དེ་ཡང་《ཞོལ་རྡོ་རིང་གི་ཤར་ངོས་ཡི་གེ》ལས། “བློནཿསྟགཿསྒྲཿཀླུཿཁོངཿ།ནངཿབློནཿཆེནཿཔོཿདངཿཡོཿགལཿའཆོསཿཔཿཆེནཿཔོ། བཀའཿསྩལདཿགྱིསཿགྱངཿ། བཀའཿལུངཿདངཿའདྲཿབརཿ། རྗེསཿབླསཿདཀའཿདགུཿཉམསཿསུཿབླངསསཿཏེཿཕྱིཿནངཿགཉིསཿགྱིཿཆབཿསྲིདཿཁབཿསོཿ(རྡོ་རིང་གི་ཡིག་འབྲུ་གཅིག་མི་གསལ)དཔེནདཿཔཿདངཿཆེཿཆུངཿགཉིསཿལཿདྲངཿཞིངཿསྙོམསཿཏེཿ། བོདཿམགོཿནགཿཔོའིཿསྲིདཿལཿཕནཿཔཿལེགསཿདགུཿབྱསཿསོ།”ཞེས་འབྱུང་བའི། འཕྲུལ་གྱི་ལྷ་བཙད་པོའི་གདུང་རབས་སོ་བརྒྱད་པ་ཁྲི་སྲོང་ལྡེའུ་བཙན་གྱི་བཀའ་ཡི་ཡོ་གོལ་འཆོས་པ་ཆེན་པོ། སྤུ་རྒྱལ་བཙན་པོ་ཚང་གི་རྒྱལ་འབངས་ལ་གློ་བ་དང་སྙིང་ཉེ་བ། བོད་མགོ་ནག་པོའི་ཆབ་སྲིད་ལ་ཕན་པའི་ལེགས་པ་སྣ་དགུ་མཛད་པའི་དཔའ་མཛངས་ཉིས་འཛོམས་ཀྱི་བློན་ཆེན་པོ་ངན་ལམ་སྟག་སྒྲ་ཀླུ་ཁོང་གི་ལོ་རྒྱུས་ཅུང་ཟད་ཅིག་དཔྱད་ཅིང་གླེང་ན།
དེ་ཡང་བློན་ཆེན་པོ་ཁོང་གི་འཁྲུངས་འདས་ཀྱི་ལོ་ཚིགས་སོགས་ལ་འདི་ཡིན་དེ་མིན་གྱི་ཚིག་གསལ་ཐག་ཆོད་པོ་ཞིག་སྨྲ་དགོས་ན་ཤོབ་བཤད་རྒྱུ་ལས་འོས་མེད་པ་རང་རེའི་ལོ་རྒྱུས་ལ་རྒྱུས་ཡོད་ཀུན་གྱིས་ཤེས་གསལ་ལྟར་ལགས་པས། ངས་ཀྱང་ཕངས་སེམས་དཔེ་མེད་དང་བཅས་ཏེ་ས་བཅད་འདི་ཐོད་བརྒལ་གྱིས་བསྐྱུར་ཏེ། གཙོ་བོར་འུ་ཚོའི་“ལོ་རྒྱུས་ཡིག་ཚང”(ཆོས་འབྱུང)རྙིང་པ་དག་ལས་བློན་ཆེན་པོ་ཁོང་དང་། དམག་དཔོན་ཆེན་མོ་ཚེ་སྤོང་ལྷ་བཟང་ཀླུ་དཔལ་དང་། ཞང་བློན་ཆེན་མོ་སྣ་ནམ་མ་ཞང་ཁྲོམ་པ་རྒྱལ་བཅས་ལ་བན་ཆོས་ལ་མི་མོས་པའི་བསྙད་ཀྱིས་“བདུད་བློན”དང་། “སྡིག་བློན”དང་། “ཆོས་ལ་གནག་པ”བཅས་རྣ་ལ་གཟན་པའི་ཚིག་བླ་དྭགས་ཀྱིས་ཡང་ཡང་སྡིགས་ཤིང་དམོད་པར་བྱས་པས་ཕྱི་རབས་ཀྱི་བྱིས་པ་ཅོལ་ཆུང་སྐོར་ཞིག་ཀྱང་དེའི་རྗེས་སུ་ཁྱི་བཞིན་དུ་འདུར་བར་བྱེད་པས་མི་ཚད་སྟག་སྒྲ་ཀླུ་ཁོང་གིས་ཆོས་གོས་མ་གྱོན་པ་དང་ལྷུང་བཟེད་མ་བཅངས་བ་ཡང་ནག་ཉེས་སུ་བགྲང་བར་བརྩམས་པའི་ཉ་ཉུང་མཉམ་བསྲེས་ཀྱི་རིན་ཐང་ལྟ་བས་ཚད་ཤིང་བྱས་པ་དག་མཐོང་ཞིང་། དེ་ལས་ཀྱང་ཚབ་ཆེ་བར་ཆོས་ཀྱི་སློབ་དཔོན་ཁ་ཅིག་(ལྡོང་ཡོན་ཏན་རྒྱ་མཚོ་མཆོག)གིས་བློན་སྟག་སྒྲ་ཀླུ་ཁོང་ལ་བཙན་པོའི་སྐུ་ལ་བསྡོ་བའི་མ་ཉེས་པའི་ནག་འགེལ་ཆེན་པོ་བྱས་ཏེ་འཁོར་གྱི་ནང་དུ་ཧམ་པ་ཤོད་ཀྱིན་པའང་མཐོང་བས། ཤ་ལ་རྒྱག་ན་རུས་གཟེར་བའི་དཔེ་ལྟར་ཁོ་བོ་འདུག་མ་བཟོད་པར་ཨ་མྱེས་བྱས་པ་ཅན་དེའི་མ་ཉེས་པའི་ཞྭ་མོ་ཕུད་པའི་སྐད་ཆ་སྤེལ་བར་དབང་མེད་དུ་འཚང་བར་བྱས་སོ།།
དེ་ཡང་བློན་ཆེན་འདི་པ་ནི། ཧ་ལམ་སྤྱི་ལོ་༧༢༠གཡས་གཡོན་ཞིག་ཏུ་བོད་ཀྱི་རུས་ཆེན་བཞིའི་ཡ་གྱལ་རྨུ་ཡི་རུས་ཚན་ངན་ལམ་ཞེས་པའི་རུས་བརྒྱུད་དུ་ཡབ་ངན་ལམ་ཟླ་གོང་གི་བུ་རུ་སྐྱེས། (དེ་ལྟར་ཡང་ཞོལ་རྡོ་རིང་གི་བྱང་ངོས་ཡི་གེའི་ཕྲེང་༣༨པ་ནས་༤༡པའི་བར་དེེར། “བློནཿསྟགཿསྒྲཿཀླུཿཁོངཿགིཿཕཿཟླཿགོངཿགིཿབུཿཚཿརྒྱུདཿའཕེལདཿརྣམསཿཞངཿལོནཿཡིཿགེཿཔའིཿཐངཿདངཿདམགཿསུམཿརྒྱརཿགནངཿངོ།”ཞེས་བྱུང་། )
ངན་ལམ་སྟག་སྒྲ་ཀླུ་ཁོང་བོད་ཆེན་པོའི་སྲིད་ཀྱི་བྱ་བར་ཆེར་ཞུགས་པའི་དུས་ཚོད་ནི་བཙན་པོ་ཁྲི་ལྡེ་གཙུག་བཙན་མེས་ཨག་ཚོམ་ཅན་དགུང་དུ་གཤེགས་རྗེས་ནས་ལྷ་སྲས་བཙན་པོ་ཁྲི་སྲོང་ལྡེའུ་བཙན་གྱིས་སྲིད་སྐྱོང་བའི་རིང་ལ་ཡིན་པར་ལོ་རྒྱུས་ཀྱི་ཡིག་ཚང་ཁུངས་མ་དག་ལས་གསལ་པོར་ཤེས་ཐུབ་མོད། ཁོང་ཐོག་མར་བོད་བཙན་པོའི་བློན་དུ་ཇི་ལྟར་ཞུགས་པ་དང་། ཐོག་མའི་གོ་ཐོབ་སོགས་ཀྱི་ཐད་ལ་མིག་སྔའི་དཔྱད་གཞི་དག་གིས་ལན་གསལ་པོ་ཞིག་མཁོ་འདོན་ནུས་མེད། ཡིན་ཡང་། དེང་གི་རྡོ་རིང་ཞིབ་འཇུག་པ་ཁ་ཅིག་གིས། ངན་ལམ་སྟག་སྒྲ་ཀླུ་ཁོང་ཐོག་མར་སྐུ་སྲུང་སྟོང་སྡེའི་སྟོང་དཔོན་གྱི་གོ་མིང་དང་ཕྱིས་སྤྱི་ལོ་༧༨༠ཙམ་ནས་བོད་བཙན་པོའི་བློན་ཆེན་གྱི་གོ་མིང་བཟུང་བར་བཤད་ཀྱང་དེ་ནི་ཞོལ་རྡོ་རིང་ལས་བློན་སྟག་སྒྲ་ཀླུ་ཁོང་གི་མཛད་རྗེས་བཟང་པོར་གཟེངས་བསྟོད་དུ་ངན་ལམ་གསས་སླེབས་ཀྱི་བུ་རབས་ཚ་བརྒྱུད་ལས་དམག་དཔོན་བགྱི་བའི་རྔོ་ཐོགས་པ་གཅིག་ནམ་ཞར་འགྱུར་མེད་དུ་སྐུ་སྲུང་འཕན་ཡུལ་བའི་སྟོང་དཔོན་ལ་བསྐོ་རྒྱུའི་ཆད་བྱས་པ་དང་། (དེ་ཡང་། ཞོལ་རྡོ་རིང་གི་བྱང་ངོས་ཡི་གེའི་ཕྲེང་༤༡པ་ནས་༤༧པའི་བར་དེར། “སྐུཿསྲུངསཿའཕནཿཡུལཿཔའིཿསྟོངཿདཔོནཿདུཿགཞནཿསུཿཡངཿམྱིཿགཞུགཿཔརཿབློནཿསྟགཿསྒྲཿཀླུཿཁོངཿགྀཿམྱེསཿཔོཿགསསཿསླེབྶཿགྱིཿབུཿཚཿརྒྱུདཿཕེལདཿལསཿགངཿརྔོཿཐོགཿཔའཿདམངསཿའདྲངཿབཿགཅིགཿསྐུཿསྲུངསཿའཕནཿཡུལཿཔའིཿསྟོངཿདཔོནཿགཡུངཿདྲུངཿདུཿསྩལདཿཔརཿགནངཿངོ་།”ཞེས་བྱུང་།)《བློན་རབས་ཐོར་བུ》ལས་“དེའི་འོག་ཏུ་འགོས་ཁྲི་བཟང་ཡབ་ལག་གྀས་བྱས་སོ།། དེ་ནས་ངན་ལམ་སྟག་སྒྲ་ཀླུ་གོང་གྀས་བྱསོ།། དེ་འི་འོག་ཏུ་སྣ་ནམ་ཞང་རྒྱལ་ཚན་ལྷ་སྣང་གིས་བྱས་སོ”ཞེས་པའི་ཚིག་ཙམ་གྱི་གཞི་བྱས་ནས་ཡིན་ཤག་གིས་ཧམ་པ་ལབ་པ་ལས་ཡིད་རྟོན་ཕེར་བའི་སྐད་ཆ་གང་ཡང་མ་ཡིན། དེ་བས་ང་ཚོས་ལོ་རྒྱུས་ཀྱི་ཡིག་ཆ་ཁུངས་མ་《ཐུ་བྷོད་སྐབས་ཀྱི་རྡོ་རིང་ཡི་གེ》དག་དང་། 《ཏུན་ཧོང་གི་གཏེར་ཡིག》《ཐང་ཡིག་གསར་རྙིང་ལས་ཐུ་བྷོད་གྱི་སྐོར》སོགས་ལ་གཞི་བཅོལ་ནས་ཡིན་ངེས་ངེས་ཀྱི་སྐད་ཆ་བདེན་པ་ཉུང་ཤས་ཤིག་ལབ་ཐུབ་པ་ནི། དེ་ཡང་ངན་ལམ་སྟག་སྒྲ་ཀླུ་ཁོང་སྤུ་རྒྱལ་བཙན་པོའི་ཆབ་སྲིད་ཀྱི་ཇུས་ལ་ཐེ་ཞིང་གཏོགས་པའི་སྐབས་དེ་ནི་རྒྱལ་པོའི་ལམ་ལུགས་ཀྱི་སྤྱི་ཚོགས་ཡོངས་ཀྱི་ཐུན་མིན་ཁྱད་གཤིས་ཏེ་དབང་སྒྱུར་གྲལ་རིམ་ནང་ཁུལ་གྱི་འགལ་བ་ཛ་དྲག་པོའི་སྐབས་ཤིག་སྟེ། སྤུ་རྒྱལ་བཙན་པོའི་སྲིད་གཞུང་ནང་ཁུལ་ནས་སྲིད་ཀྱི་དབང་ཆ་དང་འཇོན་ནུས་ལྷག་ཏུ་ཆེ་བའི་ཆབ་སྲིད་ཆེད་མཁས་ཀྱི་བློན་ཆེན་པོ་འབལ་ལྡོང་ཙབ་དང་ལང་མྱེས་ཟིགས་སོགས་འགའ་ཞིག་སྤུ་རྒྱལ་བཙན་པོར་བློ་ལོག་ཅིང་ཐུ་བྷོད་བཙན་པོའི་རྒྱལ་སྲིད་སློག་པའི་སྦྱོར་བ་རྩོམ་ཞིང་། ༧༥༥ལོར་དངོས་སུ་ལྷ་བཙན་པོ་སུམ་ཅུ་སོ་བདུན་པ་ཁྲི་ལྡེ་གཙུག་བཙན་མཆོག་གི་སྐུ་སྲོག་ལ་གཙེས་ཏེ་སྤུ་རྒྱལ་བཙན་པོའི་སྲིད་དབང་ལ་མགོ་རྟིང་སློག་པའི་འཕོ་འགྱུར་ཞིག་འབྱུང་མ་རག་པ་ལྟ་བུར་བྱས་པ་མ་ཟད། མཐའ་མཚམས་ཀྱི་སོ་ཁ་སྲུང་བ་སོགས་ཕྱི་འབྲེལ་གྱི་གནས་སྟངས་ཀྱང་ཟང་ཟིང་དུ་གྱུར་པ་སྟེ། བཙན་པོ་གོང་མ་འདས་ནས་སྲས་ཆུང་ཁྲི་སྲོང་སྲིད་ཀྱི་ཁྲི་ལ་བཀོད་ནས་རིང་པོ་མ་ལོན་པའི་དུས་དེར་སྔར་ཡབ་བཙན་པོའི་སྐུ་རིང་ལ་ཅི་བགྱིས་བཀའ་ཉན་གྱི་ཚུལ་དུ་ལོ་ལྟར་དར་གོས་སོགས་དཔྱ་ཁྲལ་ཆད་མེད་དུ་བླ་རུ་འབུལ་བར་བྱེད་པའི་ཐང་གི་གོང་མ་ཐང་སུའུ་ཙུང་ལིས་ཧིན་唐肃宗李亨བྱ་བ་ཤི་ནས་གསར་དུ་གོང་མར་བསྐོས་པའི་ཐང་ཏའེ་ཙུང་ལིས་ཡུས་唐代宗李豫བྱ་བས་བཙན་པོ་སྐུ་ན་ཕྲ་བ་དང་ནང་ཁུལ་ལྷིང་འཇགས་མེད་པའི་གླགས་བཙལ་ཏེ་སྔར་གྱི་ཆད་མདོ་རྩིས་མེད་དུ་བྱས་ནས་དཔྱ་ཁྲལ་འབུལ་ཏུ་མ་རུང་། འདི་ལྟ་བུའི་ཕྱི་ནང་གི་འགལ་རྐྱེན་དག་གཅིག་རྗེས་གཉིས་མཐུད་དུ་ཤྭ་འུད་ནང་བཞིན་དྲག་ཏུ་འབྲུབ་བྱུང་བས་བོད་མགོ་ནག་པོའི་ཆབ་སྲིད་བརླག་ལ་ཉེ་བའི་སྐབས་འདིར་སྤུ་རྒྱལ་བཙན་པོ་ཚང་ལ་ཆེས་མཁོ་བ་ནི་གློ་བ་དཀར་ཞིང་མཛངས་ལ་དཔའ་བའི་སྡོང་གྲོགས་འགའ་ཞིག་འབྱུང་རྒྱུ་ལས་གཞན་ཅི་ཞིག་སྟེ། དེ་ནི་སྲས་ཁྲི་སྲོང་གི་སྲིད་དབང་རྒྱུན་སྐྱོང་གི་དགོས་མཁོ་ཙམ་མ་ཟད་བོད་མགོ་ནག་པོའི་ཁབ་སོ་སྐྱོང་བའི་འཚོ་ཚིས་ལ་ཆེས་གཉག་པའི་སྲོག་རྒྱུན་ཉག་མ་གཅིག་ཏུ་ངེས་པས་སོ།། ཏག་ཏག་སྐབས་འདིར་ཕ་ངན་ལམ་ཚང་གི་བརྒྱུད་དུ་སྐྱེས་ཤིང་། གདོང་དམར་པོ་ཚང་གི་ཁྲག་རྒྱུན་ཁོལ་བའི་དཔའ་མཛངས་གཉིས་ལྡན་གྱི་བུ་རྒོད་པོ་སྟག་སྒྲ་ཀླུ་ཁོང་མཆོག་ལོ་རྒྱུས་ཀྱི་ཡིག་ཚང་ལས་གླག་རྒོད་པོ་བཞིན་དུ་འཇུམ་བྱུང་ལ་སྤྱང་དར་མ་བཞིན་དུ་ཐོལ་གྱིས་ཐོན་བྱུང་། དེ་ཡང་ཁོང་གིས་དཔའ་བའི་དཔུང་དང་མཛངས་པའི་གཡོ་ཡི་ཐབས་ཇུས་དུ་མ་ལ་བརྟེན་ནས་འཕྲུལ་གྱི་ལྷ་བཙན་པོ་ཆུང་ཆུང་གང་དེེར་ལྷག་བསམ་རྣམ་དག་གིས་རོགས་དན་བགྱིས་ཏེ་ནང་ཁུལ་གྱི་ངོ་ལོག་པ་དག་རབས་དང་བཅས་པ་ཚར་བཅད་པའི་བྱས་པ་ནི་བཙན་པོ་ཚང་གི་ལོ་རྒྱུས་ཀྱིས་མི་བརྗེད་པའི་མཛད་བཟང་དུ་ངེས་པ་《མཛད་རྗེས་རྡོ་རིང་གི་ཡི་གེ》འབའ་ཞིག་ལས་ཀྱང་སླ་མོར་རྟོགས་ནུས་པས་མང་དུ་སྨྲ་བས་ཅི་བྱ། ཡར་ཀླུང་ཐུ་བྷོད་ཚང་གི་གདོང་དམར་སྲིན་པོའི་བུ་རྒྱུད་ཅིག་དེ་ཙམ་གྱིས་བློ་ཡི་མགུ་ཁ་ཡོངས་སུ་གང་ནས་ཕྱི་ཡི་བརྙས་བཅོས་སྣང་མེད་དུ་བཞག་ནས་ལྟོ་བ་གསོ་བཞིན་སྡོད་པ་ནི་གནས་མེད་ཅིང་དཔེ་མི་སྲིད་པས། བློན་ཆེན་པོ་ངན་ལམ་སྟག་སྒྲ་ཀླུ་ཁོང་དང་མཆིམས་རྒྱལ་ཟིགས་ཤུ་འཐེང་སོགས་ཀྱིས་རྒྱ་རྗེ་ཐང་ཏའེ་ཙུང་ལིས་གཡུད་唐代宗李豫ཀྱི་ཁྲི་ལོ་དང་པོ་མ་འདས་པར་དཔྱ་བཅད་པའི་ལན་དུ་མཐའ་མཚམས་ནས་རིམ་གྱིས་རྒྱལ་ས་ཁྲང་ཨན་གྱི་གསེར་ཁྲི་ལ་མ་ཐུག་གི་བར་དུ་དམག་དཔུང་དྲངས་ཏེ་རྒྱ་རྗེ་ཐང་གོང་མའི་གཅིན་པ་གོས་ཐུང་གིས་མ་ཚོགས་ཤིང་བྲོས་ལམ་ན་རྩྭ་མི་སྐྱེ་བ་ཞིག་བཟོས་པའི་ལོ་རྒྱུས་ནི་“སྤྲུལ་པའི་དམག་གིས་ཕ་རོལ་འཇོམས”པའི་རིག་བྱེད་ཀྱི་གཏམ་རྒྱུད་ཙམ་དུ་མ་བས་པར་དངོས་ཡོད་མི་ཡི་འཇིག་རྟེན་དུ་ཁྲག་དང་རྔུལ་ཆུས་བྲིས་པའི་ལོ་རྒྱུས་ཏེ་ལག་པས་རེག་རྒྱུ་དང་མིག་གིས་མཐོང་རྒྱུ་ཡོད་པའི་དོན་དངོས་ཤ་སྟག་གོ། (དེ་ཡང་དེ་དག་གི་བྱུང་བ་ནི། 《ཞོལ་རྡོ་རིང་ལྷོ་ངོས་ཀྱི་ཡི་གེ》ཕྲེང་༣པ་ནས་༢༠པའི་བར་དེེར། “ངན་ལམ་ཀླུ་ཁོང་གིས་གློ་བ་ཉེ་བའི་རྗེ་བླསཿབྱསཿཕ། འབལཿལྡོངཿཙབཿདང། ལང་མྱེསཿཟིགསཿབློན་པོ་ཆེན་ཕོ་བྱེད་བྱེད་པཿལསཿགློཿབཿརིངསཿནས། བཙནཿ་ཕོཿཡབཿཁྲིཿལྡེཿགཙུགཿརྩནཿགྱིཿསྐུཿལཿདརད་ཏེཿདགུངཿདུཿགཤེགསཿསོ།། བཙནཿཕོཿསྲསཿཁྲིཿསྲོངཿལྡེཿབརྩནཿགྱིཿསྐུཿལཿནིཿདརདཿདུཿཉེ། བོད་མགོཿནགཿཔོའིཿསྲིདཿནིཿའཁྲུགཿདུཿབྱེདཿཔཿལས། ཀླུཿཁོངཿགིས། འབླཿདང་། ལངཿགློཿབཿརིངསཿཔའྀ་གཏྣཿགཙིགསཿབཙནཿཕོཿསྲསཿཁྲིཿསྲོངཿལྡེཿབརྩནཿགྱིཿསྙནཿདུཿགསོལད་ནྶཿའབལཿདང་། ལང་གློཿབཿརིངསཿབདེནཿཔརཿགྱུརདཿཏེ། ཁོང་ཏཿནིཿབཀྱོནཿཕབཿསྟེ། ཀླུཿཁོངཿགློཿབཿཉེའོཿ”ཞེས་བྱུང་།)
སྐབས་འདིའི་དོན་ལ་གོང་དུ་ཞུས་པ་ནང་བཞིན་《བོད་ཆེན་པོའི་སྲིད་ལུགས་དང་འབྲེལ་བའི་རྒྱལ་རབས་དེབ་ཐེར་དཀར་པོའི་ཟིན་བྲིས་དཔྱོད་ལྡན་སྨྲ་བའི་འབབ་སྟེགས་ཞེས་བྱ་བ།》ཞེས་པའི་དཔེ་ཆ་ལས། “རྩེ་ཞོལ་རྡོ་རིང་། _____ལྷ་སའི་རྩེ་པོ་ཏ་ལའི་ཞོལ་གྱི་རྡོ་རིང་སྟེ་རྒྱལ་པོ་ཁྲི་སྲོང་ལྡེ་བཙན་གྱིས་བཙུགས། འདིའི་ལྷོ་ངོས་སུ་ཁྲི་ལྡེ་གཙུག་བརྟན་ནམ་མེས་ཨག་ཚོམ་བློན་ངན་ཀླུ་ཁོང་གིས་བཀྲོངས་ཚུལ་དང་།”ཞེས་བློན་ཆེན་པོ་སྟག་སྒྲ་ཀླུ་ཁོང་ལ་ཉེས་པ་གསེེར་གྱི་ས་གཞིས་མི་ཐེག་པའི་ཁག་ངན་འགེལ་བའི་ཤོབ་ཆེན་པོ་འཛེམ་མེད་དུ་ལབ་པར་བྱེད་དོ།།
མ་གཞི་འདི་ནི་མིག་མ་ལྡོང་བའི་ཀློག་པ་པོ་ཞིག་ཡིན་ཕྱིན་ཤོབ་ཀྱི་གོ་སྐབས་གཞི་ནས་སྟོང་བ་ཞིག་ལགས་མོད། འོན་ཏེ་ཁོང་གིས་འདི་ལྟར་ཤེས་ཤེས་རིག་རིག་ལ་སྡིག་པ་མིག་བཙུམས་མཛད་པ་ནི་བོད་ཀྱི་ལོ་རྒྱུས་ཀློག་པ་པོ་དག་ལ་མཐོང་ཆུང་གིས་བརྙས་ལས་ཚད་མེད་པ་ཞིག་བྱས་པ་མིན་ན། “ཆོས་ལ་གནག”པའི་སྙིང་ནད་རྩོད་པའི་སྦྱོར་བ་ཡ་ང་བ་དེས་ལོ་རྒྱུས་ལ་ནག་རིས་གཏོད་པའི་བྱ་ཐབས་རྙིང་པའི་རོ་གོག་དེ་བསྐྱར་དུ་ལངས་བཅུག་པ་ལས་གཞན་ཅི་ཞིག དེ་ནི་གང་ལྟར་ཡང་དེ་རིང་ངས་བློན་ཆེན་པོའི་རྒྱུས་ཅུང་ཟད་ཅིག་སྨྲ་བའི་གོ་བར་འདིར་གསལ་བཤད་ཡང་དག་ཅིག་ཞུས་པ་ཙམ་ཡིན།
(དེ་ཡང་རྒྱའི་རྒྱལ་ས་བཅོམ་པའི་ཚུལ། 《ཐང་ཡིག་རྙིང་མ་ལས་ཐུ་བྷོད་ཀྱི་སྐོར》ལས་“ཐང་ཏེད་ཙུང་ལི་ཡུས། ཀོང་ཏེ་ཁྲི་ལོ་དང་པོའི་ཟླ་བཅུ་པར། བྷོད་ཀྱིས་འ་ཞ་དང་ཏང་ཞང་གི་འཇང་པ་བསྡོམས་པས་དམག་ཁྲི་ཚོ་ཉི་ཤུ་ལྷག་ཁྲིད་དེ། ལུང་ཀོང་ཏུའུ་ནས་ཤར་ཕྱོགས་སུ་རྒོལ་བར་འོངས། གོང་མ་ཧྲན་ཀྲིག་ཏུ་ཕེབས། རྒྱལ་ས་ཁྲང་ཨན་ཤོར། བྷོད་ལ་མགོ་བཏགས་པའི་དམག་དཔོན་ཀོ་ཧོས་བྱ་བས་བྷོད་དམག་ཁྲིད་དེ་ཧྲང་ཏུའུ་མཁར་དུ་སླེབས། བྷོད་ཀྱི་དམག་དཔོན་ཆེན་པོ་སྟག་སྒྲ་ཀླུ་ཀོང་སོགས་ཀྱིས་པཱིན་ཝང་གི་སྲས་ཀོང་ཝུའུ་ཝང་ལི་ཁྲིན་ཧུང་བྱ་བ་གོང་མར་བསྐོས།”ཞེས་དང་། 《ཐང་ཡིག་གསར་མའི་ཐུ་བྷོད་ཀྱི་སྐོར》ལས། “ཐང་ཏེད་ཙུང་ལི་ཡུས། པའོ་ཡིན་ཁྲི་ལོ་དང་པོ། བོད་དམག་གིས་ལིན་ཐའོ་བཅོམ། ཆིན་ཀྲིག་དང་། ཁྲིན་ཀྲིག ཝེ་ཀྲིག་སོགས་དབང་དུ་བསྡུས།”ཞེས་དང་། 《ཏུན་ཧོང་གི་ཡིག་ཚང》ལས། “དགུན་སྨད་དུ་རྒྱ་ཇེ་ནོངས་ནས། རྒྱ་རྗེ་གསར་དུ་བཅུག་པ། དཔྱའ་དར་དང་ས་རིས་ལས་སྩོགས་པ་འབུལ་དུ་མ་རུང་ནས། ཆབ་སྲིད་ཞིག་ནས་ཞང་རྒྱལ་ཟིགས་དང་ཞང་སྟོང་རྩན་ལས་སྩོགས་པས། བུམ་ལིང་ལྕག་ཟམ་རྒལ་ཏེ། དྲ་ཅེན་དྲང་སྟེ་འབུ་ཤིང་ཀུན་དང་ཟིན་ཅུ་དང་ག་ཅུ་ལས་སྩོགས་པ། རྒྱའི་མཁར་མང་པོ་ཕབ་སྟེ་ཞང་རྒྱལ་ཟིགས་སླར་བོད་ཡུལ་དུ་མཆིས་ཏེ། ཞང་རྒྱལ་ཟིགས་དང་། བློན་སྟག་སྒྲ་དང་། ཞང་སྟོང་རྩན་དང་། ཞང་བཙན་པ་ལས་སྩོགས་པས། ཀེང་ཤིར་དྲ་མ་དྲང་སྟེ་ཀེང་ཤི་ཕབ། རྒྱ་རྗེ་བྲོས་ནས། རྒྱ་རྗེ་གསར་དུ་བཅུག་ནས་དྲ་མ་སླར་ལོག”ཅེས་དང་། “རྗེ་བློན་མོལ་ཏེ། ཞང་མཆིམས་རྒྱལ་ཟིགས་ལ་སྩོགས་པས་རྒྱ་འྀ་མཁར་ཀིང་ཤྀ་ཕབ་སྟེ། རྒྱ་རྗེ་གྭང་བུ་ཧང་ཏེ་(广武皇帝དེ་གྱིམ་ཤིང་ཀོང་ཇོའི་དབོན་李承宏)བསྐོས་སོ།།” ཞེས་དང་། 《ཞོལ་རྡོ་རིང་གི་ལྷོ་ངོས་ཡི་གེ》ཕྲེང་༢༥པ་ནས་༣༣པའི་བར་དེར། “(སྟག་སྒྲ་ཀླུ་ཁོང)རྒྱའིཿསྲིདཿགྱྀཿཉམཿདྲོདཿརྟོགཿཅིང་། ཁརཿཙནཿཕྱོགསཿསུཿཐོགཿམཿདྲངསཿཔའིཿདམགཿདཔོནཿདུ། བཀའཿསྩལདཿགྱིསཿགྱངཿདགྲའཿཐབསཿམཁསཿལཿགྲོསཿཀྱིསཿསོངཿདེ། རྒྱའིཿཁམསཿསུཿགཏོགསཿཔའྀཿའཿཞཿདངཿཔོཿབསྡུས། རྒྱཿལསཿམནངསཿཕལཿསཿཆཿབཅདཿཔས། རྒྱཿསྤཿགོངཿསྟེ། རྒྱའྀཿཁམསཿསུཿགཏོགསཿཔཿདབྱརཿམོཿཐང་……(འདིའི་མན་རབ་གཅིག་ལ་རྡོ་རིང་གི་ཡི་གེ་མི་གསལ)”ཞེས་དང་། དེའི་འོག་ཏུ་ཕྲེང་༤༢པ་ནས་༦༤པའི་བར་དེར། “བཙནཿཕོཿཁྲྀཿསྲོངཿལྡེཿབརྩནཿཐུགསཿསྒམསཿལའཿབཀའཿགྲོསཿགྱྀཿརྒྱཿཆེཿབས། ཆབཿསྲྀདཿགརཿམཛད་དོཿཅོགཿདུའངཿལེགསཿསྟེཿ། རྒྱའྀ་ཁམསཿསུཿགཏོགསཿཔའྀཿཡུལཿདངཿམཁརཿམངཿཔོཿབཅོམཿསྟེཿབསྡུསཿནས། རྒྱཿརྗེཿཧེའུཿའགྀཿཝངཿཏེཿརྗེཿབློནཿསྐྲགཿསྟེ། ལོཿགཅིགཿཅིངཿརྟགཿཏུཿདཔྱཿདརཿཡུགཿལྔཿཁྲིཿཕུལཿཏེ། རྒྱཿདཔྱའཿའཇལཿདུཿབཅུགཿགོ། དེའྀཿའོགཿདུ། རྒྱཿརྗེཿཡབཿཧེའུཿའགྀཿཝངཿཏེཿགྲོངསཿསྟེ། རྒྱཿརྗེཿསྲསཿཝངཿབེངཿཝངཿརྒྱལཿཔོརཿཞུགསཿནས། བོདཿལཿདཔྱའཿའཇལཿདུཿམཿརུངཿསྟེཿབཙནཿཕོཿཐུགསཿསྙུངཿབའྀཿཚེཿངནཿལམཿཀླུཿཁོངཿགིས། རྒྱཿཡུལཿགྱྀཿཐྀལད་། རྒྱཿརྗེའྀཿཕོཿབྲངཿཀེངཿཤིར་། བོདཿགྱྀསཿདམགཿདྲངཿབའྀཿབཀའཿགྲོསཿགྱྀཿམགོཿཆེནཿཕོཿགསོལདཿནྶཿ། ཀེངཿཤིརཿདྲངཿབའྀཿདམགཿདཔོནཿཆེནཿཕོར། ཞངཿམཆིམསཿརྒྱལཿརྒྱལཿཟིགསཿཤུཿཐེངཿདང་། བློནཿསྟགཿསྒྲཿཀླུཿཁོངཿགཉིས། བཀའཿསྩལདཿཏེཿ། ཀེངཿཤྀརཿདྲངསཿནསཿཅིའུཿཅྀརཿགྱྀཿརབཿངོགསཿསུཿརྒྱཿདངཿཐབཿམོཿཆེནཿཔོཿབྱསཿཏེ། བོདཿགྱིསཿགཡུལཿབཟློགཿནས། རྒྱཿམངཿཔོཿབཏུངསཿཔས། རྒྱཿརྗེཿཀྭངཿཔེངཿཝངཿཡང་། ཀེངཿཤྀའིཿམཁརཿནསཿབྱུངཿསྟེའ། སཤེམཿཅིའུརཿབྲོསཿནས། ཀེངཿཤྀཿཕབཿསྟེཿརྒྱཿརྗེའྀཿནངཿབློནཿའགྱེའུཿནཿཀེངཿལསཿསྩོགསཿཏེཿདོངཿཀྭནཿདངཿ……(འདིའི་མན་ཡང་ཕྲེང་རབ་གཅིག་མི་གསལ)” ཞེས་བྱུང་།) དེ་དག་ནི་ལོ་རྒྱུས་ཁུངས་མ་ལ་ཡིག་ཚང་ཁུངས་མས་དཔང་པོ་བྱས་པའི་གསེེར་ནག་གི་ཡིག་འབྲུ་ལྕི་མོ་དག་གོ།
དེ་ལྟ་བུའི་བོད་ཆེན་པོའི་སྲིད་ཀྱི་དབུ་རྨོག་བཙན་པོ་སླར་ཡང་མཁའ་ལ་བཏེགས་པའི་རླབས་ཆེན་གྱི་མཛད་རྗེས་ལ་བསམ་ཤེས་པའི་མི་བུ་སུ་ཞིག་གིས་བསྟོད་པའི་བསྔགས་པ་མི་བརྗོད་དེ། མཁས་དབང་དགེ་འདུན་ཆོས་འཕེལ་གྱིས། “གཏུམ་དྲག་དཔའ་བོའི་སྙིང་རྩ་རལ་བྱེད་པའི།། གདོང་དམར་དམག་གི་ཀི་སྒྲ་གསན་པ་ན།། གནམ་གྱིས་བསྐོས་པའི་ས་ཡི་ཚངས་པ་ཡང་།། གཡོ་མེད་གསེར་གྱི་ཁྲི་ལས་བཤོལ་ཏེ་བྲོས།།”ཞེས་གསུངས་པ་ཡང་ལྷ་དང་མི་དང་ལྷ་མ་ཡིན་དང་བཅས་པའི་འཇིག་རྟེན་ཡི་རངས་དགོས་པའི་བདེན་པ་ཆེན་པོའི་ཚིག་ཤ་སྟག་གོ།
དེ་ནས་རང་རེའི་ཆོས་འབྱུང་རྙིང་པ་དག་ཏུ་བློན་ཆེན་པོ་ངན་ལམ་ཚང་ལ་ཉེས་མིང་སྣ་དགུ་བཏགས་ཏེ་སྙིང་ནད་དྲག་པོ་དང་བཅས་པས་རྩྭ་ཐག་རྩུབ་མོས་གྲུ་གུ་བཞིན་དུ་བཀྱིགས་ཏེ་སྐུ་ཤ་རྗེན་པར་སྐྱེར་ལྕག་གིས་བར་མཚམས་མེད་པར་རབ་ཏུ་བྲབ་ཅིང་མཐའ་ལ་སྤྱུག་པར་བྱས་པའི་བསམ་ངན་སྦྱོར་རྩུབ་ཅིར་ཡང་ལག་ཏུ་བསྟར་བ་ཡང་ཁུངས་ལུང་མེད་པར་རྩོམ་པ་པོ་དག་གི་ཚིགས་མགོ་རྡོ་ལ་བརྡར་བའི་བརྟུལ་ཞུགས་ཙམ་དུ་བས་སོ།། (དེ་ཡང་། 《མཁས་པའི་དགའ་སྟོན》ལས། “ཏ་ར་ཀླུ་གོང་ཆོས་ལ་གནག་པས་སྦ་ལྕག་ས་ལ་བརྡབས་ནས་ལྷ་ཁང་རྩིག་པ་དེ་ཆོས་ཡིན་པས་ང་མི་དགའ་ངེད་རང་བོན་བྱ་ཟེར་བས། རྗེས་ཞལ་ནས་ངའི་བཀའ་གཅོག་པ་ཏ་ར་བྱང་དུ་སྤྱུགས་ཤིག་གསུང་བས་འབངས་སྒབ་གཉིས་ཀྱིས་རྩྭ་ཐག་གིས་བཏགས་ཏེ་ཚེེར་ལྕག་གིས་འབྲབ་ཅིང་བྱང་དུ་སྤྱུགས་སོ།།”ཞེས་བྱུང་།)
འདི་དང་འདི་ལྟ་བུའི་བྱིས་པ་ནར་མ་སོན་པའི་སྐད་ཆ་འདྲ་བ་དག་ནི་རང་རེའི་“ལོ་རྒྱུས”ཀྱི་དཔེ་ཆ་རྙིང་པ་དག་ལས་“རིག་བྱེད་ཀྱི་གཏམ་རྒྱུད”དང་བསྡེབས་ནས་འབྱུང་བ་ལ་ནི་ཚོད་ཅིག་མེད་མོད། དེ་ཡང་། བྷོད་ཆེན་པོའི་ཆབ་སྲིད་ཀྱི་གྲོས་ལ་གཏོགས་པ། ཐོབ་ཀྱི་གོ་མིང་ལ་བློན་ཆེན་པོ་ཞེས་འབོད་ཀྱང་དོན་ལ་བཙན་པོ་དང་ཁྱད་ཆེར་མ་མཆིས་(《བློན་པོ་བཀའི་ཐང་ཡིག》ལས། “བློན་པོའི་འཕྲུལ་ཆེ་བ། རྒྱལ་མཆོག་ཡེ་ཤེས་འཕྲུལ་གྱི་རྒྱལ་མ་བློན། ངན་ལམ་རྟ་ར་ཀླུ་གོང”)པའི་ངན་ལམ་པ་ལྟ་བུའི་ཆབ་སྲིད་ཆེད་མཁས་པ་ཞིག་གིས་མི་སྒེེར་གྱི་དད་མོས་འདུ་ཤེས་ཙམ་ཞིག་གཙིགས་སུ་བཟུང་ནས་ཆེས་མཐོའི་སྲིད་ཀྱི་གོ་ས་འཛིན་པའི་མི་སྣ་བཙད་པོ་མཆོག་དང་བློན་ཆེན་པོ་འགོས་ལྟ་བུ་དག་ལ་ཐད་ཀར་འགལ་བ་སློང་མི་སྲིད་པ་ནི་བསམ་པ་ཙམ་གྱིས་གོ་ནུས་པའི་དོན་ཆུང་ཞིག་ཏུ་ངེས་ཤིང་། མ་ཟད་ཡིག་ཚང་རྙིང་པ་དག་བསྡུར་ཞིང་ཀློག་པ་ལས་མངོན་ཐུབ་པ་ཞིག་ནི། ཆབ་སྲིད་པ་ངན་ལམ་ཀླུ་ཁོང་དང་ཚེ་སྤོང་ཀླུ་རྒྱལ་ལྟ་བུ་དག་གི་མིག་ནང་ན་ཆོས་ལུགས་ཀྱི་དད་མོས་དང་ཆོ་ག་སོགས་ནི་“དགོས་དུས་བླ་མ་དང་མི་དགོས་དུས་གཏོར་མ”ཞེས་པའི་དཔེ་ལྟར་ཆབ་སྲིད་ཀྱི་ལག་ཆ་སྟབས་བདེ་ཙམ་ཞིག་ལས་གཞན་གང་ཡང་ཡིན་ཚོད་མི་འདུག་སྟེ། ཁོང་ཚོས་སྐབས་འགར་བན་ཆོས་ལ་དད་མདོག་གིས་ཨུ་རྒྱན་ཆེན་པོར་ཕྱག་འཚལ་བཞིན་ཡོད་ལ། སྐབས་རེར་ལྷ་ཁང་དང་མཆོད་རྟེན་ཡང་བཞེངས་མྱོང་ཡོད། ཡང་སྐབས་འགར་བོན་ཆོས་ལ་དད་མདོག་གིས་ཤྭ་བ་བསད་དེ་དམར་མཆོད་ཀྱང་འབུལ་གྱིན་འདུག་པས་སོ།། (དེ་ཡང་། 《རྒྱལ་པོ་བཀའི་ཐང་ཡིག》ལས། “སློབ་དཔོན་རྒྱལ་པོ་རྗེ་འབངས་དྲུང་དུ་བསྡད།། ཆེ་བགྲེས་བློན་པོ་རྣམས་ཀྱང་འདུས་ནས་ནི།། བློན་ཆེན་དམག་དཔོན་ལྷ་བཟང་ཀླུ་དཔལ་དང་།།……ཞེས་པ་ནས་བློན་ཆེན་བགྲེས་པོ་རྟ་ར་ཀླུ་གོང་དང་།། བློན་པོ་རྣམས་ཀྱིས་ཕྱག་བྱས་ཟུག་ལ་ནེམ།།”ཞེས་དང་། “མཆོད་རྟེན་ནག་པོ་མཆོད་རྟེན་སྟོང་གིས་བརྒྱན།། སྐྱོང་བའི་སྲུང་མ་མཁའ་འགྲོ་ལྕགས་མཆུ་ཅན།། བཞེངས་པའི་ལག་ལེན་རྟ་ར་ཀླུ་གོང་ཡིན།།”ཞེས་དང་། “མཆོད་རྟེན་ནག་པོའི་བུམ་པའི་ཤར་ངོས་ན། སོ་ཕག་སུམ་བརྩེགས་ཤིག་ལ་བློན་ཆེན་རྟ་ར་ཀླུ་གོང་གི་ཕྱག་རྗེས་སོར་མོ་གསལ་ལམ་མེ་བ་གཅིག་ཡོད།”ཅེས་སོགས་འབྱུང་བ་དང་། 《པདྨ་བཀའ་ཐང》ལས། “མཆོད་རྟེན་ནག་པོ་ཏ་ར་ཀླུ་གོང་བཞེངས༔ དེ་ཡང་སྐུ་གདུང་དག་གིས་ལེགས་པར་བརྒྱན༔”ཅེས་འབྱུང་བ་དང་།《ནེའུ་པཎྚི་ཏས་མཛད་པའི་སྔོན་གྱི་གཏམ་མེ་ཏོག་ཕྲེང་བ》ལས། “ཚེ་སྤོངས་ལྷ་བཟང་ཀླུ་དཔལ་གྱིས་ནེ་ནེ་མོ་སྤྱན་ལོང་པའི་བསོད་ནམས་ཀྱི་རྟེན་དུ་སྦོ་ཐོང་བྱ་རྒོད་གཤོངས་ཀྱི་ལྷ་ཁང་བཞེངས་སུ་གསོལ་ལོ”ཞེས་བྱུང་།)
གཞན་དུ་སྟག་སྒྲ་ཀླུ་ཁོང་ཚེར་མས་བྲབ་སྟེ་མཐའ་ལ་སྤྱུག་ཅེས་པའི་སྐད་ཆ་འདིའི་རྫུབ་རྐུབ་འདིས་ཀྱང་རྟོལ་བར་བྱེད་དེ། གལ་ཏེ་སྟག་སྒྲ་ཀླུ་གོང་བསམ་ཡས་བཞེངས་པའི་སྔ་རོལ་ཏུ་མཐའ་ལ་སྤྱུགས་ཟིན་ན་སློབ་དཔོན་ཆེན་པོ་སྐུ་དངོས་ཀྱིས་ཇུས་སྟོན་པའི་པེ་ཀར་གླིང་དུ་ཧོར་གྱི་ཡུལ་ནས་ནང་རྟེན་ཇག་ལ་གཅོད་པའི་གོ་སྐབས་དེ་གཏན་ནས་མེད་དགོས་ཤིང་། གཡའ་མ་ལུང་དུ་སློབ་དཔོན་ཆེན་པོས་རྒྱལ་པོར་ཚེ་དབང་སྐུར་རྩིས་ལ་ངན་ཇུས་སུ་དོགས་པའི་གྲོས་ཀྱི་གླེང་སློང་བའི་གོ་སྐབས་ཀྱང་མེད་དགོས་མོད། འོན་ཀྱང་དེ་ལ་སོགས་པ་གལ་ཆེ་ཞིང་བྷོད་བཙན་པོའི་སྐྱིད་སྡུག་གི་འགག་ལ་ཐུག་པའི་སྐབས་སུ་བློན་བགྲེས་པོ་ཁོང་མ་བོས་རང་བྱོན་གྱི་ཚུལ་དུ་ཐོག་དང་པོར་ཕེབས་ནས་ཡོད་དེ། 《མཁས་པའི་དགའ་སྟོན》ལས། “བི་ཧར་གླིང་དུ་རྒྱལ་པོའི་རྟེན་བཅས་ཏེ།། ཏ་ར་ཀླུ་གོང་ལ་སོགས་དམག་དཔུང་གིས།། ཧོར་གྱི་སྒོམ་གྲྭ་བཅོམ་ནས་རྟེན་རྣམས་ཁྱེེར།།”ཞེས་དང་། 《པདྨ་བཀའ་ཐང》ལས། “བྷ་ཏ་ཧོར་གྱི་སྒོམ་གྲྭ་བཅོམ་པ་ན༔ པེ་ཧར་ཀ་ཅའི་ཕྱི་ལ་འབྲངས་ནས་འོང༔ ང་ཡིས་པེ་ཀར་གླིང་དུ་རྟེན་འཛུགས་གསུངས༔ དེ་ནས་བྷ་ཏར་དམག་རྒྱབ་སྒོམ་གྲྭ་བཅོམ༔” ཞེས་བྱུང་། 《རྒྱལ་པོ་བཀའི་ཐང་ཡིག》ལས། “(བཙན་པོ)དབུ་རྩེ་ནས་གཡའ་མ་ལུང་དུ་སློབ་དཔོན་གྱི་སྤྱན་སྔར་གཤེགས་པར་སྒོ་དྲུང་དུ་སླེབས་པའི་དུས་སུ། བློན་ཆེན་ཀླུ་དཔལ་གྱིས་བློན་པོ་རྣམས་སྦྲན་ཏེ། བློན་ཆེན་པོ་རྟ་ར་ཀླུ་གོང་དང་། བློན་ཆེན་པོ་རྡོ་རྗེ་སྤྲེ་ཆུང་དང་། སོགས་ནས་བློན་ཆེན་པོ་ཁྲི་བཟང་ཡབ་ལྷ་རྣམས་ཀྱིས་གྲོས་བྱས་པ་ལ། ཀླུ་དཔལ་དང་ཀླུ་གོང་གཉིས་གསུང་མཐུན་པར། མཐའི་མོན་བུ་འདོད་པ་ཅན་འདིས། རྒྱལ་པོ་བླུན་རྨོངས་ཕག་གདོང་འདྲ་བ་འདི་ལ་རྩི་གཏོང་བར་འདུག་པས་ཤོལ་ཐོབ། བདག་བློན་པོ་སེང་གེ་འདྲ་བ་རྣམས་ལའང་འོང་ཉེན་ཡོད་པས། སོ་སོའི་གཉེན་པོ་བསྟེན་ཞེས་སྨྲའོ།།”ཞེས་བྱུང་། གང་ལྟར་ཡང་ཆོས་ལ་དུང་བའི་ཞེན་གོག་གི་བག་ཆགས་རབ་ཏུ་མཐུག་ཅིང་། མ་ཟད་ཞེན་ལུགས་ཞེན་སྟངས་ཀྱང་ཀུན་ནས་ཧ་ཅང་ཐལ་དྲགས་ཏེ་ཁ་དོག་ཡིན་ན་དཀར་པོ་ཡིན་པས་བཙན་གྱིས་ཁྱབ་དགོས་པའི་བན་རྒན་དབུ་སྲ་མོ་འགའ་ཞིག་གིས། ཆབ་སྲིད་ཀྱི་ཁེ་ཕན་སྙིང་དང་མིག་ཏུ་བྱས་ཏེ་སུ་ལ་ཡང་དོགས་པའི་སོམ་ཉི་རབ་ཏུ་སྐྱེན་པར་བྱེད་པའི་བློན་པོ་མཛངས་པ་ཁྲ་དང་གླག་དང་སྤྱང་ཀི་ལྟ་བུ་འདི་དག་གི་བྱེད་སྤྱོད་ཀྱིས་རང་གི་དད་མོས་འདུ་ཤེས་ལ་ཕོག་ཐུག་ཅུང་ཟད་རེ་བཏང་བ་ལ་ཁོང་ཁྲོའི་མེ་ལྕེས་དོན་དངོས་ཀྱི་ཡིན་ལུགས་རྨང་ནས་བསྲེགས་ཏེ་བསད་པ་དང་བསྐྲད་པ་དང་བརླག་པ་དང་བཅོམ་པ་སོགས་ཀྱི་ཡ་ང་ཞིང་ཡིད་སྐྱོ་བའི་སྨྱུ་གུའི་གཡུལ་གྱི་སྦྱོར་བ་རྩུབ་མོ་དག་བསམ་བཞིན་དུ་དངོས་སུ་བརྩམས་སོ།།
ཡང་དེང་སང་མགོ་བདེ་བ་(དེབ་དཀར་ཟིན་བྲིས་བྱེད་པོ)ཁ་ཅིག་གིས། དེ་ལྟར་བལྟས་བལྟས་ལ་རྫུན་གྱི་རྐུབ་ནག་དམར་རྗེན་དུ་བུད་ཡོང་དུས་སྐྱག་མགོ་ས་འགེབ་ཀྱི་སྦྱོར་བ་དང་དུ་བླངས་ཏེ་སྟག་སྒྲ་ཀླུ་ཁོང་དཀར་པོ་ཞིག་དང་ནག་པོ་ཞིག་གཉིས་ཆེད་དུ་བཙལ་ནས་བཙན་པོའི་རྡོ་རིང་ལ་ངོ་སོ་ཅུང་ཟད་རེ་ཡང་ཡོད་ཆོག་པ་དང་། རང་གི་སྙིང་ནད་ཀྱང་སངས་བ་གཉིས་ཀ་ཡོང་བའི་བྲོས་ལམ་སྟབས་བདེ་ཞིག་འཚོལ་བའི་ཁོག་རྩིས་རྒྱག་བཞིན་ཡོད་པ་འདྲ་ཡང་དེ་ནི་ཁོང་ཅག་ཧམ་པ་བཤད་རྒྱུར་ལོབ་སོང་བ་ཙམ་ལས་རྫུབ་རྐུབ་ཐུབ་པའི་གཏམ་གང་ཡང་མ་ཡིན་པ་ནི་གོང་གི་ལུང་དྲངས་པ་དག་དང་གཞན་ཡང་།《བློན་རབས་ཐོར་བུ》དང་《དོན་ཆེན་གནད་བསྡུས་ཀྱི་ལོ་ཚིགས》སོགས་ལ་བརྟགས་ཤིང་དཔྱད་ན་ཤེས་ངེས་པས་གསལ་འདེབས་བགྱི་བའི་ངལ་བ་མ་བྱས་སོ།།
ཞོར་དུ་འཕྲོས་བཤད་ལྟ་བུ་ཞིག་ལ། བོད་བཙན་པོ་སོ་བདུན་པའི་བློན་ཆེན་དབའས་སྟག་སྒྲ་ཁོང་ལོད་ཅེས་པ་རྒྱའི་མཁར་མང་པོ་བཅོམ་ཞིང་ནང་བློན་ཆེན་པོར་བཀའ་སྩལ་པ། མཐའ་མར་རྒྱའི་གཡོ་ཇུས་ཀྱི་ཕྲ་མའི་འོག་བཙན་པོས་བཀྱོན་ཕབ་པ་དེ་དང་ངན་ལམ་སྟག་སྒྲ་ཀླུ་ཁོང་གཉིས་ཉ་དང་ཉུང་མ་ནོར་དོགས་དགོས་ས་ཞིག་གཞི་ནས་མ་མཆིས་མོད། རེད་དེ་འགའ་ཞིག་གིས་བློན་ཆེན་ཀླུ་ཁོང་བཙན་པོས་ཆད་པ་བཅད་དེ་བསད་དོ་ཞེས་ཀྱང་ཟེེར་བ་ཐོས་པས་དབའས་དང་ངན་ལམ་གཉིས་ནོར་བ་མིན་ནམ་སྙམ་པས་ཞོར་དུ་ཁ་མང་ཅུང་ཐལ་བ་ཡིན།
དེ་ལྟར་བློན་ཆེན་པོ་ཀླུ་ཁོང་གི་རྒྱུས་ཅུང་ཟད་ཞིབ་པའི་སྐད་ཆ་འདི་ཡང་རང་གི་ཨ་མྱེས་འཇོན་ཐང་ཅན་དག་ལ་སྙིང་ནས་དགའ་བའི་གོ་འཇོ་བསོད་སྟོབས་ཀྱིས་སློབ་ཞོར་དུ་2015/8/13ཉིན་གྱི་ནུབ་མོར་མིག་ན་བའི་ཟུག་རྔུ་སྲན་བཞིན་བྲིས།