དེ་ཡང་ཞང་ཞུང་ཕུག་པ་རྟག་གཟིགས་འོལ་མོ་ལུང་རིང་གི་ཤར་ཕྱོགས་ག་ཆུ་རྒྱ་ཡི་རིགས་སྲས་རྒྱ་ཀོང་ཙེ་འཕྲུལ་གྱི་རྒྱལ་པོ་ནི། གཤེན་རབ་ཀྱི་སྐུ་དུས་སུ་སྟོན་པའི་སྡོང་གྲོགས་མཛད་མཁན་བསྟན་འཛིན་གྱི་རྒྱལ་པོ་དྲུག་གི་ནང་ཚན། འོལ་གླིང་གི་ནུབ་ཕྱོགས་རྒོད་རྗེ་རྒྱ་ཡི་ཞིང་རྒྱ་ལག་འོད་མའི་གླིང་ཆེན།དེའི་ཐད་ཀྱི་ཕྱི་རོལ་མུ་ཁྱུད་བདལ་བའི་མཚོ་གླིང་ན། རྒྱ་རྗེ་ཀོང་ཙེ་འཕྲུལ་རྒྱལ་གྱིས་བཞེངས་པའི་གསས་ཁང་དཀར་ནག་བཀྲ་གསལ་རྒྱ་མཚོའི་གླིང་ཐོག་འབར་བ་ཡོད་དེ། བསྟན་པ་རྣམ་གསུམ་རྗེས་སུ་བཞག་པའི་གནས་དེ་ཡིན། ཁོང་གི་ཡབ་རྒྱལ་པོ་ཀ་འདའ་ལ་གསེར་གྱི་མདོག་ཅན། ཡུམ་དྲི་མེད་གསལ་འོད་མ་གཉིས་གྱི་སྲས་སུ་འཁྲུངས། འབྱུང་ལྡན་ཞེ་གསུམ་པའི་ཤིང་བྱི། སྤྱི་ལོའི་སྔོན་ ༡༣༤༩༦ ལོར་སྟོན་པ་གཤེན་རབ་རྒྱ་རྗེ་ཀོང་ཙེའི་འགྲོ་དོན་དུ་གསས་ཁང་མངའ་གསོལ་ཞིང་ཀོང་ཙེའི་བུ་མོ་རྒྱ་བཟའ་འཕྲུལ་སྒྱུར་མ་ཁབ་ཏུ་བཞེས་པའི་དུས་སྔོན་ཙམ་བྱུང་བར་འདོད་ལ། དེང་དུས་ཞིབ་འཇུག་པས། སྤྱི་ལོའི་སྔོན་ ༡༥༥༧ ལོར་འཁྲུངས་པར་ཡང་བཞེད་པ་ཡོད། བོན་ལུགས་ཡིག་རྙིང་དག་ལས་རྒྱ་ཀོང་ཙེ་འཕྲུལ་གྱི་རྒྱལ་པོ་དབང་ཡིག་ཅན་ཞེས་བྱ་བ་བསོད་ནམས་དང་ལོངས་སྤྱོད་ཕུན་སུམ་ཚོགས་པར་མངའ་བ་དེས་གཡུང་དྲུང་བོན་གྱི་བསྟན་པའི་སྦྱིན་བདག་གི་ཚུལ་མཛད་དེ། མུ་ཁྱུད་བདལ་བའི་མཚོ་གླིང་དུ། གསས་ཁང་དཀར་ནག་བཀྲ་གསལ་ཞེས་པ་དེ། མུ་ཁྱུད་བདལ་བའི་རྒྱ་མཚོའི་གླིང་ཞེས་བྱ་བ་བཞེངས་པར་མཛད་དོ། །
དེ་ཡང་བར་ཞིག་ནས་བདུད་སྲིན་གྱི་འཚེ་བས་རྒྱལ་པོའི་བསམ་དོན་ལ་བར་ཆོད་ཅུང་རེ་བྱས་ནའང༌། མཐར་བདེན་ཚིག་གྲུབ་པའི་ཀོང་ཙེ་རྒྱལ་པོའི་སྨོན་ལམ་གྱི་མཐུ་བཙན་པ་དང་། སྟོན་པའི་བསྟན་པ་རིན་པོ་ཆེ་མ་འོངས་གདུལ་བྱའི་དོན་དུ་བསྟན་པ་རྣམ་གསུམ་རྗེས་སུ་བཞག་རྒྱུའི་དུས་ལ་བབ་པའི་རྟེན་འབྲེལ་ཕུན་སུམ་ཚོགས་པས་འགྲུབ་ལ་ཉེ་བ་ནའང་། སླར་ཡང་བདུད་སྲིན་གྱིས་འཚེ་བས་བཤིག་པར་བརྩམས་པའི་རྐྱེན་ངན་དེ། རྒྱལ་པོའི་བསོད་ནམས་དང༌།སྟོན་པའི་ཐུགས་བསྐྱེད་རླབས་པོ་ཆེའི་མཐུ་ལ་བརྟེན་ནས་གང་གིས་ཀྱང་མ་ཚུགས་པར་ལེགས་པར་གྲུབ་པ་སྟེ། དེ་ཡང་ཀོང་ཙེ་འཕྲུལ་གྱི་རྒྱལ་པོས་སྟོན་པ་ལ་གསོལ་བ་འདི་ལྟར་བཏབས། “འཇིག་རྟེན་ཁམས་ན་འགྲོ་བའི་དོན་མཛད་པ། །ཐབས་དང་ཐུགས་རྗེ་ལྡན་པ་བཞུགས་ལགས་སམ། །བདག་གི་དཀའ་བ་ཉམས་སུ་བླངས་ནས་ནི། །བཞེངས་པའི་གསས་ཁང་རྒྱ་མཚོར་བརླག་པར་འདུག །དགེ་བའི་སྡོང་གྲོགས་བྱེད་པ་ཡོད་གྱུར་ན། །ད་ནི་ཐུགས་རྗེས་གཟིགས་པའི་དུས་ལ་བབ།།” ཅེས་གསོལ་བ་ནི། རྒྱལ་ས་ཕོ་བྲང་གླིང་བརྒྱད་ཀྱི་མཁར་བར་པོ་སོ་བརྒྱད་ན་སྟོན་པ་བཞུགས་པའི་སྙན་དུ་གསན་ནས། སྟོན་པ་ཉིད་ཀུན་ལས་རྣམ་པར་རྒྱལ་བའི་ཆ་ལུགས་ཞབས་དཀྱིལ་ཀྲུང་ཕྱག་འཇོམས་གཞིལ་གྱི་ཕྱག་རྒྱ་དང་བཅས་འཁོར་གཡུང་དྲུང་སེམས་དཔའ་ཁྲི་དྲུག་སྟོང༌། དགྲ་བཅོམ་ལྔ་སྟོང་ལྔ་བརྒྱ། ཡེ་གཤེན་སུམ་བརྒྱ་དྲུག་ཅུ་དང་བཅས་རྫུ་འཕྲུལ་གྱིས་གསས་ཁང་ཆེན་པོའི་མཐོངས་ལ་བྱོན་པ་ན། བདུད་སྲིན་མ་རུང་བ་རྣམས་ཟིལ་གྱིས་མནན་ནས་ཚར་བཅད། ལ་ལ་འཇིགས་སྐྲག་དང་བཅས་ཏེ་སྲོག་སྙིང་ཕུལ་ནས་བསྟན་པ་བསྲུང་བ་དང་འགྲོ་ལ་གནོད་འཚེ་མི་གཏོང་བར་དམ་བཅས། ཁྱད་པར་དུ་སྲིན་གྱི་རྒྱལ་པོ་ཧ་དྷ་སྐྱེས་གཅིག་ནི། སྟོན་པའི་ཐུགས་རྗེས་ལྷ་རུ་བྱིན་གྱིས་བརླབས་ཏེ་ལྷ་ཆེན་གཅེན་ལྷ་མིག་དགུ་ཞེས་སུ་གསོལ་ནས་བསྟན་པའི་སྲུང་མར་བསྐོས།
གཞན་ཡང་དཔལ་མགོན་བརྒྱ་དང་རྩ་བརྒྱད་འཁོར་དུ་བཞག་པ་དང་། སྟོན་པའི་ཞལ་ནས། ཞི་བར་གྱུར་ཅིག་བདུད་ཀྱི་སྡེ།། སྟོངས་པར་གྱུར་ཅིག་ངན་སོང་གསུམ།། ཞེས་སོགས་གསུངས་པ་དང་། རྒྱལ་པོས་ཀྱང༌། སྟོན་པའི་ཐུགས་རྗེ་ཆེ་བར་ཤོག། ལྷ་ཡི་སྨོན་ལམ་བརྩན་པར་ཤོག། ཅེས་སོགས་ཀྱིས་གསོལ་བ་བཏབས་པས། གསས་ཁང་ཆེན་པོ་མི་ཤིག་གཡུང་དྲུང་འབར་བའི་རང་བཞིན་དུ་བརྟན་ཅིང༌བཞེངས་པའི་འཕྲོ་རྣམས་རྩོལ་མེད་རང་བྱོན་དུ་ལྷུན་གྱིས་གྲུབ་པ་ན། སྟོན་པ་ནི་གསས་ཁང་དབུས་སུ་གདོང་ལྔས་རྣམ་པར་བཏེགས་པའི་ཁྲི་ལ་བཞུགས་ཤིང༌། འཁོར་རྣམས་དང་བསྟན་སྦྱིན་གྱི་རྒྱལ་པོ་བཅས་ལྷན་དུ་དགའ་སྟོན་ཕུན་སུམ་ཚོགས་པའི་ངང་ནས། བསྟན་པ་རྣམ་པ་གསུམ་གཙོས་བོན་གྱི་སྒོ་མོ་བརྒྱད་ཁྲི་བཞི་སྟོང་གཏན་ལ་ཕབ་པ་རྣམས་མ་འོངས་བའི་དོན་དུ་བསྟན་པའི་རྩ་ལག་མཆོག་ཏུ་གྱུར་པའི་གསུང་རབ་གླེགས་བམ་མཐའ་ཡས་པ་ཞིག་འཕྲུལ་གྱིས་བསྐྲུན་ཏེ་རྗེས་སུ་བཞག་ཅིང་རྒྱུད་ཆེན་སྒྱུ་འཕྲུལ་དྲྭ་བ་ཡན་ལག་དང་བཅས་པ་གསུངས་ནས་རབ་གནས་མཛད་དོ།།
རྩོམ་པ་པོ། དབྲ་ཁྱུང་མཁན་པོ། མེ་ལོང་ཡེ་ཤེས་ལས་དྲངས།