༢༠༡༦ ལོའི་ཕྱི་ཟླ་ ༡༡ ཚེས་ ༡༦ ཉིན་རྒྱ་གར་རྒྱལ་ས་ལྡི་ལིའི་བརྒྱུད་ཡོ་རོབ་འཇར་མ་ནིའི་རྒྱལ་ས་Frankfurt ཧྥེ་རེང་ཕོར་ཌི་རུ་ཞབས་སོར་འཁོད་ཡོད་པ་དང་། ཕྱི་ཚེས་ ༡༨ ཉིན་གྱི་ཕྱི་དྲོར་ཕྱི་གླིང་དད་ལྡན་མི་མང་ཡོངས་ལ་བོན་གྱི་བསྟན་འབྱུང་ལོ་རྒྱུས་དང་འབྲེལ་བའི་སྐོར་གསུང་བཤད་བཀའ་སློབ་གནང་།
ཕྱི་ཚེས་ ༡༩ དང་ ༢༠ ཉིན་གཉིས་རིང་རྫོགས་པ་ཆེན་པོ་ཞང་ཞུང་སྙན་རྒྱུད་ལས་རིགས་དྲུག་རང་སྦྱོང་གི་བཀའ་ཁྲིད་ཟབ་རྒྱས་གནང་།
ཕྱི་ཚེས་ ༢༡ ཉིན་འཇར་མི་ནི་ནས་ཕེབས་ཐོན་གྱིས་ཕ་རན་སི་གཤེན་བསྟན་དར་རྒྱས་གླིང་བོན་ཚོགས་སུ་འབྱོར་བ་དང་དེར་༧སྐྱབས་རྗེ་མཁན་པོ་བསྟན་པ་གཡུང་དྲུང་རིན་པོ་ཆེ་དབུས་པའི་དེ་གའི་དགེ་སློབ་རྣམས་ནས་ཕེབས་བསུ་ཞུས་ཤིང་ཕྱི་ཚེས་ ༢༢ ཉིན་གྱི་སྔ་དྲོར་༧སྐྱབས་རྗེ་ཡོངས་འཛིན་རིན་པོ་ཆེའི་གཟིམ་ཆུང་དུ་མཇལ་བཅར་ཞུས་ནས་བསྟན་པ་འཛིན་སྐྱོང་སྤེལ་གསུམ་དང་འབྲེལ་བའི་བཀའ་མོལ་ལྷུག་པོར་གནང་ཞིང་ཕྱི་གླིང་བོན་ཚོགས་ཀྱི་སྐབས་བཞི་པའི་ཚོགས་འདུར་ཕེབས་བཞུགས་གནང་།
ཕྱི་ཚེས་ ༢༥ ཉིན་གཤེན་བསྟན་གླིང་ནས་ཕེབས་ཐོན་གྱིས་རྒྱལ་ས་པེ་རི་སི་རུ་འབྱོར་དེར་བླ་མ་བསྟན་འཛིན་དབང་རྒྱལ་རིན་པོ་ཆེ་མཆོག་དང་ལིག་མི་རྐྱའི་བོན་ཚོགས་ནས་གོ་སྒྲིག་ཞུས་པ་བཞིན་བོན་ཚོགས་ཀྱི་སློབ་མ་ཉིས་བརྒྱ་ལྷག་ལ་རྩ་རླུང་གི་ཉམས་ལེན་དང་འབྲེལ་བའི་བཀའ་ཁྲིད་གནང་། ཕྱི་ཚེས་ ༢༦ ཉིན་ཕ་རན་སི་ནས་ཕེབས་ཐོན་གྱི་འཇར་མི་ནིའི་རྒྱལ་ས་འབར་ལིན་དུ་ཕེབས།
ཕྱི་ཚེས་ ༢༧ ཉིན་རྒྱལ་སྤྱིའི་ལིག་མི་རྐྱའི་ཡན་ལག་རྒྱལ་ས་འབར་ལིན་བོན་ཚོགས་སུ་བླ་མ་བསྟན་འཛིན་དབང་རྒྱལ་རིན་པོ་ཆེ་དང་ལྷན་དུ་སློབ་མ་རྣམས་ལ་བོན་གྱི་སྙིང་པོ་རྣམ་གསུམ་གྱི་བོན་ཁྲིད་རྒྱ་ཆེར་གནང་། ཕྱི་ཟླ་ ༡༢ ཚེས་ ༡ ཉིན་གྱི་སྔ་དྲོར་འབར་ལིན་ནས་ཕེབས་ཐོན་གྱིས་Polandཔོ་ལན་གྱི་རྒྱལ་ས་ཝར་སོ་Warsaw རུ་ཕེབས་ཏེ་དེ་གའི་བོན་ཚོགས་ཀྱི་དགེ་སློབ་ནས་ཕེབས་སུ་ཟབ་རྒྱས་ཞུས། ཉིན་དེའི་ཉིན་གུང་ཝར་སོ་མཐོ་སློབ་ University of Warsaw རུ་ཡེ་ཤུ་ཁེ་ཐོ་ལིག་གི་ཆོས་དཔོན་ཞིག་དང་བླ་མ་བསྟན་འཛིན་དབང་རྒྱལ་རིན་པོ་ཆེ་བཅས་ཀྱི་ལྷན་མཐོ་སློབ་ཀྱི་སློབ་མ་བརྒྱ་ཕྲག་ལྷག་ལ་The concepts of compassion in the various religions as a way of dialogue between cultures ཞེས་པའི་བརྗོད་གཞི་ཐོག་བཀའ་སློབ་དང་དྲི་བ་དྲིས་ལན་ཟབ་རྒྱས་གནང་། ཕྱི་ཚེས་ ༢ ཉིན་གྱི་ཕྱི་དྲོར་Museum of Asia Pacificནས་གདན་ཞུས་ཀྱིས་How our mind produce peace in our lifeཞེས་པའི་བརྗོད་གཞིའི་ཐོག་བཀའ་སློབ་དང་དྲི་བ་དྲིས་ལན་སོགས་གནང་། ཕྱི་ཚེས་ ༣ ཉིན་པོ་ལན་ལིག་མི་རྐྱའི་བོན་ཚོགས་ནས་གོ་སྒྲིག་དང་གདན་ཞུས་བཞིན་བོན་ཚོགས་སློབ་མ་ཉིས་བརྒྱ་ལྷག་ལ་བོན་གྱི་སྙིང་པོ་རྣམ་གསུམ་གྱི་སློབ་ཁྲིད་རྒྱ་ཆེར་གནང་། ཕྱི་ཚེས་ ༤ ཉིན་སྔ་དྲོར་སྙིང་པོ་རྣམ་གསུམ་གྱི་ཁྲིད་གནང་ཞིང་ཕྱི་དྲོར་ཚེ་དབང་བྱ་རི་མའི་བཀའ་དབང་ཟབ་རྒྱས་གནང་གནང་།
ཕྱི་ཚེས་ ༥ ཉིན་གྱི་སྔ་དྲོར་པོ་ལན་གྱི་རྒྱལ་ས་Krakowརུ་ཕེབས་གནང་ཞིང་དེར་Krakowམཐོ་སློབ་ནས་གདན་ཞུས་བཞིན་Encyclopedia of the Buddhist tradition BONཞེས་པའི་བརྗོད་གཞིའི་ཐོག་བཀའ་སློབ་གནང་ཞིང་སློབ་མ་རྣམས་ནས་དྲི་བ་དྲིས་ལན་གནང་། ཕྱི་དྲོར་Krakowབོན་ཚོགས་ཀྱི་སློབ་མ་རྣམས་ནས་གདན་ཞུས་བཞིན་བོན་ཁྲིད་ཉམས་ལེན་དང་འབྲེལ་བའི་བཀའ་སློབ་གནང་། ཕྱི་ཚེས་ ༦ ཉིན་རིན་པོ་ཆེའི་མཛད་འཕྲིན་ཁག་ལེགས་པར་གྲུབ་ཏེ་མཁའ་ལམ་བརྒྱུད་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་ཕེབས་གནང་ཡོད་པ་དང་ཕྱི་ཚེས་༩ཉིན་རང་དགོན་དཔལ་གཤེན་བསྟན་སྨན་རིའི་གླིང་དུ་ཞབས་སོར་འཁོད་ཡོད་པ་བཅས་ཀྱི་གནས་བསྡུས་ཙམ་མོ།།
དགེ་བཤེས་བསྟན་འཛིན་ཡང་སྟོན་དང་ཆོས་འཁོར་ཚང་དགེ་བཤེས་གཡུང་རྒྱ་མཚོ་རྣམ་གཉིས་ནས་གནས་ཚུལ་དང་དཔར་རིས་མཐུན་འགྱུར་གནང་།