ཕྱི་ལོ་ ༢༠༡༦ ལོའི་ཕྱི་ཟླ་ ༡༡ པའི་ཚེས་ ༢༢ ནས་ ༢༥ བར་ཏེ་ཉིན་བཞིའི་རིང་ལ་འཚོགས་འཆར་ཡོད་པ་ལྟར་༢༢ཉིན། ཕྱི་གླིང་བོན་མཐུན་འབྲེལ་ལྷན་ཚོགས་ཀྱི་གྲོས་ཚོགས་ཐེངས་པ་ཕ་རིན་སིའི་ལྷོ་ཕྱོགས་གཡུང་དྲུང་བོན་ཚོགས་གཤེན་བསྟན་དར་རྒྱས་གླིང་དུ་དབུ་འཛུགས་གནང་བ།
ཐོག་མར་ཞོགས་པ་ཆུ་ཚོད་༩ དང་ཕྱེད་ཀའི་ཐོག་ཚོགས་བཅར་པ་རྣམས་༧སྐྱབས་སྨན་རིའི་རྗེ་ཡོངས་འཛིན་རིན་པོ་ཆེ་མཇལ་བཅར་ཞུས་ནས་༧སྐྱབས་རྗེ་ཡོངས་འཛིན་རིན་པོ་ཆེ་ནས་ཀྱང་ཐུགས་དགྱེས་བཞེས་ཀྱིས་བཀའ་སློབ་བསླབ་བྱ་ལམ་སྟོན་ཟབ་རྒྱས་གནང་།
དེ་རྗེས་༧སྐྱབས་རྗེ་༧རྒྱལ་བ་སྨན་རིའི་ཁྲི་འཛིན་རིན་པོ་ཆེའི་སྐུ་ཡི་བླ་གཟའ་དང་བསྟུན་བསང་གསོལ་རྒྱས་འབུལ་དང་ཀི་བསྭོ་ལྷ་རྒྱལ་མཛད།
དེ་རྗེས་ཚོགས་ཁང་ནང་དུ་༧སྐྱབས་རྗེ་སྨན་རིའི་དཔོན་སློབ་རིན་པོ་ཆེ་དང་། ༧སྐྱབས་རྗེ་མཁན་པོ་བསྟན་པ་གཡུང་དྲུང་རིན་པོ་ཆེ་རྣམ་གཉིས་ནས་སྣང་གསལ་སྒྲོན་མེ་ཞལ་ཕྱེས་ནས་ཚོགས་འདུ་དབུ་འཛུགས་དང་འབྲེལ་རྟེན་འབྲེལ་འབྲས་སིལ་གྱི་མཆོད་པ་མཛད་ཅིང་། ཕྱི་གླིང་ཡུལ་གྲུ་རྒྱལ་ཁབ་འདྲ་མིན་ཁག་ནས་ཆེད་དུ་ཕེབས་གནང་པའི་བླ་སྤྲུལ་མཁན་པོ་དགེ་བཤེས་རྣམས་ནས་གྲོས་གཞིའི་དོན་ཚན་ཁག་ལ་སྔ་དྲོ་དང་ཕྱི་དྲོའི་ཚོགས་འདུ་ཉིན་བཞིའི་རིང་ལ་བགྲོ་གླེང་ཟབ་རྒྱས་གནང་འཆར་ཡོད་པ་རེད།
ད་ལན་ཕྱི་གླིང་བོན་མཐུན་འབྲེལ་ལྷན་ཚོགས་ཀྱི་ཚོགས་འདུ་ཐེངས་བཞི་པར་ཕེབས་པའི་མི་སྣ་གཙོ་ཁག་༧སྐྱབས་རྗེ་སྨན་རིའི་དཔོན་སློབ་ཡང་སྟོན་འཕྲིན་ལས་ཉི་མ་རིན་པོ་ཆེ་མཆོག་དང་། ༧སྐྱབས་རྗེ་མཁན་པོ་བསྟན་པ་གཡུང་དྲུང་རིན་པོ་ཆེ། ལས་ཐོག་ཚོཌ་གཙོ་བླ་མ་ཁྱིམ་གསར་རིན་པོ་ཆེ། ཚོགས་གཙོ་ཟུར་པ་དགེ་བཤེས་བསྟན་འཛིན་དབང་རྒྱལ་རིན་པོ་ཆེ། བླ་ཁྲི་མཁན་པོ་དགེ་བཤེས་ཉི་མ་གྲགས་པ་རིན་པོ་ཆེ། ལས་ཐོག་གཉེེར་པ་མཁན་ཟུར་ཉི་མ་དབང་རྒྱལ་རིན་པོ་ཆེ། མཁན་པོ་དགེ་བཤེས་དགེ་ལེགས་རིན་པོ་ཆེ། གཉེར་ལ་ཟུར་པ་དགེ་བཤེས་གཡུང་དྲུང་བློ་གསལ་རིན་པོ་ཆེ། ཁུ་ནུ་བ་དགེ་བཤེས་ཐུབ་བསྟན་རྒྱལ་མཚན། དགེ་བཤེས་ལྷུན་འགྲུབ་རྒྱལ་མཚན། དགེ་བཤེས་གཡུང་དྲུང་ཚུལ་ཁྲིམས། དགེ་བཤེས་བསམ་གཏན་ཡེ་ཤེས། དགེ་བཤེས་གཡུང་དྲུང་རྒྱ་མཚོ། ཨ་ཤག་དགེ་བཤེས་ལུང་རིག དགེ་བཤེས་གཡུང་དྲུང་དབང་རྒྱལ། སྒྲུབ་ཐོན་པ་བླ་མ་སངས་རྒྱས་སྨོན་ལམ། སྒྲུབ་ཐོན་པ་ཨར་ཏ་བླ་མ་ཚུལ་ཁྲིམས་རྣམ་རྒྱལ། རིན་པོ་ཆེའི་ཞབས་ཞུ་བ་བླ་མ་རྣམ་རྒྱལ་ཚུལ་ཁྲིམས། ལས་ཐོག་དྲུང་ཡིག་ཡང་སྟོན་དགེ་བཤེས་བསྟན་འཛིན་སོགས་དགེ་བཤེས་དང་བླ་མ་མང་པོ་ཆེད་ཕེབས་གནང་ཡོད་པ་བཅས་སོ།།
ཕྱི་ལོ་༢༠༡༦ ཟླ་བ ༡༡ པའི་ཚེས་༢༢ ཉིན། ཕྱི་གླིང་བོན་ཚོགས་ཀྱི་རྒྱུན་ལས་ནས།