མིའི་རིགས་ཀྱི་ཤེས་རིག་གི་གྲོལ་ཕུག་དེ་གདོད་མའི་བོན་གྱི་རིག་གནས་རེད།

imageའདི་ནི་ངས་བཤད་འདོད་པའི་སྐད་ཆ་ཞིག་སྟེ་མིའི་རིགས་ཀྱི་རིག་གནས་དང་ཆོས་ལུགས་རིག་གནས་གང་ཡིན་ཡང་འབྱུང་ཁུངས་སམ་མ་ཡུམ་ནི་བོན་གྱི་རིགས་གནས་རེད་ཅེས་པའི་ཤེས་རིག་ཐད་ཀྱི་ཐོག་མའི་འབོད་པ་དེ་ཡིན།   ང་ནི་བོད་ནས་སྐྱེས་ཤིང་བོན་ལ་དད་པའི་མི་ཞིག་ཡིན་པས་ངས་བོད་ཀྱི་རིག་གནས་དང་ལོ་རྒྱུས། འཚོ་གནས་ཀྱི་ལམ་བུ་རེ་རེ་ལ་གཟབ་ནན་གྱི་ངང་ནས་འཚོལ་དཔྱོད་བྱས་པ་ཡིན། རིག་གནས་ལོ་རྒྱུས་ཀྱི་དུས་ཡུན་ལ་གཞིགས་ན་བོད་པ་ཡོད་ཚད་བོན་ནས་སྐྱེས་ཤིང་བོན་ནས་འདས་པའི་སྟབས་ཀྱིས་བོན་པོ་མ་ཡིན་པའི་བོད་པ་ཞིག་གང་ན་མཆིས། ངས་ཀྱང་ལོ་ངོ་སྟོང་ཕྲག་མང་པོའི་ཡ་ཐོག་གི་མེས་པོ་རྣམས་ཀྱི་རིག་གནས་ཏེ་བོན་གྱི་རིག་གནས་འདི་ལ་དད་གུས་དང་དག་སྣང་འཇོག་ཞོར་ཞང་ཞུང་རིག་གནས་འདིའི་ངོ་སྲུང་ཞིང་དར་སྤེལ་ལ་རེམ་ནས་ཡོད། དེའི་རྐྱེན་པས། ངས་རང་གི་བོད་པའི་ཡབ་མེས་གོང་མ་རྣམ་པ་དང་ཡབ་མེས་ཚོའི་རིག་གནས་ལ་རྒྱབ་འགལ་དང་ཁྲེལ་མེད་བཟོས་མེད་ལ་ངོ་གནོང་དགོས་པ་དེ་བས་ཀྱང་མེད། འདི་ནི། ངའི་ཁྱིམ་རྒྱུད་ཀྱི་ཡབ་མེས་རྣམ་པས་བཞུད་ཟིན་པའི་མེས་པོ་གོང་མའི་རིག་གནས་སྲུང་བའི་བརྟན་བརླིང་གི་རང་ཚུགས་མངའ་བའི་བག་ཆགས་དེས་གནང་བ་རེད།

བོད་ཡོངས་ལ་འདི་འདྲའི་རང་ཚུགས་དེ་ཡོད་ཚེ་ད་ལྟའི་བོད་པའི་གནས་བབ་ནི་འཆམ་མཐུན་དང་། སྟོབས་ཤུགས། བརྩེ་སེམས། བདེ་སྐྱིད་ཀྱི་གངས་ལྗོངས་ཤིག་གི་ཡུལ་གྲུའམ་ཞང་ཞུང་གི་གནས་ཡུལ་འདི་ཡིན་པས། གངས་ལྗོངས་ཀྱི་མཛེས་པ་ངོ་མ་དང་། གངས་ལྗོངས་ཀྱི་སྟོབས་སམ་རྩ་བ་ངོ་མ་ནི་གདོད་མའི་བོན་གྱི་རིག་གནས་རེད། གདོད་མའི་བོན་གྱི་རིག་གནས་ནི་བོད་པའི་ཡབ་མེས་ཚོའི་རྣམ་དཔྱོད་དང་ཤེས་རབ་ཀྱིས་གསར་གཏོད་དང་རྒྱུན་འཛིན་བྱས་པ་ཡིན་ལ། ཚེ་དང་སྲོག་གིས་བསྲུངས་པ་དང་སྤེལ་བའང་ཡིན། འདི་ནི། བོད་དང་ཀྲུང་གོ་མ་ཟད་འཛམ་བུ་གླིང་གི་རིག་གནས་ཡོད་ཚད་ཀྱི་རྩ་བ་དང་། མིའི་རིགས་ཀྱི་རིག་གནས་ཐམས་ཅད་འབྱུང་བའི་མ་ཡུམ་ངོ་མ་དེ་ཡ་ཐོག་བོན་གྱི་རིག་གནས་འདི་རེད།

ངས་འདི་ལྟར་བཤད་དགོས་པ་ནི་ང་རང་བོན་པོ་ཞིག་ཡིན་པས་གྲུབ་མཐའི་ཕྱོགས་ཞེན་བཟུང་བ་མ་ཡིན་ལ་དོན་དངོས་འདི་ནི་སྔོན་བྱུང་གི་ལོ་རྒྱུས་སུ་དབང་བས་མི་རབས་ཁ་ཤས་ཀྱིས་བསྒྱུར་ག་ལ་ཕོད། དེ་ནི་ལོ་རྒྱུས་ཀྱི་བདེན་པ་རེད། བདེན་པ་གཙུག་འཛིན་གྱི་ཆེད་དུ་བདེན་པའི་ཡིན་ལུགས་དེ་བོད་པ་རྣམས་ཀྱིས་ཤེས་དགོས་པར་མ་ཟད་ང་དང་ང་འདྲ་བའི་བོད་པའི་གཞོན་ནུ་རྣམས་ལ་དེ་བས་ཀྱང་ངེས་དགོས།

བོད་པ་ཚོ་གདོད་མ་ནས་བོན་པོ་ཡིན་ཞིང་བོན་པོ་མ་ཡིན་པའི་བོད་པ་ཞིག་ཡ་ཐོག་གི་དུས་སྐབས་ལ་སུ་ཞིག་སྣང་། བོད་པ་ཚོས་རང་གི་གདོད་མའི་ཤེས་རིག་དེ་ཡལ་བར་དོར་ནས་ཐུབ་བསྟན་རིག་གནས་སོགས་ནང་འདྲེན་བྱས་པས་བོད་པ་ཚོ་འདི་ལྟ་བུའི་འཚོ་གནས་ཀྱི་གོད་ཆགས་དང་། དཔལ་འབྱོར་གྱི་གོད་ཆགས། རྒྱལ་རབས་ཀྱི་གོད་ཆགས། ཤེས་རིག་གི་གོད་ཆགས། ལོ་རྒྱུས་ཀྱི་གོད་ཆགས་སོགས་བྱུང་དང་འབྱུང་བཞིན་ཡོད་པ་ལ་གཞིག་ནས་ཆོས་རྒྱལ་ནམ་མཁའི་ནོར་བུ་དང་བཙན་ལྷ་ངག་དབང ༼ འདི་གཉིས་ནི་རྙིང་མ་བ་དང་དགེ་ལུགས་ཀྱི་ཚབ་མཚོན་དུ་བཀོད་པ་ཡིན་པ་མ་གཏོགས་ད་སྐབས་ཧ་ཅང་མང ༽ སོགས་ཀྱིས་ད་སྐབས་བོན་དང་གཡུང་དྲུང་བོན་གྱི་རིག་གནས་ངོ་མ་དེ་འཚོལ་འདོད་པ་མ་ཡིན་ནམ།

བོན་གྱི་ཤེས་རིག་ལོ་རྒྱུས་ཀྱི་དུས་ཡུན་ནི་ལོ་ངོ་བཞི་སྟོང་ལྷག་གི ༼ འདས་ལོ་མང་པོའི་ལུགས་སུ་བྱས་པ ༽ ཐུབ་བསྟན་རིག་གནས་ཀྱིས་མཚོན་མི་ཐུབ་ལ་མི་ལོ་གཅིག་ཁྲི་བརྒྱད་སྟོང་ལྷག་གི ༼ འདས་ལོ་མང་པོའི་ལུགས་སུ་བྱས་པ ༽ གཤེན་རབ་རིག་གནས་ཀྱིས་བསྐྱེད་ག་ལ་ནུས། ལོ་ངོ་ཁྲི་ཕྲག་མང་པོའི་ལོ་རྒྱུས་ལྡན་པའི་ཡ་ཐོག་ཞང་ཞུང་རིག་གནས་སམ་བོན་གྱི་རིག་གནས་འདི། འཛམ་གླིང་གོ་ལ་ཟླུམ་པོའི་བཅུད་དུ་སྨིན་པའི་རི་བོ་གངས་ཅན་ཏི་སེ་ཡི་དཀྱིལ་དབུས་སུ་བརྡོལ་ཞིང་ཆུ་བོ་ཆེན་པོ་བཞི་ཡི་རླབས་དཀར་དང་འདྲེས་ནས་ཕྱོགས་སུ་རྒྱུ་བས་མིའི་རིགས་ཀྱི་འོད་སྟོང་འབར་བའི་རྣམ་དཔྱོད་དང་ཤེས་རབ་སྐྱེད་བྱེད་ཀྱི་རྩ་བའི་རིག་པའི་གཞུང་ལུགས་ཤིག་ཏུ་གྱུར། དེ་བས། གདོད་མའི་བོན་གྱི་ཤེས་རིག་འདི་མིའི་རིགས་ཀྱི་རིག་གནས་ཐམས་ཅད་ཀྱི་སྲོག་རྩ་དང་འབྱུང་ཁུངས་སུ་ངེས།

ལོ་རྒྱུས་ཀྱི་དུས་ཡུན་རིང་བའི་གདོད་མའི་བོན་གྱི་རིག་གནས་སམ་ཡ་ཐོག་ཞང་ཞུང་རིག་གནས་ཀྱི་ངོ་བའི་ཆ་ནས་བཤད་ན་བཟོ་རིག་དང་གསོ་རིག སྒྲ་རིག ཕྱི་རིག ནང་རིག་སོགས་ཀྱིས་མཚོན་ཞིང་དར་བའི་དུས་ཡུན་ནི་སྟོན་པ་གཉིས་མ་བྱོན་ཡར་སྔོན་ནས་བཟུང་བོད་དང་ཞང་ཞུང་གི་མི་རྣམས་ཀྱིས་རྒྱུན་བཀོལ་བྱེད་པའི་རིག་གནས་ཤིག་ཏུ་ཆགས་ཡོད་པ་མངོན་གསལ་དུ་འདུག ཡ་ཐོག་བོན་གྱི་རིག་གནས་འདི་ལ ༼ བོན་ལོག་པ ༽ དང ༼ གདོད་མའི་བོན ༽ ཞེས་འབོད་པ་ཡོད་མོད་འདི་ནི་མིའི་སྣང་ཚུལ་ཞིག་ལས་ཡ་ཐོག་ཞང་ཞུང་རིག་གནས་སམ་གདོད་མའི་བོན་གྱི་ཤེས་རིག་གི་ངོས་ནས་ལོག་དང་མ་ལོག་པའི་རྣམ་བཞག་མེད་ལ། གང་ཟག་སྒེར་ངོས་ནས་ལོག་པར་སྤྱོད་པ་ཡང་ཡོད་ལ་ཡང་དག་པར་གནས་པ་ཡང་ཡོད། གང་ལྟར་གདོད་མའི་བོན་གྱི་ཤེས་རིག་རྩ་བ་བྱས་པའི་ཆ་ནས་གཤེན་རབ་རིག་གནས་དང་། ཐུབ་བསྟན་རིག་གནས། བྲམ་ཟེ་རིག་གནས། ཧན་རྡིའི་རིག་གནས་སོགས་མངོན་ལ། ཤེས་རིག་ཡོད་ཚད་ཀྱི་གྲོལ་ཕུག་དེ་གདོད་མའི་བོན་གྱི་རིག་གནས་སམ་ཡ་ཐོག་ཞང་ཞུང་རིག་གནས་དེ་ཡིན་པ་སྙོན་མེད་དུ་རྟོགས་ཐུབ།

བོན་གྱི་ཤེས་རིག་གི་ངོ་བོ་ལས་འཕྲོས་པའི་ལོ་ངོ་གཅིག་ཁྲི་བརྒྱད་སྟོང་ལྷག་གི་ལོ་རྒྱུས་ལྡན་པའི་གཤེན་རབ་རིག་གནས་སུ་རིག་པའི་གནས་ལྔ་དང་མདོ་སྔགས་རྫོགས་གསུམ། ཐེག་པ་རིམ་དགུ་སོགས་མངོན་གསལ་དུ་མཆིས་པས་རིག་པའི་གནས་ཐམས་ཅད་ཀྱི་འཐུས་སྒོ་འཛོམས་ཤིང་ཡང་དག་པའི་ལྟ་བ་དང་། སྒོམ་པ། སྤྱོད་པ། འཕྲིན་ལས། སྒྲུབ་ཐབས། འབྲས་བུ་དང་མདོར་ན་གཞི་ལམ་འབྲས་བུའི་རྣམ་བཞག་ཟབ་རྒྱས་སུ་གྲོལ་བའི་གཞུང་ལུགས་རང་རྐྱང་བའམ་རང་དབང་བ་ཞིག་ཏུ་གྲུབ་ཡོད། རིག་གནས་འདི་རྣམས་ཀྱི་རྩོམ་གཞི་བྱས་པ་ལས་འཕྲོས་པའི་ལོ་ངོ་བཞི་སྟོང་ལྷག་གི་ལོ་རྒྱུས་ལྡན་པའི་ཐུབ་བསྟན་རིག་གནས་སུ། ནང་བ་བའི་ལྟ་བའི་སྙིང་པོ་སྔགས་རྫོགས་ཀྱི་གཞུང་ལུགས་ཤིག་ཉི་མའི་དཀྱིལ་འཁོར་ལས་བསིལ་བུ་འཚོལ་བའི་ཟླ་རུ་སྣང་ལ། མདོ་ཡི་ཐེག་ཆེན་གྱི་གཞུང་ལུགས་གཉིས་ཀ་དེ་ཡང་དོགས་གནས་སུ་མཆིས། ཅིའི་ཕྱིར་ན། གཡུང་དྲུང་སེམས་དཔའ་སྤྲོས་མེད་པ ༼ དབུ་མ ༽ ཐུགས་རྗེ་སེམས་དཔའ ༼ སེམས་ཙམ་པ ༽ གཉིས་ཀྱི་སྲོལ་འབྱེད་པའི་ལས་རིམ་དག་ལ་གཞིག་ན། སྟོན་པ་བཅོམ་ལྡན་འདས་ཀྱི་ད་ལྟའི་བཀའ་གཞུང་ན་སྣང་བའི་སངས་རྒྱས་པ་ལ་བཞི་བ་དང་། ལྔ་བ་ཐུབ་པའི་དགོངས་པ་མིན་ཞེས་པའི་གཏན་ཚིགས་དེ་སྟོན་པ་བཅོན་ལྡན་འདས་ཀྱི་ངོ་བོ་ལ་རྒྱུ་མཚན་ཡང་དག་ཏུ་འགྲོ་དང་མི་འགྲོ་བར་དོགས་གནས་སུ་འཁུམ། ཡིན་ན་ཡང་། ད་ལྟའི་སྟོན་པ་བཅོམ་ལྡན་འདས་ཀྱི་རྗེས་འཇུག་པ་ཚོས་སྤྱོད་བཞིན་པའི་གསང་སྔགས་ཀྱི་སྒོ་ནས་ཚོགས་འཁོར་བསྐོར་བ་དང་། ལས་མཐའ་སྲུང་ཟློག་འདོན་པ། གནས་འདྲེན་བྱེད་པ། དབང་བསྐུར་བ། དེ་ལས་གཞན་གཏོ་འདོད་པ། བསང་ཕུད་པ། མོ་དང་རྩིས། དགྲ་སྒྲུབ་གཡང་སྒྲུབ་སོགས་ད་ལྟའི་རིག་གནས་དེ་རྒྱ་གར་ནས་ནང་འདྲེན་བྱས་པའི་བསླད་མ་ཞུགས་པའི་སྟོན་པ་བཅོམ་ལྡན་འདས་ཀྱི་རིག་གནས་ཤིག་མ་ཡིན་ལ། འདི་ནི། བོད་ཡུལ་ཀྱི་གངས་ཏི་སེའི་བར་རྒྱུད་ནས་བོད་པ་རྣམས་ཀྱི་རིག་རྩལ་ལས་བྱུང་བའི་ཞང་བོད་ཀྱི་གདོད་མའི་ཤེས་རིག་དེ་ལགས་ཕྱིར། ད་ལྟའི་ཐུབ་བསྟན་པ་ཚོ་སྟོན་པ་བཅོམ་ལྡན་འདས་ཀྱི་རྗེས་འཇུག་ངོ་མ་ཞིག་ཡིན་མིན་ལ་དོགས་གནས་ཤིན་ཏུ་ཆེ་བར་འདུག འདི་ནི། གྲུབ་མཐའི་ཕྱོགས་ཞེན་གྱི་ངང་ནས་བྲིས་པ་མ་ཡིན་ལ་ཐུབ་བསྟན་རིག་གནས་ཀྱི་སྣང་ཚུལ་གཤའ་མ་དེ་བརྗོད་པ་ཡིན། མདོར་ན། ཧན་རྡུའི་ཆོས་ལུགས་སོགས་ཀྱིས་མཚོན་པའི་རིག་གནས་དང་མིའི་རིགས་ཀྱི་རིག་གནས་ཐབས་ཅད་ཀྱི་གྲོལ་ཕུག་དེ་གདོད་མ་ནས་དར་བའི་བོན་གྱི་རིག་གནས་སམ་ཡ་ཐོག་ཞང་བོད་ཀྱི་རིག་གནས་དེ་ཡིན་པ་ད་སྐབས་མགྲིན་པ་གཟེངས་སུ་བཏེགས་ནས་བརྗོད་ཆོག་ཆོག་ཅིག་ཏུ་སྣང་བ་འདི་བསྒྱུར་མི་ཐུབ་པའི་ལོ་རྒྱུས་ཀྱི་ཡང་དག་པའི་གཏན་ཚིགས་ཤིག་ཏུ་གནས་ཡོད་པར་མངོན་ནོ།།

༢༠༡༤ .༦. ༡༤ ཉིན་རྒྱལ་རོང་དང་ཁྲི་འདུ་ནས་བྲིས།
༢༠༡༦ . ༢ . ༢༧ ཉིན་རེབ་གོང་ནས་བཟོ་བཅོས་བྱས།

 

བོན་ནག་ཚང་ཡེ་ཤེས་བློ་གྲོས་ཀྱིས་བརྩམས།

གཡུང་དྲུང་བོན་གྱི་སྒྲུབ་གནས་ཁག་གི་ངོ་སྤྲོད་དམར་མོའི་མཛུབ་ཁྲིད།
གཡུང་དྲུང་བོན་གྱི་སྒྲུབ་གནས་ཁག་གི་ངོ་སྤྲོད་དམར་མོའི་མཛུབ་ཁྲིད།
ཞང་ཞུང་སྙན་རྒྱུད་བཀའ་རྒྱུད་སྐོར་བཞིའི་གླེང་བརྗོད།
ཞང་ཞུང་སྙན་རྒྱུད་བཀའ་རྒྱུད་སྐོར་བཞིའི་གླེང་བརྗོད།
བརྡ་སྤྲོད་སྲིད་པའི་སྒྲོན་མེའི་རྩ་ཚིག
བརྡ་སྤྲོད་སྲིད་པའི་སྒྲོན་མེའི་རྩ་ཚིག
མེ་སྟོན་ཉི་མ་རྒྱལ་མཚན་མཆོག་གི་གསུང་འབུམ།
མེ་སྟོན་ཉི་མ་རྒྱལ་མཚན་མཆོག་གི་གསུང་འབུམ།
བོན་ཆོས་དཔྱད་བསྡུར།
བོན་ཆོས་དཔྱད་བསྡུར།
ལེགས་བཤད་རིན་པོ་ཆེའི་གཏེར་མཛོད།
ལེགས་བཤད་རིན་པོ་ཆེའི་གཏེར་མཛོད།
 རྗེ་མཉམ་མེད་ཤེས་རབ་རྒྱལ་མཚན་གྱི་གསུང་འབུམ་ཆ་ཚང་གི་གློག་རྡུལ་འཕྲུལ་དེབ།
 རྗེ་མཉམ་མེད་ཤེས་རབ་རྒྱལ་མཚན་གྱི་གསུང་འབུམ་ཆ་ཚང་གི་གློག་རྡུལ་འཕྲུལ་དེབ།
རྒྱུན་ཁྱེར་བོན་སྤྱོད་ཕྱོགས་བསྡུས་དད་ལྡན་ཐར་ལམ་འཛེགས་པའི་ཐེམ་སྐས་ཞེས་བྱ་བ་བཞུགས་སོ།
རྒྱུན་ཁྱེར་བོན་སྤྱོད་ཕྱོགས་བསྡུས་དད་ལྡན་ཐར་ལམ་འཛེགས་པའི་ཐེམ་སྐས་ཞེས་བྱ་བ་བཞུགས་སོ།
སྨན་རིའི་སྟེགས་འཇོག་ལོ་ཐོ།
སྨན་རིའི་སྟེགས་འཇོག་ལོ་ཐོ།
previous arrow
next arrow