དགོན་དེར་ཁ་སྐད་དུ་ར་ལག་གཡུང་དྲུང་གླིང་ཟེར། བོན་གྱི་ལོ་རྒྱུས་ཡིག་རིགས་འགའ་ཞིག་ལ་གཞིགས་ན། རབ་ལེགས་གཡུང་དྲུང་གླིང་ནི་ཅུང་སྔ་བའི་བོན་གོང་(དགོན)རྙིང་མ་ཞིག་ཡིན་མོད། བར་སྐབས་སུ་ཉམས་གུད་དུ་སོང་ནས་མིང་ཙམ་དུ་གྱུར། དེ་ནས་༧རྒྱལ་ཚབ་སྐྱབས་མགོན་སྣང་སྟོན་ཟླ་བ་རྒྱལ་མཚན་གྱིས་གཙང་གཡས་རུའི་ཡར་ལུང་གཙང་པོའི་འགྲམ། ཡུལ་ས་འོལ་ལ་རྒྱལ་བཟང་མདུན་དུ་བོད་རབ་བྱུང་བཅུ་བཞི་པའི་ ཤིང་རྟ་༼༡༨༣༤༽ལོར་ཡང་བསྐྱར་ཕྱག་བཏབ། གྲྭ་ཚང་གཡུང་དྲུང་གླིང་དང༌། ཀུན་གསལ་གླིང་དང༌། ཀུན་ཁྱབ་གླིང་། ཀུན་གྲགས་གླིང་བཅས་བཞི་དང༌། ཁང་ཚན་བརྒྱད། གྲྭ་བཙུན་བཞི་བརྒྱ་ལྷག་ཙམ་ཡོད། དེ་ནས་རབ་ལེགས་གཡུང་དྲུང་གླིང་མཁན་རབས་དྲུག་པ་ཀུན་མཁྱེན་ཤེས་རབ་བློ་གྲོས་ ཀྱིས་མཐོང་གྲོལ་གཞལ་མེད་ཁང་ལ་སོགས་གཙུག་ལག་ཁང་གསར་བཞེངས་ཀྱིས་དགོན་པ་རྒྱ་ཆེར་བཏང༌། མདོ་སྔགས་ཀྱི་བསྟན་པ་དར་ཞིང་རྒྱས་པ་སྤེལ།
དེ་སྔ་དགོན་འདི་ཡི་ལྷ་ཁང་ནང་སྐུ་རྒྱུ་གསེར་ཟངས་ས་ལས་གྲུབ་པའི་སྟོན་པ་ གཤེན་རབ་མི་བོ་ཆེ་དང༌། རྒྱལ་བ་གཉིས་པ་མཉམ་མེད་ཤེས་རབ་རྒྱལ་མཚན་སོགས་ཀྱི་སྐུ་བརྙན་ཐོག་བརྩེགས་མང་ པོ་ཡོད་པའི་ནང་ཞང་ཞུང་དང་། རྒྱ་ནག་ནས་བསྒྱུར་པའི་དཔེ་ཆ་ཡང་ཤིན་ཏུ་མང་པོ་འདུག དགོན་པའི་བཀའ་བརྟེན་ཡིག་རིགས་གལ་ཆེན་སྒམ་དྲུག་ལྷག་ཙམ་འདུག དགོན་པའི་གཞི་རྒྱ་དང་ནང་རྟེན་ནང་གི་ཐོག་ལའང་འགྲན་པར་དཀའ་བའི་བོན་དགོན་ཁྱད་ པར་ཅན་ཞིག་ཡོད་མོད། བར་སྐབས་ལས་དབང་གི་རྐྱེན་པས་དགོན་དེར་ཉམས་གུད་ཤུགས་ཆེན་བྱུང༌། དེ་རྗེས་དད་ལྡན་སྐྱེ་བོ་སེར་སྐྱ་ཀུན་གྱི་འདུན་པ་བཞིན་སླར་ཡང་ཉམས་གསོ་གང་ ལེགས་གནང་སྟེ། ད་ལྟ་དགོན་པའི་ཕྱི་ཡི་བཀོད་པ་དང༌། ནང་གི་སྐུ་གསུང་ཐུགས་རྟེན་སོགས་གང་ཅིའི་མཐུན་རྐྱེན་ལེགས་པའི་བོན་དགོན་ཞིག་ རེད་འདུག
དགོན་འདིར་དམངས་གཙོའི་བཅོས་བསྒྱུར་སྐབས་གྲྭ་བཙུན་བཞི་བརྒྱ་དང་། ད་ལྟ་གྲྭ་བཙུན་བཞི་བཅུ་ལྷག་ཙམ་ཡོད། ད་དུང་ནག་ཆུ་དང་ཆབ་མདོ། གཙང་ཁུལ་གྱི་བོན་དགོན་མང་པོ་ནས་བླ་མ་དང་གྲྭ་པ་བཏང་སྟེ་བསླབ་པ་སློབ་གཉེར་ གནང་བཞིན་ཡོད་ལ། དགོན་འདིའི་བླ་མ་དང་སློབ་དཔོན་གྲོ་མོ་པད་མ་སྒང་དགོན་སོགས་ལ་གདན་དྲངས་ཐོག་ བཀའ་འཁྲིད་གནང་ནས་ཟླ་བ་འགའ་ཞིག་བཞུགས་སྲོལ་ཡོད།
ལོ་རེའི་ཆོ་ག་དང་དུས་མཆོད།
བོད་ཟླ་དང་པོའི་ཚེས་ལྔ་ལ་མཉམ་མེད་ཤེས་རབ་རྒྱལ་མཚན་གྱི་དུས་མཆོད། དེ་ནས་ཚེས་བཅོ་ལྔ་བར་མཚན་ཉིད་གཏོང་རྒྱུའི་བྱེད་སྒོ་ཁག་སྤེལ་རྒྱུ་མ་ཟད། ཚེས་བཅོ་ལྔ་ནས་ཉིན་གསུམ་རིང་དགེ་བཤེས་ཀྱི་མཚན་ཐོབ་པ་རྣམས་ལ་མཚན་རྟགས་གནང་ རྒྱུ། བོད་ཟླ་བཞི་པར། ས་ག་ཟླ་བའི་འཆད་ར་ཉིན་བཅོ་ལྔ་འཚོགས་དགོས། བོད་ཟླ་ལྔ་པའི་ཚེས་བཅོ་ལྔ་ཉིན། འཛམ་གླིང་སྤྱི་བསངས་གཏོང་སྐབས་དགོན་པ་རང་ནས་བོན་གྱི་སྟོང་རྒྱུང་བརྔན་བཅའ་ ནས་འདོན་གྱི་ཡོད། བོད་ཟླ་བརྒྱད་པར་གཡུང་དྲུང་དགོན་ཕྱག་བཏབ་པའི་དུས་ཆེན། བོད་ཟླ་བཅུ་གཅིག་པའི་ཚེས་བདུན་ལ་སྐྱབས་མགོན་སྣང་སྟོན་ཟླ་བ་རྒྱལ་མཚན་གྱི་ འདས་མཆོད། བོད་ཟླ་བཅུ་གཉིས་པའི་ཚེས་ཉེར་ལྔ་ནས་ཉེར་དགུ་བར་དགུ་གཏོར་འཚོགས། དེ་ནས་འཆམ་རྒྱག་སྲོལ་ཡོད། དེ་བཞིན་རེ་འཆར་ཅན་དགོན་པ་རང་གི་སྲུང་མ་རྣམས་ལ་བསྐང་གསོ་འདོན་དགོས།
གྲྭ་བཙུན་སོ་སོའི་འཚོ་བའི་ཡོང་ཁུངས་ནི།
སྤྱིར་བཏང་དབྱར་ཁའི་དུས་སུ་ཧོར་དང་། ཁྱུང་པོ་སྟེང་ཆེན་ཁུལ་དུ་བསོད་སྙོམས་དང༌། གྲོང་མཆོད་ལ་འགྲོ་དགོས། དེ་མིན་དུས་ཚོད་མང་ཆེ་བ་དགོན་པ་རང་དུ་བཞུགས་ནས་རང་ཁ་རང་གསོ་བྱེད་དགོས། དམངས་ཁྲོད་ཀྱི་དུས་མཆོད་ནི། ལོ་ལྟར་བོད་ཟླ་དང་པོའི་ཚེས་གསུམ་དང་། བོད་ཟླ་ལྔ་པའི་ཚེས་བཅོ་ལྔ་ལ། ཡུལ་སྡེའི་ཁྱིམ་དུ་དུད་ཚང་མ་དགོན་པའི་རྒྱབ་རི་འོལ་ལ་རྒྱལ་བཟང་དུ་ལྷ་གསོལ་ གཏོང་སྲོལ་ཡོད། འོན་ཀྱང་བུད་མེད་རྣམས་ལྷ་གསོལ་བྱེད་སྒོ་བཞུགས་མི་ཆོག
རབ་ལེགས་གཡུང་དྲུང་གླིང་གནས་ཡུལ་ནི།
གཞིས་ཀ་རྩེ་ནས་སྤྱི་ལེ་བརྒྱད་ཅུ་ཙམ་གྱི་ས་ཆ་རྣམ་གླིང་རྫོང་ཐོབ་རྒྱལ་ཤང་ གི་ས་ཁོངས་ས་སྟག་གྲུ་ཁའི་བྱང་ངོས་སྤྱི་ལེ་གཉིས་ལྷག་ཙམ་དུ་གནས་པའི་རི་བོ་འོལ་ལ་རྒྱལ་བཟང་གི་མདུན་དུ་ཡོད། དགོན་པ་བར་རླངས་འཁོར་འགྲོ་ཐུབ་པས་འགྲོམ་འགྲུལ་ཤིན་ཏུ་བདེ་བ་ཞིག་ཡོད།
རྩོམ་ཡིག་འདི་ནི་༼ བོད་ཀྱི་བོན་དགོན་ཁག་གི་ལོ་རྒྱུས་དང་ད་ལྟའི་གནས་བབ།༽ཅེས་པ་ལས་དྲངས།