ཁྲོ་མཆོག་དབལ་གསས་རྔམ་པའི་བྱུང་ཁུངས་དང་ལོ་རྒྱུས་མདོ་ཙམ་གླེང་བའི་གཏམ་ཨུཏྤལ་དཀར་པོའི་འཕྲེང་བ།

2010070417262932 རྗེ་བཙུན་དགེ་བཤེས་ནམ་མཁའ་ཚུལ་ཁྲིམས་རིན་པོ་ཆེ།

སྐབས་འདིར་རྒྱལ་ཁབ་ཕྱི་ནང་གི་འགྲུལ་མགྲོན་རྣམས་ཀྱིས་ཁྲོ་མཆོག་དབལ་གསས་རྔམ་པ་ཞེས་བྱ་བའི་ཡེ་ཤེས་ཀྱི་ལྷ་འདིའི་བྱུང་ཁུངས་དང་ལོ་རྒྱུས་ཇི་ལྟར་ཞེས་འདྲི་ན། ལྷ་དེ་དག་གི་རྒྱུ་མཚན་མདོ་ཙམ་གླེང་བ་ལ་ཁོང་རྣམས་ཉན་པར་བཞེད་ན། ངས་བཤད་པར་བྱ་སྟེ། ༧ དེ་ཡང་སྔོན་བསྐལ་པ་དང་པོའི་དུས་ན་ཕྱི་སྣོད་ཀྱི་འཇིག་རྟེན་མས་ནས་ཡར་ཆགས། ནང་བཅུད་ཀྱི་སེམས་ཅན་ཡས་ནས་མར་ཆགས་པའི་སྐབས་དེར། ལྷ་གར་རྟེན་གསུམ་དང༌། མི་སྨྲ་གཤེན་གསུམ་བདེ་ཞིང་སྐྱིད་ལ། དགེ་བའི་ལས་སྤྱོད་དར་ཞིང་རྒྱས་སོ།། ༧ དམུ་བདུད་བཙན་གསུམ་དང༌། འདྲེ་སྲིན་བྱུར་གསུམ་ནི་སྡུག་ཅིང་བསྔལ་ཏེ་མི་བདེ་བའི་སྐབས་སུ་ལྷ་གར་ལ་སོགས་ཀྱི་བསྟན་པ་ནི་མགོ་ཅེ་དམའ། དམུ་བདུད་ལ་སོགས་ཀྱི་སྲིད་པ་ནི་མགོ་ཅེ་མཐོ་རུ་སོང་སྟེ། གཅིག་གིས་གཅིག་ལ་གནོད་པ་དང༌། འཐབ་པ་དང༌། རྩོད་པ་དར་ཏེ། མུན་འཐིབ་པ་དང༌། སེམས་བྲེལ་ཕོངས་སུ་གྱུར་ནས་དགེ་བ་སྤྱོད་པའི་སྐབས་དང་མི་ལྡན་པར་གྱུར་ཏོ།། དེའི་ཚེ་ལྷ་ཀུ་བྱི་མང་ཀེ་ཞེས་བྱ་བས། སྟོན་པ་ཀུན་ཏུ་བཟང་པོའི་ཐུགས་དམ་གྱི་རྒྱུད་བསྐུལ་བས། ཀུན་ཏུ་བཟང་པོས་ཐུགས་ཀྱི་འོད་ཟེར་བཀྱེས་ཏེ་བར་ཆོད་ཀྱི་གནོད་པ་ཐམས་ཅད་ཞི་བའི་ལས་ཀྱིས་སྤ་བཀོང་བར་མཛད་དོ།།

༧ དེ་ནས་ཡང་ལས་དང་ཉོན་མོངས་ཀྱི་ཆོ་འཕྲུལ་བག་ལ་ཉལ་བ་རྣམས་ཚར་གཅོད་པའི་དོན་དུ་ཀུན་ཏུ་བཟང་པོ་ཉིད་ཐུགས་ཞི་བའི་ངང་ལས་མ་གཡོས་ཀྱང་སྐུ་འབར་བའི་ཁྲོ་བོ་དབལ་ གསས་རྔམ་པའི་སྐུར་བཞེངས་པར་སྤྲུལ་ཏེ་བར་ཆད་ཐམས་ཅད་བཟློག་པར་མཛད་དོ།། དེ་ཡང་མི་ཟད་པའི་ཚུལ་དུ་ཁྲོས་པའི་རང་བཞིན་གྱི་དབུ་དགུ་བརྩེགས་པ་ནི། ཁམས་གསུམ་ས་དགུའི་རྟོག་འཛིན་དབྱིངས་སུ་སྒྲོལ་བའི་བརྡ་སྟེ། བླ་ཆེན་དྲན་པས་མཛད་པའི་དབལ་གསས་ལས་རིམ་ལས། འཛུམ་བརྗིད་རྔམ་པའི་དབུ་དགུ་བརྩེགས་པ་ནི། ཁམས་སུམ་ས་དགུ་དབྱིངས་སུ་སྒྲོལ་བའི་རྟགས། ཞེས་སོ།། དེ་ཡང་བོན་ཉིད་ཀྱི་དབྱིངས་ལ་འགྱུར་ཟློག་མེད་པའི་རྟགས་སུ་སྐུ་མདོག་མཐིང་ནག་ ཏུ་བསྟན་ཏེ། དེ་ཉིད་ལས། སྐུ་མདོག་མཐིང་ནག་རིན་ཆེན་བཻཌྱུརྱ་འོད། ཅེས་སོ།། ཞལ་འོག་མ་གསུམ་གྱི་གཡས་པ་དཀར་བ་ནི། རིག་པའི་གསལ་ཆ་ཡེ་ཤེས་དང་དབྱེར་མེད་དུ་གནས་པ་ཐབས་མཆོག་ཡབ་ཀྱི་ཞལ་དང༌།

༧ གཡོན་པ་དམར་བ་ནི་ཀུན་གཞིའི་སྟོང་ཆ་དབྱིངས་དང་དབྱེར་མེད་དུ་གནས་པ་ཤེས་རབ་ ཡུམ་གྱི་ཞལ་དང༌། ༧ དབུས་ཞལ་མཐིང་བ་ནི་དབྱིངས་དང་ཡེ་ཤེས་དབྱེར་མེད་དུ་གནས་པས་ན། ཡབ་ཡུམ་ལྷུན་གྱིས་གྲུབ་པའི་རྟགས་ཏེ། ལས་རིམ་ལས། གཡས་དཀར་གཡོན་དམར་དབུས་ཞལ་མཐིང་ལ་ནག གཡས་པ་དཀར་བ་ཐབས་མཆོག་ཡབ་ཀྱི་ཞལ། གཡོན་པ་དམར་བ་ཤེས་རབ་ཡུམ་གྱི་ཞལ། དབུས་ཞལ་མཐིང་བ་ཡབ་ཡུམ་ལྷུན་གྱིས་གྲུབ། ཅེས་སོ།། དེའི་སྟེང་དུ་སྤྲུལ་བའི་དབུ་དྲུག་སྟེ། རིམ་བཞིན་ཞེ་སྡང་གི་ཀུན་སློང་བྱས་པའི་དགྲ་བགེགས་འདུལ་ཕྱིར་སེང་ཆེན་རྔམ་པའི་ དབུ་དང༌། དེ་བཞིན་དུ་ང་རྒྱལ་འདུལ་ཕྱིར་སྟག་དང༌། གཏི་མུག་འདུལ་ཕྱིར་གཟིག འདོད་ཆགས་འདུལ་ཕྱིར་ཁྱུང༌། ཕྲག་དོག་འདུལ་ཕྱིར་འབྲུག གདུལ་བྱ་ཚར་གཅོད་ཅིང་ཐུགས་རྗེ་འགྲོ་དོན་ལ་ཐོག་མཐའ་མེད་པའི་རྟགས་སུ་ཆུ་སྲིན་ གྱི་དབུ་དང་དྲུག་སྟེ། དེ་ཉིད་ལས་དབུས་མཐིང་དབུ་ཡི་དབུ་རྒྱན་དུ། དབལ་གྱི་སེང་ཆེན་རྔམ་པའི་དབུ། གཡས་དཀར་ཐབས་ཀྱི་དབུ་རྒྱན་དུ། དབལ་སྟག་ཚང་མ་རྔམ་པའི་དབུ། གཡོན་དམར་ཤེས་རབ་དབུ་རྒྱན་དུ། དབལ་གྱི་གཟིག་ཆེན་རྔམ་པའི་དབུ། ཞེས་གསུངས་སོ།།

༧ ཕྱག་བཅོ་བརྒྱད་ནི་ཁམས་བཅོ་བརྒྱད་མཚོན་བྱེད་ཡིན་ལ། དེ་ཡང་ཕྱག་དང་པོ་གཉིས་ཀྱིས་དབལ་ཕུར་བསྣམས་པ་ནི། འཁོར་བའི་རྒྱ་མཚོ་སྐེམས་ཤིང་བདུད་ལས་རྒྱལ་བའི་རྟགས་ཏེ། དེ་ཉིད་ལས། བཅོ་བརྒྱད་ཕྱག་གི་དང་པོ་ན། དུག་ལྔ་འཇོམས་པའི་དབལ་ཕུར་བསྣམས། འཁོར་བའི་རྒྱ་མཚོ་གཏིང་ནས་སྐེམས། ཞེས་སོ།། དེའི་འོག་གཡས་ཀྱི་ཕྱག་བརྒྱད་ཀྱི་དང་པོ་ནས་རིམ་བཞིན་རྒྱལ་མཚན་རལ་གྲི་ཤ་འབལ་ སོགས་བསྣམས་པ་ནི། དེ་ཉིད་ལས། གཡས་ཀྱི་ཕྱག་བརྒྱད་དང་པོ་ན། རིག་པ་མི་ནུབ་རྒྱལ་མཚན་བསྣམས། འཁོར་བའི་བདུད་ལས་རྒྱལ་བར་མཛོད། དེ་འོག་རལ་གྲི་བསམ་གཅོད་བསྣམས། དགྲ་བགེགས་སྐྱེ་ཤི་རྩ་བ་གཅོད། ཅེས་གསུངས་སོ།། ༧ དེ་བཞིན་དུ་ཕྱག་གཡོན་པ་བརྒྱད་ལ་སྟེང་ནས་རིམ་བཞིན། མདའ་གཞུ་ཞགས་པ་ལྕགས་ཀྱུ་སོགས་བསྣམས་པ་ནི། དེ་ཉིད་ལས། གཡོན་གྱི་ཕྱག་བརྒྱད་དང་པོ་ན། ཐབས་དང་ཤེས་རབ་མདའ་གཞུ་བསྣམས། ཐབས་ཤེས་དབྱིངས་ལ་རོལ་བར་མཛོད། དེ་འོག་ཟིན་ཐུབ་ཞགས་པ་བསྣམས། འཁོར་བ་དོང་ནས་འདྲེན་པར་མཛོད། ཅེས་གསུངས་སོ།། ༧ ཡང་ཞབས་བཞི་འདོར་ཐབས་སུ་བགྲད་པ་ནི། སྟོང་གསུམ་དང་ལྷ་སྲིན་སྡེ་བརྒྱད་ཟིལ་གྱིས་གནོན་པའི་རྟགས་ཏེ། དེ་ཉིད་ལས། ཞབས་བཞི་འདོར་ཐབས་བགྲད་པ་ཡིས། དྲེགས་པ་ལྷ་སྲིན་གཟིར་ཞིང་གནོན། ཞེས་དང༌། ཞབས་ཀྱིས་སྟོང་གསུམ་ཟིལ་གྱིས་གནོན། ཐུགས་རྗེའི་ཉི་མ་ཟླ་བ་དང༌། དྲེགས་པ་ལྷ་སྲིན་གདན་ལ་བརྗིད། ཅེས་སོ།།

༧ སྤྱན་གསུམ་ནི། ཡེ་ཤེས་ཀྱི་སྤྱན་དང༌། ཐུགས་རྗེའི་སྤྱན་དང༌། སྤྲུལ་བའི་སྤྱན་ཏེ། དེ་ཉིད་ལས། མི་མངོན་དབྱིངས་ནས་འབར་བའི་སྐུ་བསྐྱོད་ལ། ཡེ་ཤེས་སྤྱན་གྱིས་བདག་ལ་གཟིགས་སུ་གསོལ། ཐུགས་རྗེའི་སྤྱན་གྱིས་བདག་ལ་བཟུང་དུ་གསོལ། སྤྲུལ་པའི་སྤྱན་གྱིས་བར་ཆད་བཟློག་ཏུ་གསོལ། ཞེས་སོ།། ༧ དེ་དང་གཉིས་མེད་དུ་འཁྲིལ་བའི་ཡུམ་ཆེན་མོ་འདི་ལ་མཚན་དྲུག་དང་ལྡན་ཏེ། ས་ཏྲིག་ཨེར་སངས་དང༌། གནམ་ཕྱི་གོང་རྒྱལ། བཟང་ཟ་རིང་བཙུན། ཐུགས་རྗེའི་བྱམས་མ། སྲིད་པའི་རྒྱལ་མོ། མཁའ་ལ་གདུག་མོ་ཞེས་བྱ་སྟེ། དེ་ཉིད་ལས། དེ་དང་གཉིས་མེད་འཁྲིལ་བའི་ཡུམ་ཆེན་ནི། རྔམ་མོ་ཡུམ་ཆེན་དབྱིངས་ཀྱི་མཚན་དྲུག་མ། ཞེས་སོ།།

༧ དེའི་གཡས་སུ་ལྷ་རྒོད་ཡབ་ཡུམ། གཡོན་དུ་གཙོ་མཆོག་ཡབ་ཡུམ་སྟེ། ལས་རིམ་ལས། བསོ་དང་ཆ་དང་ཧ་ལའི་སྒྲ་སྒྲོགས་པ། ལྷ་རྒོད་ཐོག་པའི་གསུང་ལ་ཕྱག་འཚལ་བསྟོད། སྟོང་ཞིང་བདག་མེད་ཡེ་ཤེས་ཉི་མ་ཤར། གཙོ་མཆོག་མཁའ་འགྱིང་ཐུགས་ལ་ཕྱག་འཚལ་བསྟོད། ཅེས་པ་དེའོ།། དེ་ཡང་ལྷ་རྒོད་ཅེས་པ་ནི། སྐུ་མདོག་མཐིང་ནག་ཞལ་བཞི་ཕྱག་བརྒྱད་ཞབས་འདོར་ཐབས་སུ་བསྒྲད་པ། གཡས་དཀར་གཡོན་དམར་དབུས་མཐིང་ཐོར་ཚུགས་དམར་བ་ཅན་ཏེ། དེ་ཉིད་ལས། མི་ཟད་གནམ་གྱི་ལྷ་རྒོད་ཐོག་པ་རྗེ། སྐུ་མདོག་མཐིང་ནག་ནམ་མཁའི་གཟི་མདངས་ཅན། ཞལ་བཞི་ཕྱག་བརྒྱད་ཞབས་བཞི་འདོར་ཐབས་བསྒྲད། གཡས་དཀར་གཡོན་དམར་དབུས་མཐིང་ཐོར་ཚུགས་དམར། ཞེས་སོ།། དེ་དང་གཉིས་མེད་དུ་འཁྲིལ་བའི་ཡུམ་ནི་སྲིད་པའི་རྒྱལ་མོ་ཞེས་བྱ་སྟེ། དེ་ཉིད་ལས། ལྷ་རྒོད་ཐོག་པའི་སྒྲོལ་ཡུམ་མཛད་ཙམ་ན། སྲིད་པ་རྒྱལ་མོ་འགྲན་གྱི་ཟླ་མེད་མ། ཞེས་པ་ནས། སྣང་སྲིད་ཀུན་འཇིགས་གྲུབ་པའི་དབུ་བརྒྱ་མ། རྫུ་འཕྲུལ་ཐབས་ལྡན་སྟོབས་ཆེན་ཕྱག་སྟོང་མ། ཕྱག་སྟོང་ཡ་མཚན་སྤྲུལ་བའི་མཚོན་ཆ་བསྣམས། ཞེས་སོ།།

༧ གཡོན་དུ་གཙོ་མོ་མཁའ་འགྱིང་ཞེས་བྱ་བ་ནི། སྐུ་མདོག་མཐིང་ནག་བརྗིད་པའི་གཟི་བྱིན་འབར། ཞལ་གསུམ་ཕྱག་དྲུག་ཞབས་བརྐྱང་བསྐུམ་དུ་བཞུགས་ཏེ། དེ་ཉིད་ལས། འབར་བའི་ཁྲོ་བོ་གཙོ་མཆོག་མཁའ་འགྱིང་ཁ། ཤིན་ཏུ་མི་བཟད་ཁྲོ་གཏུམ་བརྗིད་པའི་སྐུ། སྐུ་མདོག་མཐིང་ནག་བརྗིད་པའི་གཟི་བྱིན་འབར། ཞལ་གསུམ་ཕྱག་དྲུག་ཞབས་ཀྱང་བརྐྱང་བསྐུམ་ཚུལ། ཞེས་སོ།། དེ་ཡང་ཞལ་གཡས་དཀར་གཡོན་དམར་དབུས་མཐིང་སྟེ། དོན་སྔ་མ་དང་འདྲའོ།། དེ་དང་གཉིས་མེད་དུ་འཁྲིལ་བའི་ཡུམ་འདི་ནི། གདུག་མོ་བྷ་ག་ཞེས་བྱ་སྟེ། དེ་ཉིད་ལས། མཁའ་འགྱིང་ལྷ་ཡི་སྦྱོར་ཡུམ་མཛད་ཙམ་ན། མཁའ་ལ་གདུག་མོ་བྷ་ག་ཀུན་ཀྱི་ཡུམ། གཟི་བྱིན་དབང་གི་མདོག་དམར་འོད་དང་ལྡན། ཞེས་སོ།། དེ་ནས། གཙོ་བོ་ཆེན་པོ་སྐུ་དབལ་གསས། གསུང་ལྷ་རྒོད། ཐུགས་གཙོ་མཆོག་གསུམ་གྱི་སྤྲུལ་པ། ཁྲོ་ཆེན་རུ་བཞི་དང༌། གཟེ་གྱད་སྤར་གསུམ་སོགས་སྤྲོས་ཏེ།

༧ གཟེ་གྱད་སྤར་གསུམ་ནི། ལྷ་རྒོད་དང༌། སྲིད་པའི་རྒྱལ་མོ་གཉིས་ཀྱི་ཐབས་ཤེས་ཀྱི་རོལ་བ་མཛད་པ་ལས། དབལ་གྱི་སྒོ་ང་ཉི་ཤུ་རྩ་བདུན་བྱུང་སྟེ། དེ་ཉིད་ལས། མི་བཟད་གནམ་གྱི་ལྷ་རྒོད་ཐོག་པ་དང༌། སྲིད་པའི་རྒྱལ་མོ་འགྲན་གྱི་ཟླ་མེད་མ། བར་སྣང་སྒྲ་ཡི་ནང་དུ་གཉིས་མེད་ཐབས་ཀྱིས་རོལ་བ་ལས། དབལ་གྱི་སྒོ་ང་ཉི་ཤུ་རྩ་བདུན་བྱུང༌། ཞེས་སོ།། དེ་ལས་སྒོ་ང་དང་པོ་དགུ་བརྡོལ་བ་ལས། མི་ལུས་སྔོན་མོ་འབྲུག་གི་མགོ་ཅན་དང༌། མི་ལུས་ལྗང་ནག་སྦྲུལ་གྱི་མགོ་ཅན་སོགས་གཟེ་མ་དགུ་བྱུང་སྟེ། དེ་ཉིད་ལས། དབལ་གྱི་སྒོ་ང་དང་པོ་དགུ་བརྡོལ་པ། མི་བཟད་དབལ་གྱི་གཟེ་མ་མགོ་དགུ་བྱུང༌། ཞེས་སོ།།

༧ སྲིད་པའི་སྒོ་ང་བར་མ་དགུ་བརྡོལ་བ། མི་བཟད་དབལ་གྱི་གྱད་མོ་དགུ་རུ་བྱུང། ཞེས་སོ།། གྱད་མོ་དགུ་ནི་མི་ལུས་འབྲོང་མགོ་ཅན་དང༌། མི་ལུས་བྱ་རྒོད་མགོ་ཅན་ལ་སོགས་སོ།། ༧ ཡང་སྲིད་པའི་སྒོ་ང་ཐ་མ་དགུ་བརྡོལ་བ་ལས། དབལ་གྱི་བྱིན་ཏེ་བུད་མེད་དཀར་མོ། ས་ཡི་བྱིན་ཏེ་བུད་མེད་སེར་མོ། བདུད་ཀྱི་བྱིན་ཏེ་བུད་མེད་ནག་མོ། དམུ་ཡི་བྱིན་ཏེ་བུད་མེད་ནག་མོ་མཐིང་གི་རལ་པ་ཅན། ཀླུ་ཡི་བྱིན་ཏེ་བུད་མེད་སྔོན་མོ་སྐར་མའི་གདོང་དྲུག་ཅན། གཉན་གྱི་བྱིན་ཏེ་བུད་མེད་དཀར་མོ་ཞལ་གཉིས་ཅན། སྲིན་གྱི་བྱིན་ཏེ་བུད་མེད་དམར་མོ་གདོང་དགུ་མ། བྱ་ཡི་བྱིན་ཏེ་བུད་མེད་སྔོ་ལྗང་དབུ་གཉིས་མ། བགེགས་ཀྱི་བྱིན་ཏེ་བུད་མེད་དམར་ནག་ཟངས་ཀྱི་རལ་པ་ཅན་དང་དགུའོ།། དེས་ནི་ཁྲོ་མཆོག་དབལ་གསས་རྔམ་པའི་ལོ་རྒྱུས་མདོ་བསྡུས་རྫོགས་སོ།། །། དགེའོ།། བཀྲ་ཤིས་སོ།།

གཡུང་དྲུང་བོན་གྱི་སྒྲུབ་གནས་ཁག་གི་ངོ་སྤྲོད་དམར་མོའི་མཛུབ་ཁྲིད།
གཡུང་དྲུང་བོན་གྱི་སྒྲུབ་གནས་ཁག་གི་ངོ་སྤྲོད་དམར་མོའི་མཛུབ་ཁྲིད།
ཞང་ཞུང་སྙན་རྒྱུད་བཀའ་རྒྱུད་སྐོར་བཞིའི་གླེང་བརྗོད།
ཞང་ཞུང་སྙན་རྒྱུད་བཀའ་རྒྱུད་སྐོར་བཞིའི་གླེང་བརྗོད།
བརྡ་སྤྲོད་སྲིད་པའི་སྒྲོན་མེའི་རྩ་ཚིག
བརྡ་སྤྲོད་སྲིད་པའི་སྒྲོན་མེའི་རྩ་ཚིག
མེ་སྟོན་ཉི་མ་རྒྱལ་མཚན་མཆོག་གི་གསུང་འབུམ།
མེ་སྟོན་ཉི་མ་རྒྱལ་མཚན་མཆོག་གི་གསུང་འབུམ།
བོན་ཆོས་དཔྱད་བསྡུར།
བོན་ཆོས་དཔྱད་བསྡུར།
ལེགས་བཤད་རིན་པོ་ཆེའི་གཏེར་མཛོད།
ལེགས་བཤད་རིན་པོ་ཆེའི་གཏེར་མཛོད།
 རྗེ་མཉམ་མེད་ཤེས་རབ་རྒྱལ་མཚན་གྱི་གསུང་འབུམ་ཆ་ཚང་གི་གློག་རྡུལ་འཕྲུལ་དེབ།
 རྗེ་མཉམ་མེད་ཤེས་རབ་རྒྱལ་མཚན་གྱི་གསུང་འབུམ་ཆ་ཚང་གི་གློག་རྡུལ་འཕྲུལ་དེབ།
རྒྱུན་ཁྱེར་བོན་སྤྱོད་ཕྱོགས་བསྡུས་དད་ལྡན་ཐར་ལམ་འཛེགས་པའི་ཐེམ་སྐས་ཞེས་བྱ་བ་བཞུགས་སོ།
རྒྱུན་ཁྱེར་བོན་སྤྱོད་ཕྱོགས་བསྡུས་དད་ལྡན་ཐར་ལམ་འཛེགས་པའི་ཐེམ་སྐས་ཞེས་བྱ་བ་བཞུགས་སོ།
སྨན་རིའི་སྟེགས་འཇོག་ལོ་ཐོ།
སྨན་རིའི་སྟེགས་འཇོག་ལོ་ཐོ།
previous arrow
next arrow