ཟིང་ཆུ་རྫོང་བོན་གྱི་རིག་གནས་སྐུལ་སྤེལ་ཚོགས་པ་གཞུང་ངོས་ཀྱི་ཆོག་མཆན་ཐོབ་ནས་དབུ་བརྙེས་ཚོགས་ཆེན་འཚོགས་པ།

43adae2ca1b55890866170ee2542b565དེ་ཡང་སྤྱི་ལོ་༢༠༡༦་༧་༢༨ཉིན་མདོ་སྨད་གཡུང་དྲུང་བོན་གྱི་འདུས་སྡེ་ཆེན་མོ་༧དཔལ་གཤེན་བསྟན་དགའ་མལ་དགོན་ཆེན་གྱི་སྨྲ་སེང་སྟོང་སྐུའི་གཞལ་ཡས་ཁང་དུ་༼ཟིང་ཆུ་རྫོང་བོན་གྱི་རིག་གནས་སྐུལ་སྤེལ་ཚོགས་པ་༽དབུ་བརྙེས་པའི་ཚོགས་ཆེན་འཚོགས། ཚོགས་ཐོག་ཏུ་མཁན་ཆེན་ཤེས་རབ་གཡུང་དྲུང་དབང་རྒྱལ་རིན་པོ་ཆེ་དང་། དཔོན་སློབ་སྨན་རིའི་དགེ་བཤེས་ཤེས་རབ་མཐར་ཕྱིན། སྒྲུབ་སློབ་ཤེས་རབ་ལྷུན་གྲུབ། སྣང་ཞིག་མཆོག་སྤྲུལ་ཤེས་རབ་འོད་ཟེར་རྒྱལ་མཚན། བོན་མཁར་སྐལ་བཟང་རིན་ཆེན་གཙོས་པའི་ནང་གི་དགོན་ཁག་ལྔ་དང་ཕྱིའི་དགོན་ལག་བཅུ་གསུམ་གྱི་འགན་ཁུར་རྣམ་པ། དེ་བཞིན་ཟིང་ཆུ་རྫོང་མི་རིགས་ཆོས་དོན་ཅུས་ཀྱི་ཧྲུའུ་ཅི་ཚེ་དབང་མཆོག་ལེགས། ཟིང་ཆུ་རྫོང་དམངས་སྲིད་ཅུས་ཀྱི་དབུ་ཁྲིད་འཐུས་ཚབ། གསེར་ཆུ་ཡུལ་ཚོའི་ཧྲུའུ་ཅི་དབང་ལྡན་མཚོ། རྫོང་བོད་ཡིག་སློབ་འབྲིང་གི་དགེ་རྒན་ཁག་གཅིག་བཅས་ཟིང་ཆུ་རྫོང་དང་གཟི་རྩ་སྡེ་དགུ་རྫོང་། མཛོད་དགེ་རྫོང་བཅས་ནས་ཕེབས་པའི་མི་སྣ་ལྔ་བཅུ་ལྷག་ཚོགས་བཞུགས་གནང་ཡོད་པ་དང་།

ཐོག་མར་༧མཁན་སློབ་རྣམ་གསུམ་གཙོས་པའི་སྐྱེས་ཆེན་བླ་སྤྲུལ་རྣམས་ཀྱིས་སྨྲ་སེང་སྟོང་སྐུའི་གཞལ་ཡས་ཁང་དུ་ཕེབས་ཏེ་བཀྲ་ཤིས་རྟེན་འབྲེལ་དུ་མཆོག་གསུམ་ལྷ་དང་བཅས་པར་མར་མེ་སྒྲོན་སྟེ་ཕུལ་བ་དང་།

དེ་ནས་ཚོགས་ཆེན་དངོས་སུ་འཚོགས་འགོ་བརྩམས་ཏེ་རྫོང་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་སྣང་ཞིག་མཆོག་སྤྲུལ་ཤེས་རབ་འོད་ཟེར་རྒྱལ་མཚན་མཆོག་གིས་མདོ་འཛིན་གནང་སྟེ་ཚོགས་ཆེན་གྱི་འགྲོ་རིམ་གཞུང་འབྲེལ་དང་མཐུན་པའི་སྒོ་ནས་མཚམས་སྦྱོར་གནང་།

དེ་ནས་སི་ཁྲོན་ཞིང་ཆེན་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཞོན་དང་རྔ་བ་ཁུལ་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཞོན། གཟི་རྩ་སྡེ་དགུ་རྫོང་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་བོན་མཁར་སྐལ་བཟང་རིན་ཆེན་མཆོག་གིས་༼ཟིང་ཆུ་རྫོང་བོན་གྱི་རིག་གནས་སྐུལ་སྤེལ་ཚོགས་པ་༽འདི་ཉིད་རྒྱལ་ཁབ་གཞུང་གིས་དངོས་སུ་ཆོག་མཆན་ཐོབ་པའི་ཁྱབ་བསྒྲགས་གནང་བ་དང་འབྲེལ་རྟེན་འབྲེལ་ཤིས་ཚིག་གནང་། རྫོང་མི་རིགས་ཆོས་དོན་ཅུས་ཀྱི་ཧྲུའུ་ཅི་ཚེ་དབང་མཆོག་ལེགས་ཀྱིས་རྟེན་འབྲེལ་ཤིས་ཚིག་གནང་།

གསེར་ཆུ་ཡུལ་ཚོའི་ཧྲུའུ་ཅི་དབང་ལྡན་མཚོ་ནས་རྟེན་འབྲེལ་གནང་། དེ་ནས་དགའ་མལ་དགོན་ཆེན་གྱི་༧མཁན་ཆེན་ཤེས་རབ་གཡུང་དྲུང་དབང་རྒྱལ་མཆོག་གིས་༼ཟིང་ཆུ་རྫོང་བོན་གྱི་རིག་གནས་སྐུལ་སྤེལ་ཚོགས་པ་༽འདི་ཉིད་ཚུགས་དགོས་པའི་དམིགས་ཡུལ་དང་རྒྱུ་མཚན་སོགས་དང་འབྲེལ་བའི་གསུང་བཤད་གལ་ཆེན། དེ་ནས་དགའ་མལ་དགོན་པའི་དགེ་བཤེས་ཁ་དྲག་བཙན་དབང་ནས་༼ཟིང་ཆུ་རྫོང་བོན་གྱི་རིག་གནས་སྐུལ་སྤེལ་ཚོགས་པའི་༽སྒྲིག་ཡིག་སྒྲོག་སྦྱོང་གནང་བ་དང་།

སྣང་ཞིག་མཆོག་སྤྲུལ་ཤེས་རབ་འོད་ཟེར་རྒྱལ་མཚན་དང་དགེ་བཤེས་ཁ་དྲག་བཙན་དབང་རྣམ་གཉིས་ནས་༼ཟིང་ཆུ་རྫོང་བོན་གྱི་རིག་གནས་སྐུལ་སྤེལ་ཚོགས་པའི་༽རྒྱུན་ལས་དང་རྒྱུན་ལས་ལས་འཛིན། དྲུང་ཡིག་ཆེན་མོ་གཞོན་པ། དྲུང་ཡིག་ཆེན་མོ། ཚོགས་གཞོན། ཚོགས་གཙོ་བཅས་ཀྱི་འོས་མི་དང་འདེམས་སྟངས་སྒྲིག་གཞི་སོགས་ཀྱི་འགྲོ་རིམ་རྣམས་གཞུང་འབྲེལ་དང་མཐུན་པའི་སྒོ་ནས་ཁྱབ་བསྒྲགས་གནང་།

དེ་ནས་དགའ་མལ་དགོན་ཆེན་གྱི་སྒྲུབ་སློབ་ཤེས་རབ་ལྷུན་གྲུབ་དང་དགེ་བཤེས་བདེ་ལེགས་ཀུན་འབྱུང་། རིན་སྤུངས་དགོན་པའི་ཀྲུའུ་རེན་རྣམ་རྒྱལ་ཚེ་རིང་། སྐྱང་ཚང་དགོན་པའི་ཀྲུའུ་རེན་སྐལ་བཟང་འབྲུག་གྲགས་རྣམ་བཞི་ནས་འདེམས་ཤོག་འཕེན་པའི་བལྟ་སྐུལ་བ་གནང་སྟེ། ཚོགས་བཞུགས་པ་ཡོངས་ནས་རྒྱུན་ལས་མི་སྣ་དྲུག་ཅུ་རེ་དགུ་དང་རྒྱུན་ལས་ལས་འཛིན་ཉེར་བདུན། དྲུང་གཞོན་གཅིག དྲུང་ཆེ་གཅིག ཚོགས་གཞོན་གསུམ། ཚོགས་གཙོ་གཅིག་བཅས་འདེམ་ཐོན་གནང་ལ། ༧ མཁན་ཆེན་ཤེས་རབ་གཡུང་དྲུང་དབང་རྒྱལ་མཆོག་སྐབས་དང་པོའི་༼ཟིང་ཆུ་རྫོང་བོན་གྱི་རིག་གནས་སྐུལ་སྤེལ་ཚོགས་པའི་༽ཚོགས་གཙོ་དང་། ཚོགས་གཞོན་ལ་སྣང་ཞིག་མཆོག་སྤྲུལ་ཤེས་རབ་འོད་ཟེར་རྒྱལ་མཚན། དཔོན་སློབ་ཤེས་རབ་མཐར་ཕྱིན། བོན་མཁར་སྐལ་བཟང་རིན་ཆེན་གསུམ་དང་། དྲུང་ཡིག་ཆེན་མོ་ལ་རིན་སྤུངས་ཚུལ་བསྟན། དྲུང་ཡིག་ཆེན་མོ་གཞོན་པ་ལ་དགེ་བཤེས་ཁ་དྲག་བཙན་གཡང་། དེ་བཞིན་ཟིང་ཆུ་རྫོང་ཏང་ཨུའི་ཧྲུའུ་ཅི་ཚེ་དཔྱོད་གཡུང་སོགས་བློ་འདྲི་དང་། སྒྲུབ་སློབ་ཤེས་རབ་ལྷུན་གྲུབ་སོགས་རྒྱུན་ལས་ལས་འཛིན། གཞན་ཡང་ཟིང་ཆུ་རྫོང་དང་གཟི་རྩ་སྡེ་དགུ་རྫོང་། མཛོད་དགེ་རྫོང་བཅས་ཀྱི་དགེ་རྒན་ཆེན་མོ་དང་ཞིབ་འཇུག་པ། དགེ་བའི་བཤེས་གཉེན་ཆེན་མོ་སོགས་གདན་ཞུའི་དགེ་རྒན་སོགས་འདེམ་ཐོན་བྱུང་ལ།

དེ་ནས་སྐབས་དང་པོའི་༼ཟིང་ཆུ་རྫོང་བོན་གྱི་རིག་གནས་སྐུལ་སྤེལ་ཚོགས་པའི་༽ཚོགས་གཙོ་༧མཁན་ཆེན་ཤེས་རབ་གཡུང་དྲུང་དབང་རྒྱལ་མཆོག་གིས་མ་འོངས་པའི་ཚོགས་པའི་འཆར་གཞི་དང་འབྲེལ་ཏེ་གསུང་བཤད་གལ་ཆེན་གནང་། དེ་ནས་སྨྲ་སེང་སྟོང་སྐུའི་གཞལ་ཡས་ཁང་གི་མདུན་ནས་ཚོགས་བཞུགས་ཡོངས་དྲན་རྟེན་སྐུ་པར་བསྐྱོན་པ་བཅས་ཐེངས་འདིའི་ཚོགས་ཆེན་མཇུག་རྫོགས།

ཚོགས་པ་འདི་ནི་རྒྱལ་ཁབ་གཞུང་ནས་ཆོག་མཆན་དངོས་སུ་ཐོབ་པའི་ཚོགས་པ་ཞིག་ཡིན་སྟབས་མ་འོངས་པར་ལོ་རེར་རྒྱུན་ལས་ཚོགས་ཆེན་རེ་དང་ལོ་གཉིས་རེ་ནས་རྒྱལ་སྤྱི་དང་རྒྱལ་ནང་གི་རིག་གཞུང་བགྲོ་གླེང་དང་མཐུན་པའི་བོད་རིག་པ་སྤྱི་དང་ཁྱད་པར་དུ་ཞང་ཞུང་དང་བོན་གྱི་རིག་གཞུང་། ཡང་ཁྱད་རྫོང་ཁག་གསུམ་དང་འབྲེལ་བའི་རིག་གཞུང་བགྲོ་གླེང་ཚོགས་ཆེན་བསྡུ་རྒྱུ། དེ་བཞིན་ལོ་ངོ་ལྔ་དང་དྲུག་ཡས་མས་ནས་ཚོགས་གཙོ་སོགས་བརྗེ་སྤོ་གནང་རྒྱུ། གཞན་ཚོགས་པ་འདི་གྲུབ་ཚུལ་ལ། ཆེད་དུ་གདན་ཞུ་ཞིབ་འཇུག་དགེ་རྒན་ཆེན་མོ་ཚན་ཁག་དང་གདན་ཞུ་དགེ་རྒན་ཆེན་མོ་ཚན་ཁག བློ་འདྲི་ཚན་ཁག ཚོགས་གཙོ་དང་ཚོགས་གཞོན། དྲུང་ཡིག་ཆེན་མོ། དྲུང་ཡིག་ཆེན་མོ་གཞོན་པ། རྒྱུན་ལས་ལས་འཛིན། རྒྱུན་ལས། ཚོགས་མི་བཅས་ལས་གྲུབ་པའི་ཚོགས་པ་ཞིག་ཡིན།

ཞེས་༼ཟིང་ཆུ་རྫོང་བོན་གྱི་རིག་གནས་སྐུལ་སྤེལ་ཚོགས་པ་༽དབུ་བརྙེས་ཚོགས་ཀྱི་མཚམས་སྦྱོར་གནད་བསྡུས་དང་ཚོགས་པའི་འཆར་གཞིའི་ནང་དོན་རགས་བསྡུས་ཙམ་བཅས་ཚོགས་པའི་དྲུང་ཡིག་ཚན་ཁག་གིས་༢༠༡༦་༧་༢༩ཉིན་བྲིས།

གཡུང་དྲུང་བོན་གྱི་སྒྲུབ་གནས་ཁག་གི་ངོ་སྤྲོད་དམར་མོའི་མཛུབ་ཁྲིད།
གཡུང་དྲུང་བོན་གྱི་སྒྲུབ་གནས་ཁག་གི་ངོ་སྤྲོད་དམར་མོའི་མཛུབ་ཁྲིད།
ཞང་ཞུང་སྙན་རྒྱུད་བཀའ་རྒྱུད་སྐོར་བཞིའི་གླེང་བརྗོད།
ཞང་ཞུང་སྙན་རྒྱུད་བཀའ་རྒྱུད་སྐོར་བཞིའི་གླེང་བརྗོད།
བརྡ་སྤྲོད་སྲིད་པའི་སྒྲོན་མེའི་རྩ་ཚིག
བརྡ་སྤྲོད་སྲིད་པའི་སྒྲོན་མེའི་རྩ་ཚིག
མེ་སྟོན་ཉི་མ་རྒྱལ་མཚན་མཆོག་གི་གསུང་འབུམ།
མེ་སྟོན་ཉི་མ་རྒྱལ་མཚན་མཆོག་གི་གསུང་འབུམ།
བོན་ཆོས་དཔྱད་བསྡུར།
བོན་ཆོས་དཔྱད་བསྡུར།
ལེགས་བཤད་རིན་པོ་ཆེའི་གཏེར་མཛོད།
ལེགས་བཤད་རིན་པོ་ཆེའི་གཏེར་མཛོད།
 རྗེ་མཉམ་མེད་ཤེས་རབ་རྒྱལ་མཚན་གྱི་གསུང་འབུམ་ཆ་ཚང་གི་གློག་རྡུལ་འཕྲུལ་དེབ།
 རྗེ་མཉམ་མེད་ཤེས་རབ་རྒྱལ་མཚན་གྱི་གསུང་འབུམ་ཆ་ཚང་གི་གློག་རྡུལ་འཕྲུལ་དེབ།
རྒྱུན་ཁྱེར་བོན་སྤྱོད་ཕྱོགས་བསྡུས་དད་ལྡན་ཐར་ལམ་འཛེགས་པའི་ཐེམ་སྐས་ཞེས་བྱ་བ་བཞུགས་སོ།
རྒྱུན་ཁྱེར་བོན་སྤྱོད་ཕྱོགས་བསྡུས་དད་ལྡན་ཐར་ལམ་འཛེགས་པའི་ཐེམ་སྐས་ཞེས་བྱ་བ་བཞུགས་སོ།
སྨན་རིའི་སྟེགས་འཇོག་ལོ་ཐོ།
སྨན་རིའི་སྟེགས་འཇོག་ལོ་ཐོ།
previous arrow
next arrow