—<ཐང་གི་ཕོ་ཉའི་བྲག་བརྐོས་ཡི་གེ>ལ་བརྟག་དཔྱད་བྱས་པའི་མྱོང་ཚོར།
འདས་ཟིན་པའི་ལོ་རྒྱུས་ཀློག་དུས་སུ་ང་ཚོའི་བསམ་པའི་འཁྱེར་སོ་དེའང་འདས་ཟིན་པའི་སྤྱི་ཚོགས་ཀྱི་ཁྲོད་དུ་འཇོག་འོས་ཤིང་། དེ་ལྟར་བྱས་ན་ད་གཟོད་མེས་པོའི་སྣང་བརྙན་དང་གནའ་བོའི་ཚོ་ཁག་གི་འཐབ་འཛིང་གི་ངར་སྒྲ་ཐོས་ཐུབ་པ་ཡིན།
གནའ་བོའི་བོད་ཀྱི་ནུབ་ཕྱོགས་སུ་གངས་ཏི་སེ་བྱ་བའི་བླ་རི་ཞིག་ཡོད་ཅིང་། གནའ་བོའི་རྒྱ་གར་གྱི་གཅེར་བུ་བ་དང་དབང་ཕྱུག་པའི་གྲུབ་མཐའི་རྗེས་འཇུག་ཁག་གིས་ཡུལ་དེ་ནི་ཐུན་མོང་གིས་ཏི་རི་བྷི་ཁེ་ཊག་ཡིན་པར་ངོས་འཛིན་བྱུང་ཞིང་། དེ་ནི་ལེགས་སྦྱར་གྱི་སྐད་དེ་བོད་སྐད་དུ་སུམ་ཅུ་རྩ་གསུམ་གྱི་གནས་ཞེས་པའི་དོན་ཡིན། སངས་རྒྱས་ཆོས་ལུགས་པའི་དུས་འཁོར་གྱི་རྒྱུད་ཁག་ཅིག་ནའང་གནའ་བོའི་རྒྱ་གར་གྱི་ནང་བའི་སྟོན་པ་བཅོམ་ལྡན་འདས་དང་དགྲ་བཅོམ་པ་ལྔ་བརྒྱས་གངས་ཏི་སེར་ཉམས་ལེན་བྱས་པའི་གནས་ཚུལ་བཀོད་ཡོད་ལ། ལུང་དུམ་འདི་གཞིར་བཟུང་ནས་དཔྱད་ན་གནའ་བོའི་རྒྱ་གར་གྱི་ནང་ཆོས་དང་གངས་ཏི་སེའི་བར་ལ་འབྲེལ་བ་ངེས་ཅན་ཞིག་ཡོད་པ་ཁ་ཚོན་བཅད་ཆོག་པ་ཡིན། གཞན་ཡང་སངས་རྒྱས་ཆོས་ལུགས་ཀྱི་བསྟན་བཅོས་ཁ་ཤས་སུ་འཛམ་གླིང་གི་ལྟེ་བ་གངས་ཏི་སེ་ཡིན་པ་དང་ཡུལ་དེ་ནི་ཤམ་བྷ་ལ་ཡིན་པར་ངོས་འཛིན་བྱུང་ཡོད་མོད་འདིར་གླེང་གཞི་དེའི་སྐོར་ཞིབ་པ་ངོ་སྤྲོད་བྱེད་རྒྱུ་མིན། གནའ་བོའི་བོད་ཀྱི་བོན་པོའི་བསྟན་བཅོས་རྣམས་སུ་གངས་ཏི་སེ་ནི་ཁོ་ཚོའི་བླ་རི་གལ་ཆེན་ཁོ་ན་དེ་ཡིན་ཚུལ་འཁོད་ཡོད་ཅིང་། བོན་པོའི་ཡིག་ཚང་ཁག་ནས་བྱུང་བའི་འོལ་མོ་ལུང་རིང་བྱ་བ་ཡང་ཡུལ་དེ་ཡིན་པར་ངོས་འཛིན་བྱུང་ཡོད་ལ། བོད་ཀྱི་གནའ་རབས་ལོ་རྒྱུས་ཡིག་ཚང་གལ་ཆེ་བ་འབའ་ཞིག་ཏུ་འཆད་པའི་གནམ་རིམ་པ་བཅུ་གསུམ་བྱ་བའང་ཡུལ་འདི་ལ་ངོས་འཛིན་བྱེད་བཞིན་ཡོད། གོང་གི་དེ་རྣམས་མདོ་དོན་རུབ་བསྡུས་སྒོས་བཤད་ན། གངས་ཏི་སེ་ནི་གནའ་རབས་ཤེས་རིག་སྣ་ཚོགས་ཀྱི་བརྗེ་རེས་བྱེད་སའི་ལྟེ་གནས་ཤིག་ཡིན་པ་མ་ཟད། ལོ་རྒྱུས་ས་ཁམས་ཁོར་ཡུག་གི་བརྡ་རྟགས་ཧ་ཅང་གལ་ཆེ་བ་ཞིག་ཀྱང་ཡིན། ང་ཚོས་རིག་གནས་ཀྱི་བརྡ་རྟགས་འདི་བརྒྱུད་ནས་གནའ་བོའི་ཤེས་རིག་གི་ཞལ་རས་ངོ་མ་དེ་མཐོང་ཐུབ་པར་ཡིད་ཆེས་བྱེད་བཞིན་ཡོད།
གནའ་བོའི་ལོ་རྒྱུས་ཤེས་རིག་གི་སྲོག་ཤིང་དུ་གྱུར་བའི་གངས་ཏི་སེའི་མཐའ་འཁོར་ན་མི་རྒྱུད་ཆེན་པོ་གསུམ་གནས་ཡོད་ཅིང་། དེ་དག་ནི་ཨརྱཎ་དང་ཞང་ཞུང་ངམ་སྤུ་རྒྱལ་བཅས་ཡིན། མི་རྒྱུད་ཆེན་པོ་གསུམ་གྱིས་ཐུན་མོང་གིས་གངས་ཏི་སེ་ནི་ངོ་མཚར་གསང་བའི་དག་ཞིང་ཞིག་ལ་ངོས་འཛིན་བྱུང་ནས་དད་མོས་དང་སྐོར་བ་རྒྱག་བཞིན་ཡོད་ཅིང་། མི་རྒྱུད་ཆེན་པོ་གསུམ་གྱི་རིག་གནས་དང་བསམ་བློ། ཅ་དངོས་དང་ཡུལ་སྲོལ་སོགས་ཀྱང་འདི་ནས་བཟུང་ཏེ་བརྗེ་རེས་ནས་མཉམ་འདྲེས་བྱེད་འགོ་ཚུགས་ཡོད། དེར་བརྟེན་གངས་ཏི་སེ་ནི་རང་བཞིན་གྱིས་གནའ་རབས་ཤེས་རིག་གི་བརྗེ་རེས་ཀྱི་ལྟེ་གནས་ཤིག་ཏུ་གྲུབ་ཡོད། འོན་ཀྱང་དུས་ཀྱི་བགྲང་བྱའི་ཉག་མ་མང་པོ་འདས་པའི་གོ་རིམ་ཁྲོད་དུ་མི་རྒྱུད་ཆེན་པོ་གསུམ་གྱི་བར་ལ་རིམ་བཞིན་འགལ་ཟླ་དང་གདོང་ཐུག་བྱུང་ནས་ཕན་ཚུན་ལ་དབང་བསྒྱུར་བའི་བསམ་བློ་བྱུང་ཡོད། དེ་བས་ཨརྱཎ་རྣམས་རྒྱ་གར་གྱི་ཆུ་བོའི་འབབ་རྒྱུད་ལ་གནས་སྤོས་པ་དང་སྤུ་རྒྱལ་བ་རྣམས་ཡར་ཀླུང་གཙང་བོའི་འབབ་རྒྱུད་ལ་གནས་སྤོས་ཤིང་། ཞང་ཞུང་བ་རྣམས་ལས་ཁ་ཅིག་གིས་གངས་ཏི་སེའི་མཐའ་འཁོར་བཟུང་བ་དང་འགའ་ཞིག་སྦལ་ཏིའི་ས་ཁུལ་སོགས་སུ་གནས་སྤོ་བྱས་ཡོད། གུས་པས་སྐབས་འདིར་འཚོལ་བཞིན་པ་ནི་དེ་ལྟ་བུའི་མི་རྒྱུད་ཆེན་པོ་གསུམ་གྱི་ཡ་གྱལ་ཞང་ཞུང་བའི་རྐང་རྗེས་དེ་ཡིན།
ཕྱིས་ནས་འཆད་བཞིན་པའི་ཞང་ཞུང་ནི་རུས་རྒྱུད་ཚོ་ཁག་ཅིག་ཡིན་ལ་སྟོབས་འབྱོར་ཧ་ཅང་ལྡན་པའི་གནའ་བོའི་ཚོ་བ་ཞིག་ཡིན་ཞེས་ཀྱང་བཤད་ཆོག ཚོ་བ་འདིའི་ཚོ་དཔོན་སྔ་གྲས་ནི་རྩེ་རྒྱལ་བྱ་བ་ཞིག་ཡིན་པ་དང་ཕྱིས་སུ་དབས་རྒྱལ་དང་དེ་ནས་ལྕེ་རྒྱལ་བཅས་རུས་རྒྱུད་ཚོ་བའི་ཚོ་དཔོན་མི་འདྲ་བ་ཁ་ཤས་ཀྱིས་སྔ་ཕྱིར་ཞང་ཞུང་གི་ཡུལ་འདི་ལ་དབང་བསྒྱུར་བྱས་མྱོང་ཡོད་ལ། དེའི་ཕྱིས་སུ་བྱ་རུའི་གོ་ས་ཐོགས་པའི་རྒྱལ་པོ་བཅོ་བརྒྱད་ཀྱིས་ཀྱང་ཡུལ་འདི་ལ་དབང་བསྒྱུར་བྱས་ཡོད། དུས་སྐབས་དེར་ཞང་ཞུང་ལ་སྟོང་སྡེ་བཅུ་གསུམ་དང་དྲག་ཆས་གོ་མཚོན་གྱི་དམག་དཔུང་ཡང་བྱུང་ཚར་ཡོད། འདི་བཞིན་དུས་ཀྱི་བགྲོད་པའི་གོ་རིམ་ཁྲོད་དུ་ཞང་ཞུང་ནི་རིམ་བཞིན་རང་རྐྱ་ཐུབ་པའི་རྒྱལ་ཕྲན་ཞིག་གི་ངོ་བོར་ཆགས་ཏེ་རང་རྐྱ་ཐུབ་པའི་ཡི་གེ་དང་ཤེས་རིག་ཀྱང་བྱུང་ཡོད། ཕྱི་ལོའི་དུས་རབས་བདུན་པའི་སྐབས་དེར་ཞང་ཞུང་གི་རྒྱལ་རབས་ཀྱི་དབང་བསྒྱུར་མངའ་ཐང་དང་དམག་དཔུང་གོ་མཚོན་སོགས་སྤུ་རྒྱལ་བཙན་པོའི་རྒྱལ་རབས་ལ་འགྲན་ཐུབ་པ་ཡོད། སྐབས་དེ་ནི་ཡུལ་དབུས་ཀྱི་རྒྱལ་པོ་སྲོང་བཙན་སྒམ་པོས་དྲག་པོའི་སྟོབས་ཤུགས་ལ་བརྟེན་ནས་སྤུ་རྒྱལ་མཐའ་འཁོར་གྱི་རྒྱལ་ཕྲན་མང་པོ་དབང་དུ་བསྡུ་བའི་དུས་ཡིན་ལ། ཞང་ཞུང་རྒྱལ་ཕྲན་ཡང་དབང་བསྒྱུར་བྱེད་ཡུལ་ནང་གི་དམིགས་འབེན་ཞིག་ཏུ་གྱུར་ཡོད། དེ་ནས་ཐོག་མར་དྲག་པོའི་སྟོབས་ཀྱིས་བྱང་གི་ཞང་ཞུང་བླངས་པ་དང་ཏོ་ཡོ་ཆས་ས་ཁུལ་གྱི་སྟོང་དཔོན་ཡོན་ཙེ་དམར་གསོད་བྱས་ཤིང་། དེའི་འཕྲོར་སྤུ་རྒྱལ་བཙན་པོའི་རྒྱལ་རབས་ཀྱིས་ཡང་བསྐྱར་ཐབས་ལམ་མི་འདྲ་བ་གཉིས་བཀོལ་ནས་ཞང་ཞུང་ཐམས་ཅད་བླངས་ཏེ་རང་ཉིད་ཀྱི་དབང་བསྒྱུར་མངའ་ཁོངས་སུ་བཅུག་ཡོད། བོད་རྒྱལ་སྲོང་བཙན་སྒམ་པོས་ཐོག་མར་གཉེན་འབྲེལ་ལམ་ལུགས་ཀྱི་ཆབ་སྲིད་ཐབས་ལམ་ལ་བརྟེན་ནས་རང་གི་སྲིང་མོ་སད་མར་ཀར་བག་མར་བཏང་ཏེ་ཞང་ཞུང་གི་ས་ཁམས་དང་དམག་གི་གནས་ཚུལ་ལ་རྒྱུས་ལོན་བྱས་པ་དང་། དེ་ནས་ལྕེའི་དམག་བཏང་ནས་དེའི་སྟོབས་ཤུགས་ལ་བརྟེན་ཏེ་ཞང་ཞུང་ཡོངས་རྫོགས་དབང་དུ་བསྡུས་ཡོད། དེ་ལས་གཞན་བོད་རྒྱལ་སྲོང་བཙན་སྒམ་པོས་དུམ་བུར་དུམ་བུར་བགོ་ནས་བཟོ་བཅོས་བྱེད་པའི་སྤུ་རྒྱལ་བཙན་པོའི་ཆབ་སྲིད་ཐབས་ལམ་ལ་བརྟེན་ནས་ཞང་ཞུང་གི་སྟོབས་ཤུགས་ཁ་འཐོར་དུ་བཏང་ཡོད་པ་དང་གནས་སྤོ་བྱས་ནས་མི་རྒྱུད་གཅིག་གྱུར་ལའང་ཤུགས་སྣོན་བྱས་ཡོད། དེར་བརྟེན་དིང་སང་གི་ཆབ་མདོ་དང་སི་ཁྲོན་སོགས་ས་ཁུལ་མང་པོར་སྔར་ཞང་ཞུང་ཡུལ་ནས་གནས་སྤོར་གྱི་གནའ་བོའི་ཚོ་མིང་རྙིང་བ་དག་བོར་བ་མེད་པར་སྔར་བཞིན་སོར་འཇོག་བྱས་ཡོད་པ་དེ་རེད། མདོར་ན་གོང་དུ་ཞིབ་སྨྲས་བྱས་ཡོད་པ་འདི་དག་ནི་ཞང་ཞུང་ཤེས་རིག་ཉམས་རྒུད་ཀྱི་རྒྱུ་རྐྱེན་གཙོ་བོ་དེ་ཡིན། འཛམ་གླིང་གི་ཤེས་རིག་གང་ཞིག་ཡོངས་སུ་རྫོགས་པར་འཇིག་ཟིན་པའི་རྗེས་སུ་སླར་ཡང་དེ་ཉིད་ཀྱི་ངོ་བོ་འཚོལ་རྒྱུ་ནི་དེ་འདྲའི་ལས་སླ་བོའི་དོན་བྱ་ཞིག་མ་ཡིན་ལ། འདིར་འཆད་པའི་ཞང་ཞུང་ཤེས་རིག་ཀྱང་དེ་ལྟའི་གནས་ཚུལ་གྱི་རིགས་སུ་གཏོགས་པ་ཡིན། ང་ཚོས་ནམ་རྒྱུན་བོད་རིག་པའི་ཞིབ་འཇུག་ནི་གནའ་བོའི་ཡིག་ཚང་རྣམས་ཟུར་བལྟའི་དཔྱད་གཞིར་བྱེད་པ་ལས་དངོས་སུ་ཡུལ་དངོས་བརྟག་དཔྱད་བྱེད་ཐུབ་མེད་པ་ཡིན། གལ་ཏེ་འདི་བཞིན་མུ་མཐུད་དུ་ཞིབ་འཇུག་གི་ཐབས་ལམ་འདི་རིགས་བེད་སྤྱོད་གནང་ན། ང་ཚོར་མ་འོངས་པར་དབང་ཐོབ་ཀྱི་ཞིབ་འཇུག་གྲུབ་འབྲས་དང་ཐུན་མོང་གིས་ངོས་ལེན་བྱེད་པའི་ལྟ་ཚུལ་ནམ་ཡང་ཐོབ་མི་སྲིད། དེར་བརྟེན་ཕྲན་གྱིས་ཡིག་ཚང་ཞིབ་འཇུག་དང་གནའ་དཔྱད་རིག་པ་ཟུང་དུ་འཇུག་པ་ནི་བོད་རིག་པའི་ཞིབ་འཇུག་གི་ཐབས་ལམ་རྨད་དུ་བྱུང་བ་ཞིག་ཡིན་པར་ངོས་འཛིན་བྱས་ཡོད་ལ། ང་ཚོས་ཕྱིས་སུ་ཐབས་ལམ་འདི་སྤྱད་ནས་བོད་ཀྱི་ལོ་རྒྱུས་རྣམས་བསྐྱར་ཀློག་བྱེད་པར་རེ་བ་ཞུས་ཡོད། ཐེངས་འདིའི་གུས་པའི་བརྟག་དཔྱད་ཀྱི་མྱོང་ཚོར་གཤམ་དུ་གསལ་བ་ལྟར་ཡིན།
ཕྱི་ལོ༢༠༡༥/༣/༡༣ཉིན་ང་དང་ལས་གྲོགས་གཉིས་སྐྱིད་གྲོང་རྫོང་རྫོང་དཀར་གྲོང་བརྡལ་གྱི་བྱང་ཕྱོགས་སྤྱི་ལེ་ལྔའི་མཚམས་སུ་ཡོད་པའི་ཨ་པ་རྒྱ་བ་བྲག་བརྐོས་ལ་བརྟག་དཔྱད་དུ་ཕྱིན་པ་ཡིན། ཡུལ་དེའི་མི་སེར་ཕལ་བས་བྲག་བརྐོས་འདིའི་མིང་ལ་ཨ་པ་རྒྱ་ཡིག་ཟེར་ཞིང་དོན་ནི་ཨ་ཕའི་རྒྱ་ཡིག་ཡིན་ཟེར་ལ། ཁོང་ཚོས་འདི་ནི་གནམ་ནས་བབས་པའི་ལྷའི་དངོས་པོ་ཞིག་ཏུ་ངོས་འཛིན་ཞིང་དེའི་རྒྱུ་མཚན་གྱིས་དེ་ལ་དད་མོས་དང་བྲག་ངོས་ཀྱི་ཡི་གེ་ལ་སྲུང་སྐྱོབ་བྱས་ཡོད། ཡུལ་དེའི་མི་རྣམས་ལ་སྲོལ་རྒྱུན་གྱི་ཆོས་སེམས་ལྡན་ཡོད་པའི་སྟབས་ཀྱིས་ད་གཟོད་རྡོ་བརྐོས་འདི་ལ་སྲུང་སྐྱོབ་བྱས་ནས་ད་ལྟའི་བར་དུ་ཐོན་པ་ཡིན། དོན་དངོས་སུ་ཁོ་ཚོས་བཤད་པའི་ལྷའི་དངོས་པོ་དེ་ནི་མིང་དུ་གྲགས་པའི་ཐང་གུར་གྱི་ཕོ་ཉས་བྲག་ངོས་སུ་བརྐོས་པའི་ཡི་གེ་དེ་ཡིན་ལ། དེ་ནི་རིག་གཞུང་ཞིབ་འཇུག་གི་ཁྱབ་ཁོངས་ཧྲིལ་པོར་སྐད་གྲགས་ཆེན་པོ་ཡོད་པ་ཞིག་ཡིན། ཡི་གེའི་བརྐོ་བྱའི་བྲག་ངོས་དེའི་ཞེང་ཚད་ལ་ཕལ་ཆེར་རྨི་གཅིག་ཚེག་ལྔ་དང་། མཐོ་ཚད་ལ་ཕལ་ཆེར་རྨི་བཞི་དང་ས་ངོས་ནས་བྲག་གི་བར་ལ་ཕལ་ཆེར་རྨི་བརྒྱད་ཙམ་ཡོད། བྲག་ངོས་ཡོངས་རྫོགས་སུ་རྡོ་རྣམས་འཛིང་བའི་ཚུལ་དུ་ཡོད་ཅིང་བྲག་གཤམ་ན་ལི་མ་སྨན་ཆུ་འཁྱིལ་ནས་འགྲོ་བཞིན་ཡོད། དངོས་གཞིའི་བྲག་བརྐོས་ཡི་གེའི་ཞེང་ཚད་ལ་རྨི་གཅིག་ཙམ་དང་མཐོ་ཚད་ལི་རྨི་དགུ་བཅུ་ཙམ་ཡོད། རྒྱའི་གནའ་བོའི་གཟབ་ཡིག་གིས་བྲག་ངོས་སུ་བརྐོས་ཡོད་ཅིང་ཐིག་ཕྲེང་ཉི་ཤུ་རྩ་བཞི་དང་ཁྱོན་བསྡོམ་ཡི་གེ་སུམ་བརྒྱ་ཙམ་ད་ལྟའང་མིག་ལ་བསྟན་ཡོད་དུ་གནས་ཡོད། ཆེད་མཁས་པའི་བདེན་དཔང་གཞིར་བཟུང་ན། བྲག་བརྐོས་འདི་ནི་ཕྱི་ལོ༦༥༨ལོར་ཐང་གི་ཕྱི་འགྲུལ་བརྟག་ཞིབ་པ་ཝང་ཞོན་ཙང(王玄奘)(ཕལ་ཆེར་དུས་རབས་བདུན་པར་སྐྱེས་ཤིང་ཧི་ནན་ལོ་ཡང་གི་མི་ཡིན)ཉིད་རྒྱ་གར་འཕགས་པའི་ཡུལ་ལ་ཕོ་ཉར་འགྲོ་དུས་སུ་བཞག་པའི་རིག་དངོས་གལ་ཆེན་ཞིག་རེད། དེ་ནི་ལྷ་ལྡན་གཙུག་ལག་ཁང་གི་མདུན་ངོས་སུ་བཙུགས་པའི་ཁྲང་ཆིན་མཐུན་སྒྲིལ་རྡོ་རིང(ཕྱི་ལོ༨༢༣ལོར་བཙུགས)ཟེར་བའམ་ལྷ་སའི་རྡོ་རིང་དང་བསྡུར་ན་ལོ་བརྒྱ་དང་དྲུག་ཅུ་རེ་ལྔས་སྔ་བ་ཡོད་འདུག ཝང་ཞོན་ཙང་དང་འབྲེལ་ཡོད་གནས་ཚུལ་ཅུང་ཟད་ཞུས་ཏེ། ད་ནི་ཐང་གི་ཕོ་ཉའི་བྲག་བརྐོས་ཡི་གེ་དེའི་ཐིག་ཕྲེང་བཅུ་གསུམ་པར”་་་་ལོའི་དབྱར་ཟླ་ལྔ་བར་ཞང་ཞུང་ཆུང་བའི་ནུབ་ཕྱོགས་ན་་་་年夏五月届于小杨童之西”ཞེས་པའི་སྐོར་ལ་བགྲོ་གླེང་བྱེད་བསམ་ཡོད། ཚིག་ཕྲེང་འདི་གཞིར་བཟུང་ན་ཕྱི་ལོ་བརྒྱ་ཕྲག་བདུན་པའི་དུས་སུ་བོད་ཀྱི་ནུབ་ཕྱོགས་ན་ཞང་ཞུང་ཆུང་བ་བྱ་བའི་ཡུལ་ཞིག་ཡོད་པ་ཁ་ཚོན་གཅོད་ཐུབ་ལ། དིང་སང་ལྟར་བྱས་ན་སྐྱིད་གྲོང་རྫོང་གི་ཕྱོགས་འདི་ལ་ངོས་འཛིན་བྱས་ཆོག་གམ་སྙམ།
ཐོག་མར་ཡཱང་ཐོང(杨童)བྱ་བའི་ཐ་སྙད་ལ་བགྲོ་གླེང་བྱེད་དགོས་ཏེ། ཡཱང་ཐོང་ནི་ཆེན་པོ་ཐང་གི་དུས་སུ་སྒྲ་བསྒྱུར་བྱས་ནས་ཐོན་པའི་ཐ་སྙད་ཅིག་ཏེ་སྐབས་ལན་རེར(羊同)བྱ་བ་འདི་ཡང་བྲིས་ཡོད། དོན་ལ་དེ་དག་ཆ་ཚང་ཞང་ཞུང་ཞེས་པའི་ཐ་སྙད་ཀྱི་སྒྲ་བསྒྱུར་རེད། ཞིབ་འཇུག་པ་ཁ་ཅིག་གིས(羊同)ནི་གཡུང་དྲུང་གི་སྒྲ་འགྱུར་ནས་ཐོན་པ་རེད་ཟེར་བ་དང་ཡང་ཞིབ་འཇུག་པ་གནད་ཅན་འགས(羊同)བྱ་བ་ནི་བོད་སྐད་ལ་ཁྲོམ་ཡིན་པར་ངོས་འཛིན་བྱེད་བཞིན་འདུག ལྟ་ཚུལ་འདི་དག་ནི་རིག་གཞུང་གི་ཁྱབ་ཁོངས་སུ་ཡིད་དཔྱོད་དང་ཚོག་དཔག་བྱས་པ་ཙམ་ལས་གཞི་འཛིན་སའི་ཁུངས་ཅི་ཡང་སྟོན་རྒྱུ་མེད། རྒྱ་ཡིག་གི(杨童)དང(羊同)བྱ་བའི་ཐ་སྙད་འདི་གཉིས་གང་ཡིན་ཡང་ཞུང་ཞུང་བྱ་བའི་ཐ་སྙད་ཀྱི་སྒྲ་འགྱུར་ནས་སླེབས་པ་ཡིན་ལ། དེ་ནི་ཆེན་པོ་ཐང་གི་དུས་སུ་རྒྱ་བོད་སྒྲ་བསྒྱུར་གྱི་ཁྲོད་ནས་བྱུང་བའི་སྒྲ་འགྱུར་གྱི་སྣང་ཚུལ་གཙོ་ཆེ་བ་ཞིག་ཀྱང་ཡིན། ང་ཚོས་གནད་དོན་འདི་རིགས་ཐག་གཅོད་བྱེད་ན་མུ་མཐུད་དུ་གནའ་དེང་རྒྱ་བོད་ཀྱི་སྐད་བརྡ་རིག་པའི་འཕེལ་རྒྱས་ཀྱི་འཕེལ་འགྱུར་ལ་ཞིབ་འཇུག་བྱེད་དགོས་པ་ཡིན། མ་འོངས་པར་འདིའི་ཕྱོགས་ཀྱི་ཤེས་ལྡན་མི་སྣ་བྱུང་ནས་སྐད་བརྡའི་དཀའ་གནད་འདི་འདྲའི་རིགས་རྣམས་ཐག་གཅོད་བྱེད་ཐུབ་པར་ཡིད་ཆེས་བྱས་ཡོད། གཉིས་པ་ནི་རིག་དངོས་ཁྲོད་བྱུང་བའི(杨童)བྱ་བའི་ཡུལ་དེ་དིང་སང་གི་སྐྱིད་གྲོང་རྫོང་ལ་ངོས་འཛིན་བྱ་རྒྱུ་དེ་ཡིན། ས་ཁུལ་འདིའི་གནའ་རབས་ཀྱི་མིང་ལ་མང་ཡུལ་གུང་ཐང་ཞེས་འབོད་ཅིང་བོད་རྒྱལ་སྲོང་བཙན་སྒམ་པོའི་དུས་སུ་མངའ་རིས་སྐོར་གསུམ་གྱི་ཁོངས་སུ་གཏོགས་པ་ཡིན། དུས་རབས་བཅུ་བཞི་བའི་སྐབས་ཀྱི་བོད་ཀྱི་ཡིག་ཚང་གལ་ཆེན་རྣམས་ལས་ཡུལ་འདི་ལ་མངའ་རིས་སྨད་མང་ཡུལ་གུང་ཐང་ཞེས་ཀྱང་བཀོད་ཡོད། འོན་ཀྱང་གནའ་བོའི་ས་མིང་འདི་དག་ནི་དུས་རབས་བདུན་པ་ལས་སྔ་མི་སྲིད་པ་ཞིག་རེད་སྙམ། ཉེ་ཆར་བཞུགས་ཡོད་པའི་བོད་ཀྱི་གནའ་བོའི་ཡིག་ཚང་ཁག་གི་བརྗོད་བྱར་གཞིགས་ན་གནའ་བོའི་ཞང་ཞུང་གི་ས་ཁམས་ཆགས་ཡུལ་ནི་ས་ཡུལ་འདི་དག་ཡིན་ལ། དམིགས་བསལ་ཞང་ཞུང་ཆུང་བ་ནི་དིང་སང་གི་སྐྱིད་གྲོང་རྫོང་གི་ས་ཁོངས་འདི་ཡིན་ནམ་སྙམ། ཕྱི་ལོ་དུས་རབས་བདུན་པ་ནས་བཟུང་ཡུལ་གྲུ་འདི་ནི་གནའ་བོའི་རྒྱ་གར་འཕགས་པའི་ཡུལ་དང་བོད་གཉིས་ཀྱི་ཕན་ཚུན་འགྲོ་འོང་གི་བགྲོད་ལམ་གལ་ཆེན་ཞིག་ཏུ་གྱུར་ཡོད་པ་དང་། འཛམ་གླིང་ལ་གྲགས་ཆེ་བའི་སློབ་དཔོན་པདྨ་འབྱུང་གནས་ཀྱང་ལམ་ཐིག་འདི་བརྒྱུད་ནས་བོད་ལ་ཆོས་སྤེལ་དུ་ཕེབས་མྱོང་ཡོད། གཞན་ཡང་གནའ་བོའི་རྒྱ་གར་དང་བོད་དང་ཆེན་པོ་ཐང་གུར་གྱི་ལོ་ཙཱ་བ་མང་ཆེ་བའང་སྔར་བཞིན་ལམ་ཐིག་འདི་བརྒྱུད་ནས་ཆོས་ལེན་པ་དང་ཆོས་སྤེལ་པར་བྱས་ཡོད། དེར་བརྟེན་མང་ཡུལ་གུང་ཐང་ནི་ཨེ་ཤ་ཡའི་དབུས་རྒྱུད་དང་ཨེ་ཤ་ཡའི་ཤར་ནུབ་རྒྱུད་ཀྱི་གྲགས་ཆེ་ལ་དོན་སྙིང་ལྡན་པའི་གནའ་རབས་འགྲིམ་འགྲུལ་གྱི་བགྲོད་ལམ་གལ་ཆེན་གྱི་ཡ་གྱལ་ཞིག་ཀྱང་ཡིན། ཕྱི་ལོ་དུས་རབས་བདུན་པའི་ཡར་སྔོན་དུ་ས་ཁུལ་འདི་ནི་ཞང་ཞུང་ཆུང་བའི་ཁོངས་སུ་གཏོགས་ནའང་། ཡིད་ཕངས་པ་ཞིག་ལ་བོད་ཀྱི་ཡིག་ཚང་གལ་ཆེན་རྣམས་སུ་སྐབས་དེའི་ལོ་རྒྱུས་ཞིབ་པ་ཡི་གེར་འགོད་ཐུབ་མེད་ཅིང་། ཕལ་ཆེར་ཕྱི་ལོའི་དུས་རབས་བཅུ་བཞི་ནས་བཅུ་དྲུག་བར་གྱི་བོད་ཀྱི་པཎ་གྲུབ་རྣམས་མང་ཡུལ་གུང་ཐང་བརྒྱུད་ནས་རྒྱ་གར་དང་ཨུ་རྒྱན་གྱི་ཡུལ་དུ་སློབ་གཉེར་ལ་ཕེབས་དུས་ཙམ་ལ་ས་ཁུལ་འདིའི་ལོ་རྒྱུས་ཐོར་བུ་རེ་ཡི་གེར་བཀོད་ཡོད། དཔེར་ན་གྲུབ་ཆེན་ཨུ་རྒྱན་པ་རིན་ཆེན་དཔལ་༼༡༣༢༩-༡༣༦༧༽གྱིས་མཛད་པའི<ཨྱོན་སྤྲུལ་བའི་ཞིང་གི་ལམ་ཡིག་རིན་ཆེན་ཕྲེང་བ>ཞེས་པར་གུ་གེ་སྨད་རྒྱུད་ཞང་ཞུང་ཞེས་བཀོད་པ་དང་། མན་ལུང་གུ་རུ(ཕལ་ཆེར་དུས་རབས་བཅུ་དྲུག་པ)ཡིས་མཛད་པའི<ཤམ་བྷ་ལའི་ལམ་ཡིག>ན་གུ་གེ་ནི་ཞང་ཞུང་གི་ཡུལ་དུ་འདུག དེའི་སྨད་ན་ད་དུང་ཡང་བོད་སྐད་མ་ཡིན་པའི་ཁོ་རང་ཚོའི་སྐད་ཟུར་བ་ཞིག་ལབ་ཀྱི་འདུག་ཅེས་བཀོད་ཡོད། IMG_8596གཞན་ཡང་གྲ་སྟོད་ཡར་ཆན་པ་གུ་རུ་ཨུ་རྒྱན་གླིང་པ༼༡༣༢༩-༡༣༦༧༽པས་གཏེར་ནས་བཏོན་པར་གྲགས་པའི<བཀའ་ཐང་སྡེ་ལྔ>ན་ཞང་ཞུང་སྒྲ་བླ་མུ་ཙ་མེད་ཀྱི་གནས་ཚུལ་བཀོད་ཡོད། ང་ཚོས་གོང་དུ་བཀོད་པའི་སྒྲུབ་བྱེད་འདི་དག་གི་རིགས་འདེད་བརྒྱུད་ནས་བལྟས་ན་མང་ཡུལ་གུང་ཐང་ནི་སྔོན་གྱི་ཚེ་ཞང་ཞུང་རྒྱལ་ཕྲན་གྱི་ས་ཁྱོན་ལ་གཏོགས་པ་དང་ཞང་ཞུང་གི་རུས་རྒྱད་ཚོ་དཔོན་རྣམས་ཀྱིས་ཡུལ་འདི་ལ་དབང་བསྒྱུར་བྱས་ཡོད། འོན་ཀྱང་དུས་ཀྱི་ཉག་མ་མང་པོ་འདས་པའི་གོ་རིམ་ཁྲོད་དུ་ས་ཁུལ་འདི་ལ་གནམ་ས་བླ་འོག་བརྗེས་པ་ལྟ་བུའི་འགྱུར་བཅོས་ངེས་ཅན་ཐེབས་ཡོད།
མདོ་དོན་རུབ་བསྡུས་སྒོས་བཤད་ན། ཐང་གི་ཕོ་ཉའི་བྲག་བརྐོས་ཀྱི་རིག་དངོས་རྩ་ཆེན་འདིའི་ཁྲོད་ཀྱི་ཡིག་འབྲུ་འདི་དག་གིས་ང་ཚོར་ལོ་རྒྱུས་ཀྱི་ལམ་སྣེ་གལ་ཆེན་ཞིག་བསྟན་ཡོད་པ་དང་། ལམ་སྣེ་འདི་བརྒྱུད་ནས་ཞང་ཞུང་ཤེས་རིག་གི་གསང་བ་འགྲོལ་བར་རམ་འདེགས་ཧ་ཅང་གལ་ཆེན་བྱེད་ཐུབ་བམ་སྙམ། གཞན་ཡང་གུས་པས་མ་འོངས་པའི་བོད་ཀྱི་རིག་དངོས་བསྔོག་འདོན་ཁྲོད་ནས་ཞང་ཞུང་དང་འབྲེལ་བའི་རིག་དངོས་གསར་རྙེད་བྱུང་ཐུབ་པར་ཡིད་ཆེས་བྱས་ཡོད་ལ། དེ་དུས་སུ་ང་ཚོས་གདེང་ཚོད་ཡོད་པའི་སྒོ་ནས”རིག་དངོས་ཀྱི་རྒྱབ་ན་ཞང་ཞུང་ཡོད་དམ”ཅེས་པ་དང་ཞང་ཞུང་ཤེས་རིག་སྐོར་རྒྱས་འགྲེལ་བྱས་ཆོག་པ་ཡིན།
* དཔྱད་ཐུང་འདི་ནི་གུས་པས་རྒྱ་རིགས་བོད་རིག་པར་ཞིབ་འཇུག་བྱེད་མཁན་མང་པོར་ཞིབ་འཇུག་གི་ལམ་སྣེ་གལ་ཆེན་སྟོན་ཆེད་དུ་ཕྱི་ལོ༢༠༡༥/༣/༡༩/ལ་རྒྱ་ཡིག་གིས་བྲིས་ཏེ་དྲ་ངོས་སུ་བཀྲམ་པ་དང་། ཕྱིས་སུ་དྲ་ལམ་བརྒྱུད་འགོད་པ་ཧ་ཅང་མང་པའི་ཁར་ལྟ་ཚུལ་ཅི་རིགས་འདོན་མཁན་གྱི་འཁྲུག་ཆ་དོད་པོ་ཞེ་དྲག་བྱུང་ཡོད།
བན་ཤུལ་དཔལ་མཁར་རྒྱལ་གྱིས་ ༢༠༡༥/༡༡/༤/ལ་མངའ་རིས་སྨད་མང་ཡུལ་གུང་ཐང་གི་བཙད་པོའི་མི་རྒྱུད་ཕྱི་མའི་བཞུགས་གནས་ཕོ་བྲང་བཀྲ་ཤིས་ཁྱུང་རྫོང་དཀར་པོའི་ཉེ་འདབས་སུ་བོད་འགྱུར་བྱས་པ་དགེའོ།།