ཤར་རྫའི་རྒྱལ་ཚབ་འཇིགས་མེད་དབང་ཕྱུག
བདེ་སྟོང་ཟུང་འཇུག་ཨེ་ཝཾ་ཡེ་ཤེས་འཕྲུལ།།
བཀའ་ལུང་ཉམས་རྟོགས་ལྷ་ཞལ་མངོན་པར་འཁུམས།།
བརྩེ་ཆེན་ཐུགས་རྗེའི་འོད་སྣང་ཕྱོགས་བཅུར་འཚེར།།
རིག་འཛིན་བོན་བརྒྱ་བླ་མའི་ཞབས་བརྟན་གསོལ།།
ཞེས་ཞྭ་དཀར་བསྟན་པའི་སྲོག་ཤིང་། མཁས་གྲུབ་ཡོངས་ཀྱི་གཙུག་རྒྱན། མཁས་པ་ཕྱོགས་རེ་བ་མ་ཡིན་པར་མདོ་སྔགས་རྫོགས་གསུམ་དང་བཅུ་ཕྲག་རིག་པའི་གནས་ཀྱི་ཡང་རྩེར་སོན་ཞིང་། ཁྱད་པར་རང་གཞན་གྲུབ་མཐའ་ཀུན་ལ་མཁས་པའི་སྤྱན་རས་ཡངས་པ། འཆད་རྩོད་རྩོམ་གསུམ་གང་ལའང་ཐོགས་པ་མེད་པ་རྗེ་བོན་བརྒྱ་ཐམས་ཅད་མཁྱེན་པ་ཉིད་བསྟན་འགྲོའི་དོན་དུ་སྐུ་ཚེ་བསྐལ་བརྒྱར་བཞུགས་པའི་ཞབས་བརྟན་འབུལ་སྐབས་གང་གི་གསང་གསུམ་གྱི་ཡོན་ཏན་ལ་མི་ཕྱེད་པའི་དད་འདུན་འཕེལ་བའི་སྐལ་བ་ཅན་སློབ་འབངས་ཨ་འཇིགས་ཀྱིས་ཤར་རྫའི་དབེན་གནས་ནས་ཕུལ་བའོ།།
སྐྱང་སྤྲུལ་ནམ་མཁའ་བསྟན་འཛིན།
དགེ༵་ལེག༵ས་འོད་རབ་ཡོངས་སུ་ཤར་བའི་མཐུས།།
རྩོད་ངག་ལྷུ༵ན་གྲུ༵བ་ཟབ་མོ་རྫོགས་ཆེན་གནད།།
དོན་གཉེར་རྒྱ༵་མཚོ༵ར་ཝ་ལེར་སྟོན་མཛད་རྗེ།།
ཨེ་མ་སྐྱབས་གཅིག་ཁྲི་ཕྲག་བསྐལ་པར་བཞུགས།།
ཞེས་དབྱངས་གསལ་སོ་བཞི་མིང་གཞིར་ཚང་བའི་ཚིགས་བཅད་འདི་སྐྱང་གི་སྤྲུལ་མིང་བ་ནམ་མཁའ་བསྟན་འཛིན་གྱིས་སྒོ་གསུམ་གུས་པ་ཆེན་པོས་ཕུལ་བ་དགེ་གྱུར་ཅིག
ཁྱུང་མོ་སྟོབས་ལྡན་དབང་ཕྱུག
སྐྱབས་གསུམ་འདུས་སྤྱི་ཡིད་བཞིན་ནོར་བུའི་གཏེར།།
གཅིག་མཆོག་མཚུངས་མེད་འགྲོ་འདྲེན་ལྷ་ཡི་གཤིས།།
ཝ་ལེར་མཁྱེན་གཟིགས་ཐུགས་ཉིད་མཛོད་ལྔའི་རླབས།།
ཨེ་མ་འོད་འཕྲོའི་ཤེས་རབ་སྩོལ་ཅིག་རྗེ།།
ཞེས་པ་འདི་ཡང་དཔལ་ལྡན་བླ་མའི་བརྟན་བཞུགས་མཆོད་སྤྲིན་དུ་ཁྱུང་མོ་སྤྲུལ་མིང་བས་དད་གུས་ཀྱིས་ཕུལ་བའོ།།
རྩེ་ཞིག་ཚང་ཤེས་རབ་བསྟན་པའི་ཟླ་བ།
མཁྱེན་བརྩེ་དགེ་བའི་ལེགས་ཚོགས་ལྷུན་རྫོགས་ཤིང་།།
ཡེ་ལྔའི་རིག་གདངས་རྗེན་ཅེར་སྙིང་པོའི་སྐུ།།
ཟད་མེད་ཡོན་ཏན་མངོན་འཆང་སྲིད་ཞིའི་ཐུགས།།
ཨེ་ཝཾ་འཕགས་ནོར་བདུན་གྱི་འོད་སྣང་འཕྲོ།།
རྗེ་བོན་བརྒྱ་ཐམས་ཅད་མཁྱེན་པའི་སྐུའི་བརྟན་བཞུགས་སུ་གུས་འབངས་རྩེ་ཞིག་ཚང་ཤེས་རབ་བསྟན་པའི་ཟླ་བས་ཕུལ་བའོ།།
མཁན་རིག་འཛིན་དབང་རྒྱལ།
མདོ་སྔགས་རྫོགས་ཆེན་ཐེག་པའི་བོ༵ན་གནད་བརྒྱ༵།།
དགེ༵་ལེག༵ས་ཡོན་ཏན་འོད་ཕུང་ཀློང་དུ་མཉམ།།
ཨེ་ཝཾ་མ་བཅོས་ལྷུ༵ན་གྲུ༵བ་ཤེས་རབ་ཟབ།།
མཁས་གྲུབ་རྒྱ༵་མཚོ༵འི་གཙུག་རྗེ་ཞབས་བརྟན་གསོལ།།
ཞེས་འཛམ་གླིང་མཁས་གྲུབ་བྱེ་བའི་གཙུག་རྒྱན་སྐྱབས་རྗེ་བོན་བརྒྱ་བ་ཐམས་ཅད་མཁྱེན་པ་མཆོག་ལ་བྱང་ཕྱོགས་མཚོ་སྔོན་ཕྱོགས་ཀྱི་སྡེ་དགོན་སྐྱ་སེར་ཡོངས་དང་རྒྱལ་ཕྱི་ནང་ཀུན་གྱི་དད་ལྡན་སློབ་མ་རྣམས་ཀྱིས་བརྟན་བཞུགས་རྒྱས་འབུལ་སྐབས་སུ་དམ་པ་ཉིད་ལ་མི་ཕྱེད་པའི་དད་པ་ཅན་གྱི་སློབ་འབངས་རིག་འཛིན་དབང་རྒྱལ་གྱིས་ཤར་རྫའི་དབེན་ཁྲོད་ནས་སྒོ་གསུམ་གུས་པས་ཕུལ་བའོ།།
བྱ་འཕུར་ལྷུན་གྲུབ་རྒྱ་མཚོ།
གཤེན་བསྟན་ས་འཛིན་ལྷུན་པོའི་རྩེ་མཐོན་ནས།།
མདོ་སྔགས་ཉི་ཟླའི་འོད་རླབས་འཕྲོ་བའི་གཉེན།།
ཨེ་མ་སྐྱབས་མཆོག་མཚུངས་མེད་བོན་བརྒྱ་བའི།།
འཇིགས་བྲལ་ཝེར་ཞིའི་འཁོར་ལོ་ཡུན་བརྟན་ཅིག།
དབྱངས་གསལ་སོ་བཞི་ཚང་བའི་ཤིས་ཚིག་འདི་༧དཔལ་ལྡན་བླ་མ་དམ་པའི་ཐུགས་བརྩེའི་བྱིན་རླབས་ཀྱིས་མི་ཚེ་བསྟན་དོན་དུ་སྐྱོང་ཁུལ་གྱི་སློབ་བུ་བྱ་འཕུར་དགེ་བཤེས་ལྷུན་གྲུབ་རྒྱ་མཚོས་བསྟན་པའི་གནས་གཞི་ཨ་རིར་བཟུང་བ་༼རྒྱལ་གཤེན་ཞང་བོད་སློབ་གཉེར་ཁང་༽ནས་མགོན་པོ་གང་ཉིད་སྐུ་ཚེ་བསྐལ་བརྒྱར་བརྟན་པའི་གསོལ་བ་ཕུར་ཚུགས་སུ་འདེབས་བཞིན་གུས་པས་ཕྱག་དང་བཅས་ཕུལ།
ཞུ་བླ་ཡོན་ཏན་རྒྱ་མཚོ།
ཀ་དག་དངོས་ཟད་ཞུན་ཐིག་འོད་ཀྱི་ཚད།།
འཁོར་གསུམ་འཇིགས་པ་ལས་གྲོལ་ཤ་ར་ཡ།།
ཨ་སྙན་རྫོགས་གསུམ་སྟོན་པའི་ཆ་གཅིག་ལྷ།།
ཕ་གཅིག་ཝེར་ཡ་རྩ་བའི་བླ་མ་མཁྱེན།།
ཞེས་གསལ་བྱེད་མིང་གཞིར་ཚང་བའི་ཚིག་བཅད་འདི་བདག་ཅག་ཀུན་གྱི་སྤྱི་གཙུག་ན་འགྱིང་བའི་འོད་དཀར་ལྷ་མཚན་བརྗོད་པར་དཀའ་བ་༧བོན་བརྒྱ་དགེ་ལེགས་ལྷུན་གྲུབ་རྒྱ་མཚོ་མཆོག་གི་སྐུ་ཚེ་བསྐལ་བརྒྱར་བརྟན་པའི་གསོལ་བཞུགས་སུ་ཁྲོམ་དགོན་དབུ་བླའི་མིང་བ་ཞུ་ཡོན་ཏན་རྒྱ་མཚོ་རུ་འབོད་པས་དད་པའི་ཐལ་མོ་དང་བཅས་ཏེ་བྲིས་པའོ།།
སེང་སྤྲུལ་རིག་འཛིན་ཉི་མ།
ཨ་ཧོ་རྒྱལ་ཀུན་ཡེ་ཤེས་ཝ་ལེར་འཚེར།།
རིག་པའི་འོད་ཟེར་བར་སྣང་ཕྱོགས་བཅུར་སྤྲོས།།
འཆི་མེད་གཙུག་ཕུད་སྔགས་བསྟན་འཛིན་ཞིང་སྤེལ།།
ཁམས་གསུམ་ཇི་སྙེད་ཐམས་ཅད་འདྲེན་མཛད་རྒྱལ།།
ཞེས་བོན་རྒྱལ་དགེ་ལེགས་ལྷུན་གྲུབ་རྒྱ་མཚོའི་སློབ་འབངས་མིང་ཙམ་འཛིན་པ་སེང་གེ་སྤྲུལ་སྐུ་ནས་གུས་པས་སྦྱར་བའོ།།
མཁར་ནག་སྐལ་བཟང་རྒྱ་མཚོ།
ཝེར་ཡ་གཤེན་རབ་བསྟན་གསུམ་དགེ༵་ལེག༵ས་མཁར།།
ལྷུ༵ན་གྲུ༵བ་མཛད་པ་ཉི་ཟླའི་འོད་སྣང་འཕྲོ།།
ལྟ་བས་མི་ངོམ་བརྩེ་ཆེན་ཐུགས་རྗེའི་ཞལ།།
སྐལ་ལྡན་རྒྱ༵་མཚོ༵འི་སྐྱབས་ཅིག་ཨེ་མ་རྨད།།
ཅེས་ས་གསུམ་ན་འགྲན་པའི་ཟླ་ཡོངས་སུ་བྲལ་བའི་སྨྲ་བའི་སེང་ཆེན། མཚན་བརྗོད་པར་དཀའ་བ་བོན་བརྒྱ་དགེ་ལེགས་ལྷུན་གྲུབ་རྒྱ་མཚོ་དཔལ་བཟང་པོ་གང་ཉིད་ལ་བརྟན་བཞུགས་རྒྱས་འབུལ་གྱི་སྐབས་སུ། སློབ་འབངས་ཀྱི་གྲལ་མཐར་གནས་པ་མཁར་ནག་སྐལ་བཟང་རྒྱ་མཚོས་དད་གུས་ཆེན་པོས་ཕུལ་བའོ།།
དགེ་བཤེས་ཡེ་ཤེས་ཐབས་མཁས།
ཀྱེ་ཧོ། ཁྲེག་ཆོད་ཐོད་རྒལ་རྩལ་རྫོགས་ཡང་རྩེ་ཡི་རྣལ་འབྱོར།།
རིམ་གཉིས་ཨེ་ཝམ་ཟུང་འཇུག་ཚེ་དབང་གི་སེམས་དཔའ།།
ཤེར་ཕྱིན་ས་བཅུ་ཟིལ་གནོན་གཤེན་བསྟན་གྱི་ཀ་ཆེན།།
བོན་བརྒྱ་དགེ་ལེགས་ལྷུན་གྲུབ་རྒྱ་མཚོ་མཆོག་ཞབས་བརྟན།།
ཞེས་མཁྱེན་གསོལ་བརྟན་བཞུགས་འདིའང་རྗེ་བླ་མའི་གདམས་ངག་ལ་ལོངས་སུ་སྤྱོད་པའི་སྐལ་བ་ཅན་གུས་དགེ་མིང་ཡེ་ཤེས་ཐབས་མཁས་པས་ལྷ་ལྡན་ཉི་མའི་གྲོང་ནས་དད་བརྒྱས་ཕུལ། 206/1/12
གཉའ་བློ་གྲོས་རྒྱལ་མཚན།
དགེ༵་ལེག༵ས་ཤུགས་འབྱུང་མཁྱེན་བརྩེ་ནུས་པའི་གཏེར་ལྷུ༵ན་གྲུ༵བ།།
ཨེ་མ་ངོ་མཚར་མཛད་རྗེས་ཝ་ལེར་རབ་ཏུ་གསལ།།
གཞན་ཕན་བཀའ་དྲིན་རྒྱ༵་མཚོ༵་མཐའ་ཡས་བསྐྱིལ་པ་ཁྱོད།།
མཆོག་གསུམ་འོད་གཟིས་ཚེ་ལྷ་གཉིས་པར་གྲུབ་གྱུར་ཅིག།
ཅེས་བོན་རྒྱ་རིན་པོ་ཆེའི་སྐུ་ཚེ་རྟག་བརྟན་ཡོང་བའི་སྨོན་འདུན་དུ་གཉའ་བློ་གྲོས་རྒྱལ་མཚན་གྱིས་ཉིས་སྟོང་བཅུ་བདུན་ལོའི་ཟླ་དང་པོའི་ཚེས་བཅུ་ཐམ་པའི་ཉིན་གུས་ཕུལ་ཏོ།།
མཁན་པོ་ལུང་རྟོགས་བསྟན་འཛིན་དཔལ་ལྡན།
ཀ་དག་ངང་ལས་རང་མདངས་ཙམ་ཤར་ཝལ་ཝལ་ཤ་ཚ་རབ་བཞད་ནས།།
ཁ་བ་གངས་ཅན་ཛ་ཡ་བཀའ་དང་འ་ཅག་ཉམ་ཐག་ཕན་བསམ་ངང་།
ག་ས་གང་ལ་ཇ་མར་ཟས་བཏང་ཟབ་གདམས་མན་ངག་འཆད་མཛད་པ།།
ང་བདག་རབ་ཟད་ཨ་དཀར་ཧ་ར་གསང་བདག་མཁས་དབང་གང་ལ་དད།།
ཅེས་པ་འདི་ནི་དམ་པ་གང་གིས་ཡུན་རིང་དུ་ཟས་གོས་གནས་མལ་སོགས་ཀྱི་མཐུན་རྐྱེན་གནང་ཞིང་ཟབ་གདམས་མན་ངག་གི་ཉིང་བཅུད་ལྷུག་པོར་བསྩལ་བའི་བཀའ་དྲིན་སྙིང་ནས་དྲན་ཏེ། གང་གི་སྐུ་མཆོག་མི་ཤིག་གཡུང་དྲུང་གི་ཁྲི་ལ་བཞུགས་པའི་རྟག་བརྟན་བརྟན་བཞུགས་རྒྱས་འབུལ་གྱི་མཛད་སྒོ་དང་འབྲེལ་དམ་པ་གང་གི་སློབ་འབངས་ཡོངས་ཀྱི་གྲལ་མཐའ་བ་རྩེ་དྲུག་མཁན་པོ་ལུང་རྟོགས་བསྟན་འཛིན་དཔལ་ལྡན་གྱིས་རྒྱ་ནག་སྤོས་ངད་ལྡན་པའི་གྲོང་ཁྱེར་འཚོ་མཛད་སྨན་གྱི་ཕོ་བྲང་ནས་དབྱངས་ཨ་ངེས་ཤིང་བརྩེག་འདོགས་བྲལ་ལ་གསལ་བྱེད་མིང་གཞིར་ཚང་བའི་བྱ་དཀའི་ཚིགས་བཅད་ཀྱིས་བརྒྱན་པའི་ཀ་རྩོམ་འདི་ཉིད་རབ་རྒྱན་མེ་སྤྲེལ་ལོ་ཟླ་བ་བཅུ་གཅིག་པའི་ཚེས་བཅུ་གཅིག་ཉིན་བཀའ་དྲིན་རྗེས་དྲན་དང་སྐུ་ཚེ་རྟག་བརྟན་གྱི་ཆེད་དུ་གུས་པ་ཆེན་པོས་བཏེགས། 2017/1/8
དགེ་བཤེས་སྨོན་ལམ་མཐར་ཕྱིན།
གངས་ལྗོངས་ཤར་དུ་སྐུ་མཆོག་ཝ་ལེར་འཛུམ།།
ཟབ་སྩལ་གསུང་དབྱངས་ཉི་འོག་ཁྱོན་ཡོངས་སྤྲོས།།
ཕྱི་ནང་བོན་བཅུད་ཐུགས་དབྱིངས་རང་གྲོལ་མངའ།།
ཨེ་མ་ལྷུན་གྲུབ་རྒྱ་མཚོ་ཞབས་བརྟན་གསོལ།།
རྒྱལ་ཁམས་པ་དགེ་བཤེས་སྨོན་ལམ་མཐར་ཕྱིན་པས་ལྷོ་མཐའ་ནས2017ཟླ1ཚེས7ཉིན་ཕུལ། ཐ་ཚན་མུ་ཙུག་སྨར་རོ།།
དགེ་བཤེས་བློ་གྲོས་རབ་གསལ།
ཨ་ཧོ་གདུལ་བྱའི་བསོད་སྐལ་ལས་ཀྱིས་འགྲོ་བའི་མགོན་ཆེན་ཞིང་འདིར་འཁྲུངས།།
ཆབས་ཅིག་མཁས་མང་དགོངས་བཅུད་བླངས་ཏེ་ཐུགས་དཀྱིལ་སིམ་པའི་ཡོན་ཏན་ཆ།།
ཉེ་བསྲུབ་ཇི་བཞིན་ཚོགས་ཆེན་ཕྱིན་རྫོགས་ཝ་ལེར་ཟབ་གནད་རིང་ནས་བཤར།།
འགྲོ་དོན་ངལ་མེད་བོན་བརྒྱ་བླ་ཆེན་བསྐལ་བརྒྱར་འཚོ་བའི་བརྟན་བཞུགས་ཞུ།།
ཞེས་གསལ་བྱེད་སུམ་ཅུ་དང་དབྱངས་བཞི་མགོ་ཅན་གསུམ་སྨད་འདོགས་གསུམ་ཚང་སོགས་ཀྱི་བརྟན་བཞུགས་ཤིས་སྨོན་འདི་ཉིད་བོན་བརྒྱ་ཐམས་ཅད་མཁྱེན་པ་མི་ཤིག་གཡུང་དྲུང་ཁམས་སུ་རྟག་ཏུ་བརྟན་པའི་སྨོན་འདུན་ལན་བརྒྱ་དང་བཅས་སྨན་རི་དགེ་མིང་ཙམ་འཛིན་པའི་བློ་གྲོས་རབ་གསལ་གྱིས་ཟླ11ཚེས3ཉིན་ཕུལ།
ཁྲོ་གཡུང་དྲུང་རིན་ཆེན།
ཨེ་མ་བོན༵་གཤེན་གཏེར་ཆེན་བརྒྱ༵་རྩའི་ཕུལ།།
དགེ༵་ལེག༵ས་འོད་ཟེར་མཐུ་ནུས་མངོན་འབར་བརྗིད།།
ཝེར་ཡ་སྐུ་གསུམ་ལྷུ༵ན་གྲུ༵བ་ཁྱབ་བདལ་ཉིད།།
རབ་འབྱམས་རྒྱ༵་མཚོ༵འི་དཔལ་ལ་བཞུགས་མཛད་ཅིག།
བརྟན་བཞུགས་གསལ་བྱེད་སུམ་ཅུ་ཚང་བའི་སྨོན་ཚིག་འདི་ནི་གང་གི་བཀའ་དྲིན་དྲན་བཞིན་དུ་མི་ཕྱེད་དད་པའི་ཕྱག་དང་བཅས་ཏེ་ཁྲོ་གཡུང་དྲུང་རིན་ཆེན་(ཨ་ཁུ་དྲན་པ)ནས་ཕུལ་བ་དགེའོ།།
ཚུལ་ཁྲིམས་བསྟན་པ་འབྲུག་གྲགས།
ཨ་ཧོ་ས་སྟེང་འདི་ན་ཡོངས་ཀྱི་བཤེས།།
སྨྲ་དབང་རིག་མཆོག་ཐམས་ཅད་མཁྱེན་པའི་མཚན།།
ཝ་ལེར་གཟི་འོད་ཕྱག་རྫོགས་དབུ་མའི་ལམ།།
སྟོན་མཛད་དངོས་སྩོལ་རྗེ་ཉིད་ཞིང་འདིའི་རྒྱན།།
ཞེས་པ་འདི་ཡང་བཀའ་དྲིན་བཞི་རྫོགས་ཀྱི་བླ་མ་རིན་པོ་ཆེ་སྐུ་ཡི་དཀྱིལ་འཁོར་བརྟན་བཞུགས་གསོལ་སྨོན་ཙམ་དུ། སྤོས་ངད་ལྡན་པའི་གྲོང་ཁྱེར་གྱི་རིག་དངོས་འཕེལ་བའི་གླིང་ཀ་ནས་ཆེད་དུ་ཕུལ་བའོ།།
རྫ་ཚེ་དབང་བསྟན་འཛིན།
སྐྱབས་གཅིག་དགེ༵་ལེག༵ས་འོད་འབར་ཕོ་བྲང་རྩེར།།
མདོ་སྔགས་ལྷུ༵ན་གྲུ༵བ་རིག་པའི་དཔལ་རྫོགས་ཤིང་།།
ཐུགས་རྗེའི་གཏེར་ཆེན་མ་ཏིའི་ཀློང་ཡངས་ནས།།
ཨེ་ཝང་རྒྱ༵་མཚོ༵འི་སྙིང་གཟིགས་ཁྱེད་བཞུགས་གསོལ།།
གསལ་བྱེད་སུམ་ཅུ་མིང་གཞིར་ཚང་བའི་ཚིགས་བཅད་འདི་༧རྗེ་མགོན་པོ་གང་གི་སློབ་འབངས་ཡོངས་ཀྱི་གྲལ་མཐའ་བ་རྫ་ཚེ་དབང་བསྟན་འཛིན་ནམ་དབྱངས་ཅན་དགའ་བའི་བློ་གྲོས་སུ་འབོད་པས་གུས་བཏེགས།
ཨ་ཁོད་ཚེ་དབང་དངོས་གྲུབ།
ཨེ་ཡིག་ངོ་བོ་སྟོང་པ་བོན་ཉིད་མཆོག།
ཝཾ་ཡིག་རང་བཞིན་འོད་གསལ་ལྷུན་ལ་རྫོགས།།
ཟུང་འཇུག་རྣམ་འཕྲུལ་ཅིར་ཡང་མཁྱེན་བརྩེའི་བདག།
སྨྲ་དབང་བོན་བརྒྱའི་སྐུ་ཚེ་མཐར་ཕྱིན་ཤོག།
ཅེས་གསལ་བྱེད་མིང་གཞིར་ཚང་བའི་ཚིགས་བཅད་ཤོ་ལོ་ཀ་འདི་སྐྱབས་རྗེ་དམ་པ་བོན་བརྒྱ་རིན་པོ་ཆེ་དགུང་ལོ་བརྒྱད་ཅུ་ཡར་བརྒལ་འཚོ་བཞེས་ངང་བཞུགས་པའི་རྟེན་འབྲེལ་ལེགས་ལམ་གྱི་དགྱེས་སྟོན་ལ་གུས་འབངས་ཨ་ཁོད་ཚེ་དབང་དངོས་གྲུབ་ཀྱིས་དྲེ་ཤོད་གོ་ལམ་གཡུང་དྲུང་གླིང་ནས་སྒོ་གསུམ་གུས་པ་ཆེན་པོས་མེ་སྤྲེལ་ཟླ་བ11ཚེས13ལ་ཕུལ་བའོ།།
སྤུ་རྒྱལ་དགེ་བཤེས་ཉི་མ་རྒྱལ་མཚན།
ཨ་འཐས་རང་གྲོལ་ཡིན་གཤིས་མཉམ་བཞག་ངང་།།
མ་འགག་ལྷུན་རྫོགས་མཁྱེན་བརྩེ་ཝ་ལེར་གསལ།།
མ་ངེས་སྣ་ཚོགས་འཕྲིན་ལས་ཅིར་ཡང་སྟོན།།
གཟི་བརྗིད་འོད་ཆེན་བོན་བརྒྱ་སྤྲུལ་སྐུར་འདུད།།
ཅེས་གསལ་བྱེད་སུམ་ཅུ་མིང་གཞིར་ཚང་བའི་ཤོ་ལོ་ཀ་འདི་སྤུ་རྒྱལ་བས་ཕུལ་བའོ།།
དགེ་བཤེས་གཡུང་དྲུང་བསམ་གཏན།
དགེ༵་ལེག༵ས་གནས་བཅུའི་འོད་སྟོང་ཝ་ལེར་བཞད།།
བསྐྱེད་རྫོགས་རིམ་གཉིས་ལྷུ༵ན་གྲུ༵བ་རྩལ་དུ་ཤར།།
འཇིགས་བྲལ་མཁྱེན་པས་རྒྱ༵་མཚོ༵འི་ཕ་མཐར་གཟིགས།།
ཡོངས་འཛིན་དཔོན་གསས་ཆེན་པོ་ཨེ་མ་བསྔགས།།
བླ་མ་རིན་པོ་ཆེའི་སློབ་བུའི་གྲལ་མཐའ་རུ་ཚུད་པ་དགེ་བཤེས་ཀྱི་མིང་ཙམ་འཛིན་པ་གཡུང་དྲུང་བསམ་གཏན་ནས་རྒྱ་ནག་གི་གྲོང་ཁྱེར་བཀང་ཀྲུའི་ནས་གུས་པའི་ཕྱག་དང་བཅས་ཏེ2017/1/11ཉིན་གྱི་ཞོགས་པར་ཕུལ།
བྲག་མགོ་དགེ་བཤེས་ཚེ་དབང་རྒྱལ་མཚན།
ཀ་དག་དབྱིངས་སུ་སྨྲ་སེང་རོལ་པའི་རིག་རྩལ་རྫོགས།།
ཁ་བ་ཅན་དུ་མང་ཐོས་མཚན་སྙན་ཝེར་ཞི་སྒྲེང་།།
ཁྲི་གཤོག་ཡུལ་ནས་སྔགས་བསྟན་ཟབ་འོས་བོན་བརྒྱ་རྗེ།།
འཕྲིན་ལས་རྣམ་བཞིའི་མཛད་ཆེན་ལྷུར་བཞེས་ཨེ་མ་ཧོ།།
ཞེས་དབྱངས་གསལ་སོ་བཞི་ཚང་བའི་ཤིས་ཚིག་འདི་སྨྲ་བའི་སེང་གེ་འཇིག་རྟེན་མིའི་རྣམ་པར་རོལ་བའི་༧སྐྱེས་ཆེན་དམ་པ་དགེ་ལེགས་ལྷུན་གྲུབ་རྒྱ་མཚོ་གཆོག་གི་སྐུ་ཚེ་ཡུན་དུ་བརྟན་ཞིང་མཛད་འཕྲིན་རྒྱས་པའི་ཕྱིར་བྲག་ཚེ་དབང་གིས་གུས་བཏགས་པའོ།། 2017/1/10
མངའ་རིས་ཚུལ་ཁྲིམས་ཕུན་ཚོགས།
ཀ་དག་ལྷུན་གྲུབ་གཉིས་མེད་མཁྱེན་གཟིགས་ཐུགས་རྗེའི་དཔལ་ཀུན་རྫོགས།།
ཁ་བའི་ལྗོངས་འདིར་དགེ་ལེགས་འབྱུང་གནས་གཤེན་བསྟན་རྒྱ་མཚོའི་འཇིངས།།
ག་ལེར་ཨེ་ཝཾ་ཡིད་བཞིན་མཆོག་གཏམས་འོ་ཅག་བོན་གྱི་རྒྱན།།
ང་དང་ཕྱི་རབས་འགྲོ་བའི་གཙུག་ཏུ་བསྐལ་བརྒྱར་བཞུགས་གསོལ་འདེབས།།
ཞེས་༧སྐྱབས་རྗེ་བོན་བརྒྱ་དགེ་ལེགས་ལྷུན་གྲུབ་རྒྱ་མཚོ་རིན་པོ་ཆེ་མཆོག་གི་ཞབས་བརྟན་འཕྲུལ་ཡིག་ཚང་བའི་ཤོ་ལོ་ཀ་འདི་ཉིད་དཔལ་ཞང་ཞུང་ཁྱུང་ལུང་དངུལ་མཁར་རུ་གཡུང་དྲུང་བོན་བསྟན་ལ་ལྷག་བསམ་གྱིས་ཕྱུག་པའི་སློབ་འབངས་གྱི་ན་བ་ཚུལ་ཁྲིམས་ཕུན་ཚོགས་ཀྱིས་དགེ་སྦྱོར་སྒྲུབ་པའི་ཐུན་མཚམས་སུ་གསོལ་བ་རྩེ་གཅིག་ཏུ་བཏབ་ཏེ་ཕུལ་བས་དོན་དང་ལྡན་པར་གྱུར་ཅིག བོད་མེ་སྤྲེལ་ལོ་དགུན་ཟླ་འབྲིང་པོའི་ཚེས་བཅུའི་ཉིན། 2017/1/7
ཁྱུང་གསེར་ཞུན།
མ་བཅོས་ཡེ་རིག་དགོངས་པ་མངོན་རྫོགས་ཤིང་།།
གཞུང་ཆེན་ཐོས་བསམ་ཕུལ་བྱུང་འཆད་རྩོད་རྩོམ།།
ཨེ་ཝམ་སྟོང་གཟུགས་ལྷ་ཚོགས་ཀུན་འུབ་ཆུད།།
གནའ་དེང་རིག་གཞུང་ཇི་སྙེད་མཁས་ལ་བསྔགས།།
ཞེས་པ་འདི་ལྟའི་ཤིས་ཚིག་འབུལ་བའི་སྐལ་བཟང་ཞིག་ཤར་བར་རིག་གྲོགས་གཟེར་མིག་ལགས་ཀྱི་འཕྲིན་ལམ་ནས་མཇལ་མ་ཐག་ཁྱུང་གསེར་ཞུན་དུ་འབོད་པ་དེས་ཁྲོན་བོད་གཞུང་ལམ་དུ་བསྐྱོད་སྐབས་ཤར་མར་བྲིས་ཏེ་ཕུལ། 2017/1/7ཉིན།
འཇིགས་མེད་བཤད་སྒྲུབ།
ཚེ་ལོ་བརྒྱ་ན་དགེ༵་ལེག༵ས་སྟོན་མཆོག་འཁྲུངས།།
རབ་བྱུང་བཅུ་དྲུག་ཤིང་ཕག་ལྷུ༵ན་གྲུ༵བ་བཞད།།
འོ་སྐོལ་རྗེས་བཟུང་བརྩེ་བ་རྒྱ༵་མཚོ༵་མངའ།།
ཨེ་མ་ཐུགས་གསང་མཛད་པ་ཝེར་ཡ་ཉིད།།
ཅེས་མཆོད་ཚིག་རྟག་བརྟན་རང་སྒྲ་ཤོ་ལོ་ཀ་འདི་བཤད་སྒྲུབ་ནས་ཟླ12ཚེས15ཉིན་གུས་ཕུལ།
བོན་བརྒྱ་བསྟན་པའི་ཉི་མ།
མཁྱེན་བརྩེ་ནུས་པའི་གཞན་ཕན་འོད་དཀར་ཅན།།
ཐེག་ཆེན་སྙིང་རྗེ་གཏེར་གྱུར་ལྷག་བསམ་དག།
ཨེ་ཝཾ་ཟག་མེད་ཡེ་ཤེས་ཚོགས་ལ་དབང་།།
རིག་འཛིན་བླ་མ་ཚེ་ཡི་ངོ་བོར་བཞུགས།།
ཞེས་རྗེ་བཙུན་བླ་མ་དམ་པ་བོན་བརྒྱ་ཐམས་ཅད་མཁྱེན་པ་དགེ་ལེགས་ལྷུན་གྲུབ་རྒྱ་མཚོ་མཆོག་གི་སློབ་མའི་གྲལ་མཐའ་བ་བོན་བརྒྱ་བསྟན་པའི་ཉི་མ་ནས་ཟླ12ཚེས15ལ།
དགེ་བཤེས་བསྟན་འཛིན་ཡེ་ཤེས།
ཨེ་མ་ཧོ། མི་འགྱུར་སྐུ༷་མཆོག་གཡུང་དྲུང་ལྷུན་པོའི་སྤོར།།
མི་འགག་ཟབ་གསུ༷ང་དབྱར་གྱི་རྔ་གསང་སྒྲོགས།།
མི་རྟོག་ཐུག༷ས་ཉིད་ཟབ་ཡངས་རྒྱ་མཚོའི་བདག།
མི་ནུབ་བསྟན་པའི་རྒྱན་དུ་རྟག་བཞུགས་གསོལ།།
ཞེས་མཁས་ཤིང་གྲུབ་པའི་དབང་པོ་བོན་རྒྱ་དགེ་ལེགས་ལྷུན་གྲུབ་རྒྱ་མཚོ་རིན་པོ་ཆེའི་ཞབས་བརྟན་གསོལ་འདེབས་འདི་ཉིད་དགེ་བཤེས་བསྟན་འཛིན་ཡེ་ཤེས་ནས་ཕུལ།།
ཉི་མ་བསྟན་འཛིན།
ཨེ་མ་ཇི་སྙེད་སྡེ་སྣོད་རིག་པའི་མཛོད།།
ཝ་ལེར་མཁྱེན་པའི་རྩལ་འཆང་ཐབས་ཤེས་འཕྲུལ།།
ཟབ་ཡངས་འོད་གསལ་མངོན་གྱུར་བོན་བརྒྱ་བ།།
ལྷར་བཅས་མགོན་དུ་སྐུ་འཚོ་བརྟན་བཞུགས་གསོལ།།
ཞེས་གསལ་བྱེད་མིང་གཞིར་ཚང་བའི་ཚིགས་བཅད་འདི་བླ་མ་རིན་པོ་ཆེ་བོན་བརྒྱ་དགེ་ལེགས་ལྷུན་གྲུབ་རྒྱ་མཚོ་མཆོག་དགུང་གྲངས་གྱ་གསུམ་ལ་ཕེབས་སྐབས་མཚོ་སྔོན་བོན་འབངས་ཡོངས་ནས་བསྟན་དང་འགྲོ་བའི་མགོན་དུ་སྐུ་ཚེ་ཡུན་དུ་བཞུགས་པའི་ཞབས་བརྟན་ཕུལ་བ་དང་བསྟུན་ཏེ་གུས་འབངས་ཉི་མ་བསྟན་འཛིན་ནས་གསོལ་བ་རྩེ་གཅིག་ཏུ་བཏབ་པའོ།།
གདོང་བཙུན་རྒྱ་ཐར།
ཀུན་མཁྱེན་དགེ༵་ལེག༵ས་རིག་པའི་འོད་སྟོང་འཛིན།།
སྐྱབས་གཅིག་མདོ་སྔགས་གནས་ཆེན་སྨྲ་སེང་ཉིད།།
ཨེ་ཝཾ་ལྷུ༵ན་གྲུ༵བ་ལྟ་བའི་ཡང་རྩེར་སོན།།
ཐུགས་རྗེའི་འཕྲུལ་གཟུགས་རྒྱ༵་མཚོ༵ར་བརྟན་བཞུགས་ཤོག།
སློབ་འབངས་ཡོངས་ཀྱི་གྲལ་མཐར་གནས་པ་གདོང་བཙུན་རྒྱ་ཐར་གྱིས་ཟླ་ཚེས་བཟང་པོར་གུས་པས་བཏེགས།
གཤེན་བཙུན་ཉི་མ་འོད་ཟེར།
ཨེ་མ་ཧ་ཅང་རིང་བའི་སྐུ་ན་མཐའ་ཡས་སྤྱན་དབང་མ་ཉམས་ཝ་ལེར་གཟིགས།།
མཁས་བཙུན་བཟང་པོས་ལེཊ་བཤད་གཉེར་དུ་གསུང་སྙན་ཚངས་སྲས་བུ་མོའི་ངག་ལ་འགྲན།།
རིམ་གཉིས་ཏིང་འཛིན་ཟབ་མོར་དབང་འབྱོར་མི་འཇིཊ་རྨོངས་མུན་སེལ་བའི་འདྲེན་སྟོན་པ།།
སྐུ་མཆོག་གསེར་རི་འབུམ་གྱི་འོད་ཞགས་མི་ནུབ་བསྐལ་བརྒྱའི་བར་དུ་བཞུགས་པའི་ཕྱིར།།
དེ་ལྟར་གསལ་བྱེད་སུམ་ཅུ་མིང་གཞིར་ཚང་པའི་མཆོད་ཚིགས་ཤོ་ལོ་ཀ་འདི་སྙིགས་དུས་འགྲོ་བའི་མགོན་སྐྱབས་མཁས་དང་གྲུབ་པའི་དབང་ཕྱུག་ཆེན་མོ་བོན་རྒྱ་ཐམས་བཅད་མཁྱེན་པ་དགེ་ལེགས་ལྷུན་གྲུབ་རྒྱ་མཚོ་དཔལ་བཟང་པོ་མཆོག་གཟུགས་སྐུ་མི་འགྱུར་གཡུང་དྲུང་གི་ཁམས་སུ་བརྟན་བཞུགས་འབུལ་བའི་མཆོད་ཚིག་ལྷག་བསམ་དཀར་པོ་འདི་ཉིད་གཤེན་བཙུན་ཉི་མ་འོད་ཟེར་དུ་འབོད་པས་བཀྲ་ཤིས་མགུལ་དར་གྱི་ཚབ་དང་བཅས་སྒོ་གསུམ་གུས་པ་ཆེན་པོས་ཕྱག་འཚལ་ལོ།།
ཁྲི་བདེ་མཆོག
དཔལ་ལྡན་བླ་མ་དགེ༵་ལེག༵ས་འོད་སྟོང་འཕྲོ།།
མཁྱེན་བརྩེ་ཡོན་ཏན་ལྷུ༵ན་གྲུ༵བ་མངའ་མཛད་ཐུགས།།
གཞུང་ཆེན་རྒྱ༵་མཚོ༵འི་དཀའ་གནད་ཇི་སྙེད་སེལ།།
ཟབ་གསལ་ཤེས་རབ་ཝ་ལེར་སྩོལད་ཅིག་ཨེ།།
ཞེས་རྗེ་བླ་མའི་མཚན་དང་དབྱངས་གསལ་སོ་བཞི་མིང་གཞིར་ཚང་བའི་གཤེན་གྱི་སྡོམ་ཚིག་འདི་ནི་གསུང་སྐྱེས་སློབ་འབངས་ཡོངས་ཀྱི་ཐ་ཤལ་བ་ཁྲི་བདེ་མཆོག་གམ་དྲ་མིང་ཁྲི་སྤྲེལ་སླག་ནས་ཕྱི་ལོ2017ཟླ1ཚེས9ཉིན་ལ་གདན་ས་༧སྨན་རིའི་གླིང་ནས་གུས་པས་བཏེགས།
བོན་ནག་ཚང་ཡེ་ཤེས་བློ་གྲོས།
ཨེ་མ་དགེ༵་ལེག༵ས་མཁྱེན་བརྩེ་འོད་ཟེར་ཅན།།
ཡེ་རིག་ཀ་དག་ལྷུ༵ན་གྲུ༵བ་ཝ་ལེར་གསལ།།
ཤེས་བྱ་མཐའ་ཡས་རྒྱ༵་མཚོ༵་ཆེན་པོར་གནས།།
བོན་གཞུང་དབུ་ཕར་སྔགས་རྫོགས་རྗེ་ཉིད་བསྟོད།།
ཅེས་ཐམས་ཅད་མཁྱེན་པ་མཆོག་གི་གྲལ་མཐའ་བ་བོན་ནག་ཚང་ཡེ་ཤེས་བློ་གྲོས་སུ་འབོད་པས་དད་གུས་དང་བཅས་ཕུལ།
དགེ་བཤེས་བསམ་གཏན་རྒྱལ་མཚན།
ཨེ་མ་རབ་དཀར་ཁ་བའི་ཞིང་འཁྲུངས་བོན་བརྒྱ་རྗེ།།
གཤེན་བསྟན་སྤང་བསྒྱུར་གྲོལ་གསུམ་ཐེག་པ་དགུ་ཡི་མཛོད།།
ཧ་ཅང་བསྟན་འགྲོའི་དོན་ཆེན་མཐར་ཕྱིན་ཁྱུང་ཆེན་རྒྱལ།།
གཟི་བརྗིད་མི་ནུབ་ཉི་མ་ཝ་ལེར་གཙུག་མཛེས་མཚར།།
སྤ་ཚང་དགོན་དགེ་བཤེས་བསམ་གཏན་རྒྱལ་མཚན་གྱིས་བཅོས་མིན་དད་པའི་སྒོ་ནས་ཕུལ། སྤྱི་ལོ2017ཟླ1ཚེས8ཉིན།
ཤོ་ཁྲི་རྒྱལ།
སྙིང་བརྩེའི་འོད་སྣང་གིས་འགྲོ་ལ་འཁྱུད་ཅིང་།།
ཨེ་ཝཾ་གསང་ཆེན་གྱི་བདག་པོར་གཟིགས་པའི།།
རྨད་བྱུང་ངོ་མཚར་གྱི་མཛད་འཕྲིན་མཐའ་ཡས།།
ལྷུན་བརྗིད་རི་དབང་བཞིན་བསྐལ་པར་བརྟན་ཤོག།
གསལ་བྱེདསུམ་ཅུ་་མིང་གཞིར་ངེས་པ་བྱ་དཀའ་བའི་ལུགས་ཀྱི་ཚིགས་བཅད་འདི་རྩ་བླ་སུམ་ལྡན་བ་ཆེན་མོ་རྗེ་བོན་བརྒྱ་ཐམས་ཅད་མཁྱེན་པར་བརྟན་བཞུགས་མནྜལ་གྱི་དོད་དུ་སྤོས་ལྡན་གྲོང་ནས་གུས་ཁྱུང་པོ་བ་ཤོ་ཁྲི་རྒྱལ་ནས་ཕུལ། 2017/1/9
མར་ནང་ཚང་ཁྲི་གཡུང་དྲུང་།
ཨེ་མ་ལང་ཚོ་མངོན་རྫོགས་ལྡན་པའི་སྐུ༷།།
ཡིད་འོང་དྲི་ཟའི་པི་ཝང་སྙན་འཇེབས་གསུ༷ང།།
ལྷ་མཆོག་ཤེས་རབ་ཕུལ་ཕྱིན་གཏེར་ཆེན་ཐུག༷ས།།
གཞུང་ལུགས་གནད་ཀུན་སྩོལ་ཅིག་བོན་བརྒྱ་མཁྱེན།།
ཞེས་པའང་གསལ་བྱེད་སུམ་ཅུ་མིང་གཞིར་ཚང་བའི་ཚིགས་སུ་བཅད་པ་འདི་ནི་གཡུང་དྲུང་བོན་གྱི་གདན་ས་ཆེན་མོ་འཕགས་ཡུལ་སྨན་རིའི་གླིང་ནས་མར་ནང་ཚང་ཁྲི་གཡུང་དྲུང་དུ་འབོད་པས་གུས་པས་བཏེགས་པ་ཐ་ཚན་མུ་ཙུག་སྨར་རོ།།
གཡུང་དྲུང་སྐལ་བཟང་།
ཨེ་མ་མཁས་དགུའི་དེད་དཔོན་བོན་བརྒྱ་ཞེས།།
མཐའ་ཡས་ཤེས་བྱའི་གནས་བཅུར་མངའ་བརྙེས་རྗེས།།
མཛད་བཟང་འོད་དཀར་རླབས་ཕྲེང་ཚར་དངར་བ།།
ཝ་ལེར་བསམ་བཞིན་ལྷ་མིའི་གཙུག་ཏུ་མཆོད།།
ཞེས་བརྟན་དོད་ཙམ་དུ་གཡུང་དྲུང་སྐལ་བཟང་དུ་འབོད་པས«བོན་སྒོ»རྩོམ་སྒྲིག་ཁང་ནས་དད་གུས་དང་བཅས་ཕུལ།
ཨ་ཀྲོང་རིན་ཆེན་རྒྱལ་མཚན།
ནོར་འཛིན་གངས་དཀར་ལྷུན་པོ་མཐོ་སྒང་གི་ཞིང་དུ།།
གསུང་རྩོམ་ལེགས་བཤད་ཟབ་མོ་འོད་སྟོང་དུ་ཕྱུག་པའི།།
ཞང་བོད་རིག་པའི་མངའ་བདག་རྗེ་གཅིག་ཁྱེད་སྙིང་ནས།།
མཆོད་ཚིག་ཨེ་མ་རྨད་བྱུང་ཝར་ལེར་རུ་བསྟར་ཡོད།།
མཁས་པའི་ཁྱུ་མཆོག་༧རྗེ་བོན་བརྒྱ་དགེ་ལེགས་ལྷུན་འགྲུབ་རྒྱ་མཚོ་རིན་པོ་ཆེ་མཆོག་ལ་བརྟན་བཞུགས་བསྟར་འབུལ་གྱི་སྐལ་བཟང་གི་ཉིན་མོ་དང་བསྟུན་ཏེ་རྒྱང་རིང་གི་གྲུ་ཁ་ཞིག་ནས་སྟོང་མིན་ཙམ་དུ་དད་གསུམ་གྱི་ཨེ་ཀློང་ནས་དྲངས་པའི་དབྱངས་གསལ་སོ་བཞིས་བརྒྱན་པའི་མཆོད་ཚིག་ཅིག་ཨ་ཀྲོང་རིན་ཆེན་རྒྱལ་མཚན་དུ་འབོད་པས་༧གདན་ས་སྨན་རིའི་གླིང་ནས་གུས་ཕྱག་དང་བཅས་ཏེ་བཏེགས།
གཡུང་དྲུང་ཉི་རྒྱལ།
དགེ༵་ལེག༵ས་མཚན་འཆང་བསྟན་འགྲོའི་གཉེན་གཅིག་རྗེ།།
ལྷུ༵ན་གྲུ༵བ་རྣམ་བཞིའི་མཛད་འཕྲིན་ཐབས་མཁས་ཀྱིས།།
གདུལ་བྱ་རྒྱ༵་མཚོ༵ར་ཤེས་རབ་འོད་སྩོལ་ངང་།།
ཨེ་མ་ཝེར་ཡའི་སྤྱི་གཟུགས་བརྟན་བཞུགས་གསོལ།།
ཞེས་གུས་འབངས་ཉི་རྒྱལ་མིང་ནས་དགེ་སྦྱོར་གྱི་ཐུན་མཚམས་སུ་མདོ་སྨད་རྫ་རྒྱུད་གནས་ཆེན་ལྔ་ཡི་ནང་ཚན་སྒྲུབ་གནས་རིན་ཆེན་སྤུངས་པའི་མགུལ་ནས་ཕུལ།
རིན་སྤུངས་ཚུལ་བསྟན།
ཨེ་མ་རྨད་བྱུང་འཕྲིན་ལས་ཧ་རིའི་ལྗོན་པའི་རྩེར།།
ཐབས་ཟབ་མཁྱེན་བརྩེ་ཡེ་ཤེས་འབྲས་བུ་ཁུར་དུད་ཅིང་།།
ལོག་ལྟའི་རྒོལ་ངན་ཝ་སྐྱེས་ཚོགས་རྣམས་གཞོམ་པའི་བཤེས།།
ཛ་ཡའི་ཞལ་ཚབ་ཆོས་རྒྱལ་བདག་ཉིད་ཁྱེད་ལས་སྐན།།
ཞེས་མདོ་སྨད་བྱང་ཁ་བསྟན་པའི་བདག་པོ་༧མཁས་དབང་བོན་བརྒྱ་དགེ་ལེགས་ལྷུན་གྲུབ་རྒྱ་མཚོ་རིན་པོ་ཆེ་མཆོག་དགུང་གྲངས་གྱ་གསུམ་དུ་སོན་པའི་དུས་དྲན་དུ་གུས་རིན་སྤུངས་ཚུལ་བསྟན་གྱིས་ཕུལ་བའོ།།
ཁྱུང་ཁྲི་ལྡེ།
ཀ་དག་ཉག་གཅིག་ཨེ་ཝམ་རྫོགས་ཆེན་ནས།།
ཁ་བའི་ལྗོངས་ཀྱི་ཤེས་རབ་ཕྲ་མོ་ཡན།།
ག་ཐག་གཟིགས་པའི་མ་ཧ་པཎྜི་ཏ།།
ང་ཚོའི་གཙུག་གི་རྒྱན་དུ་བརྟན་བཞུགས་གསོལ།།
རྩེ་གཞུང་གཡུང་དྲུང་བསྟན་འཛིན།
ཡིད་འཕྲོག་དགེ༵་ལེག༵ས་ཟླ་མཛེས་འོད་དཀར་ཅན།།
ཤེས་རིག་ལྷུ༵ན་གྲུ༵བ་སྙན་ངག་ཨུན་ཆེན་དབྱངས།།
མདོ་སྔགས་རྒྱ༵་མཚོ༵་ཝ་ལེར་རྣམ་མཁྱེན་ཐུགས།།
རྗེ་བཙུན་བླ་མའི་ཞབས་པད་བརྟན་བཞུགས་གསོལ།།
ཞེས་པ་འདི་ནི་དཔལ་ལྡན་བླ་མའི་བརྟན་བཞུགས་སུ་རྩེ་གཡུང་དྲུང་བསྟན་འཛིན་མིང་ནས་གུས་པས་ཕུལ་བ་དགེའོ།། བཀྲ་ཤིས་ཤོག
ཁྲོ་གཙུག་ཕུད་ཚུལ་ཁྲིམས།
ཀུན་ཁྱབ་གྲོལ་ལམ་སྔགས་གཅིག་མཆོག་ཇི་སྙེད།།
སྟོན་ཐུགས་དོན་གནད་དཔྱད་ཕྱིར་བོན་སྨྲའི་གཙུག།
ཚོགས་མཛོད་ཝེར་ཞི་ཟླ་འོད་ཡང་རབ་ལམ།།
ཤེས་གསལ་ལྷ་མཆོག་ཨེ་མ་རྟག་བཞུགས་གསོལ།།
གསལ་བྱེད་སུམ་ཅུ་རིམ་བཞིན་མིང་གཞིར་ཚང་བའི་ཚིགས་བཅད་འདི། རྩ་བའི་བླ་མ་བོན་བརྒྱ་ཐམས་ཅད་མཁྱེན་པའི་ཞབས་བརྟན་དུ། ཉིད་ཀྱི་སློབ་བུ་ཡོངས་ཀྱི་ཐ་ཤལ་བ་ཁྲོ་གཙུག་ཕུད་ཚུལ་ཁྲིམས་ནས་སྒོ་གསུམ་དད་ཕྱག་བཅས་ཏེ་ཕུལ།
ཁྲོམ་བསམ་གཏན།
སྐལ་བཟང་འོ་ཅག་གཙུག་རྒྱན་བོན་བརྒྱ་བའི།།
ཕྲིན་ལས་འཛིན་མའི་ཁྱོན་དུ་ཝ་ལེར་གསལ།།
ཐུགས་ཉིད་ཇི་ལྟར་མཁྱེན་པའི་ངང་ཚུལ་ཅན།།
ཨ་ཧོ་གཤེན་བསྟན་ཡུན་རིང་གནས་ཆེད་བཞུགས།།
༧རྗེ་བོན་བརྒྱ་བ་དགུང་གྲངས་གྱ་གསུམ་ཕེབས་པའི་བརྟན་བཞུགས་རྒྱས་འབུལ་སྐབས་མཆོད་སྤྲིན་གྱི་ཚུལ་དུ་ཁྲོམ་བསམ་གཏན་དུ་འབོད་པ་དེས་ཕ་ཡུལ་ཁྲོམ་ཚང་ལུང་པ་ནས་གསོལ་བ་ཕུར་ཚུགས་སུ་བཏབས་ཏེ་བྲིས་པ་དགེའོ།།
ཁྱུང་དཀར་གནམ་ལྷ།
བདག་ཅག་གཙུག་གི་འདི་ཕྱི་བར་དོ་རེ་ས་ཁྱེད་ལས་གཞན་མེད་པའི།།
སྐུ་ཚེ་སྟོང་དང་ཁྲི་ལོར་བཞུགས་གསོལ་སྙིང་ཁོང་རུས་པའི་གཏིང་ནས་ཆེ།།
ཨ་ཧོ་ཤེས་བྱ་ཝ་ལེར་མཛེས་པའི་འོད་སྣང་ཡ་མཚན་ཐུགས་རྗེ་གཟིགས།།
ཕན་བདེ་མ་ལུས་འབྱུང་བའི་ངོ་བོ་བརྟན་བཞུགས་གཡུང་དྲུང་རེ་ཁ་འབུལ།།
གསལ་བྱེད་སུམ་ཅུ་མིང་གཞིར་ཚང་བའི་ཤིས་སྨོན་འདི་ནི་ས་ཐོག་བླ་མ་བརྒྱ་དང་སེམས་ཐོག་བླ་མ་གཅིག་ཟེར་བའི་དཔེ་ལྟར་མདོ་སྨད་གཤེན་བསྟན་པའི་སྤྱི་ནོར་ཨ་ལགས་བོན་བརྒྱ་མཆོག་ལ་མཚོ་སྔོན་ཕྱོགས་ཀྱི་བརྟན་བཞུགས་རྒྱས་འབུལ་གྱི་མཛད་སྒོ་ལ་མཚོ་སྔོན་ཁྲི་གཤོག་རྒྱལ་མོའི་ཉེ་འགྲམ་དུ་ཁྱུང་དཀར་གནམ་ལྷ་ནས། 2016བོད་ཟླ12ཚེས11ཉིན་ཕུལ།
ཀུན་གསལ་ཟླ་བ།
འགྱུར་མེད་སྐུ་ལ་མཚན་དཔེའི་གཟི་འབར་གཞའ་ཚོན་འོད་ཀྱིས་དང་བ་འདྲེན།།
འཕྲུལ་ངག་བདེན་པ་ཐེག་དགུའི་བོན་མཆོག་ཡན་ལག་དྲུག་ཅུ་གསུང་གིས་འབྱེད།།
རབ་འབྱམས་ཤེས་བྱ་ཇི་སྙེད་སྣང་བ་ཝ་ལེར་མཁྱེན་པའི་ཡེ་ཤེས་རྫོགས།།
གསང་གསུམ་རྟག་བརྟན་རྩ་བའི་བླ་མ་ལྷུན་གྲུབ་རྒྱ་མཚོ་ཨེ་མ་རྨད།།
ཅེས་༧རྗེ་བླ་མ་བོན་བརྒྱ་ཐམས་ཅད་མཁྱེན་པ་མཆོག་གི་སློབ་འབངས་ཡོངས་ཀྱི་གྲལ་མཐར་འཛིན་པ་ཀུན་གསལ་ཟླ་བས་ཨ་མི་རི་ཀ་ནས།
འབྲུག་མོ་སྐྱིད།
སྐྱབས་རྗེ་ཁྲི་གདུགས་གསེར་ཅན་ཉི་བྱེད་ཀྱི་དབང་པོ།།
ཝལ་ལེར་འགྲོ་བའི་བསོད་ནམས་རྒྱ་མཚོ་ཡི་མཁའ་རུ།།
མཛོད་དང་ཐེག་དགུའི་འཆད་རྩོད་གཟི་འོད་སྟོང་སྤྲོས་བཞིན།།
མི་ནུབ་རྟག་ཤར་གསོལ་འདེབས་ཨེ་མ་ཧོ་འཕུལ་ཡོད།།
ཅེས་སྐྱབས་རྗེ་བླ་མ་བོན་བརྒྱ་ཐམས་ཅད་མཁྱེན་པའི་བརྟན་བཞུགས་གསོལ་འདེབས་སུ་གཡུ་འབྲུག་ནས་གུས་ཕུལ། དགེའོ།།
ཀུན་དགའ་ཡེ་ཤེས།
ཞང་བོད་གདོད་མའི་ལོ་རྒྱུས་ཡིག་རིས་གཟུགས་སུ་ཕབས།།
ཆོས་ཉིད་ཟབ་མོའི་གཞུང་ལུགས་ཚུལ་ལྡན་ལུགས་ཀྱིས་སྤེལ།།
ཅོལ་ཆུང་ཝ་སྐྱེས་ཡིན་ཡང་བྱམས་བརྩེའི་གཤིས་ཀྱིས་སྐྱོང་།།
ཨེ་མ་ཡོན་ཏན་ལྷུན་རྫོགས་འཇིགས་བྲལ་ཐབས་མཁས་ཁྱེད།།
བོད་ལྗོངས་སློབ་ཆེན་ཀུན་དགའ་ཡེ་ཤེས་ཀྱིས་གུས་ཕུལ།
ཁྱུང་པོ་དཔལ་རྒྱལ།
ང་ཅག་སེམས་ཅན་ཡོངས་ལ་གཟིགས་པའི་སྤྱི་གཙུག་གི་ཨ་ལགས།།
བོན་སྒོ་བརྒྱ་ཕྲག་བརྒྱད་ཅུས་བརྒྱན་པའི་དགེ་ལེགས་ཀྱི་གཏེར་མཛོད།།
འོ་སྐོལ་འགྲོ་དོན་ལྷུན་གྱིས་འགྲུབ་པའི་རྒྱ་མཚོ་ཡི་ནོར་བུ།།
ཐུགས་རེ་ཉི་མའི་དཀྱིལ་འཁོར་ཇི་བཞིན་ཝ་ལེར་ངང་འཆར་ཤོག།
གསལ་བྱེད་སུམ་ཅུ་མིང་གཞིར་ཚང་བའི་ཤིས་སྨོན་འདི་གང་དེའི་སྐུ་ཚེ་མི་འགྱུར་གཡུང་དྲུང་ལྟར་བཞུགས་པའི་རྟེན་དུ་ཁྱུང་པོ་དཔལ་རྒྱལ་ནས་ཕུལ།
སྙན་བཟང་གཡུང་དྲུང་ཚེ་རིང་།
ཨེ་མ་དགེ༵་ལེག༵ས་མཚན་ལྡན་བླ་མའི་སྐུ་ལ་འོད་སྣང་རབ་ཏུ་འཕྲོ།།
ལྷུ༵ན་གྲུ༵བ་འགག་མེད་བརྩེ་བའི་གསུང་སྙན་རྒྱུན་མི་ཆད་པར་རྟག་ཏུ་འབྱོན།།
ཀུན་རྟོགས་ཡོན་ཏན་རྒྱ༵་མཚོ༵འི་ཞིང་ན་ཟབ་གསལ་ནོར་བུའི་གཏེར་ཁ་བརྡོལ།།
ཇི་སྙེད་ཝ་ལེར་ཐུགས་སུ་མཁྱེན་པའི་ཐམས་ཅད་མངའ་མཛད་བོན་བརྒྱ་བ།།
དགེ་ལེགས་ལྷུན་གྲུབ་རྒྱ་མཚོ་གང་དེ་ཡིད་ངོར་ཤར་བས་སྙིང་ནས་དྲན།།
དགེ་བཤེས་ལྷ་ལྡོང་ཚུལ་ཁྲིམས།
ཤེས་བྱ་རིག་པའི་མཛོད་འཆང་ཟབ་གསང་ཨ་དཀར་ཐེག་པའི་དོན་རྟོགས་ཅིང་།།
འཁྲུལ་མེད་འཕྲུལ་ངག་བོན་གྱི་ཡང་རྩེའི་འ་མོ་ཉིད་དོན་ཝ་ལེར་གསལ།།
ཇི་བཞིན་ཚུལ་ལས་མ་གཡོས་སྟོང་གསུམ་ནམ་མཁའི་གཟུགས་སུ་བཞེངས་མཛད་པ།།
ངེས་དོན་མཁས་པའི་དབང་པོ་དགེ་ལེགས་ལྷུན་གྲུབ་རྒྱ་མཚོ་ཨེ་མ་ཧོ།།
ཞེས་འཕྲུལ་ཡིག་བཞི་བཅུའི་ལུས་སུ་གྲུབ་པའི་ལྷ་རྔ་རྡུང་པ་པོ་ཁམས་ཁྱུང་པོ་སྟེང་ཆེན་དགོན་གྱི་དགེ་བཤེས་ལྷ་ལྡོང་ཚུལ་ཁྲིམས་འབོད་པ་དེས་མགོན་པོ་གང་གི་གསེར་ཞལ་ལན་གཅིག་མཇལ་བའི་དད་འདུན་གྱིས་བསྐུལ་ཏེ2017/1/8ཉིན་བཏེགས།
རེབ་གོང་ནམ་མཁའ།
དགེ༵་ལེག༵ས་འོ་མཚོ་གྱེན་དུ་འཕྱུར་བའི་རླབས་ཕྲེང་རྩེར།།
ལྷུ༵ན་གྲུ༵བ་ཐུགས་ལ་རིམ་གཉིས་བཅུད་ཀྱི་མར་ལོ་འཁྲུངས།།
རྒྱ༵་ཆེན་མཚོ༵་ལྟར་ཚད་མེད་བཞི་ལྡན་ཡོངས་ལ་སྤྲོས།།
ཝ་ལེར་ཤར་ན་སྐུ་དངོས་མཛད་རྗེས་གསང་ཟབ་ཨེ་མ་ཧོ།།
ཅེས་དམ་པ་གང་གི་སློབ་བུའི་གྲལ་མཐའ་བ་རེབ་གོང་ནམ་མཁའ་རུ་འབོད་པས་རིན་པོ་ཆེ་ཚང་ལ་བརྟན་བཞུགས་རྒྱས་འབུལ་གྱི་སྐབས་སུ་ཕུལ་བ་དགེའོ།།
ལེགས་ལྡན་རྒྱ་མཚོ།
དགེ༵་ལེག༵ས་ཕུན་ཚོགས་ཡོངས་རྫོགས་ཨེ་དབྱངས་ལས།།
ལྷུ༵ན་གྲུ༵བ་རྩལ་མཆོག་གཟུགས་སྐུའི་འོད་ཤར་རྗེས།།
རིག་གནས་རྒྱ༵་མཚོ༵་ཝ་ལེར་མངོན་རྟོགས་མཐུས།།
མཁའ་མཉམ་སེམས་ཅན་མུན་པའི་ཞིང་ནས་འདྲེན།།
ཞེས་གསལ་བྱེད་མིང་གཞིར་ཚང་བ་གཞིར་བཞག་ཁོང་གི་མཚན་ཡོངས་སུ་ཚང་བའི་སྒོ་ནས་བསྟོད་ཚིག་ཤོ་ལོ་ཀ་གཅིག་སྦྱར་སྟེ་སྐྱབས་རྗེ་བོན་བརྒྱ་རིན་པོ་ཆེ་མཆོག་གི་སྐུ་ཚེ་བསྐལ་བརྒྱར་བརྟན་ཞིང་མཛད་ཕྲིན་ཕྱོགས་མེད་དུ་རྒྱས་པའི་བརྟན་བཞུགས་ཤིས་ཚིག་ཏུ་ཕུལ་བ་པོ་ནི་གང་གི་སློབ་ཚོགས་ཀྱི་གྲལ་མཐའ་ཟིན་པ་ལེགས་ལྡན་རྒྱ་མཚོའམ་གཡུང་དྲུང་བསྟན་པ་ནས། ཕྱི་ལོ2017ཟླ12ཚེས11ལ།
རེབ་གོང་དོན་གྲུབ་རྒྱལ།
དགེ་ལེགས་གཟི་འོད་རབ་འཕྲོ་ཤེལ་དཀར་མདངས།།
འཆད་རྩོད་ལྷུན་གྲུབ་ལུང་རྟོགས་ཉི་སྣང་འབར།།
མཁས་གྲུབ་རྒྱ་མཚོའི་ཅོད་པན་ཐུགས་རྗེའི་མཛོད།།
ཝེར་ཡ་དངོས་ཞལ་ཨེ་མ་ས་གསུམ་རྒྱན།།
ཞེས་གསལ་བྱེད་སུམ་ཅུ་མིང་གཞིར་ཚང་བའི་ཚིགས་བཅད་འདི་བླ་མ་ཡིད་བཞིན་ནོར་བུའི་ཞབས་བརྟན་དུ་ངེས་དོན་མིང་གིས་ཕུལ་བ་ཐ་ཚན་མུ་ཙུག་སྨྲ།
དཔལ་བ་འབྲུག་གྲགས།
སྲིད་ན་མངོན་འཕགས་དགེ༵་ལེག༵ས་གཏམས་པའི་གཉེན།།
རིག་སྟོང་རྗེན་འཆར་ལྷུ༵ན་གྲུ༵བ་ཟླ་བྲལ་འོད།།
རྩ་གསུམ་རྒྱ༵་མཚོ༵་ཝ་ལེར་ཤར་མཛད་ཅིང་།།
ཀ་དག་ཟང་ཐལ་ཡོངས་ཞིག་ཨེ་མ་མཁྱེན།།
ཞེས་སྐྱབས་རྗེ་བླ་མ་ཡིད་བཞིན་ནོར་བུའི་ཞབས་རྡུལ་སྤྱི་བོའི་ཅོད་པཎ་དུ་ཐོབ་པའི་སྐལ་བ་ཅན༧འབངས་ཐ་རིག་འཛིན་འཆི་མེད་གཡུང་དྲུང་ངམ་དཔལ་བ་འབྲུག་གྲགས་སུ་འབོད་པས་གསལ་བྱེད་མིང་གཞིར་ཚང་བའི་གསོལ་འདེབས་འདི་དཔལ་ལྡན་བླ་མ་དམ་པའི་ཞབས་པད་བསྐལ་བརྒྱར་བརྟན་པའི་ཕྱིར་གུས་པས་བཏེགས་པ་དགེའོ།།
ཁྱུང་དཀར་ཟླ་བ།
དགེ༵་ལེག༵ས་སྣང་བའི་དཀྱིལ་འཁོར་རབ་རྫོགས་བོན་བརྒྱ་རྗེ།།
ཨེ་ཝཾ་ལྷུ༵ན་གྲུ༵བ་ཟེར་འོད་ཅིག་ཆར་འཇོ་བའི་གཉེན།།
རིགས་དྲུག་སེམས་ཅན་འཁོར་བའི་རྒྱ༵་མཚོ༵་ལས་བསྒྲལ་ཕྱིར།།
ཚེ་མཐའ་ཡས་ངོར་རྟག་བཞུགས་བླ་མེད་ཤིས་པ་སྩོལ།།
གསལ་བྱེད་སུམ་ཅུ་མིང་གཞིར་ཚང་བའི་སྨོན་ཚིག་འདི་ཡང་སྐྱབས་རྗེ་བླ་མ་རིན་པོ་ཆེའི་སྐུ་ཚེ་བསྐལ་བརྒྱར་བརྟན་པའི་སྨོན་འདུན་དང་བཅས་ཁྱུང་དཀར་ཟླ་བས་གུས་པས་སྦྱར་བའོ།།
ཁྱུང་བཟང་།
ཨེ་མ་མཁྱེན་བརྩེ་ནུས་པའི་གཟི་འོད་ཀྱིས།།
ཇི་སྙེད་གནས་ལུགས་ཝ་ལེར་གསལ་མཛད་ཅིང་།།
བསྟན་པའི་རྒྱལ་མཚན་སྲིད་རྩེར་བསྒྲེངས་ཕོད་པ།།
རིགས་དྲུག་ཐར་བར་འདྲེན་པའི་ལྷག་བསམ་ཅན།།
ཡོངས་རྫོགས་སྨྲ་བའི་སེང་ཆེན་བརྟན་བཞུགས་ཤོག།
ཞེས་རྗེ་གང་ཉིད་ཀྱི་གདུལ་བྱའི་གྲལ་མཐའ་བ་ཁྱུང་བཟང་གིས་སྒོ་གསུམ་གུས་པ་དང་བཅས་ཕུལ་བ་དགེའོ།།
མཁར་བྱམས་ཐར།
དགེ༵་ལེ༵གས་ཤེས་རབ་མཐུ་དང་གཟི་དཔལ་གྱིས།།
མཛད་འཕྲིན་ཆུ་ཀླུང་ཇི་སྙེད་ལྷུ༵ན་གྱིས་གྲུ༵བ།།
ཝུ་དཀར་ཅི་ཡང་མཛེས་པའི་རྒྱ༵་མཚོ༵འི་གཏེར།།
ཨེ་མ་བརྩེ་བའི་མགོན་ཁྱེད་ཞབས་བརྟན་གསོལ།།
དབྱངས་གསལ་ཚང་བའི་གསོལ་འདེབས་འདི་ནི་གང་སྐུའི་སློབ་མའི་གྲལ་མཐའ་བ་སྙན་བཟང་མཁར་བྱམས་ཐར་གྱིས་ཟི་ལིང་ནས། 2017/1/8ཉིན།
པཎ་གྲུབ།
ལུང་རྟོགས་ཡོན་ཏན་གཟི་འོད་རྩལ་འབར་ཞིང་།།
ཨེ་ཝཾ་ཟུང་འཇུག་བསྐྱེད་རྫོགས་མངའ་བརྙེས་པ།།
ཤེས་རབ་ལྷ་གཅིག་ཁྱུང་དཀར་འགྱུར་མེད་མཆོག།
སྐུ་ཚེ་མཐར་ཕྱིན་སྔགས་སེམས་སྣོད་ལྡན་སྐྱོངས།།
ཞེས་གསལ་བྱེད་སུམ་ཅུ་མིང་གཞིར་ཚང་བའི་ཚིགས་བཅད་འདི་རྗེ་བཙུན་བླ་མ་དམ་པའི་ཞབས་བརྟན་དུ་པཎ་གྲུབ་མིང་གིས་ཕུལ་བའོ།།
ཤར་སྟེང་བསམ་གཏན།
དགེ༵་ལེག༵ས་འཛུམ་ཞལ་ཉི་འོད་འབུམ་ཤར་སྐུ༷།།
ལྷུ༵ན་གྲུ༵བ་འཕྲུལ་ངག་ཟབ་ལམ་གཅིག་ཆོག་གསུ༷ང་།།
ཡོན་ཏན་རྒྱ༵་མཚོ༵་ཝ་ལེར་རྣམ་མཁྱེན་ཐུག༷ས།།
ཨེ་མ་རྗེ་བཙུན་དམ་པས་ཤེས་རབ་སྩོལ།།
ཀ་ཁ་སུམ་ཅུ་ཚང་བའི་ཚིགས་བཅད་འདི།། སློབ་བུ་དཀྱུས་མ་ཤར་སྟེང་བསམ་གཏན་ནས།། སུམ་ལྡན་བླ་མའི་གསང་གསུམ་ཡོན་ཏན་ལ།། གུས་པས་བསྔགས་བརྗོད་མེ་ཏོག་ཕྲེང་བ་འབུལ།།
ཁྲི་བསྟན་དར།
ཚེ་དབང་དངོས་བྱོན་ཨེ་ཝཾ་ལྷུན་ལ་རྫོགས།།
མཛད་འཕྲིན་འོད་སྣང་འཇིག་རྟེན་གསུམ་དུ་ཁྱབ།།
ཐམས་ཅད་ཡོངས་མཁྱེན་ཀུན་བཟང་དགོངས་རྩལ་བརྙེས།།
སྐྱབས་མཆོག་བླ་མའི་ཞབས་པད་རབ་བརྟན་ཤོག།
ཅེས་མིང་གཞིར་དབྱངས་གསལ་སོ་བཞི་ཚང་བའི་ཚིགས་བཅད་འདི་ཕྱོགས་མཐའ་དག་ལས་རྣམ་པར་རྒྱལ་བའི་སྡེ་༧རྗེ་བླ་མ་བོན་བརྒྱ་རིན་པོ་ཆེ་མཆོག་ལ་བརྟན་བཞུགས་འབུལ་སྐབས་སུ་གུས་སློབ་ཁྲི་བསྟན་དར་ནས་ཕུལ། 2016/12/14
དབྲ་དཀར་གཞན་ཕན་ཤེས་རབ།
འགྱུར༵་མེད༵་སྐུ་ཡི་གཟི་བྱིན་འོད་མཚན་འཕྲོ།།
ལས༵་བཞི་གསུང་ངག་མཛད་པ་ཐ་དག་ཁྱབ།།
རབ༵་འབྱམས་ཐུགས་རྗེའི་གཏེར་ཆེན་ཝ་ལེར་ཤར།།
རྩལ༵་རྫོགས་རྣལ་འབྱོར་གཅིག་ཉིད་ཨེ་མ་ཧོ།།
མཁས་དབང་བོན་བརྒྱ་བ་བརྟན་པར་བཞུགས་ཆེད་དུ་དབྲ་དཀར་གཞན་ཕན་ཤེས་རབ་ཀྱིས་དད་འདུན་དང་བཅས་ཏེ་ཕུལ་བའོ།།
སྐྱིད་སྲས་དགེ་ལེགས་ཉི་མ།
ཐེག་དགུའི་ཡང་རྩེ་བླ་མེད་རྫོགས་པར་ཞུགས།།
གནད་སྨིན་གདམས་པའི་བཀའ་ཟབ་གཏེར་འཆང་དངོས།།
ཚེ་རབས་འཁོར་ཕྲེང་མ་ནོར་ས་གཅིག་ཏུ།།
ཇི་སྙེད་ཝ་ལེར་འོད་ཤར་ཨེ་མ་ཧོ།།
ཞེས་ཡབ་རྗེ་བོན་བརྒྱ་རིན་པོ་ཆེའི་བརྟན་བཞུགས་ལ་དབྱངས་གསལ་སོ་བཞི་ཚང་བའི་ཚིགས་བཅད་འདི་ཡུལ་ཆེན་པོ་མ་ཧ་བྷ་ར་ཏའི་བྱང་ཕྱོགས་ནས་ཡིག་ཚད་ཀྱི་ཐུན་མཚམས་སྤྱད་དེ་སྨོན་ལམ་དད་གུས་དང་བཅས་སྐུའི་སློབ་འབངས་ཡོངས་ཀྱི་གྲལ་མཐའ་བ་སྐྱིད་སྲས་དགེ་ལེགས་ཉི་མར་འབོད་པས། 2017/1/11ཉིན།
སྟོང་སྲས་ལྷ་བུ།
ཕ་གཅིག་ཨ་ཡིག་ལས་འཁྲུངས་ཀ་ནས་དག།
རྩོལ་བྲལ་ཐུགས་ཞུན་ལྷུན་གྲུབ་ཝ་ལེར་གསལ།།
བརྗོད་མེད་མཆོག་གི་མཚན་འཛིན་ལྟ་བས་བཤེར།།
མཁས་བརྒྱའི་སྙིང་པོ་གཟུར་གནས་བླ་མ་མཁྱེན།།
ཞེས་གསལ་བྱེད་མིང་གཞིར་ཚང་བ་འདི་ནི་མཆོག་གསུམ་ཀུན་འདུས་ངོ་བོ་དྲིན་ཆེན་བླ་མ་༧སྐྱབས་རྗེ་བོན་བརྒྱ་ཐམས་ཅད་མཁྱེན་པ་དགེ་ལེགས་ལྷུན་གྲུབ་རྒྱ་མཚོ་མཆོག་བསྟན་འགྲོའི་མགོན་དུ་བསྐལ་བརྒྱར་བརྟན་པའི་གསོལ་འདེབས་སུ་སྟོང་སྲས་ལྷ་བུས་གུས་སུ་ཕུལ།
སྤུ་བླ་ནམ་མཁའ་རྒྱལ་མཚན།
བཅུ་རིག་ཕུལ་བྱུང་གངས་ལྗོངས་མཁས་མཆོག་ཞེས།།
ཡོད་ཚད་ཝ་ལེར་གསལ་བར་མཁྱེན་པའི་གཙུག།
ནུས་མཐུ་རྟོགས་རླབས་ཉི་མའི་འོད་ཟེར་བཞིན།།
བཀྱེད་མཛད་ངེས་དོན་ཤེས་ལྡན་ཨེ་མ་ཧོ།།
ཞེས་པ་འདི་ནི་མཁས་དབང་བོན་བརྒྱ་དགེ་ལེགས་ལྷུན་གྲུབ་རྒྱ་མཚོ་མཆོག་ལ་དད་འབངས་ཡོངས་ཀྱིས་མནྜལ་བརྟན་བཞུགས་རྒྱས་འབུལ་ཞུ་བཞིན་པར་གོ་ཐོས་བྱུང་བ་ལྟར་བསྐལ་བཟང་དུས་བཟང་དེར་སྟོང་མིན་གྱི་རྟེན་འབྲེལ་ཙམ་དུ་གསལ་བྱེད་སུམ་ཅུ་མིང་གཞིར་ཚང་བའི་སྙན་རྩོམ་ཤོ་ལ་འདི་ཉིད་སྤུ་བླ་ནམ་མཁའ་རྒྱལ་མཚན་དུ་འབོད་པ་དེས་བོན་གྱི་གདན་ས་གོང་མ་སྨན་རིའི་གླིང་ནས2017/1/10ཉིན་བཏེགས་པར་དགེ་ལེགས་སུ་འཕེལ།
རིན་ཆེན་མཁར།
ཀུན་གསལ་ལྷ་ལམ་ཡངས་པའི་མེ་ལོང་དབུས།།
སྙིང་རྗེའི་གཏེར་ཆེན་འགྲོ་དྲུག་ཐུགས་བརྩེ་ཅན།།
ཝེར་ཡ་ཚུལ་ཁྲིམས་རྣམ་བཞིས་རབ་གཤིས་འཛིན།།
ཨ་ལགས་བོན་བརྒྱར་ཚེ་སྔགས་འོད་ཟེར་འཕྲོ།།
ཞེས་པ་འདི་ནི་ས་ཐོག་བླ་མ་བརྒྱ་དང་སེམས་ཐོགས་བླ་མ་གཅིག་ཟེར་བ་ལྟར་བཀའ་དྲིན་སུམ་ལྡན་གྱི་བླ་མ་རིན་པོ་ཆེའི་ཞབས་བརྟན་དུ་བོན་མང་ཕུར་ཐོགས་སྟོང་གི་བྱིངས་འདྲེན་པ་རིན་ཆེན་མཁར་གྱིས་བཏེགས་པ་དགེ་གྱུར་ཅིག
བློན་ཚང་ཚེ་རིང་བསམ་འགྲུབ།
དཀའ་གནད་གཞུང་བརྒྱ་ཝ་ལེར་ཐུགས་སུ་ཆུད།།
ཡིད་འོང་སྙན་འཇེབས་རིག་པའི་མཚན་བཟང་ཅན།།
ངག་རིག་ལེགས་བཤད་བདུད་རྩིས་ཡོངས་ཕྱུག་པའི།།
བསྟན་འཛིན་སྐྱེས་བུ་ཁྱེད་ནི་ཨེ་མ་ཧོ།།
དབྱངས་གསལ་ཚང་བའི་ཤིས་ཚིག་འདི་༧དཔལ་ལྡན་བླ་མ་དམ་པར་མི་ཕྱེད་དད་པའི་འདབ་སྟོང་སྙིང་ཁར་ཟུམ་པའི་སློབ་བུ་བློན་ཚང་བསམ་འགྲུབ་ཏུ་འབོད་པས་ནུབ་ཕྱོགས་ཧོ་ལེན་གྱི་རྒྱལ་ས་ནས་གུས་པས་ཕྱག་དང་བཅས་ཕུལ།
འབུམ་བྱམས་རྒྱལ།
གསེར་རི་ལྷུན་པོ་ཇི་བཞིན་གཟི་ལྡན་སྐུ།།
ཚངས་དབྱངས་སྙན་འགྱུར་ཅིག་ཅར་འཕེལ་བའི་གསུང་།།
ཝ་ལེར་ཤེས་བྱ་གཙུག་ལག་ཡོངས་མཁྱེན་ཐུགས།།
ཨ་ཧོ་བོན་བརྒྱ་སྐྱབས་མཆོག་འཛམ་གླིང་ཏོག།
ཅེས་༸རྗེ་བོན་བརྒྱ་ཐམས་ཅད་མཁྱེན་པ་མཆོག་བརྟན་བཞུགས་རྒྱས་འབུལ་གྱི་མཛད་སྒོར་སྙོམས་ལས་པ་འབུམ་མིང་བས་ཕ་ཡུལ་གསེར་ཐང་བཀྲ་ཤིས་རིང་མོའི་ལྟེ་བ་ནས་གུས་པས་བཏེགས།
ཁྲི་ཕུན་ཚོགས།
ཨེ་མ་ཐུགས་རྗེ་འོད་སྣང་ཀུན་ལ་སྙོམས།།
མཛད་འཕྲིན་མཚུངས་མེད་གཟི་བྱིན་ཝ་ལེར་མངོན།།
ཧ་རའི་རྩལ་ལྡན་མཁས་གྲུབ་ཁྱད་འཕགས་ཅན།།
སྨྲ་བའི་སེང་ཆེན་ཞབས་པད་ཡུན་བརྟན་ཤོག།
ཅེས་སོར་བཅུའི་འདབ་མ་སྙིང་ཀར་སྦྱར་ཏེ་སྐྱབས་རྗེ་བླ་མ་བོན་བརྒྱ་བ་མཆོག་གི་སྐུ་ཚེ་བསྐལ་བརྒྱའི་བར་དུ་བརྟན་པ་དང་མདོ་སྔགས་རྫོགས་གསུམ་གྱི་བསྟན་པའི་དར་ཆེན་ཇི་སྲིད་བར་གཡོ་མེད་དུ་སྒྲེང་བཞིན་བཞུགས་པར་གསོལ་བ་ཕུར་ཚུགས་སུ་བཏབ་པའི་མཚམས་དང་བཅས་ཁྲི་ཕུན་ཚོགས་ཀྱིས་མགྱོགས་བྲིས་བགྱིས་པ་དགེ་ཞིང་བཀྲ་ཤིས་པར་གྱུར་ཅིག་གུ།
ཁ་བ་འབོནད་མྱྀ།
རྣམ་དཀར་དགེ༵་བཅུའི་ལེག༵ས་བཤད་འོད་གསལ་གདུང་།།
བོན་ཉིད་ལྷུ༵ན་རྫོགས་གྲུ༵བ་དབང་ཝེར་རོ་ཆེ།།
ཕྱི་ནང་ཟབ་སྔགས་རྒྱ༵་མཚོ༵འི་གཏིང་མཐའ་དཔོག།
ཞང་བོད་མཁས་གྲུབ་ཡང་རྩེ་ཨེ་མ་རྗེ།།
གུས་སྐྱབས་འོག་པ་ཁ་བ་འབོནད་མྱྀ་པས།
ཀླུ་མོ་མཚོ།
བསྟི་བའི་ཤག་ན་སྙུང་མེད་བཞུགས་པའི་སྐུ།།
གཙུག་ལག་ཅི་འཆད་ཧང་ཟོམ་གཏན་བྲལ་གསུང་།།
ཨ་དོན་ཡེ་རྫོགས་ཝ་ལེར་མཁྱེན་མངའི་ཐུགས།།
ཚེ་རབས་འདི་ཕྱིར་ཇི་བཞིན་འདུད་འོས་མགོན།།
གསལ་བྱེད་སུམ་ཅུ་མིང་གཞིར་ཚང་བའི་ཚིགས་བཅད་འདི་ཉིད་ཐམས་ཅད་མཁྱེན་པ་རྗེ་བོན་བརྒྱ་བའི་སྐུ་ཚེ་བརྟན་བཞུགས་སུ། གཙང་གཡས་རུའི་ཡན་ལག་གཡུང་དྲུང་གླིང་གི་དད་ལྡན་ར་ལག་གྲོང་གི་ཀླུ་མོ་མཚོས་གུས་པ་ཆེན་པོས་ཕུལ་བར་དགེ་གྱུར་ཅིག
བོན་བརྒྱ་འཕྲིན་ལས་ཉི་མ།
གཞི་དབྱིངས་ཀ་དག་མ་བཅོས་སེམས་ཉིད་མངོན།།
འོད་ཟེར་འཛིན་མེད་རིག་རྩལ་ཝ་ལེར་གྲོལ།།
ཐུགས་མཆོག་མཁྱེན་པས་ཚད་ཕར་གནད་ཡང་རྟོགས།།
ཤེས་རབ་རྗེ་བོ་བླ་མ་ཨ་ཧོ་རྨད།།
ཅེས་རྩ་གསུམ་ཀུན་འདུས་ཀྱི་བདག་ཉིད་མཚན་ལྡན་བླ་མ་བོན་བརྒྱ་དགེ་ལེགས་ལྷུན་གྲུབ་རྒྱ་མཚོ་མཆོག་གི་སློབ་འབངས་ཡོངས་ཀྱི་ཡང་གྲལ་དུ་གནས་པ་བཙུན་གཟུགས་ཙམ་འཛིན་པའི་བོན་བརྒྱའི་འཕྲིན་ལས་ཉི་མ་ནས་སྒོ་གསུམ་གུས་པའི་ཕྱག་དང་བཅས་ཏེ་ཕུལ་བའོ།།
དུང་དཀར་གཡུང་དྲུང་རྒྱལ་མཚན།
ལུགས་གཉིས་གཞུང་ལ་རྣམ་དཔྱོད་རྩལ་གྱིས་བཅད།།
ཨ་ཧོ་འགྲོ་མཛད་མ་ཡལ་ཝ་ལེར་འཆར།།
རྒྱལ་ཀུན་སྤྱི་གཟུགས་ཕྱོགས་མེད་དྲིན་ཆེན་རྗེ།།
ཐུགས་རྗེས་རྟག་ཏུ་སྐྱོངས་ཤིག་ཁྱེད་ཕྱག་འཚལ།།
མགོན་པོ་ཉིད་ཀྱི་སློབ་འབངས་ཀུན་གྱི་ཐ་མལ་བ་གཡུང་དྲུང་རྒྱལ་མཚན་གྱིས་སྨིན་གྲོལ་དུང་དཀར་གཤེན་བསྟན་དར་རྒྱས་གླིང་དུ་གུས་པས་ཕུལ།
དམུ་ཚང་བསྟན་འཛིན་རྣམ་དག
རྒྱལ་ཀུན་སྲས་ཅིག་ལྷུན་གྲུབ་རྒྱ་མཚོ་ཞེས།།
ཐུགས་བརྩེ་པད་མོ་སོག་ཁའི་ཡུལ་ནས་མཛད།།
ཨེ་མ་མཆོག་གསུམ་སྙིང་གཏེར་གཟུགས་སྐུའི་བརྗིད།།
གཤེན་སྲས་འཕྲུལ་དབང་མི་ནུབ་ཝེར་ཞི་བསྒྲེངས།།
ཞེས་གསལ་བཤད་སུམ་ཅུ་ཚང་བའི་ཚིགས་བཅད་འདི་ཚེས་བཅུ་གཅིག་ཉིན་གྱི་དགོང་མོར་རང་ཤག་ནས་དམུ་ཚང་རྣམ་དག་འབོད་པས་བྲིས་པ་དགེའོ།།
འཇམ་དབྱངས་ཚུལ་ཁྲིམས།
ཀུན་མཁྱེན་དགོངས་མངའ་ཅི་ཆིབ་ཇི་སྙེད་རྟོགས།།
མཐའ་དོན་རྣམ་དཔྱོད་ཕུལ་བྱུང་སྨྲ་རྩལ་མཚར།།
མཛའ་ཝེར་གཞིར་བཟུང་འོད་ཡུལ་རབ་ལེགས་གཤེན།།
གསས་ལྷུན་ཨ་ལགས་བོན་བརྒྱ་རྟག་འཆར་ཤོག།
ཀ་མད་སུམ་ཅུ་རིམ་པ་བཞིན་དུ་ཚང་བའི་ཚིགས་བཅད་འདི་ཉིད་འཇམ་དབྱངས་ཚུལ་ཁྲིམས་ཀྱིས་སྒོ་གསུམ་གུས་པ་ཆེན་པོས2017/1/11ཉིན་ཕུལ་བའོ།།
སྙན་བཟང་བསམ་ཁོ།
མཁྱེན་བརྩེའི་དགེ༷་ལེགས་གཟི་བྱིན་འབར་བས་གྲགས་སྙན་གླིང་ལྔའི་ཁྱོན་ན་ལྡིར།།
སྙིང་རྗེའི་རང་གཟུགས་མ་བཅོས་ལྷུ༵ན་གྲུ༵བ་གཤེན་ལྷའི་འོད་ཁྱིམ་ཝ་ལེར་གསལ།།
ཐུགས་བསྐྱེད་མཛད་འཕྲིན་རྒྱ༵་མཚོ༵་སྐྱོམ་པ་ཨ་སྔོན་དབྱིངས་ཀྱི་གདོང་ན་འཚེར།།
མཆོག་སྤྲུལ་ཉི་མའི་ཞབས་པད་གཡུང་དྲུང་བསྐལ་བརྒྱར་བརྟན་པའི་སྐྱབས་འཇུག་ཞུ།།
ཞེས་ཡབ་རྗེ་གང་གི་བུ་སློབ་ཀྱི་མིང་ཙམ་འཛིན་པ་གྱི་ན་བ་སྙན་བཟང་བསམ་ཁོ་ནས་དགའ་ཚོར་ཆེན་པོས་སོར་བཅུ་སྙིང་ཁར་སྦྱར་ཏེ་གསོལ་བ་འདེབས་བཞིན་བྲིས་པ་དགེའོ།།
སྟོང་སྐོར་དབང་ཆེན་འབུམ།
བཀྲ༷་འོད་འཁུ་འཕྲིག་རབ་བཅིལ་ཉོན་སེམས་སྤྱུགས།།
ཤི༷ས་ངག་ཙམ་ཡང་ཨ་ནུའི་སྟོངས་མོར་འཇུག།
བདེ༷་ཆེན་བློ་ངོར་ཧང་ཚང་ཝ་སྐྱེས་བཀོང་།།
ལེག༷ས་ཐོས་ཟབ་གནང་བདུད་རྩིའི་ཛ་གད་བཞེས།།
གསལ་བྱེད་སུམ་ཅུ་མིང་གཞིར་བྱས་པའི་ཚིགས་སུ་བཅད་པ་འདི་ཉིད་གནམ་གྱིས་ས་བཀབ་པ་ལྟ་བུའི་ཚད་མའི་སྐྱེས་བུ་ཆེན་མོ་ཐམས་ཅད་མཁྱེན་པ་སྐྱབས་རྗེ་༧བོན་བརྒྱ་བ་དགེ༵་ལེག༵ས་ལྷུན་འགྲུབ་རྒྱ༵་མཚོ༵་དཔལ་བཟང་པོའི་ཞབས་བརྟན་བཞུགས་སུ་སྟོང་སྐོར་དབང་ཆེན་འབུམ་ནས་སྒོ་གསུམ་གུས་པས་ཕྱག་འཚལ་ཏེ་ཕུལ་ལོ།།
སྙན་བཟང་བྱམས་པ།
བཀའ་འཁོར་འགག་མེད་ཐུགས་རྒྱུད་ཡེ་ཤེས་ཅིག་ཅར་བསྐོར་བའི་མི་དབང་ཆེ།།
འཛམ་གླིང་ལྷུན་པོ་ཏི་སེའི་དཔུང་རྒྱན་གནམ་སའི་མཚམས་དེར་གཡོ་བའི་འོད།།
སྲིད་གསུམ་ཉོན་མོངས་མ་རིག་མུན་སེལ་ཕན་བདེའི་ཤེས་རབ་སྩོལ་མངའ་གང་།།
ཨེ་མ་མཁས་མཆོག་ཙན་དན་ལྗོན་བཟང་ཝ་ལེར་བཞུགས་ཤིག་བླ་མ་ལགས།།
གསལ་བྱེད་སུམ་ཅུ་མིང་གཞིར་ཚང་བའི་ཚིགས་བཅད་དབྱངས་བཞིའི་ཞུ་གསོལ་འདི་ཡང་རྗེ་བླ་མའི་སྐུ་ཚེ་ཡུན་རིང་འཚོ་བཞེས་ལ་གང་གི་གདུལ་བྱར་ཚུད་པ་གྱི་ན་བ་སྙན་བཟང་བྱམས་པས་ཕུལ། ཐ་ཚན་མུ་ཙུག་སྨར་རོ།།
སྟོང་སྐོར་ལྷ་སྐྱབས་རྒྱལ།
རྒྱལ་གཤེན་བསྟན་པ་བདག་གིར་བཞེས་མཛད་ཁམས་གསུམ་འདྲེན་པའི་བོན་བརྒྱ་བ།།
མཚན་དཔེའི་གཟི་འོད་ལྷུན་པོའི་རྩེར་འཕྲོས་བརྒྱད་ཅུའི་ཐེམ་སྐེས་ཝལ་གྱིས་སྙེག།
ཨེ་མ་སྐྱབས་མཆོག་མགོན་པོ་གང་ཉིད་འགྱུར་མེད་གཡུང་དྲུང་སྐུ་ཇི་བཞིན།།
གསེར་གྱི་ཁྲི་ལ་གཡོ་མེད་བརྟན་བཞུགས་བཀྲ་ཤིས་སྨོན་ལམ་སྙིང་ནས་འདེབས།།
རྩེ་སྐྱེས་གཡུང་དྲུང་འོད་ཟེར།
ཨ་ཧོ་གདུལ་བྱའི་གཙུག་གི་ནམ་མཁའ་རུ།།
མངོན་པའི་དབང་ཕྱུག་ཉི་མའི་འོད་ཟེར་ཆེ།།
མཐའ་ཡས་གཞུང་ལུགས་ཝ་ལེར་གསལ་མཛད་ཅིང་།།
རྗེ་བཙུན་བླ་མའི་སྐུ་ཚེ་རྟག་བརྟན་ཤོག།
གངས་ཅན་མཁས་རྒུའི་གཙུག་རྒྱན་རྗེ་བོན་བརྒྱ་ཐམས་ཅད་མཁྱེན་པ་མཆོག་གི་སྐུ་ཚེ་སྐལ་བརྒྱའི་བར་དུ་བརྟན་པའི་ཤིས་སྨོན་དུ་རྩེ་སྐྱེས་པའམ་རྩེ་སྐྱེས་གཡུང་དྲུང་འོད་ཟེར་ནས།
མང་བུ་བློ་གྲོས་རྒྱལ་མཚན།
ཨ་ཧོ་རྒྱལ་བའི་གཞུང་ལུགས་རྒྱ་མཚོ་འང་།།
རྩལ་རྫོགས་ཤེས་རབ་མཆོག་གིས་ཝ་ལེར་རྟོགས།།
རྣོན་པོ་གསང་སྔགས་ཟབ་མོའི་དད་ཕྱག་ཡུལ།།
སྐྱབས་རྗེ་བོན་བརྒྱ་ཐམས་ཅད་མཁྱེན་ཉིད་བསྟོད།།
ཅེས་གསལ་བྱེད་སུམ་ཅུ་ཚང་བའི་ཤོ་ལོ་ཀ་འདི་ཉིད་འཛམ་གླིང་མཁས་པའི་གཙུག་རྒྱན་སྐྱབས་རྗེ་བླ་མ་བོན་བརྒྱ་རིན་པོ་ཆེ་ལགས་ཀྱི་སྐུ་ཚེ་མི་འགྱུར་གཡུང་དྲུང་གི་ཁམས་སུ་རྟག་ཏུ་བཞུགས་ཏེ་མཐར་ཐུག་ཅི་བསམ་གྱི་འདོད་དོན་ཐམས་ཅད་ཡིད་བཞིན་གྱི་ནོར་བུ་བཞིན་དུ་འགྲུབ་པའི་སྨོན་འདུན་དུ་དམ་པ་ཁོང་གི་གྲལ་མཐར་ཟིན་པ་ཙམ་མང་བུ་བློ་གྲོས་རྒྱལ་མཚན་ཞེས་པ་དེས་དད་མོས་ཀྱི་ཀློང་ནས2017/12/14ཉིན་གུས་པས་བཏེགས།
སོ་ནག་བསོད་ནམས་དཔལ་ལྡན།
རྣམ་མཁྱེན་དགེ༵་ལེག༵ས་རིག་འབྱུང་ཨེ་ཝཾ་འཕྲུལ།།
ཡང་ཟབ་མདོ་རྒྱུད་ལྷུ༵ན་གྲུ༵བ་གསང་སྔགས་འཛིན།།
བརྩེ་ཆེན་རྒྱ༵་མཚོ༵འི་མཐུ་དཔལ་སྙིང་རྗེའི་འོད།།
སྐྱབས་གཅིག་བླ་མ་བསྐལ་བརྒྱར་བརྟན་བཞུགས་ཤོག།
སོ་ནག་བསོད་ནམས་དཔལ་ལྡན་ནས་བླ་མའི་ཞབས་བརྟན་དུ་ཕུལ་བ་དགེའོ།།
བསྟན་འཛིན་ཚུལ་ཁྲིམས།
ཀུན་མཁྱེན་སྨྲ་སེང་མི་ཡི་རྣམ་རོལ་རྗེ།།
ཞྭ་དཀར་རིང་ལུགས་ཉམས་མེད་སྲོལ་འཛིན་པ།།
བོན་བརྒྱ་དགེ་ལེགས་ལྷུན་གྲུབ་རྒྱ་མཚོ་མཆོག།
སྐུ་ཚེ་འགྱུར་མེད་གཡུང་དྲུང་བརྟན་གྱུར་ཅིག།
ཁམས་ཉག་རོང་རྒྱ་ཞིག་འབྲུག་གྲགས་དགོན་ཞང་བོད་ནང་བསྟན་རིག་གནས་ཐོས་བསམ་གླིང་གི་སློབ་མ་བསྟན་འཛིན་ཚུལ་ཁྲིམས་ནས་གུས་པས་བཏེགས།
དབྱངས་ཅན་ལྡིང་ཁང་།
ངག་རིག་སྨྲ་བའི་ཇེང་གི་ཝཾ་ཤེ་སྙན།།
ཁུ་འཕྲིག་གཅོད་པའི་རྟོག་གེའི་ཤང་ལང་རྣོ།།
འར་དང་ཞ་ཆག་རྫོགས་བྲལ་ཟང་མའི་ལྷ།།
ཨ་ཐཱ་སྐུ་ཡི་ཙན་དན་ཚེ་རིང་སྲིབས།།
ལྔ་ཟུང་རིག་པའི་གནས་ཀུན་ལ་ཆགས་ཐོགས་བྲལ་བའི་ཐམས་ཅད་མཁྱེན་པ་དཔལ་ལྡན་བོན་བརྒྱ་བའི་སྐུ་ཚེ་བརྟན་བཞུགས་སུ་རྒྱལ་ཁམས་པ་དབྱངས་ཅན་ལྡིང་ཁང་གིས་བྱས་སོ།།
སེ་ཁོ་བསྟན་འཛིན་ནོར་བུ།
སྐུ༷་ཡི་མཚན་བཟང་འཇིག་རྟེན་ཁམས་ན་བཞད།།
གསུ༷ང་གི་ལེགས་བཤད་བསྟན་འགྲོ་ཕན་བདེའི་དཔལ།།
ཐུག༷ས་ཉིད་ཨེ་ཝཾ་གསང་ཆེན་འོད་གསལ་ངང་།།
རིག་འཛིན་ལྷ་ཡི་བླ་མ་རྩེ་གཅིག་བསྟོད།།
ཅེས་པ་འདི་ནི་མཁས་དང་གྲུབ་པའི་དབང་ཕྱུག་སུམ་ལྡན་བླ་མ་དམ་པ་བོན་བརྒྱ་དགེ་ལེགས་ལྷུན་གྲུབ་རྒྱ་མཚོ་མཆོག་ལ་གསང་གསུམ་འགྱུར་མེད་བརྟན་བཞུགས་འབུལ་བའི་སྐབས་སུ་གང་གི་ཐུགས་རྗེའི་འོད་ཀྱི་ཆ་ཙམ་ཕོག་པའི་སློབ་འབངས་སེ་ཁོ་བསྟན་འཛིན་ནོར་བུས་རྩེ་གཅིག་དད་པའི་སྒོ་ནས་ཕུལ་བའོ།།
ཁྲི་བསོད་བསྟན།
དགེ༵་ལེག༵ས་མཚན་བཟང་འོད་སྟོང་འཕྲོ་བའི་སྐུ༷།།
ལྷུ༵ན་གྲུ༵བ་ངག་སྙན་འདོད་ཡོན་འཇོ་མཛད་གསུ༷ང་།།
ཤེས་བྱ་རྒྱ༵་མཚོ༵་ཝ་ལེར་མཁྱེན་པའི་ཐུག༷ས།།
གཞུང་ཆེན་རྣམ་སྨིན་དངོས་གྲུབ་སྩོལ་ཅིག་ཨེ།།
ཞེས་གཡུང་དྲུང་བོན་གྱི་བསྟན་པའི་བདག་ཉིད་ཆེན་པོ་འཛམ་གླིང་མཁས་གྲུབ་ཀྱི་གཙུག་རྒྱན་དམ་པ་༧རྗེ་བོན་བརྒྱ་ཐམས་ཅད་མཁྱེན་པ་དགེ་ལེགས་ལྷུན་གྲུབ་རྒྱ་མཚོའི་སྐུ་མཆོག་གཟི་བྱིན་འབར་བའི་དཀྱིལ་འཁོར་མཁའ་མཉམ་གདུལ་བྱའི་སྤྱི་དཔལ་དུ་བཞད་ནས་རྟག་བརྟན་གཡུང་དྲུང་གི་ཁམས་སུ་ལྷམ་མེར་བཞུགས་པར། ཁོང་གི་བཀའ་དྲིན་རྗེས་དྲན་མཚོན་བྱེད་དང་སླད་མའི་ཆར་ཡང་ངེད་ཅག་གི་ལྷ་སྐལ་དུ་ཐོབ་པའི་སྐྱབས་མཆོག་ཡིད་བཞིན་ནོར་བུའི་སྐུ་ཚེ་ཞབས་པད་ཡུན་རིང་དུ་འཚོ་ཞིང་གཞེས་ཕྱིར། མདོ་སྨད་མཚོ་སྔོན་ཕྱོགས་ཀྱི་དགོན་སྡེ་ཁག་དང་བོན་འབངས་ཡོངས་ཀྱིས་རྟེན་འབྲེལ་ཕུན་སུམ་ཚོགས་པའི་མཐུན་སྦྱོར་དང་རྣམ་དཀར་བསོད་ནམས་ཀྱི་ཚོགས་བསགས་རླབས་ཆེན་བགྱིས་ཏེ། རེབ་གོང་གསེར་ལྗོངས་ཡུལ་གྱི་གཤེན་གྱི་འདུས་སྡེ་ཆེན་མོ་༧བོན་བརྒྱ་དགོན་སྨན་རི་བཤད་སྒྲུབ་སྨིན་གྲོལ་གླིང་དུ་བཀའ་དྲིན་རྗེས་དྲན་གྱི་མནྜལ་བརྟན་བཞུགས་བསྟར་འབུལ་གྱི་སྐལ་བཟང་གི་ཉིན་མོ་དང་བསྟུན། ཕྱོགས་སོ་སོར་བཞུགས་པའི་བསྟན་འཛིན་བླ་སྤྲུལ་དགེ་བཤེས་དང་དད་འབངས་བུ་སློབ་ཇི་སྙེད་ཀྱིས། དམ་པ་གང་གི་རླབས་ཆེ་བའི་མཛད་འཕྲིན་ལ་དད་པའི་སྣང་བ་རབ་ཏུ་རྒྱས་ཤིང༌། ཤིས་སྨོན་བསྔགས་བརྗོད་ཀྱི་མེ་ཏོག་གཏོར་བ་རྣམས་ཕྱོགས་གཅིག་ཏུ་བསྡུས་ཏེ་«དབྱངས་གསལ་མིང་གཞིར་ཚང་བའི་བྱ་དཀའི་ཤིས་སྨོན་ཆེད་བསྒྲིགས»ཞེས་པའི་ཤིས་རྩོམ་དྲ་ལམ་ནས་ཕྱོགས་གཅིག་ཏུ་བསྡུས་ཏེ་སྤེལ་བ་ཡིན། དུས་ཡུན་ཐུང་བའི་ནང་རྩོམ་ཡིག་བསྡུ་བ་དང་རྩོམ་སྒྲིག་བྱས་སྟབས་རྩོམ་པ་པོའི་མཚན་གྱི་གོ་རིམ་ལ་འཆོལ་ནོར་དང་མཐོ་དམན་ལ་དམིགས་བསལ་གྱིས་གོ་འཛོལ་རེ་བྱུང་ན་དགོངས་འཁྲོལ་ཞུ་རྒྱུ་དང་ཤིས་རྩོམ་སྐོར་ཞིག་ཚེག་བར་ངེས་གཏན་དང་རྗོད་བྱེད་ཚིག་ཙམ་གྱི་དོན་དུ་གཉེར་ན་བྱ་དཀའ་བའི་སྙན་ངག་ཏུ་མི་འགྲོ་བའང་རེ་གཉིས་ཡོད་པས་གསལ་འདེབས་ཞུ་རྒྱུ་དང་བཅས། དམ་པ་གང་གི་སློབ་བུའི་གྲལ་མཐར་གནས་པ་ཁྲི་བསོད་བསྟན་གྱིས་ཕྱི་ལོ2017ལོའི་ཟླ1ཚེས12ཉིན།