ཞང་ཞུང་གི་ཤེས་རིག་ལོ་རྒྱུས་སྐོར།

IMG_0007IMG_0014ཕྱི་ལོ་ ༢༠༡༥ ཟླ་བ་ ༦ ཚེས་ ༩ ཉིན་ཝཱཎ་བོད་ཀྱི་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་གི་དགེ་རྒན་དོལ་པོ་དགེ་བཤེས་ཕུན་ཚོགས་ཉི་མ་ལགས་ཀྱིས་༧གཡུང་དྲུང་བོན་གྱི་སྐོར་བགྲོ་གླེང་སྐབས་བཅུ་བཞི་པའི་སྟེང་ལ་ཆེད་དུ་དཔྱད་གཏམ་གནང་བའི་ཞང་ཞུང་གི་ཤེས་རིག་ལོ་རྒྱུས་སྐོར་གྱི་ནང་དོན་གནད་བསྡུས།

ཞང་ཞུང་གི་ཤེས་རིག་ལོ་རྒྱུས་སྐོར།

1 ཞང་ཞུང་ཞེས་པའི་གོ་དོན།
ཞང་ཞུང་ཞེས་པའི་ཚིག་དེ་ཞང་ཞུང་རང་གི་སྐད་ཞིག་ལས་རྒྱལ་ཁབ་གཞན་དང་ཡུལ་ལུང་གཞན་གྱིས་བཏགས་པའི་མིང་ཞིག་མིན། “ཞང་ཞུང་”ཞེས་པའི་ཚིག་དེ་བོད་སྐད་དུ་བསྒྱུར་ན་”ཁྱུང་ཡུལ་”ལམ་”ཁྱུང་པོའི་ཡུལ་”ཞང་ཞུང་གི་སྐད་དུ་ཁྱུང་ལ་”ཞང་”ཟེར་ཞིང་ཡུལ་ལ་”ཞུང་”ཟེར། མདོར་ན་ཞང་ཞུང་ཞེས་པའི་གོ་དོན་ནི་ཁྱུང་གི་ཡུལ་ཟེར། ཞང་ཞུང་གཡུང་དྲུང་བོན་གྱི་ཤེས་རིག་གི་ནང་དུ་བྱ་ཁྱུང་དེ་གལ་ཆེ་བའི་སྲོག་ཆགས་ཤིག་ཏུ་ངོས་འཛིན་བྱེད་ཀྱི་ཡོད། འགའ་ཞིག་གིས་ཞང་ཞུང་ཞེས་པ་ཞང་པོའམ་ཨ་ཞང་གི་ཡུལ་ཡིན་པར་འགྲེལ་བཤད་རྒྱབ་ཀྱང་ནོར་བ་ཡིན། ཀུན་མཁྱེན་ཉི་མ་བསྟན་འཛིན་གྱིས་སྐྱེ་བ་མེད་པས་ཞང་དང་འགག་པ་མེད་པས་ཞུང་ཞེས་པར་འགྲེལ་ཡོད། སྔ་འགྱུར་རྙིང་མའི་གཏེར་སྟོན་ཆོས་རྒྱལ་གླིང་པས་”ཞང་ཞུང་སྐྱེ་བ་མེད་པའི་གསས་མཁར་དང་”སྐྱེ་མེད་སྟོང་པ་ཞང་ཞུང་ན།” ཞེས་གསུངས་པས་སྐྱེ་བ་མེད་པའི་དོན་བསྟན། མདོར་ན་ཞང་ཞུང་ནི་གཡུང་དྲུང་བོན་གྱི་ཆོས་ལུགས་བྱུང་སའི་རྒྱལ་ཁབ་གལ་ཆེན་ཞིག་ཡིན་ཞིང་དེང་དུས་ཀྱི་མཁས་དབང་མང་པོས་ཞང་ཞུང་གི་སྐོར་ལ་དཔྱད་པ་གནང་མུས་རེད།

2 ཞང་ཞུང་གི་ས་ཁོངས།
ཞང་ཞུང་ཟེར་བ་དེ་ནི་དུས་རབས་བརྒྱད་པའི་སྔོན་དུ་སྟོབས་ཤུགས་ཆེ་བའི་རྒྱལ་ཁབ་ཅིག་རེད། རྒྱལ་ཁབ་དེ་ལ་རྒྱལ་པོ་ཡང་མང་པོ་བྱུང་བའི་ལོ་རྒྱུས་ཡོད། རྒྱལ་ཁབ་དེའི་མངའ་ཁོངས་སུ་ཡོད་པའི་ས་ཁོངས་ནི་ཞང་ཞུང་སྒོ་ཕུག་བར་གསུམ་ཡིན། ཞང་ཞུང་སྒོ་ཕུག་བར་གསུམ་དེ་ལ་བརྩི་སྲོལ་མི་འདྲ་བ་གཉིས་ཙམ་ཡོད། རྒྱ་ཆེ་བའི་དབང་དུ་བྱས་ནས་བརྩི་སྲོལ་གཅིག་དང་རྒྱ་ཆུང་བའི་དབང་དུ་བྱས་ནས་བརྩི་སྲོལ་ཞིག་ཡོད། དང་པོ་རྒྱ་ཆེ་བའི་དབང་དུ་བྱས་ན་ཞང་ཞུང་ཕུག་པ་ནི་རྟག་གཟིགས་འོལ་མོ་ལུང་རིང་དང་། ཞང་ཞུང་བར་པ་ནི་རྒྱལ་མཁར་བ་ཆོད། ཞང་ཞུང་སྒོ་པ་ནི་ཁྱུང་ལུང་དངུལ་མཁར་གྱི་ས་གནས་ལ་ཟེར་བ་རེད། རྒྱ་ཆུང་བའི་དབང་དུས་བྱས་ན་ཞང་ཞུང་སྒོ་བ་གྱིམ་ཤོད་ཤེ་ལེ་རྫོང་དྲུག་དང་། ཞང་ཞུང་ཕུག་པ་ཁྱུང་ལུང་དངུལ་མཁར་གྱི་ས་སྐོར། ཞང་ཞུང་བར་པ་དྭང་ར་རྟ་སྒོའི་སྐོར་རྣམས་ལ་ཟེར། དེ་དག་ལ་མངའ་དབང་བསྒྱུར་བའི་ཞང་ཞུང་གི་བྱ་རུ་ཅན་གྱི་རྒྱལ་པོ་བཅོ་བརྒྱད་བྱུང་བའི་ལོ་རྒྱུས་ཡོད།

མདོར་ན་དེང་གི་རི་བོ་ཧི་མ་ལ་ཡི་ས་ཁོངས་མང་ཆེ་བ་ཞང་ཞུང་གི་ས་ཁོངས་ཡིན། མཁས་གྲུབ་ཀརྨ་ཆགས་མེད་ཀྱིས་བྱང་ཤམ་བྷ་ལ་དང་ཞང་ཞུང་ཡུལ་གཉིས་གཅིག་ཏུ་ངོས་འཛིན་གནང་ཡོད། འཇམ་མགོན་བློ་གྲོས་མཐའ་ཡས་ཀྱིས་”ཞང་ཞུང་རྡོ་རྗེའི་གདན་མཆོག་ནས་” ཅེས་པ་ལྟ་བུ་ཡང་གསུངས། བོད་ཀྱི་ལོ་རྒྱུས་ཁག་ཏུ་ཞང་ཞུང་སྟོད་ཀྱི་སྐོར་དང་ཞང་ཞུང་ཕྱི་ནང་གི་སྐོར་སོགས་བྱེ་བ་བྱས་ཡོད། སྐབས་འདིར་འཛམ་གླིང་གི་ས་ཁྲ་དང་འབྲེལ་བའི་དབང་དུ་བྱས་ཏེ་ང་ཚོས་ཞང་ཞུང་གི་ས་ཁོངས་བརྗོད་ན་སྟོད་ཀྱི་མངའ་རིས་སྐོར་གསུམ་དེ་དག་ཞང་ཞུང་གི་ས་ཁོངས་ཡིན། མངའ་རིས་སྐོར་གསུམ་ནི་སྟོད་ཕྱོགས་ཀྱི་སྤུ་ཧྲང་དང༌། མང་ཡུལ། ཟངས་དཀར་གསུམ་སྐོར་གཅིག ཞང་ཞུང་དང༌། ཁྲི་ཏེ་སྟོད་སྨད་གསུམ་སྐོར་གཅིག འཆིམ་མམ་ལི་དང༌། བྲུ་ཤ། སྦལ་ཏི་གསུམ་སྐོར་གཅིག་སྟེ་སྐོར་གསུམ་ཡིན། མངའ་རིས་སྐོར་གསུམ་བརྩི་སྲོལ་གཞན་པ་ཡང་ཡོད། མངའ་རིས་སྐོར་གསུམ་གྱི་ནང་དུ་ཡོད་པའི་མར་པ། སྟག་ལོ།  གུ་རིབ། ཁྱུང་བྱིད། ཁྱུང་པོ། འུ་སངས། སུམ་པ། སྦལ་ཏི། རྐང་ཕྲན། ལ་དྭགས། ཟངས་མཁར། གར་ཞྭ། ཉུང་ཏི། སྤྱི་(སྤི་)ཏི། ཁུ་ནུ། ཚང་ས། དྲུག་ཉི། ཉི་ཏི། ཀྱོ་ནམ། ཤ་ཁོག མགར་ཡང་། ཚང་རོ། ཏི་དཀར། སླེ་མི། འོལ་གློ། མུ་གུ། སེ་རིབ། དོལ་པོ། ཀྲུག་སྐྱེས། མོན་ཡུལ། མང་ཡུལ་སྐྱིད་རོང་། རུ་ཐོག གུ་གེ། སྤུ་ཧྲེང་། ཁ་ཡུག ཁ་སྐྱོར། ཁ་རག  ཅི་ཤང་། ཅི་ན། གུ་རུབ། ར་སངས། ནག་ཙང་། ཤང་གྱེར་སོགས་ཡིན། མངའ་རིས་སྐོར་གསུམ་གྱི་ནང་དུ་མ་འདུས་པའི་ཞང་ཞུང་གི་ས་ཁོངས་ཁམས་ཁྱུང་པོ་ཕྱོགས་སུ་ཡོད་པའི་ཁྱུང་པོ་རི་བོ་རྩེ་དྲུག་གམ་སུམ་པ་གླང་གི་གྱིམ་ཤོད་ཅེས་པ་དེ་ཡིན་ནོ།

3 བྱ་རུ་ཅན་གྱི་ཞང་ཞུང་གི་རྒྱལ་པོ་བཅོ་བརྒྱད།
༡སྲིད་པའི་རྒྱལ་པོ་ཁྲི་ཝེར་ལ་རྗེ་གུ་ལང་གསེར་གྱི་བྱ་རུ་ཅན། ༢ཞུང་ཞག་ཟིལ་གནོན་རྒྱལ་པོ་རླབས་ཆེན་ཁྱུང་གི་བྱ་རུ་ཅན། ༣ཧྲི་དོ་གྱེར་སྤུངས་རྒྱལ་པོ་ཀང་ཀ་ཤེལ་གྱི་བྱ་རུ་ཅན། ༤སླས་ཀྲ་གུ་གེའི་རྒྱལ་པོ་རིན་ཆེན་འོད་ཀྱི་བྱ་རུ་ཅན། ༥རྒྱུང་ཡར་མུ་ཁོད་རྒྱལ་པོ་གཞའ་ཚོན་འོད་ཀྱི་བྱ་རུ་ཅན། ༦ཀྱི་ལེ་གུ་གེའི་རྒྱལ་པོ་ཨུན་ཆེན་དུང་གི་བྱ་རུ་ཅན། ༧སྤུངས་རྒྱུང་གྱེར་གྱི་རྒྱལ་པོ་བྱི་རུ་འོད་ཀྱི་བྱ་རུ་ཅན། ༨ཉེ་ལོ་ཝེར་ཡ་རྒྱལ་པོ་ཕྲ་མེན་འོད་ཀྱི་བྱ་རུ་ཅན། ༩སྟག་རྣ་གཟི་བརྗིད་རྒྱལ་པོ་ཟོམ་ཤང་ལྕགས་ཀྱི་བྱ་རུ་ཅན། ༡༠ཛྭ་དམར་ཐིས་སྤུངས་རྒྱལ་པོ་མེ་དཔུང་འོད་ཀྱི་བྱ་རུ་ཅན། ༡༡བདུད་འདུལ་དབལ་གྱི་རྒྱལ་པོ་ཉི་ཤེལ་འོད་ཀྱི་བྱ་རུ་ཅན། ༡༢ལི་ཝེར་གྱེར་གྱི་རྒྱལ་པོ་ཟླ་ཤེལ་འོད་ཀྱི་བྱ་རུ་ཅན། ༡༣ཤེལ་རྒྱུང་ཧྲི་དོ་རྒྱལ་པོ་ཛོ་དམར་འོད་ཀྱི་བྱ་རུ་ཅན། ༡༤ལིག་མུར་ནམ་མཁའི་རྒྱལ་པོ་བེ་རྡུས་འོད་ཀྱི་བྱ་རུ་ཅན། ༡༥མུ་ཝེར་ནོར་གྱི་རྒྱལ་པོ་ག་ལྗང་འོད་ཀྱི་བྱ་རུ་ཅན། ༡༦སད་ཧྲི་གྱེར་གྱི་རྒྱལ་པོ་ཨུད་དཔལ་འོད་ཀྱི་བྱ་རུ་ཅན། ༡༧ཉེ་ལོ་ཝེར་ཡ་རྒྱལ་པོ་གནམ་ལྕགས་དབལ་གྱི་བྱ་རུ་ཅན། ༡༨མུ་མར་ཐོག་རྒོད་རྒྱལ་པོ་ཨ་ན[ཨེ་ཎ]འོད་ཀྱི་བྱ་རུ་ཅན་དང་བཅོ་བརྒྱད་བཅས་ཡིན།

4 ཞང་ཞུང་གི་གྱོན་ཆས།
ཞང་ཞུང་གི་ཡུལ་ལུང་སོ་སོ་ལ་གྱོན་ཆས་ཀྱི་བཟོ་ལྟ་མི་འདྲ་བ་ཙམ་ལས་མང་ཆེ་བ་ལྤགས་རིགས་དང་སྤུ་རིགས་ལས་བཟོས་པ་ཤ་སྟག་ཡིན། རྒྱན་ཆ་ཡང་གསེར། དངུལ། གཡུ། བྱུ་རུ། གཟི། མཆོང་སོགས་འདོགས་སྲོལ་ཡོད། སྐྱེས་པ་ལས་ཀྱང་བུད་མེད་རྣམས་ཀྱིས་རྒྱན་ཆ་འདོགས་སྲོལ་མང་། རྒྱན་ཆ་མེད་པའི་བུད་མེད་ཧ་ཅང་དཀོན།

5 ཞང་ཞུང་གི་འཚོ་བ།
འཛམ་གླིང་སྤྱི་འགྲོས་བཞིན་གདོད་མའི་དུས་སུ་རྡོ་ཆས་དུས་རབས་ཀྱི་འཚོ་བ་དང་། དེ་ནས་རུས་ཆས། དེ་ནས་རྫ་ཆས་ཀྱི་དུས་རབས། དེ་རྗེས་ལྕགས་ཆས་ཀྱི་དུས་རབས། དེང་སང་ནི་འགྱིག་ཆས་ཀྱི་དུས་རབས་ཀྱི་འཚོ་བ་བྱུང་བ་བཞིན་ཞང་ཞུང་ཡང་དེ་བཞིན་ཡིན། ཞང་ཞུང་ས་ཆ་སྟོད་ཀྱི་འཚོ་བ་ནི་འབྲོག་ལས་དང་ས་སྨད་རྣམས་ས་མ་འབྲོག་རེད། སྐྱེས་པ་རྣམས་ཚོང་ལས་དང་རི་དྭགས་བརྔོན་སྲོལ་ཆེ། ཞང་ཞུང་གི་ཡུལ་དུ་འགྲོ་བ་མི་ཡི་རིགས་ཆགས་ནས་ད་བར་མི་ལོ་སུམ་ཁྲི་ལྷག་ཕྱིན་ཟིན་པ་དེང་དུས་ཚན་རིག་པས་ངོས་འཛིན་བྱས་ཡོད། ཞང་ཞུང་པ་རྣམས་བྱ་ཤ་དང་ཉ་ཤ་སྒོ་ང་། ཕག་ཤ་ཤུལ་ཆགས་ཀྱི་ཤ་ལོངས་སུ་སྤྱོད་པ་ལ་འཛེམས་སྲོལ་ཆེ།

6 ཞང་ཞུང་གི་སྐད་ཡིག
ཞང་ཞུང་གི་སྐད་ཀྱི་བྱུང་ཁུངས་ནི་གཡུང་དྲུང་ལྷ་ཡི་སྐད་ཅེས་པ་དེ་ཡིན། འཛམ་བུ་གླིང་གི་སྐད་རིགས་ཕལ་ཆེར་ཀྱི་བྱུང་ཁུངས་གཡུང་དྲུང་ལྷ་ཡི་སྐད་ཅེས་པ་དེ་རེད། སཾསྐྲི་ཏའི་སྐད་ཀྱི་བྱུང་ཁུངས་ཀྱང་གཡུང་དྲུང་ལྷ་ཡི་སྐད་ཡིན། ཞང་ཞུང་གི་སྐད་རིགས་ཀྱང་ཡུལ་ལུང་སོ་སོར་མི་འདྲ་བ་མང་། ད་ཡོད་ཞང་ཞུང་གི་སྐད་ནི་གཡུང་དྲུང་བོན་གྱི་ཡིག་ཆ་ཁག་དང་བོད་ཀྱི་བརྡ་རྙིང་ཡིག་ཆ་ཁག  གཞན་ཡང་རི་བོ་ཧི་མ་ལ་ཡི་ས་ཁུལ་སྦལ་ཏི། ཀ་ཤི་མིར། ཟངས་དཀར། ལ་དྭགས། ཁུ་ནུ། གར་ཞྭ། སྤྱི་ཏི། འབྲུག་ཡུལ་ལྷོ་མཚམས། འབྲས་ལྗོངས། མོན་པ། བ་ཇུ་ར། འོམ་ལོ། མུ་ཁུམས། དོལ་པོ། གློ་བོ། ཉེ་ཤང་། ཤར་པ། ཏ་མང་ངམ་རྟ་དམག་གུ་རུང་སོགས་ཀྱི་ཡུལ་སྐད་དེ་གི་ནང་དུ་ཞང་ཞུང་གི་སྐད་རིགས་ལྷག་ཡོད། ད་ཡོད་བོད་པས་ལོངས་སུ་སྤྱོད་བཞིན་པའི་ཞང་སྐད་ནི་ཏིང་ཕོར་དང་། མ་པང་། ཏི་སེ། སྤོམ་ར། ཀུན་རྫོབ། བྲམ་ཟེ། གབ་ཙེ། གཞན་ཡང་བན་དེའི་རྒྱུད་བཞིའི་ནང་དུ་ཧ་ཅང་མང་། དཔེར་ན་ཨ་རུ། བ་རུ། སྐྱུ་རུ། དར་ཡ་ཀན། ཏྲེ་སམ་ཟེར་བ་སོགས་ཡིན། ཞང་ཞུང་གི་ཡི་གེ་ནི་སྨར་ཆེན་དང་སྨར་ཆུང་ཟེར་བ་དེ་ཡིན། བོད་རྒྱལ་ཁྲི་སྲོང་ལྡེའུ་བཙན་གྱིས་ཞང་ཞུང་གི་རྒྱལ་པོ་ལིག་མིན་རྐྱ་བཀྲོངས་པ་ན་བཟུང་ཞང་ཞུང་གི་རིག་ནས་དང་ལོ་རྒྱུས་ནི་སྣུམ་ཟད་ཀྱི་མར་མེ་དང་མར་ངོའི་ཟླ་བ་བཞིན་མར་གྲིབ་ཏུ་སོང་བའོ།།
ཐ་ཚན་མུ་ཙུག་སྨར་རོ།།

གཡུང་དྲུང་བོན་གྱི་སྒྲུབ་གནས་ཁག་གི་ངོ་སྤྲོད་དམར་མོའི་མཛུབ་ཁྲིད།
གཡུང་དྲུང་བོན་གྱི་སྒྲུབ་གནས་ཁག་གི་ངོ་སྤྲོད་དམར་མོའི་མཛུབ་ཁྲིད།
ཞང་ཞུང་སྙན་རྒྱུད་བཀའ་རྒྱུད་སྐོར་བཞིའི་གླེང་བརྗོད།
ཞང་ཞུང་སྙན་རྒྱུད་བཀའ་རྒྱུད་སྐོར་བཞིའི་གླེང་བརྗོད།
བརྡ་སྤྲོད་སྲིད་པའི་སྒྲོན་མེའི་རྩ་ཚིག
བརྡ་སྤྲོད་སྲིད་པའི་སྒྲོན་མེའི་རྩ་ཚིག
མེ་སྟོན་ཉི་མ་རྒྱལ་མཚན་མཆོག་གི་གསུང་འབུམ།
མེ་སྟོན་ཉི་མ་རྒྱལ་མཚན་མཆོག་གི་གསུང་འབུམ།
བོན་ཆོས་དཔྱད་བསྡུར།
བོན་ཆོས་དཔྱད་བསྡུར།
ལེགས་བཤད་རིན་པོ་ཆེའི་གཏེར་མཛོད།
ལེགས་བཤད་རིན་པོ་ཆེའི་གཏེར་མཛོད།
 རྗེ་མཉམ་མེད་ཤེས་རབ་རྒྱལ་མཚན་གྱི་གསུང་འབུམ་ཆ་ཚང་གི་གློག་རྡུལ་འཕྲུལ་དེབ།
 རྗེ་མཉམ་མེད་ཤེས་རབ་རྒྱལ་མཚན་གྱི་གསུང་འབུམ་ཆ་ཚང་གི་གློག་རྡུལ་འཕྲུལ་དེབ།
རྒྱུན་ཁྱེར་བོན་སྤྱོད་ཕྱོགས་བསྡུས་དད་ལྡན་ཐར་ལམ་འཛེགས་པའི་ཐེམ་སྐས་ཞེས་བྱ་བ་བཞུགས་སོ།
རྒྱུན་ཁྱེར་བོན་སྤྱོད་ཕྱོགས་བསྡུས་དད་ལྡན་ཐར་ལམ་འཛེགས་པའི་ཐེམ་སྐས་ཞེས་བྱ་བ་བཞུགས་སོ།
སྨན་རིའི་སྟེགས་འཇོག་ལོ་ཐོ།
སྨན་རིའི་སྟེགས་འཇོག་ལོ་ཐོ།
previous arrow
next arrow