དེ་ཡང་གཤེན་གྱི་འབྱུང་ལྡན་ཟླ་ཐིག་རྩེ་མོའི་བོད་རྒྱལ་ལོ་༣༡༥༣བོད་མེ་ཕོ་སྤྲེལ་ལོའི་ཧོར་ཟླ་དང་པོའི་ཚེས་ལྔ་ཉིན་སྟེ། ཕྱི་ལོ་ ༢༠༡༦ ཟླ་ ༢ ཚེས་ ༡༣ ཉིན་༧ཞྭ་དཀར་གཡུང་དྲུང་བོན་གྱི་གདན་ས་ཆེན་མོ་སྙིགས་དུས་གཡུང་དྲུང་བསྟན་སྲོག་འཚོ་བའི་ཞིང་ས། འཕགས་ཡུལ་བྱང་ཕྱོགས་ཧི་མ་ཅལ་གྱི་མངའ་སྡེ། བོན་གཞིས་ཐོབ་རྒྱལ་གསར་པ་རུ་གནས་ཆགས་པའི་གཡུང་དྲུང་བོན་གྱི་བསྟན་པའི་རྩ་ལག་ཆེན་མོ་༧དཔལ་གཤེན་བསྟན་སྨན་རིའི་གླིང་དུ་གཡུང་དྲུང་བོན་གྱི་བསྟན་པའི་གསལ་བྱེད་ཆེན་མོ་༧རྣམ་འདྲེན་རྒྱལ་བ་གཉིས་པ་རྗེ་མཉམ་མེད་ཤེས་རབ་རྒྱལ་མཚན་མཆོག་སྐུ་བལྟམས་ནས་མི་ལོ་༦༦༠འཁོར་བའི་དུས་ཆེན་ཁྱད་པར་ཅན་གྱི་ཉིན་དང་སྟབས་བསྟུན་ནས་གཡུང་དྲུང་བོན་གྱི་བཤད་སྒྲུབ་འདུས་སྡེའི་སྐབས་བཅུ་བརྒྱད་པའི་དགེ་བཤེས་མཛད་སྒོ་ཆེན་མོ་དབུ་འཛུགས་གནང་།
དེ་ཡང་ཉིན་ལྟར་ཞོགས་པའི་ཕྱག་ཚོད་དགུ་པའི་ཐོག་སྔོན་འགྲོའི་གཞུང་བཤད་དང་། ཉིན་གུང་གཏོང་སྒོ་ཆེན་མོ། ཕྱི་དྲོར་བཀྲ་ཤིས་གསོལ་རྒྱུ་དང་། བོད་ཚེས་བཅུ་གཉིས་ཉིན་ནས་རིམ་བཞིན་ངག་རྒྱུགས་དམ་བཅའ་དང་། ཕྱི་དྲོར་རྩོད་རྒྱུགས་དམ་བཅའ་ཆེན་མོ། བོད་ཚེས་བཅུ་དྲུག་ཉིན་གྱི་སྔ་དྲོའི་ཕྱག་ཚོད་བཅུ་པ་ནས་བཀྲ་ཤིས་དམ་བཅའ་དང་། ཕྱི་དྲོར་༧སྐྱབས་རྗེ་རྒྱལ་བ་སྨན་རིའི་མཁན་སློབ་རྣམ་པའི་སྐུ་མདུན་ནས་བཀའ་རབ་འབྱམས་པ་དགེ་བའི་བཤེས་གཉེན་གྱི་ཕྱག་འཁྱེར་བཞེས་རྒྱུ་དང་ཕྱི་དྲོར་སྐལ་བཟང་ཁྲི་སྟོན་མཛད་སྒོ་སྤེལ་ཏེ་རྒྱལ་ཁའི་ངང་མཇུག་བསྡུ་ཡིན་པ་དང་།
ཕྱི་ཉིན་བོད་ཚེས་བཅུ་བདུན་ཉིན་བོན་གཞིས་སེར་སྐྱ་མང་ཚོགས་ཡོངས་ལ་སྐབས་༡༨པའི་དགེ་བཤེས་རྣམས་པས་གསོལ་ཚིགས་རྒྱས་འབུལ་ཞུ་རྒྱུ་ཡིན་པ་བཅས་ཀྱི་གསལ་བསྒྲགས་གནས་བསྡུས་ཙམ་དུ།