དེབ་ཀྱི་སྔོན་བརྗོད། འདིར་སྨྲ་བའི་དབང་པོ་ཧོར་བ་དྲུང་རམས་པ་བསྟན་འཛིན་བློ་གྲོས་རྒྱ་མཚོ་མཆོག་སྐུ་ཞི་བར་ གཤེགས་ནས་མི་ལོ་བཞི་བཅུ་འཁོར་བའི་རྗེས་དྲན་ཆེད་<<གཤེན་རབ་དགྱེས་པའི་བཤེས་གཉེན་ཕྱིར་ལ་གཟིགས།>>ཞེས་པའི་དེབ་ཀྱི་སྔོན་བརྗོད་ཙམ་གླེང་བ་ལ། དམ་པ་དེ་ཉིད་ཀྱི་རང་རྣམ་རྒྱས་པ་ཕྱིས་སུ་རང་གི་སློབ་མ་བློ་བཟང་རྒྱ་མཚོས་ཁ་སྐོང་བགྱིས་པ་དེ་ཉིད་སྤྱི་ལོ་༢༠༡༡ལོར་དཔར་སྐྲུན་བྱས་པའི་ཁོང་གི་གསུང་འབུམ་པོ་ཏི་དང་པོའི་ནང་བཞུགས། ཁོང་གིས་མི་ཚེ་གང་པོར་སྒྲུབ་པ་ཉམས་ལེན་དང་འཆད་ཉན་གཙོར་གནང་འདུག དེ་ཡང་གྱེར་སྤུངས་དྲན་པ་ནམ་མཁའ་ཡབ་སྲས་གསུམ་དང་ཡུམ་བཅས་བཞི་ལ་ཐུགས་དད་ཤིན་ཏུ་ཆེ་བར་མངོན། འདི་ཉིད་ཁོང་གི་གསུང་འབུམ་དུ་ཡང་ནས་ཡང་དུ་སྨོས་པས་ཤེས། དྲན་པ་ཚེ་སྒྲུབ་ཀྱི་སྙིང་པོ་བྱེ་བ་བཞི་ལྷག་ཙམ་བསྙེན་ཡོད་གསུངས་པ་དང་དེ་བཞིན་དམིགས་བསལ་དུ་དྲན་པའི་སྒྲུབ་གནས་སུ་གྲགས་པ་ཐེ་བོ་བྲག་དཀར་བྱ་རྒོད་རི་ཁྲོད་དུ་མི་ལོ་བཅུ་བཞིར་བསྙེན་མཚམས་ལ་བཞུགས། འདིའི་དགོངས་པ་དྲན་པ་ནམ་མཁའ་ནི་གསུང་རབ་རྣམས་སུ་ཐུགས་ཀྱི་བསྟན་པའི་གཉེར་དཔོན་ཡིན་པ་བཞེད་པར་མ་ཟད་ཁོང་གིས་གསུངས་པར་“འཆི་མེད་མངོན་བྱོན་གྱེར་སྤུངས་དྲན་པ་ནམ་མཁའ་དང་། བཟང་ཟའི་རྣམ་རོལ་མཁའ་འགྲོ་འོད་ལྡན་འབར་མ་གཉིས་ཀྱི་སྲས་སུ་བལྟམས་པའི་གཅེན་པོ་གསང་འདུས་ངོ་བོ་ཚེ་དབང་རིག་འཛིན་དང་གཅུང་པོ་སྟག་ལྷའི་ཐུགས་སྤྲུལ་གཡུང་དྲུང་མཐོང་གྲོལ་དང་བཞི་སྟེ་ཡུ་བུ་ཅག་གི་ལྷ་སྐལ་དུ་ལས་ཀྱིས་བསྐལ་བས་མངོན་སུམ་ཉིད་དུ་སྤྱི་བོ་གཙུག་ཏུ་བཞུགས་པར་ཐེ་ཚོམ་ཅི་ནས་མི་དགོས་པར་འཚལ་ལོ།”༼གསུང་འབུམ་པོ་ཏི་དང་པོ་ལྡེབ་༣༦༢༽གསུང་ཚུལ་འདི་ལ་གཞིགས་ན་དམ་པ་འདི་ཉིད་མཐའ་གཉིས་སུ་ལྷུང་བའི་རྟོག་གེ་བ་མགོ་འཁྲེགས་ཅན་འགའ་དང་མི་འདྲ་བར་རང་གི་གྲུབ་མཐའི་ཞེ་ཕུག་རིས་མེད་ཡིན་པ་མངོན་དུ་གྲུབ། གཡུང་དྲུང་བོན་གྱི་གྲུབ་མཐའི་ནང་ཁུལ་དུ་གནས་དང་གྲུབ་ཐོབ་སོགས་ཀྱི་མཚན་དངོས་འཛིན་ཚུལ་དང་ཁས་ལེན་ཚུལ་འདྲ་མིན་སྣ་ཚོགས་བྱུང་བར་དོགས་སེལ་གྱི་ཚུལ་དུ་བྲིས་པ་༼ལུང་རིགས་དོགས་སེལ་ཉུང་འདུས། གསུང་འབུམ་པོ་ཏི་དང་པོ་ལྡེབ་༣༤༡༽ འདི་བོན་གྱི་ཞིབ་འཇུག་པ་ཚོ་ལ་མ་དྲིས་དོགས་སློང་ལྟ་བུ་ཤིན་ཏུ་དོ་སྣང་ཅན་དང་བློ་གསར་ལ་ཕན་པའི་ཡིག་ཆ་ཞིག་རེད་འདུག གོང་སྨོས་བཞིན་སྐུ་ཚེ་སྨད་ལ་འཆད་ཉན་གཙོར་གནང་སྟེ་རང་གི་སློབ་མ་བསྐྱངས་ནས་བསྟན་པ་སྤེལ་བ་དང་དེ་འཛིན་གྱི་སྔོན་བྱོན་སྐྱེས་བུའི་རྣམ་ཐར་བརྩམས་པ་ནི་རྟོགས་ལྡན་རྒྱལ་བ་དབང་ལྡན་དང་ཨ་སྔགས་རྟོགས་ལྡན་བསྟན་པ་ཚུལ་ཁྲིམས་གཉིས་ཀྱི་རྣམ་ཐར་ལས་ཤེས། དེ་བཞིན་རང་གི་སློབ་མའི་གྲས་སུ་བསྟན་འཛིན་གྱི་སྐྱེས་བུ་དམ་པ་མ་འོངས་པར་འབྱུང་བ་ཡང་མངོན་པར་གཟིགས་པ་དཔེར་ན་“བྱང་ཆུབ་ཐུགས་འབྱོང་སྡེ་བཅུའི་བོན་ལ་མཁས།། བསྟན་འཛིན་དམ་པ་ངག་དབང་ཡང་སྲིད་དཔལ།། གཞན་ལ་ཕན་པའི་བློ་གྲོས་མཆོག་དང་ལྡན།། ཤེས་རབ་རྣམ་དག་ཞབས་ལ་གསོལ་བ་འདེབས།།”༼གསུང་འབུམ་པོ་ཏི་དང་པོ་ལྡེབ་༣༥༣༽ ཕལ་ཆེར་འདི་མི་མངོན་པའི་ལུང་བསྟན་གྱི་ཟོལ་དང་གསོལ་འདེབས་ཀྱི་ཚུལ་དུ་བྲིས་པ་ནི་དུས་སྐབས་ཀྱི་དགོས་དབང་གིས་ཡིན་ལ་དེ་ལོ་མང་པོའི་རིང་ལ་སྦས་དགོས་ཀྱང་བྱུང་ཡོད། ཕྱིས་སྤྱི་ལོ་༡༩༧༩ལོར་ཕྱིར་བཏོན། འདིའི་ནང་སྨོས་པའི་མཚན་སྒྲ་གཞན་ཕན་མཆོག་ལྡན་དང་ཤེས་རབ་རྣམ་དག་ནི་སྐྱབས་རྗེ་སྨན་རིའི་མཁན་རབས་སོ་གསུམ་པའི་མཚན་གཞན་ཡིན་པ་ཡང་འདིར་ཀློག་པ་པོ་རྣམས་ཀྱིས་མཁྱེན་པར་མཛོད། དམ་པ་དེ་ཉིད་ཀྱིས་བསྟན་འཛིན་གྱི་སྐྱེས་བུ་དེ་དག་གི་གྲུབ་མཐའ་གཡུང་དྲུང་བོན་ཡུན་རིང་དུ་གནས་པའི་ཐུགས་སྨོན་གནང་བ་འདི་ལྟར།“ཟླ་མེད་མགོན་པོ་མཆོག་གི་བྱིན་སྟོབས་ཀྱིས།། རང་ལུགས་གཤེན་བསྟན་དབྱར་མཚོ་ལྟར་འཕེལ་ཞིང་།། བཤད་སྒྲུབ་རླབས་ཕྲེང་དགུང་དུ་གཡོ་བཞིན་པ།། མི་ཉམས་སྲིད་མཐའི་བར་དུ་བརྟན་གྱུར་ཅིག།” ༼གསུང་འབུམ་པོ་ཏི་དང་པོ་ལྡེབ་༣༦༢༽ཅེས་པས་རྟོགས་ནུས། བཤེས་གཉེན་དམ་པ་གང་གི་སློབ་རིགས་སུ་གཏོགས་པ་མཁར་རྨེའུ་བསམ་གཏན་གྱིས་རྒྱལ་ས་པ་རི་སི་ལ་སྤྱི་ལོ་༢༠༡༤ལོར་ཟླ་བ་བཅུ་བའི་ཚེས་༢༤ལ་བྲིས།
དཀར་ཆག
སྔོན་བརྗོད།…………………………………………………མཁར་རྨེའུ་བསམ་གཏན།
གསོལ་འདེབས།……………………………………………ལྗང་བཙུན་ཤེས་རབ་རྣམ་དག
ཧོར་བ་དྲུང་རམས་པའི་མཛད་རྣམ་མདོར་བསྡུས།……………………….གཟི་རྩ་སངས་རྒྱས་དོན་གྲུབ།
A short biographical note of Hortsun Tendzin Lodro Gyatsho
…………………………………………………………..མཁར་རྨེའུ་བསམ་གཏན།
ཞལ་གདམས་རྣ་བའི་བདུད་རྩི།
ཞལ་གདམས་དགོས་འདོད་ཀུན་ཚིམས།……………………………….ཧོར་བཙུན་བསྟན་འཛིན་བློ་གྲོས།
ཉམས་མྱོང་གླུ་རུ་སྨྲོས་པ།……………………………………………….ཧོར་བཙུན་བསྟན་འཛིན་བློ་གྲོས།
བོན་གཤེན་གྱི་མཆོད་དབྱངས།
(བླ་སྤྲུལ་དང་དགོན་བདག་ཁག)
ཤིས་ཚིག…………………………………………………………..སྨན་རིའི་དཔོན་སློབ་འཕྲིན་ལས་ཉི་མ།
བཀའ་དྲིན་ནམ་ཡང་བརྗེད་ཐབས་མེད།…………………….སྐྱང་དགོན་དོ་དམ་ཨུ་ཡོན་ལྷན་ཁང་ནས།
ངོ་མཚར་ཆེ་བའི་བླ་མ་རིན་པོ་ཆེ་བསྟན་འཛིན་བློ་གྲོས།……………………..སྐྱང་སྤྲུལ་དྲི་མེད་འོད་ཟེར།
དཔལ་ལྡན་བླ་མའི་གསོལ་འདེབས་བསམ་པ་མྱུར་འགྲུབ།…………….མཁན་ཟུར་ཤེས་རབ་མཐར་ཕྱིན།
ཤིས་ཚིག…………………………………………………………..བོན་བརྒྱ་དགེ་ལེགས་ལྷུན་གྲུབ་རྒྱ་མཚོ།
རྒྱལ་སྲས་ཞིག་གི་མཛད་རྗེས།……………………………..སྐྱོང་སྤྲུལ་དགེ་བཤེས་བསྟན་འཛིན་རྣམ་རྒྱལ།
རྗེས་དྲན་སེམས་ཀྱི་མཆོད་སྤྲིན།…………………………………མཁན་ཤེས་རབ་གཡུང་དྲུང་དབང་རྒྱལ།
རྗེས་དྲན་རྣམ་པར་ཐར་བ།…………………………………………….དཔོན་སློབ་ཤེས་རབ་མཐར་ཕྱིན།
ངའི་བཤེས་གཉེན་གང་དུ་བཞུགས་ཡོད།……………………………………སྐྱང་བླ་ལྷ་འབུམ།
རྗེས་དྲན་དད་པའི་རོལ་དབྱངས།……………………………………..སྒྲུབ་མཁན་ཤེས་རབ་ཚུལ་ཁྲིམས།
ཁྱེད་ཀྱི་གཟི་བྱིན་ནམ་ཡང་དྲན།………………………………………….སྐྱང་བླ་གཡུང་དྲུང་དགེ་ལེགས།
རྗེས་དྲན་དད་པའི་མིག་ཆུ།………………………………………..དཔོན་སློབ་ཚུལ་ཁྲིམས་དཔལ་འབྱོར།
ལྷ་རེག་དཀར་པོ།……………………………………དབྲ་ཁྱུང་དགེ་བཤེས་སྐལ་བཟང་ནོར་བུ།
རྗེས་དྲན་གྱི་མཆོད་ཚིག་དྲི་ཟའི་རོལ་དབྱངས།…………………..མཁར་ནག་སྤྲུལ་སྐུ་སྐལ་བཟང་རྒྱ་མཚོ།
རྗེས་དྲན་གསོལ་འདེབས།………………………………………..སེང་སྤྲུལ་རིག་འཛིན་ཉི་མ།
རྟེན་འབྲེལ་བསླུ་མེད་ཤིས་ཚིག……………………………………..མཁན་པོ་ཚེ་རིང་ནོར་བུ།
བཀའ་དྲིན་རྗེས་སུ་དྲན་པའི་མཆོད་པ་དྲི་ཟའི་དབྱངས་སྙན།………སྐྱང་སྤྲུལ་ནམ་མཁའ་བསྟན་འཛིན།
རྗེས་དྲན་མཆོད་པ།…………………………………………………ཚ་ཚ་དབོན་པོ་རིན་ཆེན་རྒྱལ་མཚན།
རྗེས་དྲན་ངེས་ཤེས་རང་ཤར།……………………………………………….སྒྲུབ་སློབ་ཤེས་རབ་ལྷུན་གྲུབ།
གསོལ་འདེབས་ཐུགས་རྗེ་མྱུར་གཟིགས།…………………..དུང་རི་སྤྲུལ་སྐུ་བཤད་སྒྲུབ་རྒྱལ་མཚན།
དྲན་པའི་གསོལ་འདེབས།…………………………………………སྤྲུལ་ཤེས་རབ་དབང་རྒྱལ།
རྗེས་དྲན་དུང་གི་རོལ་དབྱངས།……………………….ཆུ་འབྲུག་བླ་མ་ཚེ་དབང་གཡུང་དྲུང་།
གཡུང་དྲུང་གི་འཕར་སྒྲ།
(དགེ་བཤེས་དང་གྲྭ་བ་ཁག)
Homage to my Root Lama…………………..དགེ་བཤེས་གཞན་ཕན་བསམ་འགྲུབ།
ཕྱིར་དྲན་ཀློང་ནས་འཚེར་བའི་ཉི་མ།………………………..སྣང་རྒྱལ་དགེ་བཤེས་ཤེས་རབ་དགེ་ལེགས།
དད་གསུམ་གྱི་ཀློང་ནས་འཕྲོས་པའི་ཚོགས་མཆོད་ཀྱི་རྒྱང་གླུ་།….མཁའ་སྣ་དགེ་བཤེས་ཟླ་བ་རྣམ་རྒྱལ། རྗེས་དྲན་གྱི་གདུང་འབོད།……………………………………………དགེ་བཤེས་བསྟན་འཛིན་ཀུན་ཁྱབ།
རྗེས་དྲན་དད་པའི་འཆར་སྣང་།………………………………………………དགེ་བཤེས་ཟླ་བ་དར་རྒྱས།
རྗེས་དྲན་དད་པའི་གདུང་འབོད།……………………………………དགེ་བཤེས་ཤེས་རབ་ཐབས་མཁས།
སྨྲ་དབང་བསྟན་བློ་རྗེས་སུ་དྲན་པའི་ཚིགས་བཅད།……………………..དགེ་བཤེས་དྲང་སྲོང་རྣམ་རྒྱལ།
དད་པའི་རང་སྒྲ།…………………………………………………..དགེ་བཤེས་བསོད་ནམས་ཚུལ་ཁྲིམས།
གུས་གདུང་དད་པའི་སྙན་དབྱངས།………………………………………དགེ་བཤེས་ཡེ་ཤེས་གོང་འཕེལ།
ལོ་རྒྱུས་ཀྱི་གུད་དུ་སྦས་པའི་མུ་ཏིག་རྡོག་གཅིག…………………………………..ལྡོང་ཡོན་ཏན་རྒྱ་མཚོ།
སྨྲ་བའི་སེང་ཆེན་ཞིག་གི་རྟོགས་བརྗོད་གླེང་བ།…………………………………………..ཁྲི་གཡུང་དྲུང་།
ཁྱེད་ནི་དྲན་པར་འོས་པའི་སྐྱེས་མཆོག་ལགས།……………………………………..གདོང་བཙུན་རྒྱ་ཐར།
རྗེས་དྲན་ཞུ་བ།………………………………………………………………………རྟོགས་ལྡན་བསྐལ་ཁོ།
རྗེས་དྲན་ཡིད་ཀྱི་མཆོད་དབྱངས།…………………………………………………རིན་སྤུངས་ཚུལ་བསྟན།
རྗེས་དྲན་དྲང་སྲོང་དགྱེས་པའི་མཆོད་སྤྲིན།…………………………ཚུལ་ཁྲིམས་བསྟན་པ་འབྲུག་གྲགས།
བརྒྱུད་པའི་བླ་མ་རྗེས་སུ་དྲན་པ།………………………………..སྤུ་བླ་གཡུང་དྲུང་སྐལ་བཟང་།
རྗེས་དྲན་མཆོད་པའི་མེ་ཏོག…………………………………………..རྟོགས་ལྡན་ཀུན་གྲོལ་རྒྱ་མཚོ།
ཧོར་བཙུན་རིན་པོ་ཆེ་རྗེས་སུ་དྲན།…………………………………………………རྟོགས་ལྡན་བསྟན་གོ།
རྗེས་དྲན་ཡིད་ཀྱི་མཆོད་སྤྲིན།…………………………………………………….དགའ་བཟོད་པ་རྒྱ་མཚོ།
ཧོར་བ་ཚང་།…………………………………………………………ཀ་ཤུལ་བསོད་རིན།
སྐྱེས་ཆེན་ཞིག་གི་མཛད་སྤྱོད།…………………………………………….ཞང་ངུ་ཚུལ་ཁྲིམས།
རྗེ་བླ་མ་དྲན་པའི་བསྟོད་ཚིག………………………………………………….རྣམ་རྣམ།
རྗེས་དྲན་དད་པའི་རང་མདངས།………………………………………………གཙོ་ཁམས་ཆེན།
རྣམ་ཤེས་ཚུར་དུ་བླན་བའི་བླ་འབོད།…………………………………………ཟིང་ཆུ་བློ་གྲོས་བསྟན་དར།
རྗེས་དྲན་དད་པའི་བསྭོ་སྒྲ།……………………………………………………ཁྲི་བདེ་མཆོག
རྗེས་དྲན་གསེར་གྱི་ཐིག་ལེ།…………………………………………རྨོག་སངས་རྒྱས་རྒྱ་མཚོ།
ཕྱག་སོར་ཟླུམ་པོ་སྙིང་ཁར་སྦྱོར། འདི་ལ་གཟིགས།……………………………….ཁྱུང་གསས།
མི་ཡི་སྨྲ་སེང་།……………………………………………………………གཤེན་སྨྱུག
རྒྱལ་ཁམས་དཀར་པོའི་ཚལ་གྱི་རྒྱང་འབོད།……………………….སྐྱང་བཤད་སྒྲུབ་བསྟན་འཛིན།
དད་འདུན་ལས་འཕྲོས་པའི་དྭངས་མའི་མཆོད་པ།………………………………དུང་དཀར་ནམ་མཁའ།
རྗེས་དྲན་ཡོན་ཏན་གྱི་རང་སྒྲ།…………………………………………….སྡོང་བརྩོན་འགྲུས་གོང་འཕེལ།
ཧོར་བཙུན་རིན་པོ་ཆེ་རྗེས་སུ་དྲན་པའི་མཆོད་དབྱངས།……………………………….ཨ་དཔལ་བཟང་།
རྗེས་དྲན་དད་པའི་གདུང་དབྱངས།………………………………………..ཐེ་བོ་བསྟན་འཛིན་དར་རྒྱས།
སྐུ་མཚན་གཟིམ་པ།………………………………………………………རིག་པའི་མེ་ལྕེ།
ཟུམ་དུ་མེད་པའི་སྒྲོན་མེ།…………………………………………….མཁར་ཡག་བསྟན་འཛིན་རྣམ་རྒྱལ།
རྗེས་དྲན་གཡུང་དྲུང་རི་མོ།……………………………………………….ཆུ་མཆིག་ཚེ་དབང་ཕུན་ཚོགས།
རྗེས་དྲན་དད་པའི་གླུ་སྒྲ།……………………………………………………………………….ཨ་གཡུང་།
རྗེས་དྲན་དད་པའི་མེ་ཏོག……………………………………………..སེར་རྩ་བསྟན་འཛིན་དབང་རྒྱལ།
དྲན་གདུང་གི་འབོད་སྒྲ།………………………………………………………..བསམ་གཏན་མཐར་ཕྱིན།
རྗེས་དྲན་མི་འགྱུར་གཡུང་དྲུང་།………………………………………………………ཚེ་བརྟན་བཀྲ་ཤིས།
རྗེས་དྲན་མཆོད་པའི་མེ་ཏོག………………………………………………..ཤར་གཡུང་དྲུང་བསྟན་དར།
རྗེས་དྲན་དུང་གི་དབྱངས་སྙན།……………………………………………………..གཡུང་དྲུང་ཀུན་ཁྱབ།
དཔོན་གསས་བླ་མ་དགྱེས་པའི་མཆོད་བསྟོད།……………………………………འགོ་བ་ཕུལ་བ་ཚེ་རིང་།
ངེས་དོན་གྱི་སེམས་དཔའ་ཞིག………………………………………ཁང་འོག་བ་ཚེ་དབང་བསྟན་འཕེལ།
ཤིས་བརྗོད་ངག་གི་མཆོད་པ།…………………………………………………….འཕན་བུ།
རྗེས་དྲན་དད་པའི་རོལ་དབྱངས།…………………………………………………….ཚེ་རིང་གཡུང་དྲུང་།
རྗེས་དྲན་སེམས་ཀྱི་རང་སྒྲ།……………………………………………………………ཀུན་གསལ་ཡེ་ཤེས།
ཁྱེད་ཀྱི་མཛད་རྗེས་ནི་སུབ་པ་མེད།…………………………………….ཧོར་བ་བསོད་ནམས་ནོར་འཛིན།
སེམས་གཏིང་ནས་བཞད་པའི་དྲི་ལྡན་པད་མོ།…………………………………………..ཧྲི་འདུལ་སྐྱབས།
རྗེས་དྲན་བདེན་པའི་རི་མོ།…………………………………………………………………སྟག་ལྷ་འགྲུབ།
རྗེས་དྲན་དད་པའི་གསོལ་འདེབས།…………………………………………….བསོད་ནམས་དབང་སྡུད།
རྗེས་དྲན་དད་པའི་རོལ་དབྱངས།……………………………………………………..ཚུལ་ཁྲིམས་དྲི་མེད།
རྗེ་བཙུན་དྲུང་རམས་པ་མཆོག……………………………………….མཁར་གསར་འཆི་མེད་རིག་འཛིན།
དད་པའི་མཆོད་ཚིག………………………………………………………རྒྱ་སྒོ་སྐལ་བཟང་བསྟན་འཛིན།
དད་བཏེགས་ཀྱི་མཆོད་སྤྲིན།
(མི་སྐྱ་ཕོ་མོ་ཁག)
ཧོར་རྗེ་དྲུང་རམས་པའི་རྗེས་དྲན་དབྱར་གྱི་རྔ་གསང་།……………………ཐུབ་བསྟན་ཕུན་ཚོགས།
ཧོར་བ་དྲུང་རམས་པ་སྨྲ་དབང་བསྟན་འཛིན་བློ་གྲོས་ཀྱི་མཛད་རྣམ་བསྡུས་ཏེ་བརྗོད་པ་ནོར་བུའི་གླིང་དུ་བགྲོད་པའི་ལམ་ཡིག..ཨ་སྔགས་ཚེ་རིང་བཀྲ་ཤིས།
རྗེས་དྲན་སྙན་ཚིག་བྱང་སྐར་སྨེ་བདུན་མ་ཞེས་བྱ་བ།……………………….བན་ཤུལ་དཔལ་མཁར་རྒྱལ།
རྗེ་བཙུན་སྨྲ་དབང་བསྟན་འཛིན་བློ་གྲོས་ཀྱི་ལོ་རྒྱུས་གོ་ཐོས་རེ་འགའ།………………..ཤར་བ་ཐོག་མེད།
གྲུབ་མཐའ་ལ་ཁྱད་པར་མེད། གང་ལྟར་ཁྱེད་ནི་མཁས་ཆེན་ཞིག……………….ཁ་གྱའི་ཁྱུང་སྔོན།
རྣམ་ཐར་ཇི་བཞིན་མ།…………………………………………….ཆབ་བྲག་ལྷ་མོ་སྐྱབས།
གྲུབ་མཐའ་ཁྱད་པར་མེད། བླ་མ་ཡིན་ན་ཆོག………………………………………………..འབའ་སྲས།
སྐྱེས་ཆེན་ཞིག་གི་བཞུད་ཤུལ།……………………………………………ཀུན་དགའ་ཡེ་ཤེས།
With heartily respect and appreciation;………………….ཉི་ཧོང་དཀོན་མཆོག་ལྷ་དགའ།
རྟོགས་བརྗོད་སྤྲིན་གྱི་མེ་ཏོག……………………………སྙན་བཟང་བསོད་ནམས་གཡུང་དྲུང་།
ཁྱུ་མཆོག་རྗེས་སུ་དྲན་པའི་དབྱངས།…………………………………………ཁྱུང་བཟང་།
དུས་འགྱུར་གྱི་ཆུ་བོར་གསེར་ཟམ་བསྐྲུན་མཁན།…………………………….ཁྱུང་པོ་དཔལ་རྒྱལ། མེས་པོ་དྲན་གླུ།……………………………………………………………………………བོད་གཞུག་སྐྱིད།
ཤར་སྨྲ་དབང་ཁྱེད་ཀྱི་སྐུ་དྲིན་བསམ་མི་ཁྱབ།…………………………..བོན་བརྒྱ་སྟག་ལ་འབུམ།
རྗེས་དྲན་ཞུ།…….…………………………………………………དར་ཞིང་འོད་དཀར།
སྐར་ཆེན་ཞིག་གི་འོད་མདངས།…………………………………….སློབ་དགེ་གཟི་མིག་དགུ་བ།
སྐྱེས་ཆེན་དྲན་པ།.………………………………………………………..གངས་དཔལ།
དད་འདུན་ལས་བཏེགས་པའི་མཆོད་སྤྲིན་ལྷ་དར་དཀར་པོ།…………………….ཧོར་བ་རིན་ཆེན་ལྷ་མོ། བླ་མར་བསྟོད་གླུ།…………………………………………………………..ཧོར་བ་དཀོན་མཆོག་ཚེ་རིང་།
དྲན་པའི་གདུང་དབྱངས།……………………………………………འབྲོག་སྐྱེས་སྐར་ཆུང་།
གངས་ཀྱི་ཟེ་བ།……………………………………………………………..གངས་ཐིག
རྗེས་དྲན་སེམས་ཀྱི་མིག་ཆུ།…………………………………………………ཚངས་སྲས་མོ།
མཐར་བསྐྱར་གྱི་ཞུ་ཚིག……………………………………………………..གཟི་རྩ་སངས་རྒྱས་དོན་གྲུབ།
ཧོར་བ་དྲུང་རམས་པའི་མཛད་རྣམ་མདོར་བསྡུས།
གཟི་རྩ་སངས་རྒྱས་དོན་གྲུབ།
བཅུ་ཕྲག་རིག་པའི་བསྟ༵ན་འཛི༷ན་འཛི༷ན་བྱེད་དབང་པོ་བློ༵་གྲོ༵ས་མིག།
མིག་འཕྲེང་ཡོངས་ལ་བསྐྱེད་མཛ༷ད་མཛ༷ད་པའི་རྣམ་འགྱུར་ཀུན་པས་ལེགས།།
ལེགས་བཤད་ངག་གིས་ཐོས་ཚ༷ད་ཚ༷ད་མ་རངས་པའི་སྙན་ཚིག་སྨྲ།།
སྨྲ་དབང་ཀུན་དགའ་རང་གྲོ༷ལ་གྲོ༷ལ་ལམ་སྟོན་པའི་ཐབས་ཤེས་ཟབ།།
སྐྱེ་གནས་དང་སྐྱེ་བ་བཞད་ཚུལ་སྐོར།
སྐབས་འདིར་གླེང་བ་བྱ་བ་ནི་ཡོངས་གྲགས་སུ་ཧོར་བ་དྲུང་རམས་པའམ་ཧོར་བཙུན་བསྟན་བློའི་ སྐུ་ཡི་མཚན་དཔེ་བཞད་ས་ནི་སྤུ་རྒྱལ་བོད་ཀྱི་ལྷོ་ཤར་མཐའ་མཚམས་ཀྱི་ས་ཁུལ་རྒྱ་བོད་གཉིས་ཀྱི་ས་མཚམས་སུ་ཆགས་ཡོད་པའི་ཡུལ་སྐད་དུ་ཨ་མདོ་ཤར་ཁོག་ཅེས་ཟེར་བ་དང་སྔོན་གྱི་ཡིག་རྙིང་ཁག་ཏུ་ཟོང་ཅུ་ཞེས་བྲིས་ཡོད་གནང་། ཟུང་ཆུའམ་ཟིང་ཆུ་ཞེས་ཐ་སྙད་མི་འདྲ་བ་མང་པོ་ཡོད་འདིའི་སྐོར་སྔོན་གྱི་ལོ་རྒྱུས་པའམ་རྩོམ་པ་པོ་རྣམས་ཀྱིས་འགྲེལ་མང་པོ་གནང་ཡོད་འདིར་མི་སྤྲོས། ཟོང་ཅུ་ཞེས་པའི་ཐ་སྙད་ལ་ཅུང་ཟད་དཔྱད་ན། ཟོང་ཅུ་རྫོང་མཁར་དེ་ནི་སྤྱི་ལོ་༦༡༨ལོར་ཆགས་ཡོད་སྐད། དེ་དུས་རྒྱ་ནག་སྐད་དུ་སང་གྲུབ་(松州)ཅེས་གྲགས། ཕྱི་སུ་སང་གྲུབ་(松州)དང་ཕའ་གྲུབ་(潘州)ཞེས་པ་མིང་གཉིས་གཅིག་ཏུ་བསྡུས་ནས་དེང་གི་མཁར་རྫོང་དེའི་མིང་ལ་སང་པ་ཤན་(松潘县)ཞེས་པ་དེ་ཡིན། སྔོན་དུས་རབས་བདུན་པའི་འགོ་ནས་བཟུང་སྟེ་དགུ་བའི་དཀྱིལ་དབར་དུ་བོད་བཙན་པོའི་རྒྱལ་ཁབ་དུས་སུ་རྫོང་མཁར་དེའི་མིང་ལ་ཟོང་ཅུ་ཞེས་གྲགས་ཡོད། རྒྱུ་མཚན་ནི་སྤྱི་ནོར་ཟོང་གཉིས་སུ་ཕྱེ་བའི་ཟོང་དང་འབྲེལ་བ་ཤུགས་ཆེན་པོ་ཡོད་པར་སེམས། ཟོང་ཞེས་པ་དེ་མར་ཇ་ཚ་དང་དངོས་རྫས་སོགས་ལ་འཇུག་ཤས་ཆེ་པས་བོད་པས་མཁར་དེའི་མིང་ལ་ཟོང་ཅུ་ཞེས་བཏགས་པ་དཔོག་ནུས་གང་ཡིན་ཟེར་ན་སྤྱི་ལོ་༡༩༥༠ལོའི་སྔོན་ལ་ལུང་བ་དེར་ཡོད་བོད་མི་རྣམས་ལོ་རེ་སོག་པོ་ཁལ་བ་ཞེས་མཚོ་སྔོན་པོའི་ས་ཁུལ་དུ་ཡོད་པའི་ཨ་རིག་སོག་པོ་དང་ཚོང་འབྲེལ་བྱེད་ཆེད་འགྲིམ་འགྲུལ་དུ་འགྲོ་སྲོལ་ཡོད་སོག་པོ་ཁལ་བའི་རྒྱུ་ཟོག་ལ་མི་ཚང་ཕྱུག་པོས་ཟོང་ཅུ་མཁར་ནས་རྒྱ་ཇ་སོགས་ཉོས་ནས་མི་ཚང་སོ་སོའི་མཛོད་ཁལ་བཀལ་ནས་ཇ་དང་ཚ་སོགས་ཚོང་ལས་བྱས་ཀྱིན་ཡོད་དེང་གི་ཆ་ལ་མཁར་དེའི་གཡས་སུ་རི་སྐེད་དུ་སྔ་མའི་ཇ་ལམ་ཞེས་པའང་འབོད་སྲོལ་ཡོད། མཁར་རྫོང་ནི་ཇ་ཚ་དངོས་རྫས་ཚོང་བའི་རྒྱ་བོད་གཉིས་ཀྱི་ཚོང་འབྲེལ་ཤུགས་ཆེན་བྱས་པས་བསྟི་གནས་ཡིན་པས་བཏགས་པ་ཡིན་པ་མངོན་ནོ།།
མཁར་རྫོང་དེའི་ལུང་སྟོད་ལ་ཁྲི་སྐྱང་གཉིས་སུ་གྲགས་པའི་ཡུལ་ལུང་དེར་གྲོང་ཚོ་ཤུགས་ཆེན་གཉིས་ རྩིས་པའི་དེའི་ནང་ནས་སྐྱང་ཚང་ཞེས་པ་དེ་ནི་སྐྱང་ཚང་འགོ་བའི་འོག་ཏུ་ཚུད་པའི་གྲོང་ཚོ་ལ་སྐྱང་ ཚང་ཤོ་ཁག་ཅེས་འབོད་སྲོལ་ཡོད་༡༩༥༠ལོའི་སྔོན་ལ་དེའི་གྲོང་ཚོར་དུད་ཁྱིམ་དྲུག་ཅུ་ཡན་མན་མ་ གཏོགས་མེད་དེང་གི་ཆར་ལ་བརྒྱ་དང་ཉི་ཤུ་སུམ་ཅུ་ཡན་མན་འཕེལ་རྒྱས་ཕྱིན་ཡོད། དེ་ཡང་སྤྱང་ དང་སྐྱང་གཉིས་ཀྱི་རུས་མིང་ལ་ལྟོས་ནས་ཐ་སྙད་མ་འདྲ་བ་གཉིས་སླེབས་ཀི་ཡོད། དེའི་སྐོར་མཁས་ དབང་སྐྱང་སྤྲུལ་དྲི་མེད་འོད་ཟེར་(༡༩༣༥ལོར་འཁྲུངས།)གྱིས་མཛད་པའི་<<མཛོད་དགེ་རྫོང་ཁོངས་ཀྱི་བོན་དགོན་སྤྱི་ཡི་བྱུང་བ་མདོ་ཙམ་བརྗོད་པ་རིན་ཆེན་ནོར་བུའི་ཕྲེང་བ་དཔྱོད་ལྡན་ཡིད་ནོར་ཞེས་བྱ་བ།>>ལས་དེའི་སྐོར་གསལ་ལ་འདིར་མི་སྤྲོས། གྲོང་ཚོ་དེའི་འགོ་བའི་རུས་དང་མདོ་སྨད་ཀྱི་འདྲེན་སྟོན་ཆེན་མོ་འཕགས་པ་རྣམ་གསུམ་དུ་གྲགས་པའི་ནང་ཚན་སྤྱང་འཕགས་ཆེན་པོ་མུ་ལ་དྲུང་མུའམ་ནམ་མཁའ་གཡུང་དྲུང་(༡༡༢༦ལོར་འཁྲུངས།)གཉིས་ཀྱི་རུས་ལ་འབྲེལ་བ་ཤུགས་ཆེན་ཞིག་ཡོད་པར་སེམས། རྒྱུ་མཚན་ནི་གྲོང་བའི་མི་རྣམས་ཀྱིས་མཆོད་གནས་ཞིག་དགོས་པའི་རེ་སྣང་ལ་སྐྱང་ཚང་འགོ་བའི་རུས་དང་འབྲེལ་ཡོད་དུ་སྤྱང་འཕགས་ཆེན་པོའི་གདུང་རབས་ལྔ་བ་བསོད་ནམས་བཟང་པོ་(༡༢༦༨ལོར་འཁྲུངས།)འཕན་ཆུ་རྒུ་སྤྱང་ཞེས་པའི་ཡུལ་གྲུ་ནས་ལུང་བ་དེར་གདན་ཞུས་ནས་ཁོང་རིན་པོ་ཆེ་དགུང་ལོ་ཉེ་གཉིས་ཐོག་རབ་བྱུང་ལྔ་བའི་ལྕགས་སྟག་སྤྱི་ལོ་༡༢༩༠ལོར་ཟུང་ཆུ་སྐྱང་ཚང་དགོན་གསར་བཞེངས་བྱས་ཡོད། ༢༠༡༥ལོར་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་ནས་པར་དུ་བསྐྲུན་པའི་<<ཞང་བོད་གདན་རབས།>>ཞེས་པའི་སྨད་ཆ་ཤོག་ངོས་༢༡༠ ལས། “སྐྱང་དགོན་ཕུན་ཚོགས་དར་རྒྱས་གླིང་ནི། སྤྱི་ལོ་༡༢༦༨ལོ་སྟེ་རབ་ལོ་ལྔ་བའི་ས་འབྲུག་ལོར་དགུ་སྤྱང་སྐྱང་འཕགས་ཀྱི་བླ་མ་བསོད་ནམས་བཟང་པོའམ་རྒྱལ་བ་རྒྱ་མཚོ་མཆོག ས་སྐྱོང་མི་དབང་ཚང་འགོ་བ་ལྷ་མགོན་སྐྱབས་ཀྱིས་གདན་དྲངས་ནས་སྐྱང་ཚང་དགོན་སྡེ་ཐོག་མར་ཕྱག་བཏབ་མཛད་པ་ཞིག་ཡིན་འདུག” ཅེས་པ་དེ་སྐྱང་བླ་བསོད་ནམས་བཟང་པོའི་འཁྲུངས་ཚིགས་དང་འཁྲུལ་ནས་བྲིས་འདུག དེའི་སྐབས་དགོན་པའི་མིང་ལ་ཧ་ཡག་དགོན་ཞེས་གྲགས། དེའི་བླ་རབས་དང་པོ་ནི་དགོན་ཕྱག་བཏབ་མཁན་གོང་ཞུས་ཀྱི་བླ་མ་དེ་ཡིན་ད་ཆར་དགོན་པ་དེར་བླ་རབས་ཉེར་གཅིག་པ་བཞུགས་ཡོད། སྤྱི་སྤྱང་འཕགས་ཆེན་པོ་ནི་ཤར་ཁོག་ལུང་བ་ལ་དགུང་ལོ་ཉེར་བཞིའི་ཐོག་ཕེབས་ནས་བོན་འབངས་ཡོངས་ལ་དགེ་སྡིག་བླང་དོར་ཕྱོགས་སུ་ལམ་སྣེ་སྟོན་པའི་དཔོན་གསས་མེད་དུ་མི་རུང་བ་ཞིག་ཆགས་ཡོད། བླ་མ་སྤྱང་འཕགས་ཀྱིས་སྤྱི་ལོ་༡༡༥༨ ལོར་ལུང་བ་དེར་གནས་ཡོད་པའི་འཛམ་གླིང་གནས་ཆེན་ཉེར་ལྔའི་ནང་ཚན་ཤར་གཉན་དུང་རི་དཀར་པོའི་གནས་སྒོ་ཕྱེ་བ་མ་ཟད་རྒྱ་ནག་གོང་མ་མཁའ་འགྲོ་འུག་གདོང་ལྔའི་ནང་ཚན་གཅིག་ཆགས་པའི་གནས་བྱང་བྱ་དུར་རྩེ་དགུ་ཞེས་པ་ཡང་གནས་སྒོར་ཕྱེ་ཡོད། དམ་པ་དེས་ས་གནས་དེར་གཏེར་རུ་བཏོན་པའི་བྱང་བྱ་དུར་གྱི་དཀར་ཆག་པོད་ཆེན་གཉིས་ཡོད་པར་གནང་ཡང་ད་ལྟའི་ཆར་མཇལ་ཡུལ་དུ་མ་གྱུར། ཕྱིས་སུ་བརྩམས་པའི་བྱ་དུར་གྱི་དཀར་ཆག་རྣམས་ལས་གང་དེ་ཡོད་པར་སྟོན། ཡིག་རྙིང་ཁག་ལས་སྤྱང་འཕགས་ཅེས་བྲིས་གནང་འདུག་ཕྱིས་སུ་སྐྱང་འཕགས་ཅེས་ཟེར་གྱིན་ཡོད།
སྐྱང་ཚང་གི་གྲོང་སྡེ་རུ་རབ་བྱུང་བཅོ་ལྔའི་ས་མོ་གླང་གི་ལོ་དེ་ལ་རིགས་རྒྱུད་ཕུན་སུམ་ཚོགས་པ་སྐྱང་ཚང་འགྲུ་ཆེན་ཧོར་གྱི་རུས་བརྒྱུད་ཡབ་འབྲུག་སྐྱོབ་དང་། ཡུམ་རུ་གྷི་བཟའ་ཨ་ཉོག་གཉིས་ལ་སྤྱི་ལོ་༡༨༨༩ལོ་དེའི་ཟླ་བ་དགུ་བའི་ཚེས་བཅུ་བདུན་ཉིན་ལ་དགེ་མཚན་ལེགས་པ་དང་བཅས་ནས་སྙིགས་མའི་སེམས་ཅན་གྱི་ལྷ་སྐལ་དུ་བབ་པས་སྲས་ཞིག་མངོན་པར་བཞད། དེའི་སྐབས་སུ་དུད་ཁྱིམ་དེས་མདོ་བསྐལ་བ་བཟང་པོ་ཀློག་ཅིང་དེའི་མཚན་བུ་ལ་གསོལ་བས་སྐྱེས་མིང་ལ་བསྐལ་བཟང་ཡག་ཞེས་གྲགས། དམ་པ་ཉིད་ཆུང་དུས་ནས་རང་གཤིས་འཇམ་པོ་ཡིད་དུ་འོང་བ་རིག་པ་གསལ་བ་དད་མོས་ཆེ་བ་བྱམས་སེམས་ལྡན་པ་ཞིག་ཡིན་པས་ཀུན་གྱིས་ངོ་བསྟོད་ཡུལ་དུ་གྱུར། དགུང་ལོ་དྲུག་སྤྱི་ལོ་༡༨༩༥ལོར་ཡུམ་གྱི་རུམ་དུ་ཉལ་བ་མི་འདོད་ཟེར་ནས་ཡབ་ཀྱི་རུམ་དུ་ཉལ། དེའི་སྐབས་ཞིག་ན་ཉལ་བའི་རྨི་ལམ་དུ་དམ་པ་ལ་ཀུན་དགའ་ར་བས་བསྐོར་བའི་ལྷ་ཁང་དུ་ལྷ་སྐུ་མང་བོས་གང་སྟེ་སྐོར་བར་འཁྱིལ་ཞིང་ཡོད་པའི་ཚེ་ན་དམ་པ་ཡང་མ་འགུལ་ནས་མིག་དལ་མོར་ཕྱེ་ཞིང་ལྟོས་ན་ཐུང་ཡུན་ཙམ་རེ་གནས་པ་ཡང་མང་བོ་བྱུང་། དགུང་ལོ་བདུན་སྤྱི་ལོ་༡༨༩༦ལོར་རའི་རྫི་བོར་བྱེད་དུས། བྱིས་པའི་གྲལ་དུ་མདའ་རྩེད་རྩལ་སྦྱོང་གི་ཚུལ་དུ་བྱེའུ་ཆུང་ངུ་གཉིས་ཙམ་བསད་པ་དེས་རྐྱེན་བྱས་ནས་ད་འགྲིག་མ་སོང་བསམ་ནས་མི་རྟག་པ་འགྱོད་པ་དྲག་པོ་ཤར་ནས་འཇིག་རྟེན་འདིའི་སྣང་བ་ལ་སྐྱོ་བ་སྐྱེས་ནས་སྔོན་གྱི་ལས་འཕྲོ་བཟང་བོ་སད། དེ་ནས་ཧོར་བ་བསྟན་པ་རྒྱལ་མཚན་དང་རྒྱ་སྒོ་བསོད་ནམས་དར་རྒྱས་རྣམ་གཉིས་སློབ་དཔོན་དུ་བསྟེན་ཏེ་ཡིག་གཞི་འདོན་ཆ་སློབ་གཞི་ཐོག་མ་བཙུགས། སློབ་དུས་དཀའ་སྡུག་མེད་པའི་ཐོག་ནས་འདོན་ཕྱག་ལས་ཀྱི་རིགས་ལ་མཁྱེན་ཡངས་ཆེན་པོར་གྱུར།།
རབ་ཏུ་བྱུང་ནས་སློབ་གཉེར་མཛད་ཚུལ་སྐོར།
དགུང་ལོ་བཅུ་སྤྱི་ལོ་༡༨༩༩མེ་ཁྱིའི་ལོར་སྐྱང་དགོན་ཕུན་ཚོགས་དར་རྒྱས་གླིང་དུ་སྒྲིག་ལ་ཞུགས། དེ་སྐབས་བྱ་བཏང་རྣལ་འབྱོར་བ་ངག་དབང་རྣམ་རྒྱལ་(༡༨༥༡ལོར་འཁྲུངས།)དང་ཨ་སྔགས་གྲུབ་ཆེན་བསྟན་པ་ཚུལ་ཁྲིམས་ (༡༨༤༧-༡༩༣༢)རིན་པོ་ཆེ་གཉིས་ཀྱིས་མ་འོངས་པར་བསྟན་པའི་བདག་པོར་གཟིགས་ཏེ་ཞལ་གདམས་དང་ཤིས་བརྗོད་ལེགས་སྨོན་མཛད། དགུང་ལོ་བཅུ་དྲུག་སྤྱི་ལོ་༡༩༠༤ཆུ་འབྲུག་ལོ་ལ་ལྷ་བཟོ་བསྟན་གྲགས་ཀྱི་མདུན་ནས་ལྷ་རིས་དང་བོད་ཀྱི་སྲོལ་རྒྱུན་རི་མོ་སོགས་ལག་པའི་འདུ་བྱེད་གང་འདོད་སྦྱོང་མཐར་མཛད། དགུང་ལོ་བཅུ་བདུན་སྤྱི་ལོ་༡༩༠༦སྦྲུལ་གྱི་ལོར་སློབ་སྦྱང་ལ་དམིགས་ནས་གྲྭ་སར་ཕེབས་ཞོར་དུ་གནས་མཇལ་དམུ་དགེ་དགོན། ད་བུ་ཉག་མཚོ། ཧོར་བྲག་འགོ། དཀར་མཛེས་དགོན། རྫ་དར་རྒྱས་དགོན། རྫ་རྫོགས་ཆེན་དགོན། སྟེང་ཆེན་རི་ཁྲོད་ཆེན་མོ་སོགས་ཕྱིའི་རྟེན་གཞལ་ཡས་ཁང་དང་། ནང་རྟེན་དྲི་མེད་ཤེལ་གྱི་སྐུ་དང་སྐུ་གདུང་རྟེན་གསུམ་དང་། ཁྱུང་གྲུབ་དབང་སྨོན་ལམ་རིན་པོ་ཆེ་དང་བཟོད་པ་རིན་པོ་ཆེ་མ་འདའི་མཚམས་པ་རྣམ་གཉིས་ཨ་ནེ་དགེ་སློང་སོགས་མཇལ་ནས་དབང་ལུང་གང་འདོད་ཞུས། ཁྱུང་ཡུལ་སེར་རྩ་ནས་སྤྲུལ་བའི་སྐུ་མཆོག་བློ་ལྡན་སྙིང་བོའི་(༡༣༦༠-༡༤༠༦)གདན་ས་ཆེན་མོ་བྱ་ཟེ་ཡོངས་རྫོང་ནས་ལྷ་སྐུ་རང་བྱུང་སོགས་དང་རྟེན་གསུམ་རྣམས་མཇལ། ལོ་དེའི་ཟླ་བ་ལྔ་བའི་ཚེས་བཅུ་གཅིག་ལ་གནས་མཆོག་བོན་རིའི་མདུན་དུ་ཕྱིན་ནས་རི་བ་འབྲུག་གསས་ཀྱི་སྐུ་གདུང་དང་། སྟག་བྲོ་ས་ནས་སྐྱབས་མཆོག་རྗེ་སྨན་རི་བ་མཉམ་མེད་ཤེས་རབ་རྒྱལ་མཚན་(༡༣༥༦-༡༤༡༥)དེ་ཉིད་ཀྱི་དབུ་ཞྭ་མེ་ཚིག་མ་དང་། མཁན་ཆེན་བསམ་གཏན་རྒྱལ་མཚན་གྱིས་དབལ་བྲག་རོང་ཆེན་ནས་གདན་དྲངས་བའི་གཏེར་ཕུར་སོགས་མཇལ་ཞོར་བན་དྷེའི་བྱ་བཏང་བ་ཞིག་དང་རྫོགས་ཆེན་གྱི་རྣལ་འབྱོར་མཁའ་འགྲོ་ལྡན་པ་དང་མཇལ་ནས་དམ་པ་དེ་རྣམས་ཀྱིས་ཀྱང་བསྟན་འཛིན་གྱི་སྐྱེས་བུར་དགོངས་ནས་ངོ་མཚར་གྱི་དད་མོས་རྒྱ་ཆེར་མཛད། དགུང་ལོ་ཉི་ཤུ་སྤྱི་ལོ་༡༩༠༨མེ་ཕོ་རྟའི་ལོར་ལྷ་ལྡན་དག་པའི་ས་རུ་ཕྱིན་ནས། ཇོ་བོ་ཡིད་བཞིན་ནོར་བུ་རིན་པོ་ཆེ་དང་གྲྭ་ས་སེར་འབྲས་དགའ་གསུམ་སོགས་མཇལ་ནས་སྙིགས་དུས་ཀྱི་འདྲེན་སྟོན་ཆེན་མོ་༧སྣང་སྟོན་ཟླ་བ་རྒྱལ་མཚན་(༡༧༩༦-༡༨༦༣)མཆོག་གིས་སྤྱི་ལོ་༡༨༣༤ལོར་ཕྱག་བཏབ་པའི་བོན་གྱི་གྲྭ་ས་འོག་མ་རབ་ལེགས་གཡུང་དྲུང་གླིང་དུ་འབྱོར་བ་དང་དུས་མཉམ་དུ་ཚོགས་དུང་འབུད་པ་དང་འཛོམས་པའི་རྟེན་འབྲེལ་བཟང་བོའི་སྒོ་ནས་སྒྲིག་ཏུ་འཛུག དམ་པ་ཁོང་གི་གཉེན་འབྲེལ་བློ་གྲོས་བཟང་པོ་དེའི་སྐབས་གཡུང་གླིང་གི་སྒྲུབ་ཁང་ལྷ་མཆོད་ཡིན་པས། ཉིན་དེའི་ནུབ་མོར་སྒྲུབ་ཁང་དུ་ཁྲིད་ནས་མཚན་གྱི་རྨི་ལམ་དུ་རྒྱལ་པོ་ཤེལ་ཁྲབ་ཅན་ཅོག་ཙེ་ཞིག་གི་སྟེང་དུ་རྒྱ་འདུག་བྱེད་པ་དང་། གྲགས་པ་སེང་གེ་གྲྭ་བ་གཞོན་ནུ་ཞིག་ཏུ་སྟོན་ནས་ང་ཉིད་སྲོང་ལ་འཇལ་བས་སྡིག་པ་ལྗིད་ཀི་ཟེར། ཐོ་རངས་དུས་སུ་མ་སྲིད་པ་རྒྱལ་མོ་ཡིན་སྙམ་པའི་འདུན་པ་བྱུང་བ་ལ་ཞྭ་ནག་གྱོན་པའི་བྱིས་པ་གཅིག་ལ་མཇལ་སྣང་བྱུང་། ཟླ་བ་དང་པོའི་ཚེས་གཅིག་སྔ་མོར་སྒྲུབ་ཁང་དུ་ཡོན་མཆོད་འབུལ་བའི་སྐབས་ལ་གྲགས་པ་སེང་གེས་དངོས་གྲུབ་པདྨ་ར་ག་ཞིག་སྩོལ་བས། དགའ་སྣང་དད་པའི་སྒོ་ནས་མགུར་ལ་བཏགས་པས། དེ་ནས་བཟུང་སྟེ་ལུས་ཀྱི་གྲིབ་བཞིན་འཁོར། ལོ་དེ་ཡི་དབྱར་ཟླ་འབྲིང་བོའི་ནང་དུ་དགོན་དེར་བཞུགས་པའི་སློབ་དཔོན་༧མཁས་གྲུབ་ལུང་རྟོགས་རྒྱ་མཚོ་(༡༨༧༩-༡༩༡༦)དཔལ་བཟང་བོའི་མདུན་དུ་མཆེད་གྲོགས་བཅུ་དང་ལྷན་དུ་ཞུགས་ནས་ཕྱི་མཚན་ཉིད་གཞུང་པོད་ཆེན་ལྔ་དང་ནང་གསང་སྔགས་གསང་བ་སེམས་ཕྱོགས་དང་། བརྡ་དག་སྙན་ངག་ནག་རྩིས་ལས་སོགས་སྦྱང་མཐར་མཛད་ནས། དམ་པ་ཁོང་གིས་ཞལ་ནས་ཀྱང་། རང་རྒྱུད་གྲོལ་བའི་སྐྱེས་བུ་དེ།། སེམས་དཔའི་རྣམ་འཕྲུལ་ཉིད་དུ་ངེས།། ཞེས་སོགས་ཡི་རངས་གནང་བ་བྱུང་། སློབ་སྦྱང་ཞོར་དུ་སྤ་ལ་ཕུག་དགོན་དུ་རིག་འཛིན་སྟོང་རྒྱུང་གི་ཕྱག་བཟོ་བསྟན་སྲུང་ཨ་བསེའི་ཞལ་འབག་དང་། དགོན་དེའི་རི་རྩེ་ན་ཕྱྭ་སྲས་ཀྱི་ཞབས་རྗེས། མཁའ་འགྲོའི་ཕག་གདོང་། མཁའ་འགྲོའི་གསའ་གདོང་། རིག་འཛིན་རྒོད་ལྕམ་གཏེར་གནས། ཟང་ཟང་ལྷ་བྲག དབལ་བྲག་རོང་ཆེན། ལི་ཡུལ་དམག་དགོན་རི། སྒྲ་བླ་སྟག་རི་ཁྲ་བོ། མུ་ལེ་མཚོ། བུར་ཧྲང་ཇོ་བོ། གངས་རི་མཚོ་གསུམ། ཁྱུང་ལུང་དངུལ་མཁར་ནས་བླ་ཆེན་དྲན་པའི་རྡོ་སྐུ་རང་བྱུང་དང་། སྙ་ཆེན་ལི་ཤུའི་སྐུ་གདུང་ལས་སོགས་མཇལ་ནས་རང་དགོན་གཡུང་དྲུང་གླིང་དུ་སླེབས། དགུང་ལོ་ཉེར་བརྒྱད་སྤྱི་ལོ་༡༩༡༦ལོར་ཡོངས་འཛིན་དགེ་བའི་བཤེས་གཉེན་མཁས་གྲུབ་ལུང་རྟོགས་རྒྱ་མཚོའི་མདུན་དུ་དབྱངས་ཅན་སྒྲ་མདོ་སྦྱོང་མཐར་མཛད་ནས་སྨྲ་དབང་ཀུན་དགའ་རང་གྲོལ་ཞེས་པ་མཚན་གྱི་ཅོད་པན་བསྩལ། བར་གསེང་གི་དུས་རྣམས་དམ་པ་ཁོང་གི་མདུན་ནས་དབང་ལུང་མན་ངག་དུ་མ་ཞུས་ནས་དུས་ཚོད་དོན་ཡོད་མཛད། དགུང་ལོ་ཉེར་དགུ་སྤྱི་ལོ་༡༩༡༧ཕག་གི་ལོར་བཀའ་དྲིན་མཚུངས་མེད་དྲིན་ཅན་རྩ་བའི་བླ་མ་མཁས་གྲུབ་རིན་པོ་ཆེའི་སྐུ་ཞི་བར་གཤེགས་པའི་སླད་ནས་དབུས་གཙང་རི་བཞི་སོགས་ལ་གནས་མཇལ་ཕྱིན་ནས་ཡར་གྲྭ་ས་བྲུ་ཞུ་སྤ་རྨེའུ་དགོན་གནས་སོགས་མཇལ་བ་དང་། འབྲུ་མཚམས་མཐའ་ཀ་ནས་གཤེན་ཆེན་པོས་གསས་མདའ་དུང་དབྱུག་ཐོན་རྗེས་སྐར་ཁུང་དུ་མཇལ་ཚེ་དག་པའི་རི་ཁྲོད་གཅིག་མཇལ་སྣང་བྱུང་། རང་ཉིད་ཀྱང་རི་ཁྲོད་ཟིན་པའི་ལས་འཕྲོ་ཡོད་སྙམ་ནས་སྙིང་ནས་དགའ་བའི་སྣང་བ་སྐྱེད། གཡས་རུ་མཁའ་སྣ་དགོན་གྱི་དགེ་སློང་གི་མདུན་ནས་དབང་ལུང་ཞུས་ནས་སྐྱབས་མཆོག་འགྲོ་བའི་མགོན་པོ་རྗེ་སྨན་རི་བའི་མཁན་རབས་ཀྱི་སྐུ་གདུང་སོགས་མཇལ། སྐུ་མདུན་རྒྱལ་བ་བློ་གྲོས་རིན་པོ་ཆེའི་མདུན་ནས་དབང་ལུང་མང་པོ་ཞུས། དེ་ནས་རང་དགོན་གཡུང་དྲུང་གླིང་དུ་ཕྱིན། དགུང་ལོ་སུམ་ཅུ་སྤྱི་ལོ་༡༩༡༨ལོར་ལྷ་གྲོགས་དམ་པ་མཁས་པའི་དབང་པོ་སྒང་རི་བ་ཚུལ་ཁྲིམས་རྒྱལ་མཚན་(༡༨༩༣-༡༩༦༧)དང་དམ་པ་གཉིས་ལྷན་ཏུ་ཚ་རོང་སློབ་དཔོན་ཤེས་རབ་ཡེ་ཤེས་ཀྱི་མདུན་དུ་དགེ་བའི་བཤེས་གཉེན་ཆེན་མོར་མངའ་གསོལ་ནས་དགའ་སྟོན་ཆེན་མོ་བཀྱགས་སྟེ། དམ་པ་ཤིན་ཏུ་དགྱེས་པའི་རྣམ་འགྱུར་སྟོན་ཞིང་རྩོད་པ་བོ་གང་ལའང་རྩོད་ལན་ཚིག་སྙན་ཁྱད་མཚར་གང་ལའང་མངའ་བརྙེས་པའི་གསུང་གླེང་ཅི་ཡང་རྩོམ་པ་མཐར་ཕྱིན་དང་ལྷན་དུ་བསྟན་པའི་རྒྱན་དུ་ཆེ་བ་དང་ཕྱོགས་དུས་ཀུན་ལས་རྣམ་པར་རྒྱལ་བའི་མཚན་རྟགས་སུ་སྟག་ལྤགས་ཀྱི་གདན་བརྩེགས་པའི་ཁྲི་སྟེང་དུ་བཀོད་ནས་མཁན་སློབ་ཉི་ཟླ་རྣམ་གཉིས་ཀྱིས་བྱིན་དང་ཁ་བཏགས་ཆས་མཛོད་གནང་ནས། བསྟན་དང་འགྲོ་བའི་དཔལ་དུ་གྱུར་བར་ཤོག་གསུངས་ནས་གཟེངས་བསྟོད་མངོན་པར་གནང་། དགུང་ལོ་སོ་གཉིས་སྤྱི་ལོ་༡༩༢༠སྤྲེལ་ལོར་མཁན་ཆེན་ཤེས་རབ་བློ་ལྡན་(༡༨༨༢ལོར་འཁྲུངས།)དཔལ་བཟང་བོ་དབུ་མཛད་པའི་མདོ་སྨད་དུ་ཆིབས་བསྒྱུར་སྐྱོང་སྐབས་ཤར་ཁོག་ཡུལ་གྱི་བླ་སྤྲུལ་དང་སྐྱ་སེར་རྣམས་ཀྱིས་དགའ་བའི་འཛུམ་དང་དད་མོས་ངང་དུ་བསུ་མ་བྱེད་ནས་སྐྱང་དགོན་ཕུན་ཚོགས་དར་རྒྱས་གླིང་དུ་ཕེབས། སྐྱང་དགོན་དུ་མཁན་རིན་པོ་ཆེའི་སྐུ་མདུན་ནས་དཀྱིལ་འཁོར་ཐིག་རྩ་དང་སྐར་རྩིས་སྦྱང་བས་ཟླ་བ་གཅིག་གི་ཟླ་ཐོ་ཞག་བཅུའི་ནང་དུ་ཤེས་པ་བྱུང་བས། གཞན་བླ་སྤྲུལ་ཀུན་གྱིས་མངོན་པར་བསྟོད་ཡུལ་དུ་གྱུར། དམ་པའི་ཞལ་ནས། གསང་རྒྱུད་ངེས་པ་ཆེན་པོའི་དོན།། རང་གི་རིག་པས་རྟོགས་གྱུར་ནས།། གཞན་ལ་སྒྲོག་པ་གང་གྱུར་བ།། དེ་ཉིད་སྟོན་པ་ཀུན་བཟང་སྟེ།། ཞེས་སོགས་གསུངས་ནས་དམ་པ་ཁོང་གིས་ཕྱིས་སུ་བོན་ཁྲིད་དགོས་པའི་འགན་ཁུར་སྩལ་བ་དང་མཉམ་དུ་ཨ་སྔགས་རྟོགས་ལྡན་བསྟན་པ་ཚུལ་ཁྲིམས་ཀྱིས། ཉིད་ནི་ཆུང་དུས་ནས་རིགས་ཀྱི་བུ་ཞིག་འདུག་པས། ད་ལྟར་མཁས་བཙུན་བཟང་གསུམ་འཛོམས་པས་ཤིན་ཏུ་བསྐལ་བ་བཟང་ཞེས་པ་དང་མཉམ་དུ་ལུང་ལས། ཚད་མེད་སྙིང་རྗེ་ཆེ་ལྡན་ཞིང་།། རྣམ་འབྱེད་ཤེས་རབ་མིག་ཡོད་ན།། འབྲེལ་ཚད་ཐར་བའི་ལམ་ལ་དཀྲི།། ཞེས་པས་བོན་གྱི་འཆད་ཁྲིད་ཀྱི་འགན་ཡང་བསྩལ། དགུང་ལོ་སོ་བདུན་སྤྱི་ལོ་༡༩༢༥ལོར་ཐོག་ཏུ་རྒྱ་ནག་ཡུལ་དུ་གནས་སྐོར་ཕེབས། དགུང་ལོ་སོ་བརྒྱད་སྤྱི་ལོ་༡༩༢༦ལོར་བྱང་བྱ་དུར་རྩེ་དགུ་མཁའ་འགྲོ་འུག་གདོང་དུ་ཕྱིན་ནས་མཁའ་འགྲོ་གསང་གཅོད་ཡིད་བཞིན་ནོར་བུའི་སྒྲུབ་པར་མཛད་ཚེ། མཁར་ཡག་སྐུ་ཞབས་རིན་པོ་ཆེས་དེ་ལྟར་ཤིན་ཏུ་ལེགས་སོ་གསང་གཅོད་ཡིད་བཞིན་ནོར་བུ་རིན་པོ་ཆེ་འདི་བསྙེན་མཚམས་སྐྱེལ་ན་ཕྱི་མ་མཁའ་སྤྱོད་ཡུལ་དུ་སྐྱེ་བ་ཐེ་ཚོམ་མི་དགོས་གསུངས་ནས་གཟེངས་བསྟོད་ཡང་ཡང་བགྱིས། དེ་དུས་དྲིན་ཅན་བླ་མ་ཨ་སྔགས་རིན་པོ་ཆེའི་སྐུའི་བཀོད་པ་བསྡུས་པའི་དགོངས་རྫོགས་སུ་སླར་རང་དགོན་དུ་ཕེབས།
སྒྲུབ་པ་མཛད་ཚུལ་དང་སློབ་མ་སྐྱོང་ཚུལ།
དགུང་ལོ་ཞེ་ལྔ་སྤྱི་ལོ་༡༩༣༣ལྕགས་བྱའི་གནམ་ལོ་གསར་དུ་ངོམ་པའི་ཚེ་ཡུལ་མཁར་དགོན་སོགས་ སྤངས་ནས་དག་པའི་རི་ཁྲོད་བྲག་དཀར་བྱ་རྒོད་དུ་ཕེབས་ནས་འཇིག་རྟེན་གྱི་བྱ་བ་བློས་གཏང་ནས་ ཉིན་མཚན་བར་མེད་དུ་རིག་པ་སྐྱོང་ཅིང་མཁའ་འགྲོ་གསང་གཅོད་དང་དབལ་ཕུལ་སྤྱི་དོན་ཉེར་ལྔ་ ལས་སོགས་བཟླས་བརྗོད་བརྩོན་པས་ལོ་འཁོར་བཅུ་བཞིའི་རིང་རི་ལ་སྐྱེལ། དེ་སྐབས་རི་ཁྲོད་པ་ནམ་ མཁའ་རིན་ཆེན་གྱི་དྲུང་ནས་གྲུབ་དབང་ཤར་རྫ་བ་བཀྲ་ཤིས་རྒྱལ་མཚན་(༡༨༥༩-༡༩༣༤)གྱི་གསུང་མཛོད་ཆེན་ལྔའི་དབང་ལུང་ཞུས་ནས་ཐུགས་དམ་ཉམས་ལེན་ཆུ་བོའི་རྒྱུན་བཞིན་སྐྱོང་དེ་དུས་མཚན་ལྟས་བཟང་བོའི་གྲུབ་རྟགས་མངོན་ཤེས་བྱུང་བ་བརྗོད་ཀྱིས་མི་ལོང་བས་ཡི་གེ་མང་བར་དོགས་ནས་མ་བྲིས་ཁོང་གི་རང་རྣམ་ལས་གསལ། གནས་དེར་མཚམས་ཞུགས་པ་གཡུང་དྲུང་བསྟན་པས་བརྡ་དག་ཞིག་འབྲི་དགོས་ཞེས་པའི་རེ་བསྐུལ་ལྟར་དམ་པས་༼གངས་ཅན་བོད་ཀྱི་བརྡ་ཡང་དག་པ་སྤྲོད་པར་བྱེད་པའི་གུ་གེའི་སྦྱོར་བ་དཔག་བསམ་ལྗོན་པའི་སྙེ་མ།༽ཞེས་པ་མཛད། བརྡ་དག་འདིའི་ནང་བོད་ཀྱི་རང་ས་ནས་བརྡོལ་བའི་ཁྱད་ཆོས་བོད་ཀྱི་བརྡ་རྙིང་པ་དང་ཞང་ཞུང་གི་ཐ་སྙད་སོགས་མང་པོ་ཡོད། དེར་བཞུགས་སྐབས་ཡེ་ཤེས་དབལ་མོའི་ལུང་བསྟན་བཞིན་དུ་བྲག་དཀར་བྱ་རྒོད་ཀྱི་གནས་ཡིག་ཀྱང་ཡིག་ཐོག་ཏུ་ཕབ་ནས་ཕྱིས་སུ་དགུང་ལོ་དོན་དྲུག་ཐོག་ཏུ་མཐར་ཕྱུང་ནས་མཛད་ཡོད། དགུང་ལོ་ང་གཅིག་སྤྱི་ལོ་༡༩༣༩ལོར་མཛོད་དགེ་འཕན་ཆུའམ་བབ་བཟོའི་ཡུལ་ནས་ཆགས་པའི་བོན་དགོན་མདའ་ཆེན་དགོན་གྱི་ཁ་མའི་སྤྲུལ་སྐུ་བསྟན་འཛིན་དབང་རྒྱལ་(༡༨༨༤ལོར་འཁྲུངས།)གྱིས་ཧོར་བཙུན་ཉིད་གནས་ཆེན་བྲག་དཀར་བྱ་རྒོད་ནས་གདན་འདྲེན་ཞུས་ནས་སྐྱང་སྤྲུལ་ནམ་མཁའ་རྒྱལ་མཚན་(༡༧༧༠ ལོར་འཁྲུངས།)གྱི་གསུང་འབུམ་ཤིང་པར་སྒྲུབ་པའི་ཆེད་དུ་ཞུ་ཆེན་གྱི་ལས་འགན་གནང་དགོས་པའི་གསུང་བསྐུལ་ལྟར་ཕེབས་པ་མཛད། དགུང་ལོ་ང་ལྔ་སྤྱི་ལོ་༡༩༤༣ལོར་སྤྲུལ་སྐུ་བསྟན་འཛིན་དབང་རྒྱལ་གྱིས་སླར་ཡང་ཧོར་བཙུན་ཉིད་བྲག་དཀར་བྱ་རྒོད་ནས་གདན་དྲངས་ཏེ་མདའ་ཆེན་དཀར་མོ་རི་ཁྲོད་དུ་བཞུགས་སའི་སྡོད་ཁང་བརྩིགས་ནས་དེར་གདན་འཇགས་དགོས་པའི་ཞུ་བ་ཕུལ། དེ་བཞིན་སྐྱང་སྤྲུལ་གཞོན་པ་སྐལ་བཟང་ལུང་རྟོགས་རྒྱ་མཚོའི་(༡༩༢༢-༡༩༥༧) ཡོངས་འཛིན་གནང་དགོས་པའི་གསུང་མནན་ཟབ་མོ་བསྩལ་བ་ལྟར་དེར་ཕེབས་ཏེ་བཞུགས། དེར་བཞུགས་སྐབས་སུ་སྐྱང་སྤྲུལ་མུ་ལ་ཝེར་ཞིའི་ཁྲི་འཛིན་གསུམ་པ་མཆོག་སྤྲུལ་བསྟན་འཛིན་དབང་རྒྱལ་གྱིས་རྒྱལ་རོང་ཁྲོ་སྐྱབས་ནས་གདན་ཞུས་པའི་པར་ཤིང་ལས་གྲུབ་པའི་བདག་ཅག་གི་སྟོན་པའི་མཛད་རྣམ་གཟུགས་རིས་ཅན་ལ་འགྲེལ་གོ་བདེ་བོ་ཞིག་དགོས་པ་ལྟར་དམ་པས་༼དམུ་རྒྱལ་གཤེན་གྱི་སྐྱེས་རབས་དང་མཛད་པ་དྲུག་ཅུ་རྩ་གཅིག་གི་གཏེར་སྒོ་འབྱེད་བྱེད་འཕྲུལ་གྱི་ལྡེ་མིག༽ དང་༼རྒྱལ་བ་སངས་རྒྱས་བསྟན་པའི་རྩིས་གསར་ཀེ་ཏ་ཀཿཡི་ཕྲེང་བ།༽མཛད་པ་ཡིན། ཕྱིས་སུ་མཆོག་སྤྲུལ་སྐལ་བཟང་ལུང་རྟོགས་རྒྱ་མཚོར་སློབ་ཁྲིད་དང་བསྟུན་དམ་པས་༼མངོན་བརྗོད་ཀྱི་བསྟན་བཅོས་ལེགས་པར་བཤད་པ་ཨེར་སངས་བུ་མོའི་ཞལ་ལུང་།༽ཞེས་པའང་མཛད་དོ།། དགུང་ལོ་རེ་གཉིས་སྤྱི་ལོ་༡༩༥༠རབ་བྱུང་བཅུ་དྲུག་པའི་ནང་ཚན་ལྕགས་ཕོ་སྟག་གི་ལོར་རང་དགོན་ཕུན་ཚོགས་དར་རྒྱས་གླིང་གི་ཞྭ་དཀར་གཡུང་དྲུང་བོན་གྱི་བསྟན་པ་རིན་པོ་ཆེ་ཕྱི་མཚན་ཉིད་ཀྱི་རྩོད་གྲྭ་དང་ནང་སྔགས་རྫོགས་ཀྱི་སྒྲུབ་གྲྭ་ཚུགས་པའི་འདུན་མ་བརྩམ་ཚེ། ལྷག་བསམ་རྣམ་པར་དག་པའི་གྲྭ་རྒན་ཡཾ་ཚུལ་ཁྲིམས་དང་རོ་ཝེར་ཨ་ཁུ་ཚང་གི་བསྟན་པ་འོད་ཟེར་རྣམ་གཉིས་ཀྱིས་མདའ་ཆེན་དཀར་མོ་རི་ཁྲོད་ནས་དམ་པ་ཁོང་རིན་པོ་ཆེ་ཕྱིར་རང་དགོན་དུ་གདན་དྲངས་ནས་ལམ་ཁར་སླེབས་དུས། ཆོས་མཚོ་ཟེར་བའི་བུད་མེད་དེས་སྣ་རིང་གི་ཤིང་སྐམ་ཁུར་པོ་གཅིག་དང་མེ་སྐྱོགས་གང་ཁྱེར་ནས་ལམ་དུ་ཧྲང་ངེ་ལངས་ནས་སྡོད་འདུག་པའི་དམ་པས་ཁ་བཏགས་ཀྱིས་གཡོགས་ནས་ངོ་མཚར་ཆེའོ་ཞེས་པས་ཤེས་རབ་མེ་ལྟར་འབར་བའི་རྟེན་འབྲེལ་བཟང་པོ་འགྲིག་ཡོང་གི་བརྗོད། ཡུལ་ཕྱོགས་ཀྱི་བླ་མ་གྲྭ་བ་རྣམས་ཀྱིས་དམ་པ་ཁོང་གི་མདུན་ལ་དགའ་བའི་འཛུམ་དང་དད་པས་མགོ་ལག་བཀུག་ནས་དགའ་བསུ་འབུམ་ཕྲག་བཀྱག་པས་སྒོ་ནས་དྲི་མེད་ཀྱི་ལྷ་དར་དཀར་པོ་སོགས་ཕུལ། ཡུལ་ཕྱོགས་སྟོད་སྨད་བར་གསུམ་ནས་བྱོན་པའི་འཁོར་སློབ་མ་རྣམས་ལ། ལོ་འཁོར་དུ་མའི་རིང་ལ་བཀའ་ཕྱི་ནང་གི་རིག་པའི་གནས། གང་ལ་གང་འོས་ཀྱིས་སྒོ་ནས་སློབ་པ་མཛད། ཡུལ་ལུང་དེར་སྦྱང་བྱ་དཔེ་རིགས་སོགས་དཀོན་པས་དངོས་སློབ་ལྗོངས་བཙུན་ཤེས་རབ་རྣམ་དག་དང་འོག་སྐོར་ཤེས་རབ་མཐར་ཕྱིན་དང་སྒ་རིགས་བློ་བཟང་རྒྱ་མཚོ་སོགས་ཀྱིས་ནན་བསྐུལ་ལྟར་དམ་པའི་གསུང་རྩོམ་མང་ཆེ་ཤོས་དགུང་ལོ་དྲུག་ཅུ་ནས་རྩོམས་པ་དབུ་ཚུགས་པར་ངེས། སྦྲུལ་གྱི་ལོ་དེ་ལ་བོན་གྱི་སྤྱན་ལྡན་མཁན་ཆེན་ཉི་མ་བསྟན་འཛིན་(༡༨༡༣-༡༨༦༢)གྱི་དགོངས་བཞད་གྲྭ་ས་ཆེན་མོའི་ཕྱག་ལེན་ལྟར། ཕྱོགས་ཡོངས་ཀྱི་དགེ་བའི་བཤེས་གཉེན་རྣམ་པར་གདན་དྲངས་ནས། ཡཾ་བླ་མའམ་ལྗོངས་བཙུན་ཤེས་རབ་རྣམ་དག་(ད་སྐབས་སྨན་རིའི་མཁན་ཆེན་ལུང་རྟོགས་བསྟན་པའི་ཉི་མ།)དང་གཏེར་བརྒྱ་དགའ་དབང་(མཁར་རྨེའུ་བསམ་གཏན་རྒྱལ་མཚན།)གཉིས་དགེ་བའི་བཤེས་གཉེན་གྱི་མཛད་སྒོ་བགྱིས་ཏེ། ལུང་རིགས་ཀུན་ལ་བརྒལ་རྟགས་ཤིས་བརྗོད་དང་བཅས་ནས་མཐར་སོན་ནོ།། ཕྱིས་སུ་ཤེས་རབ་རྣམ་དག་དེ་ཉིད་སྐྱང་དགོན་གྱི་བླ་མར་བྱ་དགོས་ཞེས་པའི་སྐབས་དམ་པས་དགོན་འདིའི་བླ་མ་བྱ་མི་རུང་ཁོང་གི་བསྟན་བསྐལ་དེ་ས་མཐོའི་ཡུལ་ནས་འདུག་ཅེས་བཀའ་ཕབ། མ་འོངས་ལུང་བསྟན་སོགས་གནང་བ་དེ་བཞིན་མང་པོ་ཡོད་པ་སྐྱང་དགོན་གྲྭ་རྒན་རྣམས་ཀྱིས་དེ་ལྟར་བཤད་སྲོལ་ཀྱང་ཡོད་ལ་༧སྐྱབས་རྗེ་ཁྲི་འཛིན་རིན་པོ་ཆེས་དེ་ལྟར་ཕྲན་ལའང་གསུང་མྱོང་ཡོད། དེའི་རྗེས་ཤིང་མོ་ལུག་གི་ལོ་དེར་འོག་སྐོར་ཤེས་རབ་མཐར་ཕྱིན་དང་ཨ་ཡིག་བཤད་སྒྲུབ་གྲགས་པ་གཉིས་དྲུང་རམས་བཞེངས་དེ་སྔར་བཞིན་དུ་མཐར་ཕྱུང་ངོ་།། དེ་སྐབས་དམ་པས་དགོན་འདིར་སྒྲུབ་གྲྭ་བཞེངས་ནས་ཀུན་བཟང་གསང་མཛོད་རི་ཁྲོད་ཅེས་མཚན་གསོལ། སྔོན་འགྲོ་ཁྲིད་གཞི། རྩ་རླུང་འཁྲུལ་འཁོར། རང་སྦྱོང་མུན་མཚམས། ཨ་སྙན་རྫོགས་གསུམ། བཅུད་ལེན་ཡི་དམ་བསྙེན་སྒྲུབ་དཔལ་གྲུབ་དབང་༧ཤར་རྫའི་སྒྲུབ་གཞུང་ལྟར་ལོ་འཁོར་གསུམ་ལ་ཕྱག་ལེན་གནང་། བླ་མ་གོང་མའི་ཞལ་ལུང་དང་དམ་པའི་ཉམས་ལེན་གྱི་མྱོང་ཚོར་སྟེང་ནས་༼ལས་དང་པོའི་སེམས་སྐྱོང་ཐབས།༽ དང་༼ངེས་དོན་རྫོགས་པ་ཆེན་པོ་བཅུད་དྲིལ་གསེར་གྱི་ཕྱིས་བུ།༽དང་༼རྫོགས་པ་ཆེན་པོའི་ལམ་གྱི་གནད་དོན་མདོ་བསྡུས་སྙིང་གི་ཐིག་ལེ།༽སོགས་སློབ་འབངས་ཡོངས་ལ་གོ་དོན་བདེ་བླག་ཏུ་མང་པོ་མཛད་ཡོད། དགུང་ལོ་རེ་བརྒྱད་སྤྱི་ལོ་༡༩༥༦ལོར་ཟུང་ཆུ་མཁར་ནང་སྲིད་གཞུང་གིས་བན་བོན་གཉིས་ཀྱི་མི་མང་འཚོགས་གཏམ་གདན་འདྲེན་ཞུས། དེར་རྒྱ་བོད་གཉིས་ཀྱི་སྤྱི་ཚོགས་བགྲོ་གླེང་ལ་ཞུགས་ཏེ་ཀླན་ཀ་ཅི་བྱུང་ལ་གསུང་ལན་དྲང་པོའི་སྒོ་ནས་མཛད་པ་ལ་མི་མང་གིས་ཡི་རངས་ཕུལ་བར་གྲགས། དགུང་ལོ་བདུན་ཅུ་སྤྱི་ལོ་༡༩༥༨ས་ཁྱི་ལོར་སྲིད་རྒྱལ་གསང་སྒྲུབ་ཀྱི་སྒྲུབ་པ་ཞུགས་ནས་གྲུབ་རྟགས་སུ་ཡི་དམ་དཀྱིལ་འཁོར་ལ་སྨུག་པས་གང་བ་དང་སྲུང་མའི་ལུང་བསྟན་བྱུང་བ་སོགས་ངོ་མཚར་དུ་མ་བྱུང་། ལོ་དེའི་དགུན་ལ་གདུག་པ་ཅན་གྱི་མཐའ་དམག་ལྷགས་ནས་རྒྱ་བོད་བན་བོན་ཡོངས་ཀྱི་བླ་སྤྲུལ་དང་དཔོན་པོ་སྐྱ་སེར་མཐོན་པོའི་རིགས་སུ་གཏོགས་པ་ཐམས་ཅད་དབང་སྡུད་དྲག་པོས་ཟིལ་གྱིས་གནོན་ཞིང་ཁྲིམས་འོག་ཏུ་བཅུག་སྟེ་དམ་པ་དེ་ལ་བསྟན་དང་འགྲོ་བའི་དོན་དུ་སྐུ་སྲོག་ལ་ཉེས་པའི་སྐུ་ངལ་ཚད་ལས་འདས་པར་བསྐྱོན། དམ་པ་ཉིད་ཀྱིས་མཛད་པའི་གསུང་རྩོམ་ལ་མཚོན་ན་༡༽༼རྒྱལ་བ་སངས་རྒྱས་བསྟན་པའི་རྩིས་གསར་ཀེ་ཏ་ཀཿཡི་ཕྲེང་བ།༽༼དམུ་རྒྱལ་གཤེན་གྱི་སྐྱེས་རབས་དང་མཛད་པ་དྲུག་ཅུ་རྩ་གཅིག་གི་གཏེར་སྒོ་འབྱེད་བྱེད་འཕྲུལ་གྱི་ལྡེ་མིག༽༼ཨོ་རྒྱན་རིན་པོ་ཆེ་པདྨ་འབྱུང་གནས་ཀྱི་འཁྲུངས་རབས་ཟུར་ཙམ།༽ ༼རྒྱལ་གཤེན་ཆེན་པོའི་རྣམ་རོལ་ངེས་མེད་རྣལ་འབྱོར་རྒྱལ་བ་དབང་ལྡན་གྱི་རྣམ་ཐར།༽༼རྟོགས་ལྡན་བསྟན་པ་ཚུལ་ཁྲིམས་ཀྱི་རྣམ་ཐར་རྗེས་འཇུག་ཡིད་ཀྱི་དང་འདྲེན་ལྷ་གཉེན་ཤེལ་སྒོང་།༽༼བྲག་དཀར་བྱ་རྒོད་ཀྱི་དཀར་ཆག་མན་ཤེལ་གོང་བུའི་འཁོར་ལོ།༽༼བྱ་དུར་དཀར་ཆག་སྤོས་ཀྱི་གླང་པོ།༽༼རྟེན་འབྲེལ་བཅུ་གཉིས་ཀྱི་རྣམས་བཞག་ཨུཏྤལའི་ཆུན་པོ།༽༼བྱང་ཆུབ་ལམ་གྱི་རྣམ་བཞག་ཉུང་བསྡུས་ཤེལ་གྱི་ཐེམ་སྐས།༽༼འདུ་བྱེད་ལྔ་བཅུ་རྩ་གཅིག་གི་དོན་བཤད།༽༼འཁོར་འདས་འགྲེལ་རྐང་ཅུང་ཙམ།༽ ༼ཐེག་དགུའི་རྣམ་བཞག་མདོ་ཙམ།༽༼ལུང་རིགས་དོགས་སེལ་ཉུང་འདུས།༽༼སེམས་དཔའི་བསླབ་བྱ།༽༼ལམ་གྱི་གོ་རིམ།༽༼གཞན་ལ་ཕུལ་བའི་གསོལ་འདེབས་སྐོར།༽༼གནས་བཞིའི་གསོལ་འདེབས་བར་ཆད་ལམ་སེལ་གྱི་ཚིག་འགྲེལ།༽༼མཆོད་ཚིག་འདོད་འབྱུང་གཏེར་ལྡན།༽༼ཚོགས་ལམ་ཊི་ཀ༽ ༢༽༼ངེས་དོན་རྫོགས་པ་ཆེན་པོ་བཅུད་དྲིལ་གསེར་གྱི་ཕྱིས་བུ།༽༼རྫོགས་པ་ཆེན་པོ་ལམ་གྱི་གནད་དོན་མདོ་བསྡུས་སྙིང་གི་ཐིག་ལེ།༽༼དྲིན་ཅན་བླ་མའི་ཞལ་གདམས་དགོས་འདོད་ཀུན་ཚིམ་བཞུགས།༽ ༼གནས་ཆེན་བྲག་དཀར་བྱ་རྒོད་ཀྱི་རི་ལ་གནས་སྐབས་སུ་ཉམས་མྱོང་ཐོལ་གླུར་སྨྲས་པ།༽༼དགེ་བའི་དཀར་ཆག་མཐོང་བ་རང་གྲོལ།༽༼སྒོམས་པའི་ཉམས་ལེན་མདོ་འདུས་བཞུགས།༽༼ཞལ་གདམས།༽ ༼ལས་དང་བོའི་སེམས་སྐྱོང་ཐབས།༽༼སེམས་ཅན་སངས་རྒྱས་གྲོལ་འཁྲུལ་སྙིང་ཏིག་གི་མན་ངག་གསེར་གྱི་ཡང་ཞུན།༽ ༼རྫོགས་པ་ཆེན་པོ་སྐུ་གསུམ་རང་ཤར་ལས་འཆི་ཁའི་རྩལ་སྦྱོང་ཐར་བའི་སྐས་ཆེན་གྱི་ཟུར་འདེད།༽༼སེམས་བསྐྱེད་སྐྱབས་འགྲོ་ཚོགས་མཆོད་གསུམ་གྱི་དགོངས་སྤྱོད་ཉུང་བསྡུས།༽ ༼ཆེ་མཆོག་ཡོངས་རྫོགས་ཁྲོ་རྒྱལ་སྤྱི་འདུལ་གྱི་ཕྲིན་ལས་འགྲིག་རིམ་གསལ་བྱེད་སྣང་བའི་མུ་ཁྱུད་ཅེས་བྱ་བ་བཞུགས་སོ།།༽༼ཀུན་བཟང་འཁོར་བ་སྟོང་འདྲེན་གྱི་ཟིན་རིས་ཨུཏྤལའི་ཕོན་པོ།༽༼ཀུན་བཟང་འཁོར་བ་སྟོང་འདྲེན་གྱི་གཞུང་ཆོག་གི་ཟིན་རིས་གསལ་བའི་མེ་ལོང་དང་དེའི་གསོན་བྱང་གཤིན་བྱང་གཉིས་ཀྱི་ཟིན་ཏིག་ལམ་འདྲེན་བློ་བླུགས།༽༼སྲིད་རྒྱལ་གསང་སྒྲུབ་དང་ཆ་རྐྱེན་ཡན་ལག་བཅས་པའི་ཟིན་རིས་མཐོང་བ་རང་གྲོལ།༽༼གསང་སྒྲུབ་ཡེ་ཤེས་དབལ་མོའི་ཟིན་རིས།༽༼ཁྲོ་བོ་ཉི་ཟེར་ཞགས་པ་དང་དབལ་གསས་ཀྱི་གསང་འདུར་འཁོར་བ་རྒྱུད་སྦྱོང་གཉིས་ཀྱི་གསོན་བྱང་ལ་ཟིན་རིས་ལྟར་ཁ་བསྒྱུར།༽༼རྒྱལ་རིགས་བྲུ་བའི་གསང་སྔགས་སྤྱིའི་འགྲོ་ལུགས་མུ་ཏིག་ཚོམ་ཕྲེང་།༽༼དུ་ཏྲི་སུའི་གསོན་གཤིན་ཀྱི་ལག་ལེན་བཀོད་པ།༽༼ཡི་དམ་དབལ་གསས་རྔམ་པའི་རྩ་འཁོར་བསྐྱེད་ཐབས།༽༼ཚེ་དབང་བོད་ཡུལ་མའི་བསྙེན་སྒྲུབ་འགྲོ་ཚུལ།༽༼སྤྱི་བསྡུས་བཀའ་སྐྱོང་གཏོར་མ་བཅའ་ཐབས།༽༼ནེའུ་ཆུང་རྣམ་ལྔའི་ཆིག་དྲིལ།༽ ༼མ་ཏྲིའི་ཚེ་ཆོག༽ ༼དྲན་པ་ཚེ་སྒྲུབ་ཀྱི་ཚོགས་སྨོན།༽ ༼ཕྱི་ནང་གི་ཁ་སྐོང་བསྡུས་པ།༽༼བཀའ་སྐྱོང་གནད་བསྐུལ།༽ ༼སྐད་རིགས།༽ ༼སྔགས་འགྲེལ།༽ ༼ཕྱི་ནང་གསང་བའི་གཟུངས་འདུས་བཀླག་ཐབས་གསལ་བྱེད་འཕྲུལ་སྒྲོན་།༽༼ཁྲོ་བོ་དབང་ཆེན་གྱི་སྨོན་ལམ།༽༼སྐྱང་སྤྲུལ་ཡི་དམ་ཀུན་འདུས་བྲུ་ལུགས་ཀྱི་ཟིན་རིས།༽༼གསང་དྲག་དབལ་ཆུའི་ཟིན་རིས།༽༼དོན་རྒྱུད་བཅུད་དྲིས།༽༼རྩ་རླུང་གནད་བསྡུས།༽ ༼འཆམ་དཔོན་སྲིད་རྒྱལ་བསྒྲལ་བསྟབ་ཀྱི་བསྐྱེད་རིམ།༽ ༼རྩེ་ཞྭ་དང་ཟླ་གམ་གྱི་གཏན་ཚིགས།༽ ༼ཁྲི་འགྱིང་བཀོད་ཐབས།༽༼སྐྱེ་སྒོ་གཅོད་པའི་ཞལ་ཐང་མདོ་བསྡུས།༽ ༼དགེ་རྩའི་སྒྲུབ་ཐབས། ༼མ་རྒྱུད་བདག་འཛིན་ལམ་ལྔའི་ཊི་ཀ༽༼རྟོགས་པ་མཆོག་ལྡན་གྱི་གདུང་འབུལ་བའི་བསྟོད་པ།༽༼འཕོ་བའི་ཞལ་གདམས།༽ ༼སྙན་ངག་དོན་རྒྱན་སོ་ལྔ།༽༼གསས་ཁང་ངོ་མཚར་རྒྱན་ལྡན་གྱི་དཀར་ཆག༽༼གནས་ཁང་སོ་སོའི་སྨོན་ཚིག་འདོད་འབྱུང་གཏེར་ལྡན།༽ ༼འབྱོར་ལན་སྐོར།༽ ༼སྐར་རྩིས་ལ་མཁོ་བའི་རྣམ་བཤད།༽༼ནག་རྩིས་ལ་མཁོ་བའི་གཅོད་འདྲལ་ཁ་དམར་འབྲས་བཤད།༽༼རྒྱ་རྩིས་སྣང་སྲིད་གསལ་པའི་མེ་ལོང་།༽༼ལོ་རྒན་དྲུག་ཅུའི་འགྲེལ་བཤད།༽ ༼མགྱོགས་རྩིས་བསྡུས་པ།༽༼ས་དཔྱད་གསེར་གྱི་མེ་ལོང་། ༼རྣམ་འབྱོར་རོལ་བའི་དགའ་སྟོན།༽༼ལོ་རྒྱུས་མདོ་བསྡུས། ༼ས་དང་ལམ་གྱི་བཀོད་པ་མངོན་སུམ་མཐོང་བའི་ཚད་མ་རིག་པའི་དགའ་སྟོན།༽ ༼སྒྲ་འཁོར་སྐོར།༽༣༽༼གངས་ཅན་བོད་ཀྱི་བརྡ་ཡང་དག་པ་སྤྲོད་པར་བྱེད་པའི་གུ་གེའི་སྦྱོར་བ་དཔག་བསམ་ལྗོན་པའི་སྙེ་མ།༽༼བོན་གྱི་རྣམས་གྲངས་ལེགས་བཤད་དགའ་སྟོན།༽ ༼མངོན་བརྗོད་ཀྱི་བསྟན་བཅོས་ལེགས་པར་བཤད་པའི་ཨེ་སངས་བུ་མོའི་ཞལ་ལུང་།༽ ༼མཁས་དབང་ཉི་མའི་སྡུད་གྲྭ་ཟུར་དུ་འདེགས་པའི་ངོས་འཛིན་པད་དཀར་ཕྲེང་བ།༽༼རིག་པའི་འགྲོ་སྟངས།༽ ༼ལྷག་བཅས་ལྷག་མེད་ཀྱི་སྐོར།༽ སོགས་ཡོད།
དམ་པ་རིན་པོ་ཆེའི་འཁོར་སློབ་མ་ཤིན་ཏུ་མང་མོད་ཀྱང་འདིར་དམིགས་བསལ་གྱིས་སྨྲོས་ན་རིག་ གནས་གཞུང་ལུགས་ཀུན་ལ་ཐོས་བསམ་སྒོམ་གསུམ་གྱི་སྦྱོང་བརྩོན་ཕུལ་ཕྱིན་བྱས་པའི་འབྲས་རྟགས་ཞྭ་དཀར་གཡུང་དྲུང་བོན་གྱི་བསྟན་པའི་རྐང་འཛིན། སྡེ་བཅུ་བོན་འཁོར་བསྐོར་བའི་འགན་ཐེག གདུལ་ བྱའི་རྨོངས་པའི་བློ་སྒོ་འབྱེད་པའི་སྐྱེས་བུ། ཞི་བདེའི་ལེགས་ཚོགས་འདྲེན་པའི་དེད་དཔོན་༧སྐྱབས་རྗེ་ རྒྱལ་བ་སྨན་རིའི་ཁྲི་འཛིན་སོ་གསུམ་པ་མཁན་ཆེན་༧ལུང་རྟོགས་བསྟན་པའི་ཉི་མ་དཔལ་བཟང་པོ་ མཆོག་དང་། རིག་གནས་ལྔ་ཟུང་རྩེར་ཕྱིབས་སྐྱང་སྤྲུལ་སྐལ་བཟང་ལུང་རྟོགས་རྒྱ་མཚོ་མཆོག་དང་། འོག་མའི་སྤྲུལ་སྐུ་ཤེས་རབ་དབང་རྒྱལ། ཟིང་ཆུའི་དགོན་ཁག་མཁན་ཆེན་ཤེས་རབ་མཐར་ཕྱིན། བྱ་འཕུར་ཤེས་རབ་བློ་ལྡན། རྒྱལ་སྤྱི་བོད་རིག་པའི་མཁས་དབང་མཁར་རྨེའུ་བསམ་གཏན་རྒྱལ་མཚན། བསམ་འགྲུབ་དགོན་གྱི་སློབ་དཔོན་ཨ་ཁུ་བསྟན་པ། སྐྱང་བླ་བློ་བཟང་ཚུལ་ཁྲིམས་རྒྱ་མཚོ། རྒྱལ་ཉིད་དགོན་གྱི་རྗེ་མི་འགྱུར་ཚེ་དབང་། བྲག་གི་ཚུལ་ཁྲིམས། སྣང་ཞིག་བླ་མ་བློ་གྲོས་བསྟན་འཕེལ། སྟག་རིའི་བླ་མ་བསྟན་འཛིན་དབང་གྲགས། ཆགས་མེད་བྱ་བྲལ་བ་མཐེ་བོ་ཆགས་སྒོ་སྐལ་བཟང་དང་སྐྱང་ཚང་སྐལ་བཟང་ཡེ་ཤེས། སྣ་སྟེང་དགོན་གྱི་གཡུང་དྲུང་བློ་གསལ། སྒྱུ་མའི་རྣལ་འབྱོར་བ་སྐྱང་བླ་དབང་ལྡན་གྲགས་པམ་ལྷ་འབུམ། དགའ་སྨིན་སྒྲུབ་སློབ་ཤེས་རབ་ཚུལ་ཁྲིམས་སོགས་བསྟན་འགྲོའི་དོན་ཆེན་ནུས་པའི་བསྟན་འཛིན་སྐྱེས་ཆེན་མང་པོ་བྱུང་ཡོད། མདོར་ན་ཁོང་རིན་པོ་ཆེ་རིག་གནས་ཀུན་ལ་མཁྱེན་སྤྱན་ཡངས་པ། ཡི་དམ་བསྙེན་སྒྲུབ་ཀྱི་རྟགས་ཚད་རྫོགས་པ། གསང་བ་སེམས་ཕྱོགས་ཀྱི་ཉམས་ལེན་སོགས་རྩལ་རྫོགས་པ། སྤངས་རྟོགས་ཀྱི་ཡོན་ཏན་ལ་མངའ་བརྙེས་པའོ།།
དགོངས་པ་བོན་དབྱིངས་སུ་བསྡུ་ཚུལ་སྐོར།
དགུང་ལོ་གྱ་བདུན་སྤྱི་ལོ་༡༩༧༥རབ་བྱུང་བཅུ་དྲུག་པའི་ནང་གསེབ་ལྕགས་ཡོས་ལོའི་ཧོར་ཟླ་ བདུན་པའི་ཚེས་དྲུག་གི་ཉིན་གནམ་ལངས་ཡོས་ཀྱི་དུས་ལ་ཤར་རྫའི་གསུང་རྫོགས་ཆེན་སྐུ་གསུམ་རང་ཤར་གྱི་ཨེ་མ་ཧོ་སྐུ་གསུམ་རྫོགས་པའི་སངས་རྒྱས་རེ་གསུངས་ནས་མཐར་ཧིག་སྒྲ་ཉེར་གཅིག་གིས་ བསྟན་དང་འགྲོ་བའི་དོན་མཐར་ཕྱིན་ནས་དགོངས་པ་དམིགས་མེད་བོན་གྱི་དབྱིངས་སུ་གཟིགས་སོ།། དེའི་ཉིན་ཉི་མ་ནུབ་ཕྱོགས་ནས་གཟིམ་ཁང་སྟེང་དུ་འཇའ་ཚོན་གྱི་འོད་གུར་སོགས་ཕུབས་ནས་རྟེན་ འབྲེལ་རྟགས་མཚན་དུ་མར་བྱུང་བ་སོགས་ཡུལ་མི་སྐྱ་སེར་ཀུན་གྱིས་མཇལ་ཡུལ་དུ་གྱུར་ནས་དད་མོས་ལྷག་ཏུ་སྐྱེས་སོ།། ཕྱི་རོལ་དོན་ལ་བསྟན་བསྐལ་དུ་ཚེམས་ལ་དུང་དཀར་གཡས་འཁྱིལ་རང་བྱུང་(དེ་ནི་ དམ་པའི་སྐུ་ཚ་རུ་གྷུ་ཀུན་ཐུབ་མཁའི་ལག་ཏུ་ཡོད།)དང་གདུང་རུས་འགའ་ལ་དམ་པ་དབལ་ཕུར་ ཐུགས་དམ་དུ་མཛད་པའི་རྟགས་ལ་བསྭོ་ཨྰོྃ་ཧེ་དྲགྴ་དང་ཨཱོྃ་མའི་རིང་སྲེལ་བྱ་རྒོད་མགོ་ཡོད་པ་ཞིག་ བྱུང་བ་དང་དེ་ནི་མདའ་ཆེན་འོག་མའི་སྤྲུལ་སྐུ་ཤེས་དབང་ཕྱག་དུ་ཡོད་པ་གྲགས། མདོར་ན། དམ་པ་ཉིད་ཀྱིས་སྔོན་བྱོན་གོང་མའི་མཛད་པ་བཞིན། ལྟ་བ་ཡས་ཕུབ་སྤྱོད་པ་མས་འཛེགས་སོགས། འདོད་ ཤེས་ཆོག་ཤེས་བྱ་བྲལ་ཉམ་ཆུང་ངང་དུ། གྲུབ་མཐའི་རྒྱལ་པོ་ཞྭ་དཀར་གཡུང་དྲུང་བོན་གྱི་བསྟན་པ་ རིན་པོ་ཆེར་སྲི་ཞུ་འཛིན་སྐྱོང་སྤེལ་པའི་མཛད་འཕྲིན་རླབས་པོ་ཆེ་ཕྱོགས་དུས་ཀུན་ཏུ་རྣམ་པར་རྒྱས་སོ།།
ཅེས་པ་འདི་ནི་དམ་པ་ཁོང་རིན་པོ་ཆེ་ཆུང་དུས་ནས་དགོངས་མ་རྫོགས་ཀྱི་བར་དུ་དགེ་སྦྱོར་ཚོགས་ རྫོགས་དང་གཞན་དོན་དུ་འཆད་རྩོད་རྩོམ་གསུམ་དང་རང་དོན་དུ་ཐོས་བསམ་སྒོམ་གསུམ། ཆེ་བའི་ ཡོན་ཏན་སོགས་སྐུ་གསུམ་ཐུགས་ཀྱི་མཛད་འཕྲིན་རྣམས། ནམ་མཁའ་ལས་ཀྱང་ཆེས་ཡངས་པ། རྒྱ་ མཚོ་ལས་ཀྱང་ཆེས་ཟབ་པ་ལྟར། བདག་བློ་སྦྲང་མའི་གཤོག་ཟུང་དང་ཉ་ཆུང་འཁྱུག་རྩལ་གྱིས་གཞལ་ བ་ག་ལ་སྲིད། ཡིན་ན་ཡང་དམ་པ་ཁོང་གི་རང་རྣམ་ལས་མཛད་འཕྲིན་རགས་བསྡུས་ཙམ་གཟི་རྩ་ སངས་རྒྱས་དོན་གྲུབ་ཀྱིས་འཕགས་ཡུལ་ཧི་མ་ལ་ཡའི་བྱང་ཕྱོགས་ན་ཆགས་པའི་གཡུང་དྲུང་བོན་གྱི་ གདན་ས་དཔལ་གཤེན་བསྟན་སྨན་རིའི་གླིང་ནས་སྤྱི་ལོ་༢༠༡༥/༤/༢༤ཉིན་བྲིས་སོ།། །།