མཁས་གྲུབ་གཉིས་ལྡན་གྱི་དམ་པའི་སྐྱེས་བུ་ཆེན་པོ་མདོ་སྨད་རྟོགས་ལྡན་དགོན་གྱི་ཁྲི་རིན་པོ་ཆེའི་འཇམ་དབྱངས་མཁྱེན་རབ་རྒྱ་མཚོ་མཆོག་ནི་ཕྱི་ལོ་(༡༩༣༣)ལོའི་ཟླ་བ་(༠༥)ཚེས་(༡༣)བོད་རབ་བྱུང་བཅུ་དྲུག་པའི་མེ་མོ་བྱ་ཡི་ལོའི་ཟླ་(༤)ཚེས་(༡༡)ལེགས་པ་བརྒྱད་འཛོམ་ཞེས་རྟེན་འབྲེལ་ཕུན་སུམ་ཚོགས་པའི་ཉིན་མོར་ངོ་མཚར་བའི་མཚན་ལྟས་བཟང་བོ་དང་བཅས་སྐུ་འཁྲུངས་ཤིང་འགྲོ་དོན་ཡོངས་སུ་གྲུབ་མཐར་ཕྱི་ལོ་(༢༠༡༦)ལོའི་ཟླ་བ་(༠༩)ཚེས་(༢༤)ཉིན་མི་རྟག་ཚུལ་བསྟན་དགོངས་པ་བོན་དབྱིངས་སུ་བསྡུས་སོ། །
དེ་ཡང་དབུས་རི་རྒྱལ་ལྷུན་པོའི་ལྷོ་ཕྱོགས་འཛམ་བུ་གླིང་གི་ས་ཡི་ལྟེ་བ། གངས་ཅན་སཱ་ལའི་སྨན་ལྗོངས་ཡངས་པོ་འདི་ལ། སྟོད་མངའ་རིས་སྐོར་གསུམ། བར་དབུས་གཙང་རུ་བཞི། སྨད་མདོ་ཁམས་སྒང་དྲུག་གསུམ་ལས་མདོ་ཁམས་སྨད། བོད་དང་བོད་ཆེན་པོ་གཉིས་སུ་ཕྱེས་བ་ལས། བོད་ཆེན་པོ་ཞེས་སུ་གྲགས་པ། རྨ་ཆུ་དང་། རྫ་ཆུ། འབྲི་ཆུ། རྔུལ་ཆུ་བཞིའི་ཆུ་ཀླུང་གི་ཆབ་སྒྲ་ལྷུང་ལྷུང་དལ་གྱིས་འབབ་པའི་ཡུལ་ཕྱོགས། རྔུལ་རྫ་ཟལ་མོ་སྒང་དང་། ཚ་བ་སྒང་། སྨར་ཁམས་སྒང་། བུ་འབོར་སྒང་། སྨ་རྫ་སྒང་།མེ་ཉག་སྒང་བཅས་སྒང་དྲུག་གི་ཆར་གཏོགས་པའི་ནོར་འཛིན་སྒེག་མོ་ས་ཡི་ཐིག་ལེ། རྩ་གསུམ་ལྷ་གནས་ས་ལ་འཕོས་འདྲའི་བཀོད་པ་བལྟ་བས་ཆོག་མི་ཤེས་པ། དུས་བཞིའི་དགེ་མཚན་རྣམ་པར་བཀྲ་བ། རྫ་རི་དང་སྤང་རི་ཕྲེང་དུ་བསྟར་ཤིང་དྭངས་བསིལ་གྱི་མཚོ་མོ་གཡང་དུ་འཁྱིལ་བ།ཡངས་པའི་རྩྭ་ཐང་དུ་མེ་ཏོག་སྣ་ཚོགས་ཀྱི་མགོ་ལྕོག་ལྡེམ་ལྡེམ་གཡོ་ཞིང་རྟ་ནོར་ལུག་གསུམ་གྱི་འཕེལ་ཁ་རྒྱས་ས། རྩི་ཤིང་དང་ནགས་ཚལ་གྱི་དྲ་བས་ཕྱོགས་མཚམས་ཀུན་ཏུ་མཛེས་པ། འབྲུ་རིགས་ལོ་ཏོག་སྣ་ཚོགས་ལ་ལོངས་སུ་སྤྱོད་ཆོག་པའི་བཅུད་ཀྱི་དགེ་མཚན་ཚང་བའི་རོང་འབྲོག་གཉིས་ཀ་འཛོམས་པའི་ཡུལ། ས་ལ་དགེ་བཅུ་ཚང་ཞིང་ཤེས་རིག་ཡོན་ཏན་འབྱུང་བ། ནང་མི་ཕན་ཚུན་བར་ལ་བློ་སེམས་མཐུན་ཞིང་བླ་མའི་ཐུགས་བརྩེ་ཟབ་པའི་བསྟི་གནས། ཕྱོགས་མཚམས་ཀུན་ཏུ་བྱིན་གྱིས་བརླབས་པའི་སྒྲུབ་གནས་ཁྱད་པར་ཅན་དང་གྲུབ་མཐའ་རིས་མེད་ཀྱི་དགོན་སྡེ་སྐར་ཚོམ་ལྟར་བཞུགས་པའི་གནས་མཆོག མཛེས་ཤིང་ལྟ་ན་སྡུག་པའི་ཡུལ་ལྗོངས་ (སི་ཁྲོན)ཆུ་བཞི་ཞིང་ཆེན། རྔ་བ་ཁུལ། (ཧོང་ཡོན)ཁྱུང་མཆུ་རྫོང་། མཁར་དགུ་དཔོན་གྱི་མངའ་འབངས་ཚོ་(སྐྱ་མགོ་སྡེ་བ་དང་། རོང་རུ་སྡེ་བ། ཚ་རུ་སྡེ་བ། ཚ་ལུང་སྡེ་བ།) བཞིའི་ནང་ཚན་ཚ་རུ་མ་ཞེས་པའི་ཡུལ་ཚོ་རུ། ཡབ་དགེ་སྡིག་བླང་དོར་ལ་མཁས་ཤིང་ཡ་རབས་སྲོལ་བཟང་སྐྱོང་མཁན་ཨ༵་དྲ༵ན་པ་སྐྱབས་དང་། ཡུམ་རྣམ་དཀར་གྱི་དགེ་བ་ལ་བརྩོན་སེམས་ལྡན་པའི་བཞིན་བཟང་བྱམས་བརྩེ་ཅན་ཨ༵་དབྱངས་ཅན་ལྷ་མོ༵་གཉིས་ལས་སྐུ་བལྟམས།
སྔོན་ཆད་ཁོང་རིན་པོ་ཆེའི་ཡབ་གཞིས་ཀྱི་ཁྱིམ་རྒྱུད་དུ་རྔ་ལྗོངས་རྟོགས་ལྡན་དགོན་སྨིན་གྲོལ་བཀྲ་ཤིས་འཁྱིལ་གླིང་གི་བླ་རབས་གཉིས་པ་བཻ་རོའི་སྤྲུལ་བ་རྒྱལ་དབང་བསོད་ནམས་ཕུན་ཚོགས་ཀྱི་སྐུ་འཕྲེང་གཉིས་པ་རྟོགས་ལྡན་བསོད་ནམས་དར་རྒྱས་ཚང་ཡང་སྐུ་འཁྲུངས་བ་ཡིན་ཞེས་རྣམ་ཐར་དུ་གསལ། སྐྱབས་རྗེ་མཆོག་ཉིད་སྐུ་ན་ཆུང་ངུའི་དུས་སུ་ཨ་མཆོག་རིན་པོ་ཆེས་མཚན་ལ་ཁོང་གི་མཚན་ཇི་བཞིན་མཁྱེན་རབ་རྒྱ་མཚོ་གསོལ།
དེ་ནས་རྗེ་ཉིད་སྔ་འགྱུར་བསྟན་པའི་མངའ་བདག་རྡོ་གྲུབ་ཆེན་རིན་པོ་ཆེ་དང་། རི་བོ་དགེ་ལྡན་པའི་སྲོལ་འཛིན་ཨ་མཆོག་བླ་མ། ཞྭ་དཀར་བསྟན་པའི་མཛེས་རྒྱན་གཏེར་སྟོན་ཚེ་དབང་འགྱུར་མེད་དམ་བྱ་བཏང་རིག་རྩལ་གླིང་བ། རིན་སྤུངས་མཆོག་སྤྲུལ་ཚང་། ཡོངས་འཛིན་རིན་པོ་ཆེ་སོགས་གྲུབ་མཐའ་རིས་མེད་ཀྱི་བླ་མ་དམ་པ་མང་པོས་གཡུ་སྒྲ་དངོས་བྱོན་སྤྲུལ་སྐུ་ཁྲོ་གཉེན་རྒྱལ་མཚན་གྱི་སྤྲུལ་བ། རྟོགས་ལྡན་ཁྲི་བ་ཁྲི་གཙུག་བློ་གྲོས་ཀྱི་ཡང་སྤྲུལ་དུ་ལུང་བསྟན་གནང་སྟེ་ངོས་འཛིན་འཁྲུལ་མེད་གནང་། ཁོང་གི་དགུང་གྲངས་ལྔ་བཞེས་སྐབས་རྟོགས་ལྡན་དགོན་ནས་ཡོངས་འཛིན་གཞོན་པ་བཟོད་པ་རྒྱལ་མཚན་སོགས་བླ་གྲྭ་བཅུ་གསུམ་ཕེབས་ནས། ཁོང་རིན་པོ་ཆེ་ལ་དྲི་མེད་དར་དཀར་དྲངས་ཤིང་བཀྲ་ཤིས་པའི་མཛད་སྒོ་སྤེལ་ཏེ་ཚུལ་གོས་རྣམ་གསུམ་གཞི་ནས་གསོལ། ཡོངས་འཛིན་རིན་པོ་ཆེ་དང་གདུང་ལི་ངག་དབང་བློ་གྲོས་ཕྱོགས་ལས་རྣམ་རྒྱལ་རྣམ་གཉིས་ཀྱིས་སྐྱབས་སྡོམ་དང་གཙང་མ་གཙུག་ཕུད་ཀྱི་བསླབ་སྡོམ་རྣམས་ཚུལ་བཞིན་དུ་གནང་།
དུས་དེ་ནས་བཟུང་ཡོངས་འཛིན་བཟོད་པ་རྒྱལ་མཚན་དགེ་རྒན་དུ་བསྟེན་ནས། ཁོང་གིས་བྱམས་སྐྱོང་དང་རྗེས་འཛིན་འོག་ཀློག་སློབ་པ་ནས་བྲི་འདོན་སོགས་ལ་དཀའ་ཚེགས་མེད་པར་རིམ་བཞིན་སྤྱོད་པ་མས་འཛེགས་སུ་བསླབ་པས་རིག་པ་ཀློང་དུ་རྡོལ། ཕྱི་ལོ་ ༡༩༤༣ བོད་ས་སྟག་ལོའི་ཟླ་བ་ ༩ ཚེས་ ༢༢ ཏེ་དགུང་གྲངས་དགུ་བཞེས་སྐབས་སུ། དཔལ་རྔ་ཡུལ་གཡང་གི་ར་བའི་མི་རྗེ་ས་ཡི་ཚངས་པ་ཆེན་པོ་རྨེའུ་ཆོས་རྒྱལ་༧དཔལ་མགོན་འཕྲིན་ལས་རབ་བརྟན་གྱི་གཙོས་རྟོགས་ལྡན་ཡོངས་འཛིན་རྒན་གཞོན་གཉིས་སོགས་བླ་གྲྭ་ལྷན་འཛོམས་ལྷ་སྡེ་འབངས་མི་བཅས་ཀྱིས་རྗེ་ཉིད་རྟོགས་ལྡན་དགོན་༧དཔལ་གཤེན་བསྟན་སྨིན་གྲོལ་བཀྲ་ཤིས་འཁྱིལ་གླིང་དུ་གདན་དྲངས་ཤིང་མི་འགྱུར་གསེར་གྱི་ཁྲི་ལ་མངའ་གསོལ་ཏེ་ཁྲི་སྟོན་གྱི་མཛད་སྒོ་ལེགས་པར་སྤེལ། དུས་དེ་ནས་བཟུང་ཡོངས་འཛིན་རྒན་པ་ཡོན་ཏན་རྒྱ་མཚོ་ཚང་དང་། གངས་རི་བ་ཡང་སྟོན་བསྟན་འཛིན་རྒྱལ་མཚན། ལྔ་རིག་མཁས་པའི་དབང་པོ་ངེས་དོན་མཐོང་བ་རང་གྲོལ། ཡོངས་འཛིན་གཞོན་པ་བཟོད་པ་རྒྱལ་མཚན། གཞན་ཡང་དགོན་འདིའི་མཁས་པ་མང་པོ་སོགས་ཀྱི་མདུན་ནས་མདོ་སྔགས་རྫོགས་གསུམ་གྱི་དབང་ལུང་ཁྲིད་ཀྱི་གདམ་ངག་ཡོད་ཚད་ལུས་པ་མེད་པར་ཞུས།
དགུང་གྲངས་བཅོ་ལྔ་བཞེས་སྐབས་སུ། ཚུལ་ཆེན་སྐུ་འཕྲེང་གསུམ་པ་ཐེག་མཆོག་བསྟན་པའི་ཉི་མ་མཆོག་དང་ཡོངས་འཛིན་རིན་པོ་ཆེ་ཁོང་རྣམ་པ་གསུམ། ཡུལ་རྫ་ཁོག་གྱེར་ཟེའི་རི་ཁྲོད་འོག་མ་དྲང་སྲོང་དགྱེས་པའི་སྐྱེད་ཚལ་དུ་ཕེབས་ཏེ། ཕྱིའི་ཚུལ་དང་ནང་གི་ཁྲིམས་ལ་ཉེས་ལྟུང་ཕྲ་མོས་ཀྱང་མ་གོས་པའི་མཚུངས་མེད་དགེ་བའི་བཤེས་གཉེན་དཔལ་ལྡན་སྨན་རིའི་སྡོམ་རྒྱུད་མ་ཆད་པ། ཀུན་མཁྱེན་མངྒ་ཝེར་ཞིའི་རྒྱལ་ཚབ་དམ་པ་བློ་གྲོས་རྒྱ་མཚོས་གཙོར་མཛད་མཁན་སློབ་སྦྲེལ་མའི་ལུགས་སུ་བྱས་ནས། དགེ་བའི་བཤེས་གཉེན་དང་དྲང་སྲོང་བཞི་སྡེའི་དབུས་སུ། གྲོགས་ཚངས་པ་མཚུངས་པར་སྤྱོད་པའི་སྐྱེས་ཆེན་ལྕང་ལུང་གཡུང་དྲུང་བསྟན་རྒྱལ་གྱི་ཡང་སྤྲུལ་དང་། ཚུལ་ཆེན་ཚུལ་ཁྲིམས་བསྟན་པའི་རྒྱལ་མཚན་གྱི་ཡང་སྤྲུལ། ཁོང་རིན་པོ་ཆེ་བཅས་ཀྱིས་ལྷན་གཅིག་ཏུ་དྲང་སྲོང་བསྙེན་རྫོགས་ཀྱི་སྡོམ་པ་ཡོངས་རྫོགས་ཞུས་ཤིང་ཚུལ་མཚན་ལ་ཚུལ་ཁྲིམས་བསྟན་འཛིན་གཙུག་ཕུད་དུ་གསོལ། གནས་དེར་སྔོན་འགྲོ་འབུམ་དགུ་སྦྱང་ནས་ཟླ་བ་ཁ་ཤས་ལ་བཞུགས། དེ་ནས་བཟུང་ཤ་ཆང་སྒོག་པ་དུས་མིན་གྱི་ཁ་ཟས་སོགས་སྤངས་བ་དམ་བཅའ་བྱས་ཏེ། འདུལ་ཁྲིམས་ཡོངས་རྫོགས་མིག་འབྲས་བཞིན་ལེགས་པར་བསྲུང་།
ཕྱིར་རང་ཡུལ་དུ་ཕེབས་ཏེ་མཁན་ཆེན་དམ་པའི་དྲུང་ནས་སྔོན་འགྲོ་འབུམ་དགུ་ནས་རིམ་བཞིན་དུ། རྫོགས་ཆེན་རྩ་རླུང་། བཅུད་ལེན། མུན་མཚམས་ཐབས་དྲུག རླུང་རིས་དང་ཆུ་རིས་སོགས་དང་། ཐོད་རྒལ་སྣང་བཞིའི་འཆར་སྒོའི་རྟགས་ཚད་སྣ་ཚོགས་བྱུང་བ་དང་བསྙེན་སྒྲུབ་སོགས་ལ་གནད་འགྲོ་བར་བྱས་ཏེ་ཉམས་ལེན་ལ་ཐང་ལྷོད་མེད་ངོས་ནས་ཀུན་མཁྱེན་ཤར་རྫ་རིན་པོ་ཆེའི་ཕྱག་སྲོལ་ལྟར་ཉམས་སུ་བླངས་ཤིང་མཁས་པའི་བྱ་བ་གསུམ་གྱིས་གསན་སྒོམ་མཐའ་དག་མཐར་ཕྱིན་པར་བྱས།
བླ་མ་གོང་མའི་ཕྱག་ལེན་རྣམས་ལ་གཙིགས་ཆེ་བའི་སྒོ་ནས་ཐུགས་འཛིན་སྐྱོར་སྦྱོང་དང་བསླབ་པ་སློབ་གཉེར་གྱི་མཛད་འཕྲིན་བླ་མེད་བསྐྱངས། དེའི་སྐབས་སུ་བསྟན་བདག་རྒྱལ་བོའི་བཀའ་བཞིན་རང་དགོན་གྱི་འདུ་ཁང་སྐྱར་བཞེངས་བྱེད་དགོས་བྱུང་བས། ཕྱོགས་སོ་སོའི་བསྟན་སྦྱིན་སོགས་ལ་བསོད་སྙོམས་སུ་ཕེབས། སྔོན་གྱི་གཤེན་ཚང་འདུ་ཁང་ཟེར་བ་དེ་ལས་ལྡབ་གཉིས་ཆེ་བའི་འདུ་ཁང་ཀ་བརྒྱ་མ་ཞེས་པ་དེ་གསར་བཞེངས་བྱས། ཕྱི་ཡི་བཀོད་པ་དང་ནང་གི་རྟེན་བཞེངས་སྣ་ཚོགས་ལེགས་པར་གྲུབ་ཏེ་བསྟན་པ་དང་དགོན་པ་ལ་ཞབས་ཕྱིར་འབད་འབུངས་ལྷོད་མེད་མཛད། སྤྱི་ལོ་ ༡༩༥༨ སྟེ་དགུང་གྲངས་ཉེར་ལྔ་བཞེས་སྐབས་ནས་བསྟུད་མར་དམངས་གཙོའི་བཅོས་བསྒྱུར་དང་རིག་གནས་གསར་བརྗེ་སོགས་ཀྱིས་རྐྱེན་བྱས་ཏེ་གངས་ལྗོངས་སྟོད་སྨད་བར་གསུམ་ཀུན་ཏུ་གནམ་ས་བླ་འོག་བསྒྱུར་བ་ལྟ་བུའི་གཡོ་འགུལ་ཚབས་ཆེན་བྱུང་བས། རིན་ཐང་གཞལ་དུ་མེད་པའི་སྐུ་གསུང་ཐུགས་རྟེན་ཡོད་ཚད་རྡུལ་དུ་བརླགས་ཤིང་། བླ་ཆེན་སྐྱེས་ཆེན་ཡོད་ཚད་ཡ་ང་བའི་སྡུག་ལ་སྦྱར་བའི་གོ་རིམ་ཁྲོད། ཁོང་རིན་པོ་ཆེ་ཡང་བགྲང་བྱ་ཉེར་ལྔའི་དུས་ཡུན་ལ་གྲོང་དང་ཁྲིམས་སྒོ་ཉག་གཅིག་འགྲིམས་དགོས་བྱུང་ནའང་། བསྲུང་བྱའི་སྡོམ་ཁྲིམས་རྩ་བ་ཡན་ལག་དང་བཅས་པར་ཉེས་ལྟུང་ཕྲ་མོས་ཀྱང་མ་གོས་པར་མིག་འབྲས་བཞིན་དུ་བསྲུང་ཞིང་། རྒྱུན་གྱི་ཞལ་འདོན་ཉམས་ལེན་སོགས་ཀྱང་ཆག་མེད་བྱས་པས་དད་ལྡན་འགྲོ་བ་ཀུན་གྱི་བསྟོད་བསྔགས་ཀྱི་མེ་ཏོག་འཐོར་ཡུལ་དང་དད་གསུམ་གྱིས་བཀུར་སྟི་བྱ་གནས་སུ་གྱུར།
ཕྱི་ལོ་ ༡༩༨༥ ལོར། དགུང་གྲངས་ལྔ་བཅུ་བཞེས་སྐབས། ཡང་དར་བསྟན་པའི་ཉི་མ་ཤར་བ་ན་རང་དགོན་ལ་ཡང་སྒོ་འབྱེད་བྱས་ཏེ་དགོན་པའི་བདག་པོར་བོན་སྲིད་ལུགས་གཉིས་ཀྱི་འགན་བཞེས་ནས།ཚོགས་ཆེན་འདུ་ཁང་དང་། སྲུང་མ་རྩེན་ཁང་། འཆམ་ར། གཞུང་ཁང་།སྒྲུབ་གྲྭ་ཁང་། ཇ་ཁང་། གླིང་མཐའི་འཁོར་འཕྲེང་དང་འཁོར་ཁང་སོགས་གཞི་ནས་ཉམས་གསོ་བྱས། བསྐལ་བ་ཁྱིའི་ལོར་མཆོད་རྟེན་སྣང་སྲིད་ཟིལ་གནོན་ཆེན་མོ་གསར་དུ་བཞེངས་ནས་ལེགས་པར་གྲུབ།
ཕྱི་ལོ་ ༡༩༩༥ ལོར། དགུང་གྲངས་དྲུག་ཅུར་བཞེས་སྐབས་སྲིད་གཞུང་གིས་ཆོག་མཆན་གནང་བ་བརྒྱུད་རྒྱ་གར་ཕྱོགས་སུ་གནས་མཇལ་དུ་ཕེབས། ཁོང་རིན་པོ་ཆེ་རྒྱ་གར་ཧི་མ་ཅལ་ཁུལ་གྱི་གཡུང་དྲུང་བོན་གྱི་བསྟན་པའི་བསྟི་གནས། ༧དཔལ་གཤེན་བསྟན་སྨན་རིའི་གླིང་ངམ་བོན་གཞིས་ཐོབ་རྒྱལ་གསར་བའི་གཙུག་ལག་ཁང་དུ་གདན་འདྲེན་ཞུས་ཤིང་། མི་འཇིགས་གདོང་ལྔས་བཏེགས་པའི་ཁྲི་ལ་བཞུགས་པར་གསོལ་བའི་མུར། དཔལ་ལྡན་སྨན་རིའི་༧ཁྲི་འཛིན་སོ་གསུམ་པ་རིན་པོ་ཆེའི་གཙོས་དགོན་པའི་དབུ་འཛིན་དང་དགེ་འདུན་འདུས་སྡེས་རིམ་བཞིན།མཆོག་ཉིད་ལ་མཎྜལ་རྟེན་དོད་ཕུལ་ཞིང་༼ཆ་རྐྱེན་མང་པོ་ཞིག་ལ་བརྟེན་ནས་དེ་སྔ་ལོ་རྒྱུས་སྟེང་བྱུང་བར་མ་གྲགས་པའི་དམིགས་བསལ་གྱི་༽བཀའ་རབ་འབྱམས་པ་དགེ་བའི་བཤེས་གཉེན་ཆེན་མོའི་མཚན་སྙན་གནང་། ཁོང་རིན་པོ་ཆེ་ནས་ཀྱང་དགེ་འདུན་འདུས་པ་རྒྱ་མཚོར་མང་ཇ་དང་སྐུ་འགྱེད་ཕུལ་ཞིང་། ལྔ་མཆོད་དུས་ཆེན་ལ་རྟེན་འབྲེལ་ལེགས་སྐྱེས་དང་འབྲེལ། ཞྭ་དཀར་གཡུང་དྲུང་བོན་གྱི་བཤད་སྒྲུབ་གྱི་བསྟན་པ་རིན་པོ་ཆེ་འདི་ཉིད་ཕྱོགས་བཅུ་ཀུན་ཏུ་དར་ཞིང་རྒྱས་ལ། འགྲོ་ཀུན་ཞི་བདེའི་དཔལ་ལ་རོལ་བའི་སྨོན་འདུན་ཞུ་རྟེན་དུ། རྗེ་རྒྱལ་བ་གཉིས་པ་༧མཉམ་མེད་ཤེས་རབ་རྒྱལ་མཚན་གྱི་གོས་ཐང་ཆེན་མོ་ཕུལ། གཞན་རྒྱ་གར་འཕགས་པའི་ཡུལ་གྱི་གནས་ཆེན་བརྒྱད་དང་ནང་བའི་གྲུབ་མཐའ་ཁག་གི་དགོན་སྡེ་ཆེ་ཆུང་མང་པོར་མཇལ་སྐོར་དང་འབྲེལ་འཇོག་རྒྱས་པར་བྱས། དེ་མིན་བལ་ཡུལ་གྱི་རྒྱལ་ས་ཡམ་བུ་ཁུལ་གྱི་༧དཔལ་ཁྲི་བརྟན་ནོར་བུ་རྩེའི་དགོན་པའི་སེམས་དཔའ་འདུས་སྡེ་རྒྱ་མཚོར་ཡང་མང་ཇ་དང་སྐུ་འགྱེད་ཞལ་འདེབས་སོགས་རྒྱས་པར་ཕུལ།
ཕྱི་ལོ་༢༠༠༠ སྟེ་དགུང་ལོ་དྲུག་ཅུ་རེ་བརྒྱད་བཞེས་སྐབས། རྟེན་འབྲེལ་མང་པོ་ཞིག་གིས་རྐྱེན་བྱས་ནས་ཙི་ནའི་ཡུལ་གྱི་ས་གནས་སྐོར་ཞིག་ལ་ཆིབས་ཁ་བསྒྱུར་ཞིང་། འཛམ་གླིང་ཡོངས་ལ་གྲགས་སྙན་འབར་བའི་རྒྱལ་བའི་བསྟན་པ་རིན་པོ་ཆེ་རིགས་མི་འདྲ་བའི་སློབ་མ་མང་པོར་བརྒྱུད་སྤེལ་བྱས། ཁོ་ཚོས་ཕུལ་བའི་དཔལ་འབྱོར་གྱི་མཐུན་རྐྱེན་ལ་བརྟེན་ནས་རང་དགོན་གྱི་ཚོགས་ཆེན་འདུ་ཁང་ཆེན་མོ་ཐེངས་གསུམ་པ་བསྐྱར་བཞེངས་བྱས་ཤིང་ལོ་གསུམ་གྱི་དུས་ཡུན་ནང་རྟེན་དང་བརྟེན་པའི་བཀོད་པ་ཡོངས་སུ་གྲུབ། གཞན་ཡང་རང་དགོན་དུ་༧དཔལ་གཤེན་བསྟན་བཤད་སྒྲུབ་སྨིན་གྲོལ་སློབ་གླིང་གསར་དུ་བཙུགས།
ཡང་ཐུགས་བརྩེ་ཟབ་པའི་སློབ་བུ་ཀོས་ཡང་གྲོང་ཁྱེར་གྱི་སྦྱིན་བདག་ཆེན་མོ་ཞིག་ལ། ཁོང་གིས་དགོན་པའི་འཛུགས་བསྐྲུན་ཕལ་ཆེར་ལེགས་པར་གྲུབ་ཟིན་ནའང་། རྫོགས་ཆེན་སློབ་གླིང་བསྐྱར་བཞེངས་བྱེད་མ་ཐུབ་གསུང་སྐབས། སློབ་བུ་མཆོག་ནས་ཞང་ཞུང་རྫོགས་ཆེན་སློབ་གླིང་ངམ་སྒོམ་གྲྭ་མཐོང་གྲོལ་གླིང་སླར་གསོ་བྱེད་པ་ལ་མཐུན་རྐྱེན་སྒྲུབ་རྒྱུ་ཁས་བླངས་མཛད། ལོ་གཉིས་ཀྱི་ནང་དུ་དབུས་ཀྱི་འདུ་ཁང་དང་། མཐའི་སྒོམ་ཤག ནང་གི་སྐུ་གསུང་ཐུགས་རྟེན་སོགས་ལེགས་པར་གྲུབ་ནས་བོད་མེ་ཁྱི་ལོར་ལེགས་གྲུབ་གྱི་མཛད་སྒོ་སྤེལ། རང་དགོན་ལ་སྒོ་འབྱེད་བྱས་ནས་ཤིང་བྱིའི་ལོ་བར་སྒོམ་གྲྭ་ཐེངས་བརྒྱད་རྫོགས། ལོ་གསུམ་རེ་བྱས་ཏེ་ཐེངས་རེར་བླ་གྲྭ་བཅུ་ཡིས་ལོ་གསུམ་ཕྱག་ལེན་ཀུན་མཁྱེན་ཤར་རྫ་རིན་པོ་ཆེ་༧བཀྲ་ཤིས་རྒྱལ་མཚན་གྱི་ཕྱག་སྲོལ་ཇི་བཞིན་དུ་ཉམས་སུ་བླངས་ཤིང་སྐྱབས་རྗེ་མཆོག་གིས་མཁན་པོའི་འགན་བཞེས་ཏེ། ལོ་དང་པོར་སྔོན་འགྲོ་དང་དངོས་གཞི་གསང་མཛོད་རྩ་རླུང་སོགས་དབང་ལུང་ཁྲིད་ཁ་མང་དུ་གནང་བ་དང་དེ་བཞིན་དུ། ལོ་བར་མར་རྫོགས་ཆེན་རྩ་རླུང་སོགས་དང་། ལོ་ཐ་མར་སྙན་རྒྱུད་སོགས་བླ་མ་གོང་མའི་ཕྱག་སྲོལ་མ་ཆད་པར་གནང་བཞིན་ཡོད། ལོ་གཅིག་གི་ཟླ་བ་དྲུག་ལ་བཤད་པ་འཆད་ཉན་དང་། ཟླ་བ་དྲུག་ལ་སྒོམ་པ་ཉམས་ལེན་གྱི་གཞི་བཟུང་ནས། སྡེ་སྣོད་མཛོད་ཀྱི་རྩ་བ་དང་འགྲེལ་བ། གཤེན་བསྟན་ལམ་རིམ་ཆེན་མོ། རྫོགས་ཆེན་སྙིང་ཐིག ཐབས་དྲུག བསྐྱེད་རྫོགས། ཞིང་སྒྲུབ་ལ་སྨོན་ལམ་རྣམ་གསུམ། དབྱར་གནས་ལ་སྡོམ་གསུམ་གྱི་རྣམ་བཞག དཔྱིད་དུས་སུ་སྔོན་འགྲོ་འབུམ་དགུ་སོགས་ལོ་རེ་བཞིན་ཞལ་ཁྲིད་རྒྱས་པར་གནང་ནས་དཀའ་ཚེགས་ཅི་ལྟར་ཆེ་ཡང་ངལ་བ་དང་དུ་བླངས་ཏེ། རྒྱལ་སྲས་ཀྱི་སྤྱོད་པ་རླབས་པོ་ཆེས་བསྟན་པ་དང་འགྲོ་བའི་དོན་ཤ་སྟག་མཛད་པས་རིགས་མི་འདྲ་བའི་སློབ་ཚོགས་མེ་ཏོག་ལ་སྦྲང་བུ་འཁོར་བ་བཞིན་དུ་འདུས།
གངས་ལྗོངས་སྟོད་སྨད་བར་གསུམ་གྱི་དགོན་སྡེ་ཆེ་ཆུང་བརྒྱ་ལྷག་གི་བླ་གྲྭ་སྟོང་ཕྲག་ལས་བརྒལ་བ་བསྐྱེད་བསྲིང་བྱས། གཞན་ཡང་གསོན་གཤིན་གྱི་རྒྱུ་རྫས་རྣམས་འཁོར་བའི་གནས་སུ་གོད་ཟགས་ཆུད་ཟོས་སུ་མ་བཏང་བར། ཡར་མཆོད་མར་སྦྱིན་དང་སྐུ་གསུང་ཐུགས་རྟེན་བཞེངས་པའི་མཐུན་རྐྱེན། དཀོན་མཆོག་གསུམ་གྱི་འགྲོ་གྲོན་སོགས་སུ་བཏང་ཞིང་། དད་པ་དང་མོས་གུས་ཀྱིས་གདུང་བ་སྐྱེ་བའི་འབྲེལ་ཐོགས་ཐམས་ཅད་ཐུགས་རྗེས་རྗེས་སུ་བཟུང་།
དེ་ཡང་སྐྱབས་མཆོག་དཔོན་གསས་བླ་མ་དམ་པ་གང་ཉིད་ཀྱི་བསྟན་པ་དང་འགྲོ་བའི་དོན་ཆེན་བསྒྲུབས་ཚུལ་སྐུ་གསུང་ཐུགས་ཡོན་ཏན་འཕྲིན་ལས་སོགས་ཀྱི་མཛད་པ། ཀློག་པ་ཐོས་བསམ་གྱི་འཁོར་ལོ་དང་། སྤོང་བ་བསམ་གཏན་གྱི་འཁོར་ལོ། བྱ་བ་ལས་ཀྱི་འཁོར་ལོ་རྣམས་བསྐོར་ཞིང་། མཁས་ཤིང་བཙུན་ལ་བཟང་ཞིང་གྲུབ་པ་སོགས་རྨད་དུ་བྱུང་བའི་ཁྱད་བོན་དུ་མས་གཏམས་པའི་རྟོགས་བརྗོད་རྒྱས་པར་སྨོས་པ་ལ། སོ་སོའི་སྐྱེ་བོ་འཆིང་བ་ཀུན་ལྡན་དམན་ཆུང་བདག་ལ་སྐྱེས་ཐོབ་ཀྱི་ཤེས་རབ་དང་སྦྱངས་སྟོབས་ཀྱི་ཡོན་ཏན་སོགས་ཞན་པའི་དབང་གིས་རྒྱ་ཆེར་འཆད་པར་མི་ནུས་མོད། འོན་ཀྱང་སྐྱབས་རྗེ་མཆོག་གི་རྣམ་པར་ཐར་བ་ཆུ་གཏེར་གྱི་ངོགས་ལས་ཟེགས་མ་ཙམ་ཞིག་བྲིས་པ་འདི་ནི་དམ་པ་གང་གི་གསུང་རྩོམ་ཕྱོགས་སྒྲིག་བྱེད་པའི་གོ་སྐབས་དང་བསྟུན་ཏེ།
དཔལ་ལྡན་བླ་མའི་རྣམ་པར་ཐར་བ་ལ་རྗེས་སུ་སྨོན་ཞིང་ཡི་རངས་བའི་སེམས་ཙམ་སྐྱེས་ན་ཡང་བསོད་ནམས་མཐའ་ཡས་པ་མཉམ་དུ་ཐོབ་ཅིང་། སྐྱེ་བ་ཀུན་ཏུ་རྗེས་སུ་འཛིན་པ་སོགས་རང་གཞན་གྱི་དོན་གཉིས་ལྷུན་འགྲུབ་ཏུ་འབྱུང་བར་འགྱུར་བའི་ཡོན་ཏན་ཡོད་པས། དམ་པའི་རྣམ་པར་ཐར་བའི་ཚུལ་ཇི་བཞིན་མཐོང་ཐོས་སུ་མ་གྱུར་བ་རྣམས་ལ་ཐེ་ཚོམ་དང་ལོག་རྟོག་གི་སྐྱོན་རྣམས་ཡོངས་སུ་སེལ་ནས། ཡིད་ལ་དད་པའི་ས་བོན་སྨིན་པའི་རྒྱུ་རུ་གྱུར་ཅིག།
ཅེས་སྙིགས་དུས་ཀྱི་མཁས་བཙུན་བཟང་གསུམ་འཛོམས་པའི་སྐྱབས་མཆོག་འགྲོ་བའི་མགོན་པོ་རྟོགས་ལྡན་ཁྲི་བ་རིན་པོ་ཆེ་༧འཇམ་དབྱངས་མཁྱེན་རབ་རྒྱ་མཚོ་མཆོག་གི་ངོ་སྤྲོད་མདོར་བསྡུས་འདི་ནི་དམ་པ་གང་གི་ཞབས་རྡུལ་སྤྱི་བོར་བླངས་ཤིང་གསུང་གི་བདུད་རྩི་ལ་ལོངས་སུ་སྤྱོད་པའི་སྐལ་བ་ཅན། སློབ་བུ་ཉག་བླ་སྐུ་འཕྲེང་དྲུག་པའི་སྐྱེས་མཐར་འབོད་པ་ཕྲན་ཆུང་ཉག་སྤྲུལ་བསོད་ནམས་རྒྱ་མཚོའམ་རུས་མིང་འཇུ་ནམ་མཁའི་ནོར་བུ་རུ་འབོད་པས་རྟོགས་ལྡན་བླ་བྲང་ནས་གུས་པ་ཆེན་པོས་སྦྱར་བའོ། །
དྲ་ལམ་ཁག་ནས་བསྡུ་སྒྲིག་ཞུས་པ་ཡིན་པས་དགོངས་འཇགས་ཞུ།