འགོ་བརྗོད། སྟོང་སྐོར་ཚེ་རིང་ཐར།
བོན་བསྟན་ནི་མདོ་དབུས་མཐོ་སྒང་ནས་བྱུང་བའི་ས་སྐྱེས་རྡོ་སྐྱེས་ཀྱི་ཆོས་ལུགས་ཤིག་ཡིན་ཞིང་། དེ་ལ་སྲིད་པ་རྒྱུད་ཀྱི་བོན་དང་གཡུང་དྲུང་བོན་གཉིས་སུ་དབྱེ་ཞིང་དེས་བོད་མི་ རིགས་ཀྱི་རིག་གནས་ལོ་རྒྱུས་ཁྲོད་དུ་གོ་གནས་མི་དམན་པ་ཞིག་ཟིན་ཡོད། སྲིད་པ་རྒྱུད་ཀྱི་བོན་ནི་གཡུང་དྲུང་བོན་ལས་ལོ་རྒྱུས་སྔ་བར་མ་ཟད། བོད་མི་རིགས་ཀྱི་རྒྱུན་ལྡན་འཚོ་བའི་དགོས་མཁོ་དང་མཐུན་པའི་ཆོས་ལུགས་ཀྱི་ཆོ་ག་མོ་རྩིས་གཏོ་དཔྱད་དང་འདུར་མདོས་གླུད་གཏོར་སྣ་ཚོགས་འདུས་པས། དད་ལྡན་མང་ཚོགས་རྣམས་ལ་འཇིག་རྟེན་གྱི་བདེ་སྡུག་བསྒྲུབས་དང་སྒྲུབ་བཞིན་ཡོད། དེ་ནི་སྟོན་པ་གཤེན་རབ་ཡར་སྔོན་གྱི་མིའི་རིགས་ཀྱི་འཚོ་བ་དངོས་དང་ཡོངས་སུ་འབྲེལ་བའི་ཡ་ཐོག་གི་ཆོས་ལུགས་ཤིག་ཡིན་པ་དང་། མདོ་དབུས་མདོ་སྒང་དུ་ས་ཁྱབ་རྡོ་ཁྱབ་ཏུ་དར་ཡོད་པའི་དམངས་ཁྲོད་ཀྱི་ཆོས་ལུགས་ཤིག་ཀྱང་ཡིན། གཡུང་དྲུང་བོན་ནི་སྟོན་པ་གཤེན་རབ་མི་བོ་ཆེ་བྱོན་ནས་ཁོང་གིས་སྲིད་པའི་བོན་གྱི་རྨང་གཞིའི་སྟེང་དུ་གཞུང་ལུགས་གསར་གཏོད་བྱས་པའི་ཆོས་ལུགས་ཤིག་ཡིན་པས། ད་ཡོད་ཀྱི་ཡིག་ཆ་དག་དང་འབྲེལ་ནས་བལྟས་ན་དེ་གཉིས་ལ་གཅིག་བརྟེན་གཅིག་བྱུང་གི་འབྲེལ་བ་ལྡན་པ་ཤེས་ཐུབ།
སྤྱིར་བོད་མི་རིགས་ཀྱི་རིག་གནས་དང་། སྒོས་སུ་བོད་རང་ས་ནས་བྱུང་བའི་རིག་གནས་ཀྱི་སྲོལ་རྒྱུན་དེ་ལ་དུང་ཞེན་ཆེ་ཞིང་རང་ནུས་ཅི་ལྕོགས་ཀྱིས་སྲོལ་རྒྱུན་གྱི་རིག་གནས་དེ་སྲུང་སྐྱོབ་དང་དར་སྤེལ་ཐད་འབད་པ་ལྷུར་ལེན་བྱེད་བཞིན་པའི་གཞོན་ནུ་ཁ་ཅིག་གིས་འབད་པས་བསྒྲུབས་ཤིང་། «དཔྱོད་ལྡན་མཆོད་པའི་མེ་ཏོག»ཅེས་པའི་དུས་དེབ་ཀྱི་སྦྲང་ཆར་ཞིག་རེབ་གོང་གསེར་མོ་ལྗོངས་ཀྱི་བོན་མང་ཕུར་ཐོགས་སྟོང་དང་དགུ་བརྒྱའི་མཆོད་ཡུལ་དུ་གྱུར་པའི་ བོན་བརྒྱ་དགོན་གྱིས་གཙོ་སྒྲུབ་གནང་སྟེ་མི་རྣམས་ཀྱི་སེམས་ཁོང་དུ་སིམ་སིམ་དུ་ འབབ་ཐུབ་པ་དང་། རང་རང་ནུས་པས་སྲི་ཞུ་ཅུང་ཙམ་བསྒྲུབ་པའི་བློས་བསླངས་ཀྱིས་ཁོང་རྣམ་པས་ངལ་བ་ དང་དུ་བླངས་ཏེ་ལོ་རེར་དུས་ལྟར་དུས་དེབ་འདི་རྩོམ་སྒྲིག་དང་འགྲེམ་སྤེལ་བྱེད་ ཀྱིན་ཡོད་པ་དང་། འདིར་ཁྲི་བསོད་བསྟན་ལགས་ཀྱིས་དཀའ་ངལ་གང་མང་ཁྱད་དུ་བསད་དེ«དཔྱོད་ལྡན་མཆོད་ པའི་མེ་ཏོག»ཅེས་པའི་དུས་དེབ་འདིར2008-2014ལོའི་བར་སྤེལ་བའི་དཔྱད་རྩོམ་ལེགས་ གྲས་དང་རིན་ཐང་ཅན་རྣམས་བདམས་ཤིང་ཕྱོགས་གཅིག་ཏུ་བསྒྲིགས་པ་རེད། དེབ་འདི་ནི་ཞང་བོད་དཔྱད་གླེང་དང་། ལོ་རྒྱུས་དཔྱད་གླེང་། རིག་གཞུང་དཔྱད་གླེང་། ལྟ་གྲུབ་དཔྱད་གླེང་། སྨན་རྩིས་དཔྱད་གླེང་ཞེས་ཁག་ལྔ་ཡིས་གྲུབ་པ་དང་། དེར་བསྡོམས་པས་ཞིབ་འཇུག་གི་མཐོང་སྣེ་དང་ཁ་ཕྱོགས་མི་གཅིག་པའི་དཔྱད་རྩོམ་སོ་ ལྔ་ཡོད།
ཉེ་རབས་ཀྱི་དུས་རབས་འགའི་རིང་དུ་ཕྱི་གླིང་ནས་བོད་ཀྱི་རིག་གནས་ལ་དོ་སྣང་ཆེན་ པོ་བྱུང་བར་མ་ཟད་ཞིབ་འཇུག་གི་ཆུ་ཚད་ཀྱང་མཐོ་རུ་འཕར་བ་དང་། དུས་རབས་ཉི་ཤུ་བའི་ལོ་རབས་བརྒྱད་ཅུ་བ་ནས་བཟུང་ཕྱི་གླིང་གི་བོད་རིག་པའི་ཞིབ་ འཇུག་གི་གྲུབ་འབྲས་རིམ་བཞིན་རྒྱ་ཡིག་དང་བོད་ཡིག་ཏུ་བསྒྱུར་ནས་ཀྲུང་གོའི་ བོད་རིག་པའི་ཞིབ་འཇུག་གི་ལས་དོན་ལ་ཤན་ཞུགས་པར་མ་ཟད། བོད་ཀྱི་རིག་གནས་ཞིབ་འཇུག་གང་ལེགས་སྤེལ་དགོས་པའི་ཕྱི་ནང་གི་གནོན་ཤུགས་རིམ་ བཞིན་ཆེ་རུ་གྱུར་པས། ཀྲུང་གོ་རང་ས་ནས་ཀྱང་བོད་རིག་པའི་ཞིབ་འཇུག་གི་ལྟེ་གནས་བཙུགས་ནས་བོད་རིག་ པའི་ཞིབ་འཇུག་གི་ལས་དོན་ལ་སྲིད་གཞུང་གི་རྒྱབ་སྐྱོར་ཆེན་པོ་ཐོབ། དེ་ལྟར་ཕྱི་ནང་གི་རྒྱུ་དང་རྐྱེན་མང་པོ་ཞིག་འཛོམས་ནས་བོད་རིག་པའི་ཞིབ་འཇུག་ གི་ལས་དོན་རྒྱ་ཆེ་རུ་ཕྱིན་པ་དང་། དེའི་ཆ་ཤས་སུ་གྱུར་པའི་བོན་བསྟན་དང་དེར་འབྲེལ་གྱི་རིག་གནས་སྐོར་གྱི་ཞིབ་ འཇུག་ཀྱང་རིམ་བཞིན་ཤུགས་ཇེ་ཆེ་རུ་འཕེལ།
བོད་རང་ས་ནས། གྲུབ་མཐའི་ཕྱོགས་ཞེན་དང་བོན་གྱི་ཡིག་ཆ་མཐོང་དཀའ་བ་ལ་སོགས་པའི་འགལ་རྐྱེན་དུ་ མའི་དབང་གིས་དུས་ཡུན་རིང་པོ་ཞིག་ལ་བོན་གྱི་རིག་གནས་སྐོར་གྱི་ཞིབ་འཇུག་གི་ གོམ་ཁ་ལྗིད་མོ་དེ་མདུན་དུ་སྤོ་དཀའ་བར་གྱུར་ཡོད་མོད། རྒྱལ་ཁབ་ཕྱི་ནང་དང་མི་རིགས་ཕྱི་ནང་གི་གཟུར་གནས་མཁས་པ་གཟིགས་མཐོངས་ཡངས་པོ་ རྣམས་ཀྱི་ལམ་ཁྲིད་འོག་ཏུ་བོན་བསྟན་སྲོག་ཤིང་དུ་གྱུར་བའི་བོད་རང་སའི་རིག་ གནས་དེའི་སྐོར་གྱི་དོ་སྣང་ཡང་ཇེ་ཆེར་གྱུར་དང་འགྱུར་བཞིན་ཡོད། ལྷག་པར་དུ་ཕྱི་རྒྱལ་གྱི་མཁས་པ་ཏུའུ་ཆིས་དང་སི་ཐན་ཡུན་སོགས་ཀྱིས་ཕྱི་ཡིག་ གིས་བྲིས་པའི་བརྩམས་ཆོས་རྣམས་རྒྱ་ཡིག་ཏུ་བསྒྱུར་བའི་མགོ་བརྩམས་པ་དང་། ཕྱི་སྡོད་བོད་རིགས་ཀྱི་མཁས་པ་ཆོས་རྒྱལ་ནམ་མཁའི་ནོར་བུའི«ཞང་བོད་ལོ་རྒྱུས་ ཏི་སེའི་འོད»ལ་སོགས་པའི་བོད་ཡིག་གི་གསུང་རྩོམ་དང་། མཁར་རྨེའུ་བསམ་གཏན་རྒྱལ་མཚན་གྱི«མདའ་དང་འཕང་»ལ་སོགས་པའི་ཕྱི་ཡིག་གི་གསུང་ རྩོམ་བོད་ཡིག་ཏུ་བསྒྱུར་བ་སོགས་ཀྲུང་གོ་ནས་པར་དུ་བསྐྲུན་པ་དང་མཉམ་དུ། བོད་རང་སའི་ ཞིབ་འཇུག་གི་འབྲས་བུ་རྣམས་ཀྱང་ཇེ་མང་དུ་ཐོན་པས། མི་རྣམས་ཀྱི་ཞང་ཞུང་དང་བོན་གྱི་ངོས་འཛིན་དེ་དོན་དངོས་དང་བར་ཐག་ཇེ་ཐུང་དུ་ སོང་བ་དང་། དེང་སྐབས་སྲིད་གཞུང་དང་མང་ཚོགས་གཉིས་ཀའི་ཐད་ནས་བོད་ཀྱི་རིག་གནས་ལ་སྲུང་ སྐྱོབ་དང་མཐོང་ཆེན་བྱེད་པའི་འདུ་ཤེས་ཟབ་མོ་ཞིག་ཆགས་ཏེ་བོན་གྱི་དམངས་ཁྲོད་ ཀྱི་དཔེ་ཆ་ལེགས་བསྒྲིགས་དང་པར་སྐྲུན་གྱི་བྱ་བཞག་རླབས་པོ་ཆེ་བསྒྲུབས་དང་ སྒྲུབ་བཞིན་མཆིས་པས་ན། བོན་ལ་ཞིབ་འཇུག་བྱེད་པའི་ལམ་ཁོད་སྔར་ལས་ཇེ་ཡངས་སུ་བཏང་སྟེ་རིག་གཞུང་ཞིབ་ འཇུག་གི་འབྲས་བུ་མི་དམན་པ་ཐོན་བཞིན་ཡོད་པ་དང་། སྔར་ཐག་གཅོད་ཐུབ་མེད་པ་དང་གསལ་ཁ་མེད་པའི་གནད་དོན་གྱི་ཞིབ་འཇུག་གཏིང་ཇེ་ཟབ་ ཏུ་སོང་བ་དཔེར་ན། ཆོས་འཁོར་ཚང་ཉི་མ་འོད་ཟེར་ཚང་གིས་བྲིས་པའི“ཞང་ཞུང་དང་འབྲེལ་བའི་ཁུ་ནུའི་ སྐད་རིག”ཅེས་པའི་དཔྱད་རྩོམ་དུ་ཞང་ཞུང་སྐད་དང་དམངས་ཁྲོད་དུ་སྤྱོད་པའི་ཁུ་ ནུའི་སྐད་གཉིས་ཕན་ཚུན་གཤིབ་བསྡུར་བྱས་ཏེ། ཁུ་ནུའི་སྐད་དུ་ཐོ་ཤང་པ་དང་ཡོ་ཤང་པ་ཞེས་པའི་ཤང་བྱ་བ་འདི་ཡུལ་ལ་འཇུག་པ་དང་། ཞང་ཞུང་སྐད་དུའང་ཡུལ་གྱི་མིང་དོད་ལ་ཞང་ཟེར་བས། ཞང་ཞུང་ཞེས་པའི་མིང་ཚིག་དེའང་ཞང་ནི་ཡུལ་ལམ་ལུང་པ་དང་། ཞུང་ནི་ཞུང་ཞག་སྟེ་ཁྱུང་གི་དོན་ཡིན། ཞང་ཞུང་ནི་ཁྱུང་ཡུལ་ལམ་ཁྱུང་ལུང་དུ་གོ་བ་ཡིན་པས། ཁུ་ནུའི་སྐད་ཐོག་ནས་ཞང་ཞུང་གི་མིང་ཚིག་རྣམས་ལ་གོ་དོན་དཀྲོལ་ཐུབ་པ་སོགས་ རིགས་པས་བསྒྲུབས་ཡོད། ཡང་དཔེར་ན་དོན་གྲུབ་ལྷ་རྒྱལ་གྱི“ཞང་ཞུང་ལས་འཕྲོས་པའི་བསམ་གཞིག”ཅེས་པའི་ དཔྱད་རྩོམ་དུ་བོན་གྱི་ལོ་རྒྱུས་ཡིག་ཆ་དང་དེང་གི་གནའ་རྫས་རྟོག་ཞིབ་རིག་པའི་ གྲུབ་འབྲས་ཕྱོགས་གཉིས་ཐད་ནས་ཞང་ཞུང་ཁྱུང་ལུང་དངུལ་མཁར་གྱི་གནའ་མཁར་དེ་དེང་ སྐབས་བོན་གྱི་དགོན་པ་གུ་རུ་གྱམ་ཡོད་སའི་ཤར་ཕྱོགས་ཀྱི་རི་མཁར་གདོང་དུ་ཡོད་པ་ རིགས་པས་བསྒྲུབས་པར་མ་ཟད། དེའི་ཉེ་འཁོར་གྱི་ཁ་རག་རྡོ་སྐུ་ནི་དྲན་པའི་རྡོ་སྐུ་དང་། གནའ་སྔ་མོའི་དུར་ཁུང་དང་དུར་ས་ཕོན་ཆེན་སོགས་གནའ་རྫས་རྟོག་ཞིབ་རིག་པའི་ཐབས་ ལམ་ནས་ར་སྤྲོད་བྱས་ཡོད་པའོ།།
ལོ་རྒྱུས་ནི་མི་རིགས་ཤིག་གི་འདས་ཟིན་པའི་རིག་གནས་ཀྱི་མེ་ལོང་ལྟ་བུ་ཡིན་ ཞིང་། ལོ་རྒྱུས་ལ་ཕྱིར་མིག་བལྟ་བཞིན་ང་ཚོས་མི་རིགས་ཀྱི་རིག་གནས་འཕེལ་རྒྱས་དང་དར་ སྤེལ་དུ་གཏོང་དགོས་ཏེ། “ཡ་ཐོག་སྲིད་པའི་བོན་གྱི་ལྷ་འདྲེའི་སྐོར་གླེང་བ”ཞེས་པའི་ནང་དུ་ཡ་ཐོག་སྲིད་ པ་རྒྱུད་ཀྱི་སྐབས་སུ་བྱུང་བའི་ཁམས་གསུམ་གང་རུང་ན་གསལ་རིག་གི་སེམས་དང་འགུལ་ སྐྱོད་རང་བཞིན་གྱིས་འཚོ་གནས་བྱས་པའི་སྐྱེ་འགྲོའི་བྱེ་བྲག་སྟེ་སྲིད་པ་དགུའི་ ཡ་གྱལ་ལྷ་གར་རྟེན་གསུམ་དང་མི་སྨྲ་གཤེན་གསུམ། འདྲེ་སྲིན་བྱུར་གསུམ་སོགས་ནི་སྲོག་ལྡན་གྱི་སྐྱེ་འགྲོ་སྟེ་འགྲོ་བ་མི་ལས་ དབྱིབས་གཟུགས་དང་ཁམས་དབང་སོགས་ཐ་དད་ཅིང་། ལྷན་སྐྱེས་ཀྱི་ནུས་པ་དང་སྡོད་གནས་མི་མཚུངས་པའི་སེམས་ཅན་འབའ་ཞིག་ཡིན་པའི་ལྟ་ ཚུལ་གསར་བ་ཞིག་བཏོན་ཡོད་པ་དང་། “ཏི་པོམ་ཐང་གསུམ་གྱི་བྱུང་བ”ཞེས་པའི་ཏི་ནི་ཏི་སེའམ་གངས་ཏི་སེ་ཞེས་སྟོད་མངའ་ རིས་བསྐོར་གསུམ་ནས་བར་དབུས་གཙང་རུ་བཞིའི་བར་གྱི་སྟོད་ཀྱི་ས་དམིགས་གཙོ་བོར་ འཛིན་པའི་ལོ་རྒྱུས་དང་། པོམ་ནི་རྨ་རྒྱལ་པོམ་ར་ཞེས་པ་མདོ་སྨད་ཀྱི་ས་དམིགས་གཙོ་བོར་འཛིན་པའི་ལོ་ རྒྱུས། ཐང་ནི་བར་གྱི་གཉན་ཆེན་ཐང་ལྷ་ཞེས་པ་མདོ་ཁམས་ཆུ་བཞི་སྒང་དྲུག་ཅེས་བོད་ཡུལ་ སྟོད་སྨད་བར་གསུམ་གྱི་ནང་ཚན་བར་ཁམས་ཕྱོགས་ཀྱི་ས་དམིགས་འཛིན་པའི་ལོ་རྒྱུས་ སོགས་བཀྲལ་ཡོད།
བོན་གྱི་རིག་གཞུང་གཏིང་ཇེ་ཟབ་ཏུ་སོང་བ་དང་བསྟུན་ནས། འབྱུང་རྩིས་དང་སྨན་དཔྱད་ཀྱི་ཁུངས་དེ་དོན་དངོས་སུ་བོད་རང་ས་ནས་ཡིན་པའི་ཤེས་ རྟོགས་དང་ངོས་ཟིན་བྱུང་ཡོད་ཅིང་། བོད་ཀྱི་འབྱུང་རྩིས་རིག་པ་ལས་སྲིད་པ་དང་དེའི་ལས་འགྲོ་ཐམས་ཅད་སྐྱེད་བྱེད་ ཀྱི་འབྱུང་བ་བཞིའི་ཁུངས་དེ་བོད་དུ་གཏུགས་ཤིང་། འབྱུང་བ་བཞིའི་རིག་པ་དེ་ནི་གནའ་རབས་བོད་ཀྱི་ཚན་རིག་གི་རིག་པ་དང་། དེང་དུས་ཚན་རིག་གི་རྨང་གཞིའང་ཡིན་པས། གནའ་བོའི་བོད་ཀྱི་རིག་གཞུང་དག་ན་འབྱུང་བ་བཞིས་སྲིད་པ་དང་ལས་འགྲོའི་དངོས་པོ་ རྣམས་ཆགས་ཚུལ་གང་འདྲ་ཡིན་པ་རང་གི་ལྟ་བ་དང་དཔྱད་གཞི་ཟུང་འབྲེལ་གྱིས་རིགས་ལམ་ བསྒྲུབས་ཡོད་པར་མ་ཟད། གཞན་དེབ་འདིའི་ནང་དུ་ཐུན་མིན་གྱི་ཁྱད་ཆོས་ཤིག་ཡོད་པ་ནི། རྩོམ་པ་པོ་གང་ཞིག་གི་བརྩམས་ཆོས་བཀླགས་རྗེས་རང་ཉིད་དང་མི་མཐུན་པའི་ལྟ་བ་ རྣམས་བཀོད་པ་དཔེར་ན། “ཆོས་འབྱུང་མཁས་པའི་དགོངས་རྒྱན་ནང་གི་དོན་ཚན་འགའ་ལ་དཔྱད་པ”ཞེས་པའི་ནང་དུ། ལྷ་ཐོ་ཐོ་རི་སྙན་ཤལ་གྱི་སྐབས་སུ་དམ་པའི་ཆོས་དམངས་ཁྲོད་དུ་དར་ཡོད་ཅེས་པའི་ ལྟ་བར་རྩོམ་པ་པོས་སྒྲུབ་བྱེད་ཁུངས་བཙུན་ཞིག་དྲངས་ཏེ་དེའི་སྐབས་སུ་དམ་པའི་ ཆོས་དམངས་ཁྲོད་དུ་དར་མེད་པ་དང་། ཞང་ཞུང་དབང་དུ་བསྡུ་མཁན་ཐོག་མ་སྲོང་བཙན་སྒམ་པོ་མིན་པ། མགར་སྟོང་བཙན་བོན་པོ་མིན་པ་སོགས་ཏུན་ཧོང་ཡིག་རྙིང་དང་འབྲེལ་ཏེ་ཞིབ་འཇུག་ གཏིང་ཟབ་བགྱིས་ཏེ་དཔྱད་པ་བཏང་བ་དེས། བོད་སྤྱིའི་རིག་གནས་ཀྱི་བདེན་ཁ་གསལ་ཆོད་དང་དག་གསལ་མཛད་ཡོད་པས་རིག་གཞུང་ཞིབ་ འཇུག་གི་རིན་ཐང་མི་དམན་པ་མཆིས་སོ།།
གཡུང་དྲུང་བོན་གྱི་གཞུང་ལུགས་སུ་ཐེག་པ་རིམ་དགུ་དང་། སྒོ་བཞི་མཛོད་ལྔ། ཕྱི་ནང་གསང་གསུམ་སོགས་ཀྱི་ལྟ་བ་འདུས་པའི་འཆམ་མཐུན་བསམ་བློས་བོད་ཀྱི་སྤྱི་ ཚོགས་ལ་ཐེབས་པའི་ནུས་པ་དག་གཏོ་དང་གླུད། མོ་དང་རྩིས་སོགས་ཀྱི་ཆ་ནས་གླེང་ཡོད་པ་དང་། གཞན“བོན་ལུགས་དང་འབྲེལ་ཏེ་བོད་ཀྱི་འཕྲེང་བའི་སྐོར་ལ་དཔྱད་པ”ཐོག་མ་བགྱིས་ཏེ་ ཕྲེང་བའི་རིགས་དབྱེ་དང་གོ་དོན་སོགས་སྡེ་ཚན་དགུ་རུ་ཕྱེས་ཏེ་དཔྱད་པ་བཏང་བ་ དེས། བོན་གྱི་རིག་གནས་ཀྱི་སྟོང་ཆ་གསར་བ་ཞིག་གི་ཁ་བསྐངས་ཡོད་པ་དང་། འདིས་མི་རྣམས་ཀྱི་རིག་གཞུང་གི་ལྟ་རྒྱ་དང་མཐོང་རྒྱ། ཁྱབ་རྒྱ་སོགས་ཇེ་ཆེར་གྱུར་བ་དང་ཇེ་ཆེར་འགྲོ་བཞིན་པ་རྟོགས་ཐུབ་བོ།།
ཉེ་བའི་ལོ་འདི་གའི་རིང་། བོན་གྱི་སྨན་རྩིས་གཞུང་གི་ཁུངས་གཏུགས་ཡིག་ཆ་དཀོན་པོ་སོགས་ཀྱི་དབང་གིས་དེའི་ ཐད་ལ་ཆེད་དུ་ཞིབ་འཇུག་བྱེད་མཁན་མང་པོ་མེད། ད་ཐེངས་ཀྱི«དཔྱོད་ལྡན་མཆོད་པའི་མེ་ཏོག»གི་དཔྱད་རྩོམ་ཕྱོགས་བསྒྲིགས་འདི་རུ་ ཆེད་དམིགས་ཀྱིས“སྨན་རྩིས་དཔྱད་གླེང་”ཞེས་པའི་ལེ་ཚན་བགར་ཏེ་ཞང་བོད་ཀྱི་རྩིས་ རིག་གི་བྱུང་ཁུངས་དང་འཕེལ་རིམ་གླེང་སྟེ་དེ་རུ་བོན་གྱི་རིག་གནས་ཀྱིས་ཁྱད་ཚད་ ག་འདྲ་ཞིག་ཟིན་ཡོད་པ་དང་། དེས་སྤྱི་ཚོགས་ཀྱི་འཕེལ་འགྱུར་ཁྲོད་གོ་གནས་གལ་ཆེན་གང་འདྲ་ཞིག་བཟུང་ཡོད་པའི་ སྐོར་ལ་དཔྱད་ཞིབ་བྱས་ཡོད་པར་མ་ཟད། བན་བོན་ལོ་རྒྱུས་སྤྱི་དང་ལྷག་དོན་དུ་གསོ་རིག་དང་འབྲེལ་བའི་ལོ་རྒྱུས་མང་པོ་ ཞིག་དང་བསྡུར་བ་བྱས་ནས་འབུམ་བཞི་དང་རྒྱུད་བཞིའི་ཁྱད་པར་གླེང་སྟེ་བོད་ཀྱི་ གསོ་རིག་གི་ཁུངས་དེ་བོད་རང་ས་ནས་བྱུང་བའི་བདེན་དོན་ར་སྤྲོད་བྱས་ཡོད་པ་དང་། ཕྱོགས་གང་ཐད་ནས་བོད་ཀྱི་གསོ་རིག་རྒྱུད་བཞིའི་མ་ཕྱི་ནི་བོན་གྱི་གསོ་རིག་ འབུམ་བཞི་ཡིན་པ་དང་། འབུམ་བཞི་ལེགས་བཅོས་དང་ཁ་སྣོན་བྱས་པ་བརྒྱུད་རྒྱུད་བཞི་བྱུང་བའི་ལྟ་ཚུལ་ བཏོན་པ་འདི་དག་གིས་ཆེ་ཕྱོགས་ནས་བོད་ཀྱི་རིག་གནས་ནི་བོད་རང་སའི་ས་སྐྱེས་རྡོ་ སྐྱེས་ཀྱི་རིག་གནས་ཤིག་ཡིན་པ་ལས། ཕྱི་ཡོང་རིག་གནས་ཤིག་མིན་པར་བསྒྲུབས་ཡོད་པ་དང་། ཞར་དུ་བོད་ཀྱི་ལོ་རྒྱུས་དང་སྨན་རྩིས། སྐད་རིགས། ཡི་གེ་སོགས་ཀྱི་ཁུངས་དེ་དག་ཀྱང་བོད་རང་ས་ཡིན་པ་རིགས་པས་བསྒྲུབས་པའི་དཔྱད་ རྩོམ་གྱི་ཆུན་པོ་ཞིག་ལགས་སོ།།
མདོར་ན་ཞང་བོད་དཔྱད་གླེང་དང་། ལོ་རྒྱུས་དཔྱད་གླེང་། རིག་གཞུང་དཔྱད་གླེང་། ལྟ་གྲུབ་དཔྱད་གླེང་། སྨན་རྩིས་དཔྱད་གླེང་ཞེས་ཁག་ལྔ་རུ་བགོས་པའི་དཔྱད་རྩོམ་ཕྱོགས་བསྒྲིགས་འདིས་ སྔར་མི་རྣམས་ཀྱི་བོན་ཞེས་པ་ནི་ཐུའུ་ཐུམ་དད་མོས་དང་མེས་པོའི་དད་མོས་སོགས་ལྟ་ བུའི་གདོད་མའི་ཆོས་ལུགས་ཤིག་ཡིན་པར་བསམ་སྟེ་དོ་སྣང་ཆེན་པོ་མ་བྱུང་བ་དང་། དཔྱད་ཡིག་དཀོན་པོ་སོགས་ཀྱིས་རྐྱེན་པས་ཞིབ་འཇུག་གི་ཆུ་ཚད་ཀྱང་ཧ་ཅང་དམའ་བའི་ རིག་གནས་ཀྱི་སྣང་ཚུལ་ནས་བར་བརྒལ་བྱས་ཏེ། དེང་སྐབས་སྤྱི་ཚོགས་དང་རིག་གནས་ལ་འགྱུར་ལྡོག་བྱུང་བ་དང་བསྟུན་ནས་བོན་པོའི་ དཔེ་ཆ་མང་པོ་དཔར་སྐྲུན་བྱས་པ་དང་། བོན་བསྟན་རིག་གནས་ལ་ཞིབ་འཇུག་གཏིང་ཇེ་ཟབ་ཏུ་སོང་བ་དང་བསྟུན་ནས། བོན་ནི་བོད་མི་རིགས་ཀྱི་རིག་གནས་ཀྱི་ཁུངས་དེ་ཡིན་པར་བསམས་ཏེ། བོན་བསྟན་གྱི་རིག་གནས་ལ་ཞིབ་འཇུག་བྱེད་པའི་ཚ་རླབས་ཤིག་འཕྱུར་ཏེ་གྲུབ་མཐའི་ ཕྱོགས་ཞེན་ཇེ་ཆུང་དང་བོད་སྤྱིའི་མཐོང་རྒྱ་ཇེ་ཆེར་སོང་བ་དང་། བོད་ཀྱི་རིག་གནས་ཀྱི་རིན་ཐང་ངོས་འཛིན་གྱི་ཚད་ཇེ་བཟང་དུ་འགྲོ་བཞིན་པར་རྟིང་ སྐུལ་དང་ཁ་སྣོན་བྱས་ཡོད་དོ།།
ཞེས་པེ་ཅིན་གྲོང་ཁྱེར་གྱི་རང་ཤག་ནས་དགེ་མིང་འཛིན་པ་སྟོང་སྐོར་ཚེ་རིང་ཐར་གྱིས་སྦྱར་བའོ།།
2015ལོའི་ཟླ6པའི་ཚེས1ཉིན།
གནའ་བོའི་ཞང་ཞུང་དང་འབྲེལ་བའི་གཡུང་དྲུང་བོན་གྱི་རིག་གཞུང་སྐོར་གྱི་དཔྱད་རྩོམ་བདམས་བསྒྲིགས«བོན་དཔྱད་སྤྱི་རྒྱ་རླབས་གཅོད»ཅེས་པ་དཔར་སྐྲུན་འགྲེམ་སྤེལ་བྱས།
དཔེ་མིང༌། བོན་དཔྱད་སྤྱི་རྒྱ་རླབས་གཅོད།
གཙོ་སྒྲིག་པ། ཁྲི་བསོད་བསྟན།
དཔེ་སྐྲུན་ཁང༌། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང༌།
འགྲེམ་སྤེལ་དུས་ཚོད། སྤྱི་ལོ2015ལོའི་ཟླ8པར།