གོང་ངམ་ཡང་ན་ངམ་སྟག་སྒྲ་ཀླུ་གོང་མཆོག་སླར་རྒྱལ་སར་སྤྱན་དྲངས་ཚུལ། ལོ་རྒྱུས་གསེར་གྱི་ཡང་ཞུན་ལས་གསལ་ཀྱང་དེ་ནི་བཙན་པོ་རལ་པ་ཅན་ཁྲི་ལ་འཁོད་པའི་སྐབས་སུ་བཞེད། རྒྱལ་རབས་གསལ་བའི་མེ་ལོང་དུ། བཀའི་ཐང་ཡིག་ཆེན་མོ་ལུང་དྲངས་པ་པས། ལི་ངམ་སྟག་སྒྲ་ཀླུ་གོང་གིས། ལྕགས་སྤྲེལ་གདོང་དྲུག་བྱ་བ་བླངས་ཞེས་དང་། དེབ་ཐེར་ཀུན་གསལ་མེ་ལོང་ལས། མཆོད་རྟེན་ནག་པོ་རང་སངས་རྒྱས་ཀྱི་ལུགས། ངམ་སྟག་སྒྲ་ཀླུ་གོང་གིས་ལས་དཔོན་བྱས་ནས་བཞེངས་ཞེས་གསུངས་པ་ལྟར་ན། ལུང་སྔ་མས་བསམ་ཡས་གཙུག་ལག་རྨང་གཞི་བཏིངས་རྗེས་བློན་ཁོང་གིས་ལག་དཔྱོད་བྱས་ནས་མཆོད་རྟེན་བཞེངས་པར་གསུངས་པ་དང་། ལྷག་པར་ལྡེའུ་རྒྱ་བོད་ཆོས་འབྱུང་ལས། ཁྲི་སྲོང་སྐུ་ཚེ་སྨད་ལ་ངམ་སྟག་ར་ཀླུ་གོང་སོགས་ཀྱིས་བློན་བྱས་ཡོད་པར་བཞེད་པའི་ལུང་དོན་སྔ་ཕྱི་ཀུན་ལ་ཞིབ་པར་བརྟག་ན་མ་ཞང་ཁྲོམ་པ་སྐྱེས་སྐུ་བཀྲོངས། བོན་བློན་ཆེན་པོ་ངམ་སྟག་ར་ཀླུ་གོང་མཆོག་ལོ་རེ་ཟུང་ཙམ་ལ་བྱང་གནམ་མཚོར་སྤྱུགས་རྗེས། སྔ་ན་ཡོད་པའི་ཟབ་མོའི་བོན་བསྟན་ནི་བསྣུབས། སློབ་དཔོན་པད་མ་འབྱུང་གནས་སོགས་ཆོས་ཀྱི་མཆོད་གནས་རྣམས་སླར་སྤྱན་དྲངས་ནས་ཆོས་སྤྱོད་ཆོག་པའི་བཀའ་གནང་སྟེ་དམ་པའི་ཆོས་དར་ཞིང་འཕེལ་རྒྱས་སུ་གྱུར་པ་ལ། ཆོས་པ་བན་བློན་རྣམས་ཀྱི་ཐུགས་ཀྱིས་དགོངས་བཞེད་ཡོངས་སུ་གྲུབ། སྐབས་དེར་ཞོལ་གྱི་རྡོ་རིང་ལས་བཙན་པོ་ཁྲི་སྲོང་ཀླུ་གོང་ལ་གློ་བ་ཉེ་བར་གསུངས་པ་ལྟར། ཁྲི་སྲོང་ལྡེ་བཙན་སྐུ་ཚེའི་དཀྱིལ་སྨད་ལ་བློན་བྱས་པ་རྒྱལ་རབས་དག་ལས་གསུངས་པ་ངེས་པར་སེམས། སྐབས་དེ་ནས་བཟུང་ཆོས་པ་དང་ཆོས་བློན་རྣམས་ཀྱི་སྟོབས་ཤུགས་རབ་ཏུ་རྒྱས་སྟབས། ངམ་སྟག་ར་ཀླུ་གོང་མཆོག་གིས་བོན་གྱི་བསྟན་དོན་དུ་རླབས་ཆེན་གྱི་མཛད་བཟང་བསྒྲུབ་པར་ཤིན་ཏུ་དཀའ་བའི་གནས་སུ་གྱུར་ཅིང་། མུ་མཐུད་ཐབས་མཁས་གང་ལེགས་ཐུགས་ཁུར་ཟབ་མོའི་སྒོ་ནས་བོན་གྱི་རིག་གཞུང་ལ་ཕན་ཐབས་བྱས་ཡོད་དེ། ད་དུང་དར་རྒྱས་གསལ་སྒྲོན་ཤོག་གྲངས༢༢༨ལས་བཞོད་སྟོན་དངོས་གྲུབ་བྱ་བའི་གཏེར་སྟོན་པ་དེ་སྟག་ར་ཀླུ་གོང་གི་སྤྲུལ་པར་བཤད་པའང་སྣང་ངོ་། །
ཡང་གཅིག་བློན་ཆེན་པོའི་སྐུ་ཚེ་སྨད་ལ་དམག་དཔོན་གྱི་འགན་དབང་བཞེས་ནས་ཐང་གི་རྒྱལ་ཕྲན་དུ་མ་ཞིག་བོད་ཀྱི་མངའ་འོག་ཏུ་བཅུག་ཡོད་པ་དང་། ། ཕྱིས་སུ་རྒྱ་བོད་འདུམ་འགྲིག་སླད་དུ་ངམ་སྟག་ར་ཀླུ་ཁོང་ཆེད་ཀྱིས་བཏང་སྟེ་གོང་མ་ལ་དབུ་བསྙུང་བཞེས་པར་ཞུས་པ་དང་། བོད་ཀྱི་བཙན་པོས་གོང་མར་བཏང་བའི་ཡི་གེའི་ནང་དུ་ཕུལ་བྱ་བའི་དོད་དུ་སྤྲད་དང་། གནང་བྱ་བའི་དོད་དུ་བསྐུར། བླངས་བྱ་བའི་དོད་དུ་འབྱོར་ཞེས་བྲིས་པ་དང་། དེ་བཞིན་གོང་མ་ནས་བཙན་པོར་གཏང་བའི་ཡི་གེ་ནང་དུ་སྩལ་གྱི་དོད་དུ་སྤྲད་ཅེས་འབྲི་དགོས་པའི་དགེ་མཚན་བླངས་པ་དང་། བོད་རྒྱལ་ཁབ་ཀྱི་ཆབ་སྲིད་ཀྱི་ཐད་ལ་བླ་ན་མེད་པའི་བྱས་རྗེས་ཀྱི་དབུ་གདུགས་དཀར་པོ་མཁའ་དབྱིངས་སུ་བསྒྲེངས་པ་སོགས་ནི། ལྷ་སའི་རྡོ་རིང་ཕྱི་མའི་ངོས་དང་། རྒྱ་བོད་ཡིག་ཚང་ཆེན་མོ་སོགས་ལ་གསལ་ཁ་ཡོད་པས་འདིར་བསྐྱར་བཤད་ལ་དགོས་པ་ཆུང་སྟབས་རེ་ཞིག་བཞག་གོ །
རྩོམ་པ་པོ། བཀའ་རམས་པ་ཤེས་རབ་རྒྱ་མཚོ།    ༼བགྲེས་པོའི་འབེལ་གཏམ༽ སྤྱི་དེབ་བདུན་པ་ལས་བཤུས།

གཡུང་དྲུང་བོན་གྱི་སྒྲུབ་གནས་ཁག་གི་ངོ་སྤྲོད་དམར་མོའི་མཛུབ་ཁྲིད།
གཡུང་དྲུང་བོན་གྱི་སྒྲུབ་གནས་ཁག་གི་ངོ་སྤྲོད་དམར་མོའི་མཛུབ་ཁྲིད།
ཞང་ཞུང་སྙན་རྒྱུད་བཀའ་རྒྱུད་སྐོར་བཞིའི་གླེང་བརྗོད།
ཞང་ཞུང་སྙན་རྒྱུད་བཀའ་རྒྱུད་སྐོར་བཞིའི་གླེང་བརྗོད།
བརྡ་སྤྲོད་སྲིད་པའི་སྒྲོན་མེའི་རྩ་ཚིག
བརྡ་སྤྲོད་སྲིད་པའི་སྒྲོན་མེའི་རྩ་ཚིག
མེ་སྟོན་ཉི་མ་རྒྱལ་མཚན་མཆོག་གི་གསུང་འབུམ།
མེ་སྟོན་ཉི་མ་རྒྱལ་མཚན་མཆོག་གི་གསུང་འབུམ།
བོན་ཆོས་དཔྱད་བསྡུར།
བོན་ཆོས་དཔྱད་བསྡུར།
ལེགས་བཤད་རིན་པོ་ཆེའི་གཏེར་མཛོད།
ལེགས་བཤད་རིན་པོ་ཆེའི་གཏེར་མཛོད།
 རྗེ་མཉམ་མེད་ཤེས་རབ་རྒྱལ་མཚན་གྱི་གསུང་འབུམ་ཆ་ཚང་གི་གློག་རྡུལ་འཕྲུལ་དེབ།
 རྗེ་མཉམ་མེད་ཤེས་རབ་རྒྱལ་མཚན་གྱི་གསུང་འབུམ་ཆ་ཚང་གི་གློག་རྡུལ་འཕྲུལ་དེབ།
རྒྱུན་ཁྱེར་བོན་སྤྱོད་ཕྱོགས་བསྡུས་དད་ལྡན་ཐར་ལམ་འཛེགས་པའི་ཐེམ་སྐས་ཞེས་བྱ་བ་བཞུགས་སོ།
རྒྱུན་ཁྱེར་བོན་སྤྱོད་ཕྱོགས་བསྡུས་དད་ལྡན་ཐར་ལམ་འཛེགས་པའི་ཐེམ་སྐས་ཞེས་བྱ་བ་བཞུགས་སོ།
སྨན་རིའི་སྟེགས་འཇོག་ལོ་ཐོ།
སྨན་རིའི་སྟེགས་འཇོག་ལོ་ཐོ།
previous arrow
next arrow