ས་ཡོམ་གྱིས་གོད་ཆགས་བྱུང་བའི་བལ་བོད་གཉིས་དང་། རྒྱ་གར། ལྷག་པར་དུ་བལ་པོའི་གཞུང་དམངས་གཉིས་ལ་༧གཡུང་དྲུང་བོན་གྱི་དབུ་ཁྲིད་བླ་ཆེན་༧ སྐྱབས་རྗེ་རྒྱལ་བ་སྨན་རི་བས་གནང་བའི་ཐུགས་གསོའི་འཚམས་འཕྲིན།
༄༅། །སྤྱིར་འཇིག་རྟེན་གྱི་དངོས་པོ་ཡིན་ནོ་ཅོག་རྟག་བརྟན་ཐེར་ཟུག་ཏུ་སྐད་ཅིག་ཙམ་ ཡང་མི་སྡོད་པར་འཇིག་པ་དང་འགྱུར་བའི་རང་བཞིན་དུ་གནས་ཡོད། འོན་ཀྱང་མ་བསམ་ས་ནས་གློ་བུར་རང་བྱུང་གི་འབྱུང་བའི་འཇིག་པ་ཆེན་པོས་བལ་བོད་ གཉིས་དང་། རྒྱ་གར། ལྷག་པར་དུ་བལ་པོའི་ནང་རྒྱལ་སའི་ཉེ་ཁུལ་མཚོན་པའི་ས་ཆ་གང་སར་མི་ཕྱུགས་རྒྱུ་ གསུམ་ལ་ཡ་ང་བའི་གོད་ཆག་ཚབས་ཆེར་བྱུང་བར་ ངོས་རང་བློ་ཕམ་དང་སེམས་འཚབ་ཆེན་པོའི་སྒོ་ནས་ལྷན་རྒྱས་ལ་གདུང་སེམས་མཉམ་ བསྐྱེད་ཐོག་འདས་པོ་རྣམས་ཐར་པ་དང་ཐམས་ཅད་མཁྱེན་པའི་གོ་འཕང་འཐོབ་ཕྱིར་བསྔོ་ སྨོན་དང་། དེ་བཞིན་ས་ཡོམ་གྱི་རྐྱེན་ངན་འོག་ད་ཆར་དངོས་སུ་མནར་གཅོད་མྱོང་བཞིན་པའི་ནད་པ་ཚོ་མགྱོགས་ནས་མྱུར་ཏུ་དྲག་སྐྱེད་ཡོང་བར་གསོལ་འདེབས་འཕྲིན་བཅོལ་གང་ནུས་ཅི་ ཐུབ་བྱེད་བཞིན་ཡོད་པ་མ་ཟད། འདི་ག་༸གཡུང་དྲུང་བོན་གྱི་གདན་ས་སྨན་རིའི་གླིང་གི་དགེ་འདུན་མང་ཚོགས་ཚོས་ ཀྱང་མཆོད་འབུལ་བསྔོ་སྨོན་དང་། ཞབས་བརྟན་རིམ་གྲོ་དམིགས་བསལ་བསགས་སྒྲུབ་ཞུས་དང་ཞུ་མུས་ཡིན།
གཞན་ཡང་འདི་ནས་ངོས་ཀྱིས་གལ་འགངས་ཆེན་པོར་ཞུ་དོན་ནི། རང་འབྱུང་གི་འཇིག་པ་ལ་ཚོད་ཐེག་ཤིན་ཏུ་དཀའ་ན་ལྷན་རྒྱས་རྣམ་པ་ཚང་མས་ད་དུང་ ཐབས་ཅི་དྲག་དང་རྣམ་པ་གང་དྲག་གི་སྒོ་ནས་གྲ་སྒྲིག་ཨང་གསར་དང་། དེ་གར་ཉེ་ཁུལ་དུ་གནས་པ་ཚོས་ཀྱང་ཚབས་ཆེའི་ནད་པ་རྣམས་མྱུར་སྐྱོབས་དང་། གཤིན་པོར་བསྔོ་སྨོན་སོགས་མདོར་ན་ཕན་ཚུན་གཅིག་ཕན་གཅིག་གྲོགས་གནང་རོགས་ཞུ་ རྒྱུ་དང་། དེར་མ་ཟད་འཛམ་གླིང་གི་ས་ཕྱོགས་གང་སར་གནས་པའི་ཚོགས་པ་སྤྱི་སྒེར་གང་འདྲ་ཞིག་ ཡིན་རུང་ང་ཚོ་ཚང་མ་གོ་ལ་གཅིག་གི་ཐོག་ཏུ་ཁྱིམ་མཚེས་ནང་མི་ལྟ་བུར་གནས་ཡོད་ སྟབས། ནམ་ཡིན་ཡང་སྐྱིད་སྡུག་གི་ཁུར་པོ་མཉམ་འདེགས་གནང་རྒྱུ་ནི་ཤིན་ཏུ་ནས་གལ་ཆེན་ ཡིན་པས། ད་ལན་མི་མང་སྟོང་ཕྲག་མང་པོའི་ཚེ་སྲོག་ཤོར་ཞིང་། དཀའ་སྡུག་བརྒྱ་ཕྲག་གིས་བསྐྲུན་པའི་མཁར་གཞིས་བརླག་ཏེ་འདི་བྱ་འདི་བྱེད་དཀའ་ བའི་བལ་པོའི་གཞུང་དམངས་གཉིས་ལ་རྒྱུ་ཚེགས་གྲོན་གསུམ་གྱི་རོགས་སྐྱོར་དང་ཐུགས་ གསོ་གནང་བའི་རེ་སྐུལ་སྙིང་དབུས་ནས་ཞུ་རྒྱུ་བཅས།
གཡུང་དྲུང་བོན་གྱི་གདན་ས་༸དཔལ་གཤེན་སྨན་རིའི་གླིང་ནས།
སྨན་རིའི་ཁྲི་འཛིན་སོ་གསུམ་པ་ལུང་རྟོགས་བསྟན་པའི་ཉི་མས།