སྐྱབས་མགོན་ཟླ་བ་རྒྱལ་མཚན་གྱི་རྣམ་ཐར་དད་པས་དང་བའི་བདེ་འདྲེན་བཞུགས།།
རྒྱལ་དང་དེ་སྲས་འཕགས་མཆོག་ཐུགས་བརྩེ་ས། །མི་མཇེད་གདུལ་ཞིང་འདུལ་སླད་རབ་བསྔགས་པ། །ཉི་འོག་འདི་ན་འགྲན་བྲལ་ཟླ་བའི་མཚན། །སྙན་གྲགས་ས་གསུམ་འགེགས་དེ་རྒྱལ་གྱུར་ཅིག །དམ་པ་ཁྱེད་ཀྱི་རྣམ་དཀར་མཛད་སྤྱོད་གང་། །མཐོང་ཐོས་དྲན་པ་ཙམ་གྱིས་སྙིང་ནས་ཀྱང་། །གདུངས་ཤུགས་དྲག་པོས་འདུན་པ་བསྐུལ་བའི་མཐུས། །བློ་གྲོས་སྤོབས་པ་རྒྱས་པར་བྱིན་གྱིས་རློབས། །རྗེ་བཙུན་ཉིད་ཀྱི་རྣམ་ཐར་ཇི་སྙེད་རྣམས། །ཁོ་བོ་ལྟ་བུས་སྲིད་མཐའི་བར་དུ་ཡང་། །བརྗོད་པར་ནུས་མིན་མདོར་ཙམ་གྲོས་འདེབས་འདི། །རྗེས་འཇུག་དྭངས་པ་འདྲེན་ཕྱིར་མཐོང་ཐོས་འགོད། །
དེ་ཡང་ཡང་སྐྱབས་མགོན་ཟླ་བ་རྒྱལ་མཚན་རིན་པོ་ཆེ་དེ་ཉིད་འགྲོ་དོན་ལ་བྱོན་ཚུལ་ནི། འཛམ་གླིང་ཡུལ་ཆེན་བཅོ་བརྒྱད་དུ་གྲགས་པའི་ས་གནས་མདོ་ཁམས་སྒང་དྲུག་ཨ་མདོའི་བྱེ་བྲག་ཟིང་ཆུ་ཁྲི་སྐྱང་གི་ཞིང་དུ། དམུ་གཤེན་དྲན་པ་ནམ་མཁས་བྱིན་གྱིས་བརླབས་པའི་ རིགས་རུས་དོ་འཕགས་ཆེན་པོའི་གདུང་ལས་ཡབ་སྣང་ཞིག་ནོར་བུ་དང་། ཡུམ་ཁ་སླེབ་ཟ་སྐྱུ་རིག་གཉིས་ཀྱི་སྲས་སུ་མེ་ཕོ་འབྲུག་གི་ལོར་སྐུ་བལྟམས་པའི་དུས་དང་དེའི་སྔོན་ལ་དགེ་མཚན་རྟགས་སྣ་ཚོགས་ཤར་བ་སྟེ། ནམ་མཁའ་ལ་གཞའ་འོད་འཕྲོ་བ། མཛེས་པའི་མེ་ཏོག་སྐྱེས་པ། མེ་ཏོག་གི་ཆར་བ་འབེབས་པ་སོགས་ཡོན་ཏན་དུ་མ་དང་ལྡན་ནོ། །སྐུ་ཡི་གཅེན་གཅུང་བཞི་ཡོད་པ་ལས། གཅིག་ཆུང་དུས་ནས་བདེ་ལྡན་ཞིང་དུ་མངོན་པར་འགྲོ་དོན་དུ་ཕེབས། གཅིག་ནི་མཚོ་སྔོན་ཕྱོགས་སུ་སེམས་ཅན་འདྲེན་སྟོན་དུ་ཕེབས། གཅིག་ནི་འཚོ་མཛད་སྨན་བླ་གཉིས་པ་ལྟ་བུའི་འགྲོ་ཀུན་གསོ་བར་མཛད། གཅིག་ནི་ཕྱི་རབས་དོན་དུ་གདུང་རྒྱུད་སྤེལ་བའི་དོན་དུ་མཛད་པར་སྐྱོང་། གཅིག་ནི་སྐྱབས་རྫེ་དམ་པ་གང་ཉིད་ཡིན་ཞིང་སྐུ་གཞོན་དུས་ནས་ཉོན་མོངས་ཆུང་བ། གཞན་དག་ལས་ཀྱང་ཤེས་རྒྱ་ཆེ་བ། སྙིང་བོ་རྣམ་གསུམ་ཡང་མ་བསླབ་རང་བརྡོལ་དུ་མཁྱེན་ཅིང་། སྐུ་ཕྲེང་མང་བོ་རྣམས་ཀྱང་སལེ་གསལ་ཞིང་གཞན་དང་མི་འདྲ་བར་མཛད་འཕྲིན་གང་ལའང་ཁྱད་པར་དུ་འཕག་པའོ། །རྗེ་མཆོག་ཆུང་དུས་གཞན་གྱི་བྱིས་པ་དང་མི་བརྩེ་བར་གདུང་སྤེལ་ཞེས་བྱ་བའི་ལུང་བ་ཁྲ་ཆེན་ཕུག་ཏུ་རིག་འཛིན་སྟོང་རྒྱུང་མཐུ་ཆེན་དང་། བླ་ཆེན་ཡབ་སྲས་གསུམ་སོགས་ཁ་ཆེ་བལ་བོད་ཀྱི་ཆས་རིགས་ཕྱོགས་དེར་མི་སྲིད་པའི་ཕྲུ་གུ་མགོ་དར་དཀར་གྱིས་དཀྲིས་པ། ལུས་ལ་དར་དཀར་གྱོན་པ། ཁ་སྐད་མི་གཅིག་པ་དང་སྐབས་དེ་ན་བྲག་ཕུག་ཞིག་གི་ནང་དུ་རྩེད་མོར་ཕེབས་ཤིང་གསོལ་ཟས་ཤིང་ཏོག་སྣ་ཚོགས་འདྲེན་པ་བྱེད་དོ། །ལྷ་ཕྲུག་དེ་རྣམས་དགོང་མོར་འགོ་མཇུག་ཏུ་རས་དཀར་གྱི་ཐུམ་པའི་མི་ཡོད་པ་ལ་ཆུང་ལུང་བའི་ཉག་ལས་ཐོན་ནས་འགྲོའོ། །རྗེ་མཆོག་དགོང་མོ་ཡུལ་དུ་བྱོན་དུས་རུམ་ནས་ཨ་རུ་དང་བ་རུ་རློན་པ་ཕྱུང་སྟེ་ཡབ་ཡུམ་ལ་གནང་།
ཡང་ཉིན་གཅིག་རི་ཁར་འབྱོན་པའི་ཁྲ་ཆུང་ལུང་བའི་ཆུ་འགོ་རུ་བཞུགསཤིང། ཀླུ་བདུད་ནག་པོ་དམ་ལ་བཏགས་ཤིང་རྗེས་སུ་བསྟན་པ་བསྲུང་ཞིང་། ཡུལ་ཁམས་ཐམས་ཅད་བདེ་ཞིང་སྐྱིད་པར་སྟེར་བའི་ཁས་བླངས་དམ་བཅའ་ཕོག གནས་དེར་བྲག་རྐོས་བར་དོ་གསར་དུ་བཏོན་ཅིང་ཞབས་རྗེས་ཅིག་ཡོད་པ་དེང་གི་དུས་སུའང་མཐོང་ཐོས་སུ་གྱུར་ཡོད། གཞན་ཡང་མི་མ་ཡིན་ལྷ་སྲིན་སྡེ་བརྒྱད་ཐམས་ཅད་དབང་དུ་བསྡུ་བ་དང་། འགྲོ་དྲུག་སེམས་ཅན་ཐམས་ཅད་སྣང་བར་ཟིལ་གྱིས་གནོན་པ་དང་། ཡུལ་མི་ཐམས་ཅད་དག་སྣང་དད་མོས་གུས་པ་བསྐྱེད་པ་དང་། ཡིད་ཆེས་ཤིང་མཐོང་ཐོས་དག་ལས་གྲོལ་བ་དང་། མཚན་དང་དཔེ་བྱད་ལྡན་ཞིང་ཡུལ་མི་ཀུན་གྱིས་ལྷའི་སྲས་པོ་འདྲ་བ་བརྗོད་ཅིང་མངོན་པར་བསྟོད། དེ་བར་དགོང་ལམ་ཞིག་ལའང་མཆོད་རྟེན་ཞིག་རོ་ཆེན་པོ་ཞིག་ཉམས་གསོས་མཛད་པ་དང་སྐུ་དཀར་ཕུལ་བ་དང་། ཡང་རེ་འགག་ཉི་ཟླའི་སྟེང་དུ་སྐུ་ཉིད་བཞུགས་པ་དང་། མཐའ་བསྐོར་རྒྱ་ཆེན་པོ་ལྷག་མ་ཡོད་པ་དང་། ཡང་རེ་འགར་ཟླ་བ་རང་གི་རུམ་ལ་འཛུལ་བ་ལ་སོགས་སྙམ་པ་བྱུང་ངོ་། །དེ་ནི་དོན་མ་འོངས་པར་གདན་ས་ཆེན་པོ་ཞིག་གསར་བཞེངས་བྱེད་དགོས་པའི་བརྡ་རུ་བསྟན། དེ་ནས་དགུང་ལོ་དྲུག་བདུན་མཚམས་བཞེས་དུས་སློབ་དཔོན་རུས་ཀྱི་གཅེན་པོ་དབོན་པོ་རིན་ཆེན་བྱ་བའི་སྐུ་མདུན་ནས་འབྲི་ཀློག་འདོན་གསུམ་སྦྱོང་བའི་ཚུལ་མཛད་དེ་རང་གྲོལ་དུ་མཁྱེན། དེ་ནས་དགུང་ལོ་བཅུ་གསུམ་བཞེས་དུས་སྣང་ཞིག་ཨ་ཁུ་ཤེས་རབ་བློ་གྲོས་དང་མཇལ། དེའི་མདུན་ནས་སྔོན་འགྲོའི་ཁྲིད་སོགས་ཞུས། ཨ་ཁུ་ནས་ཁྱོད་རང་གྲྭ་ས་རུ་ཕེབས་ནས་སྨན་རིའི་མཁན་པོ་ལ་ཞུས་དགོས་པ་ཡིན། ད་ནི་ཚ་བོ་ཁྱེད་ལ་བསྟན་པའི་སྒྲོན་མེ་སྤར་བའི་ཁྱད་དུ་མདོ་དྲི་མེད་ལ་སོགས་བཀའ་མདོ་མང་བོའི་དབང་ལུང་དགོས་ཚད་འདྲ་ཡང་། ད་ནི་ཨ་ཁུ་ལོ་རྒན་སྟོབས་ཀྱིས་ཆེར་མི་ཐུབ་པས། དེ་རིང་རྟེན་འབྲེལ་གྱི་ཁྱད་དུ་དང་བོ་མ་ཆེན་ཁྱོད་ཀྱིས་ཇ་ཁྱེར་ཤོག་གསུངས་ནས་ཁུ་དབོན་གཉིས་ཀ་བཞུགས། མཆོད་ཞལ་གསོལ་ཇས་བཀངས་ཏེ། མཛད་བཅུའི་ལུང་གསུང་བར་སྐད་ཅིག་གཅིག་ལ་ས་འགུལ་ཞིག་བྱུང་བས་རྟེན་འབྲེལ་གྱི་དགེ་མཚན་བརྟས། ཨ་ཁུ་ནས་ད་ལན་ཁྱོད་གང་དང་ཡང་མི་འདྲ་བར་རྟེན་འབྲེལ་རྒྱ་ཆེན་པོ་གོང་འཕེལ་དུ་ཡོང་ངེས་རེད། ཁྱེད་ལ་བསྟན་པའི་འགྲོ་དོན་རྒྱ་ཆེན་པོ་འཕེལ་བས། ས་སྟེང་ཁྱབ་ཞིང་འཇིག་རྟེན་གྱི་ཁམས་གཡོ་བ་ཙམ་འབྱུང་འདུག་གསུངས། །
དེ་ནས་ད་འཕོ་བ་སྦྱངས་དགོས་གསུངས་ཏེ་དང་པོ་རང་རྒྱུད་གྲོལ་ནས་གཞན་རྒྱུད་སྤེལ་དགོས་པས་ཟླ་བ་ལྔ་ཙམ་ལ་འཕོ་བ་སྦྱོང་དུ་བཅུག དེ་ནས་སྤྱི་བོར་ཁྲག་དང་ཆུ་སེར་རྒྱུན་ཆད་མེད་པར་བྱུང་། ཨ་ཁུ་ནས་ད་འཕོ་བའི་སྦྱང་མཚམས་བཞག་གསུངས་ནས་ཚེ་སྒྲུབ་སོགས་ལ་བརྩོན་པར་གྱིས་གསུངས་ནས་དྲན་པ་ཚེ་སྒྲུབ་ཀྱི་དབང་ལུང་གནང་། ཞབས་འཁོར་བ་རྣམས་ཀྱང་ངག་ནས་ད་ལན་དབོན་པོ་ཁྱོད། ཨ་ཁུའི་དྲུང་དུ་བཞུགས་ལ། འཕོ་བ་དང་གཞན་ཡང་ཡོན་ཏན་གང་ཟབ་ལ་སྦྱངས་པ་གྱིས་ཤིག ཨ་ཁུ་འདི་ལྟ་བུ་བླ་མ་བཙལ་ཀྱང་རྙེད་དཀའ་ཞིང་ཟེར། ཨ་ཁུ་ལེགས་པའི་ཡོན་ཏན་ཕུན་སུམ་ཚོགས་པ་བརྗོད་ལས་འདས། དེ་ནས་སོ་ཐར་གྱི་སྡོམ་པ་བྱེ་བྲག བསྙེན་གནས། དགེ་བསྙེན། གཙང་གཙུག་ལ་སོགས་པ་ཞུས་ཏེ་མཚན་ལ་གཡུང་དྲུང་བསྟན་འཛིན་དུ་གསོལ་བའི་ཚུལ་དང་ཁྲིམས་མིག་འབྲས་བཞིན་དུ་བསྲུངས། རྒྱུ་འབྲས་བདེན་རྫུན་ལ་ཞིབ་ཏུ་བརྩི། དཀོན་མཆོག་སློབ་དཔོན་རྒྱལ་པོའི་ཐེབ་ལྟར་བཀུར། ཡབ་ཡུམ་ལ་བྱམས་པ། དགེ་བ་ལ་དད་པ། ཅི་བྱེད་བསྟན་དོན་ལ་ཕན་སེམས་རྒྱ་ཆེན་པོ་དགོངས་པ་འཛིན་པ། གང་དག་གཞན་ལ་ཕན་པ་དང་བརྩེ་བའི་སྙིང་རྗེ་དང་ལྡན་ཅིང་། མཚན་དང་དཔེ་བྱད་རྫོགས་པའི་རྒྱལ་བའི་རྣམ་སྤྲུལ་ཡིན་ཏེ། ཡང་རེ་ཞིག་བྲག་དཀར་བྱ་རྒོད་དུ་ཕེབས་ཚེ་སྐྱང་སྤྲུལ་ནམ་མཁའ་རྒྱལ་མཚན་དང་མཇལ། སྙན་རྒྱུད་བཀའ་རྒྱུད་སྐོར་བཞི། གཙོ་མཆོག་རྣམ་འཇོམས་བོན་སྐྱོང་གསེར་ཐིག་བཅས་ཀྱི་དབང་ལུངས་ཞུས། གཞན་ཡང་ཨ་ཁུ་ནས་སུ་གང་ལ་བྱིན་མ་མྱོང་བས། ད་ལན་དབོན་པོ་ཁྱོད་ལ་ཕུལ་དགོས་པ་ཡིན་གསུངས་ནས། དྲན་པ་ཚེ་སྒྲུབ་ཀྱི་དབང་དང་ཚེ་རྫས་སྒྲུབ་ཆུ་ལ་སོགས་གནང་བས། ང་ཡིས་ཚེ་རིང་བ་འདིས་བྱིན་རླབས་ཡིན་གསུངས་སོ། །དེ་ནས་དགུང་ལོ་བཅོ་ལྔའི་སྟེང་རྒྱ་ནག་གླང་ཆེན་འགྱིང་རིར་ཞབས་སྐོར་དུ་ཕེབས་པས། སྐུ་ལབཙོག་གྲིབ་ཀྱིས་ཚ་བའི་ནད་འཚེ་བས་སྐབས། བླ་མ་ཚེ་དབང་རིག་འཛིན་སྐུ་མདོག་དཀར་པོ་ཕྱག་ན་བདུད་རྩིའི་བུམ་པ་བསྣམས་པའི་ཞལ་ནས། བུ་ཁྱོད་ཉོན་མོངས་མ་སྐྱེད་རིག་པ་གཏོད། །ཞང་ཞུང་ཡུལ་ནས་ཁྱོད་ཀྱི་སྒྲིབ་སེལ་དོན། །བདུད་རྩི་སྨན་མཆོད་འདི་ཡིས་སྒྲིབ་དག་ནས། །བདེ་སྟོང་ཡེ་ཤེས་རིགས་པ་གསལ་བར་ཤོག །གསུངས་སོ། སྔར་གྱི་སྐྱེ་འཕྲེང་འདི་ཡི་གོང་རོལ་རྒྱ་ནག་གྲོང་ཁྱེར་༼འོད་མའི་ཤན༽དུ་སྦས་པའི་རྣལ་འབྱོར་མཚན་ཅན་ཀུའུ་རུ་ཙི་ཞེས་འབོད་པ་ཞིག་སྐྱེ་བ་བཞེས་པའི་དེ་ཡི་མཛད་འཕྲིན་ཡོན་ཏན་ཐམས་ཅད་སལ་ལེ་གསལ་བར་མཁྱེན། དེ་ནས་སྣང་ཞིག་ཚུལ་ཁྲིམས་དབང་མཆོག་གི་དྲུང་དུ་མ་རྒྱུད་སངས་རྒྱས་རྒྱུད་གསུམ་དབང་ལུང་། སྤྱི་སྤུངས་སྐོར་གྱི་དབང་ལུང་དང་ཀློང་རྒྱས་དབང་ལུང་བོན་སྐྱོང་སྔོན་འགྲོ་བཅས་དང་། ཚེ་དབང་སྒྲུབ་སྐོར་བཅས་ཀྱི་དབང་ལུང་ཐོབ། ཡང་སྣང་ཞིག་བསྟན་འཛིན་དབང་འདུས་མདུན་ནས་མུན་སེལ་དབང་ལུང་ཐོབ། སྣང་ཞིག་ནམ་མཁའ་དབང་ལྡན་དྲུང་ནས་རྒྱ་བོད་སྲས་གསུམ་དབང་ལུང་ཐོབ། སྤྱང་སྤྲུལ་ཤེས་རབ་ཕུན་ཚོགས་དྲུང་དུ་དྲན་པ་ཚེ་སྒྲུབ་སྐོར་དང་ཚེ་དབང་གཞུང་བཞིའི་དབང་ལུང་བཅས་ཐོབ། སྐྱང་ཚང་བསྟན་པ་དར་རྒྱས་དྲུང་ནས་གསང་དྲག་སྐོར། དབལ་གསས་ཁྱུང་ནག་སྐོར་གྱིདབང་ལུང་ཐོབ། དེ་ནས་དགུང་ལོ་བཅུ་བདུན་བར་སྐབས་་སུ་གཙང་ཕྱོགས་སུ་བྲོས་ཐབས་ལན་གཉིས་ཙམ་དུ་ཕྱིན་ཀྱང་ནང་མིས་ཕྱིར་གདན་འདྲེན་ཞུས། དགུང་ལོ་བཅོ་བརྒྱད་དེར། དབུས་གཙང་དུ་ཕེབས་ཆིབས་དྲེའུ་ཞབས་འཁོར་མགྲོན་མང་བོ་དང་། ཕྱག་རྫས་ལའང་གསེར་དངུལ་གོས་ཆེན་རྡོག་སྒྲིག་ཉེར་གཉིས་༼ཁྲི་འདུ་ཧྲུབ་༽ཀྱི་བཀའ་ཤོག་ལམ་ཡིག་སོགས་བསྣམས་ནས་ཕེབས་ཏེ་ཟླ་དགུའི་ནང་ཀོང་བོ་བོན་རི་ལ་འབྱོར་ནས་དེ་ཕྱོགས་ཀྱི་རི་ཁྲོད་བླ་མ་རྟེན་གསུམ་དང་དགུ་གཏོར་ལ་སོགས་མཇལ།
དེ་ནས་དབུས་གཙང་གནས་སུ་ཡར་ཕེབས་པ་ཐོག་མར་བདེ་ཆེན་དབུས་ཀྱི་ལྷའི་གདན་ས་ཆེན་པོ་རུ་ཕེབས། དེ་ནས་འཛམ་གླིང་ཞིང་འདིར་མངོན་པར་འཕགས་པ་བསྟན་པའི་ཞིང་ཁམས་མཆོག་ཏུ་གྱུར་པ་དཔལ་ལྡན་བཀྲ་ཤིས་སྨན་རིར་ཕེབས། སྟོང་རྒྱུང་མངོན་བྱོན་མཁན་ཆེན་ཤེས་རབ་དགོངས་རྒྱལ་མཇལ་ནས་རབ་བྱུང་གི་སྡོམ་པ་ཞུས། མཚན་བསོད་ནམས་རྒྱལ་མཚན་དུ་གསོལ། དེ་ནས་མགྲོན་གྲོགས་དང་བཅས་གནས་བསྐོར་ཐོ་ལམ་པ་ཙམ་བྱས། མགྲོན་གྲོགས་རྣམས་ཕ་ཡུལ་དུ་ཕེབས་དགོས་ཀྱིས་ནན་ཏན་ཞུས་ཀྱང་མ་གསན་ཏེ། དེའི་ནང་བླ་མ་དང་གྲྭ་རེ་འགའ་ལ་ཕར་གསུངས་ཏེ། ཕ་ཡུལ་མཐའ་འཁོབ་དེར་སོང་བ་ཅི་བྱེད་དོན་མེད་དོ། འདི་ཁར་རང་རེ་ཀུན་ལྷན་དུ་བཞུགས་ལ་བསྟན་པ་ལ་ཕན་ཐོག་རེ་ཡོང་གསུངས་ཀྱང་མགྲོན་གྲོགས་རྣམས་ཀྱིས་མ་གསན་པ་ཕྱིར་ལོག སྐྱབས་རྗེས་གྲོགས་རྣམས་ཀྱི་བསླུ་ཚིག་ལ་མ་གསན་ནས་སྨན་རིའི་ཟུར་བོ་ཁང་དུ་བཞུགས་ནས། དགོན་པའི་ཕྱི་ནང་བར་གསུམ་གྱི་སྒྲིགས་ཁྲིམ་སོགས་ཚུལ་བཞིན་དུ་བསྲུངས་ཏེ། དཀྱིལ་འཁོར་ཕྱི་ནང་གསང་གསུམ་གྱི་ཐིག་ཚོན་དང་གྱེར་དབྱངས་འཕྲིན་ལས་བརྡུང་འབུད་གཏོར་བཟོ་འཆམ་ལ་སོགས་སྦྱངས་ཏེ་ཐུགས་སུ་ཆུད་པར་མཛད། དེ་ནས་གངས་རིན་པོ་ཆེའི་ཞབས་བསྐོར་དུ་ཕེབས། ཕྱིར་སྨན་རིར་ཕེབས་པ་དང་སྐྱབས་རྗེ་མཁན་རིན་པོ་ཆེ་ནས་ཁྱོད་སྐྱིད་མཚལ་དུ་མཚན་ཉིད་སྦྱོང་ལ་སོང་ཞིག་ཞེས་བཀའ་སྤྱི་བོར་བབས་ནས། ཨ་མདོ་ཁང་ཚན་ཅི་བྱེད་བཀའ་འདྲི་ཞུས་པར། དགེ་རྒན་འགའ་རེ་ནས་ཁྱོད་མཚན་ཉིད་སྦྱང་ན་མི་ཤེས། ཁྱོད་རང་ད་དུང་འཕྲིན་ལས་ཅུང་ཞིག་སྦྱོང་ལ་ཕ་ཡུལ་དུ་སོང་ཞིག ཨ་མདོ་བྱ་བ་འདི་དེ་སྔ་སྨན་རིའི་མཁན་པོར་འཁོར་བ་ཡེ་མ་གོ། ཁྱོད་རང་དོན་ཅིག་རྙེད་པ་ཨེ་ཡོང་གསུངས་པས། ཡང་དགེ་རྒན་ལྡོང་ཕྲུག་ནས་ཨ་ཁྱོད་སྣང་ཞིག་དབོན་པོ་ནས་མཚན་ཉིད་མི་ཤེས་པ་དང་། སྨན་རིའི་མཁན་པོར་མི་ཡོང་བ་ཁྱོད་ཅི་ཤེས། ཁྱོད་དང་ང་གཉིས་གང་ཡང་མི་ཤེས་པས་ཁ་རོག་སྡོད་ཅིག དབོན་པོ་ཁྱོད་རང་ཡང་ཕ་ཡུལ་མཐའ་འཁོབ་དེར་སོང་ནས་ཅི་བྱེད་འགྲོ་མི་དགོས། ཁྱོད་རང་མཁན་རིན་པོ་ཆེའི་བཀའ་ཉོན་ལ་མཚན་ཉིད་ཕུལ་དུ་ཕྱིན་པ་གྱིས་ཤིག ཟས་གོས་མེད་ཀྱང་ཐབས་ཀྱིས་འགྲིགས་ཡོང་གསུངས་པ་ལ་ཉན་ཏེ། ཆོས་སྡེ་ཆེན་པོ་འབྲས་ཡུལ་སྐྱིད་མཚལ་དུ་ཕེབས་ནས་མཁན་པོ་སྐལ་བཟང་ཆོས་འཕེལ་དང་དཔོན་སློབ་མཇལ་སྣང་ལྷ་དར་དྲི་མེད་དྲངས་ཏེ་མདུན་སར་བཞུགས་པར་མཛད། མཚན་ཉིད་དགེ་རྒན་དུ་བསྟེན། དེ་སྐབས་ཀྱང་སྐྱིད་མཚལ་དུ་བཞུགས་ཏེ་ཟས་གོས་ངན་ངན་ཙམ་གྱི་སྒོ་ནས་སློབ་གཉེར་བརྩོན། སྐབས་ཤིག་མཆེད་གྲོགས་ཚུལ་ཁྲིམས་འོད་ཟེར་དང་མཉམ་དུ་སྨན་རིའི་སྐྱིད་མཚལ་བར་དུ་ཡར་འགྲོ་མར་འགྲོ་བྱེད་སྐབས་ཚུལ་ཁྲིམས་འོད་ཟེར་ལགས་ཕར་ཁ་འདི་ན་མི་རྣམས་ཀྱིས་དགོན་པ་ཞིག་ཆགས་ཟེར་སྲོལ་སྣང་བས། ས་ཡང་སྐྱིད་འདུག་ངེད་གཉིས་ཕ་ཁ་རུ་ལྟད་མོ་བལྟ་ལ་ཨེ་འགྲོ་གསུངས་པས་ལན་ལ། ཁ་རོག་སྡོད་ཅིག་ངེད་གཉིས་ལ་རྩམ་པ་ཟ་རྒྱུ་དང་ལུས་ལ་གྱོན་རྒྱུ་མེད་པས། དགོན་པ་ཅི་འདྲ་ཞིག་གིས་རྒྱག ཕར་ཁར་མི་འགྲོ་སྨན་རིར་འགྲོ་ཟེར། ཡང་ཁྱོད་དགོན་པ་རྒྱབ་ན་ང་ཡང་དགོན་པ་ཅིག་རྒྱག་ཟེར་ཞིང་ང་རྒྱལ་གྱིས་སྨྲས། དེའི་བར་སྨན་རིའི་དགེ་རྒན་རེ་འགའ་ལ་སྤག་སྐམ་དང་གསོལ་ཞག་རྣམས་སློང་ནས། སྐྱིད་མཚལ་དུ་མང་ཇ་སྐབས་སུ་སྤག་སྐམ་བཞེས་ཚ་བྱས། ཤིང་སེ་བ་དང་ཁམ་ཤིང་ཤུན་པ་བཅས་བཤུག་ནས་གསོལ་ཇ་བྱས། སྐབས་རེ་མཚན་ཉིད་དགེ་རྒན་ནས་མང་ཇ་ཙམ་ རེ་ཡོད་དུས་རྩམ་པ་ཕྲན་བུ་རེ་འདུག འཇམ་དབྱངས་དང་དབྱངས་ཅན་སྒྲ་དབྱངས་རྒྱལ་མོ་བསྒྲུབས་པའི་རྟགས་ལ་ཞལ་ནས་མེ་དཔུང་འབར་བ། ལག་ན་རལ་གྲི་རྣོན་པོ་བཟུང་བ་དང་། ལུས་ལ་ཉི་ཟླ་འཐིམ་པ་སོགས་རྨིས། ཙན་དན་གྱི་སྒྲ་དབྱངས་རྒྱལ་མོ་སྐུ་དཔེ་དེ་དུས་གསུངས་བྱོན་པའོ། །
རྒྱལ་ཆེན་ཤེལ་ཁྲབ་ལ་སོགས་ལུས་དང་གྲིབ་མ་བཞིན་དུ་འཁོར། སྨན་རིའི་མཁན་ཆེན་བསོད་ནམས་བློ་གྲོས་མདུན་ནས་གསང་སེམས་ཁྲིད་ཀྱི་སྔོན་འགྲོ་དངོས་གཞི་ཨ་ཁྲིད་དབང་ལུང་རྫོགས་པར་གསན་བསམ་མཛད། སྐྱིད་མཚལ་དུ་མཚན་ཉིད་སྡུད་གྲྭ་ཚན་པ་ལེའུ་བཅོ་བརྒྱད་དང་རྩ་གཞུང་འདུལ་བ། མངོན་པ་མཛོད། ཚད་མ། ཤེར་ཕྱིན། དབུ་མ་སོགས་རྒྱུག་འབུལ་མཐར་ཕྱིན་པ་མཛད་པས་སྙན་གྲགས་ཀྱི་བ་དན་དགུང་ལ་རེགས་པར་གྱུར། མཚན་ཉིད་ཚང་མ་ལ་སོགས་ལུང་ཡང་ཐོབ། གཞུག་ལ་བོད་དང་བོད་ཆེན་སྟོད་སྨད་བར་གསུམ་ནས་འབུལ་སྦྱོར་རིམ་པ་ཇེ་དྲག་ཏུ་སོང་། རང་ལོ་ཉེར་ལྔ་ལྕགས་འབྲུག་ལོ་ས་སྐྱའི་གཙུག་ལག་ཁང་དུ་རབ་འབྱམས་མཚན་བཏགས་བཞེངས་པའི་ཉིན་ལྔ་ལ་རྩོད་སྒྲ་བྱས་པས་མཁས་མང་གིས་སྤྱི་བོ་བླ་རུ་བཀུར་བའོ། །དེ་ནས་སྨན་རིའི་མཁན་རིན་པོ་ཆེའི་མདུན་ནས་དག་པ་དྲང་སྲོང་གི་ཁྲིམས་ཉིས་བརྒྱ་ལྔ་བཅུ་ཞུས་ནས་ལོ་དགུའི་བར་དུ་ཉིན་རེ་གུང་ཚིགས་ཙམ་མ་གཏོགས། དེ་མིན་ཤ་དང་ཆང་དུས་མིན་ཁ་ཟས་ལྤགས་ཤུན་གོས་ལ་སོགས་སྤངས་པར་མཛད། སྔ་ཕྱི་ཐམས་ཅད་དབང་ལུང་ཐོབ་གྲངས་གཞན་རྣམ་ཐར་རྒྱས་པར་གསལ། དེ་ནས་སྐྱིད་གྲོང་དང་བལ་ཡུལ་ཕེབས་སྐབས་ཆུང་དུས་རང་ཡུལ་གདུང་སྤེལ་ཁྲ་ཆེན་བྲག་ཕུག་ཏུ་ལྷ་ཕྲུག་དེ་རྣམས་ཇི་བཞིན་ལྟ་བ་མངོན་སུམ་དུ་བལ་མི་རྣམས་དང་ཨ་སུ་རའི་བྲག་ཕུག་དང་་དངོས་སུ་མཉམ་པ་གསུངས། ཨ་སུ་རའི་བྲག་ཕུག་ལ་ཞག་རེ་འགའ་བཞུགས། གནས་འཕགས་པ་ཤིང་ཀུན་སོགས་ལ་གནས་མཇལ་བྱས། དེ་ནས་ཕྱིར་འཁོར་ཏེ། མང་མཁར་ལྕགས་འཕྲང་། གྲུབ་ཐོབ་ཐང་རྟོགས་རྒྱལ་པོའི་གདན་ས་རི་བོ་ཆེ། ཤེལ་དཀར་དགོན། ས་སྐྱ་སོགས་ལ་ཕེབས་ནས་བཞུགས། ཤེལ་དཀར་དགོན་དུ་མ་ཕེབས་གོང་དུ་ཞབས་ཞུ་ལ་གསུངས་ཏེ། ངའི་སྐྱེ་བ་སྔོན་མ་ཅིག་ལ་ཤེལ་དཀར་དགོན་པའི་དགེ་སློང་ཅིག་གི་སྐྱེ་བ་བཞེས་པས། དགོན་པ་ཆགས་ལུགས་དང་། བཞུགས་ས་གྲྭ་ཤག་ཆེ་ཆུང་སྒོ་ཕྱོགས་གཏད་ལ་སོགས་ཞིབ་གསུངས་ནས། ཕྱི་ཉིན་དེ་རུ་འབྱོར་སྐབས་གོང་གསུངས་ཇི་ལྟ་བར་བཞིན་དགོན་པར་མཇལ་དུས་ཡོད། དགེ་སློང་མཁས་གྲུབ་སྨྲ་བའི་དབང་བོ་དཔལ་ལྡན་སེང་གེ་དེ་ཉིད་ཀྱི་ལེགས་པའི་ཡོན་ཏན་དང་། འཕྲིན་ལས་ཐམས་ཅད་སལ་ལེ་གསལ་བར་ཤར། དེ་ནས་འབྲིག་མཚམས་མཐའ་དཀར་དང་། མཚོ་རྔ་བྲག་དཀར། གདོང་ནག་གི་གནས་ལ་སོགས་ལ་བཞུགས། ཆུང་དུས་རང་ཡུལ་དུ་ལྷ་ཕྲུག་དང་རྩེད་ཞིང་མཐར་ལྷ་ཕྲུག་རྣམས་ཕྱིར་འགྲོ་བའི་ལ་ཉག་སྟེ་འབྲིག་མཚམས་ལ་ཉག་སྟེ་མངོན་སུམ་སྣང་གསུངས། སྐུ་འཕྲེང་གཅིག་རྣལ་འབྱོར་བྱ་བཏང་བློ་གྲོས་བྱ་བ་གཅིག་གི་སྐྱེ་བ་བཞེས་པས། དེའི་མཛད་སྤྱོད་དང་སའི་གནས་ལུགས་ཡུལ་མི་གྲོང་སྡེ་རྣམས་ཞིབ་པར་གསུངས། དགོངས་པའི་ཉམས་ལེན་སྒོམ་སྒྲུབ་བྱས་པའི་སྐབས་མགུར་སོགས་གསུངས་ཡོད། གནས་རི་གང་བཟང་ཕྲ་རགས་ཐམས་ཅད་ལ་ཟླ་ཞག་མང་པོ་བཞུགས་ནས་ཚོགས་འཁོར་དང་ཡི་དམ་གྱི་བསྒྲུབ་པ། ཐེག་ཆེན་ཉམས་ལེན་གྱི་བཅད་རྒྱ་ཟབ་མོ་ལ་སོགས་གྲངས་མང་བསམ་ལས་འདས་པ་གྲུབ།
ཡང་རེ་ཞིག་སྟོད་དང་རར་འགྲོ་དོན་དུ་ཕེབས་པས་འབྲོག་པ་ཞིག་དང་འཕྲད། འབྲོག་པས་འདི་སྐད་ཞུས་ཏེ། ཁྱེད་རྣམས་ཡུལ་གང་ནས་ཡིན་ད་གང་དུ་འགྲོ། ཆོས་ལུགས་གང་སྤྱོད་སྐུ་དོན་ཅི་ལགས། ཚོང་གང་ཡོད། ཅེས་ཞུས་པས། ལན་དུ་ངེད་རྣམས་འདིར་འགྲོ་བར། དོན་གནས་བསྐོར་དང་གདུལ་བྱ་ལ། ཆོས་ལུགས་གཡུང་དྲུང་བོན་གྱི་ལུགས། ཡུལ་ནི་ཐག་རིང་ཨ་མདོ་ན། ཨ་ཀྱོ་ཚོང་ལ་འཚོགས་པ་མེད། གསུངས་པའི་ལན་ལ་དེ་སྐད་གསུངས། ཁྱོད་རྣམས་བླ་མ་གང་། གདུང་རུས་ལ་སོགས་གང་ཡིན་ཞུས། བསོད་ནམས་ཡེ་ཤེས་ཀྱིས་ལན་གསུངས་ཏེ། ཕ་ཡུལ་བླ་མ་ཆེ་ཁག་ཡིན། གདུང་རུས་སྣང་ཞིག་བྱ་བ་ཡིན། གསུངས་པས་ལན་ལ་འདི་ཞུས་ཏེ། བླ་མ་ཁྱེད་སྐུ་གཟུགས་མདོག་ངན་པ། ཞལ་ལ་མདངས་མེད་པ། ཕྱག་དཔུང་པད་གས་པ། ཞབས་དང་སེན་པོ་རྣམས་འཕྲུག་སོའི་ཁ་ལྟ་བུ། བྱ་རྐང་ལྟར་ཕྲ་བ། དབང་བོའི་བུ་ག་རྣམས་གཏིང་དུ་ཟབ་རིང་བ། དགུན་ངོ་ལ་ལྤགས་ཤུན་གོས་མེད་པ། བཟའ་གྱོན་མི་བྲ་བས། ཅི་རེད་ཞུས། ལན་ལ། མཁན་ཆེན་བསོད་ནམས་བློ་གྲོས་མདུན་དྲང་སྲོང་ཁྲིམས་ཆེན་སྡོམ་པ་ཞུས། ལོ་དགུ་བར་དུ་ཁས་ཆེན་ལ། ཉིན་རེ་གུང་ཚིགས་ཙམ་མ་གཏོགས་གཞན་ཡང་ཤ་ཆང་ལྤགས་རིགས་དང་། དུས་མིན་ཁ་ཟས་དྲག་པོ་དང་། ལྤགས་རིགས་གོས་དང་ཕུ་དུང་གྱོན། མ་ལུས་སྤངས་པས་དཀའ་ཐུབ་ཡིན། ཁས་བླངས་ཚིག་སྐྱོན་ཕྲ་མོ་ཙམ། མ་འདའ་བསྒྲུབས་པ་འདི་ཡིན་ནོ། །གསུངས་པས་སྦྱིན་བདག་དེས་མོས་པའི་དད་པ་དྲག་པོའི་སྒོ་ནས་ཕྱག་བཙལ་ཏེ་འདི་སྐད་ཞུས། སྐྱབས་སུ་མཆིའོ། །ཕྱག་ཡང་བཙལ་ལོ། །ཐུགས་རྗེས་བཟུང་ངོ། །འགྲོ་བ་དྲང་སྲོང་ཁྱེད་རྣམས་སང་ཉིན་བདག་ལ་རིམ་གྲོ་ཞིག་དགོས་པ་དེར་ཕེབས་འཚལ། སྦྱིན་བདག་ཕོ་མོ་རྣམས་དད་གུས་ཆེན་པོའི་ཡོད་པ་ཚོགས་ལ་བོན་སྦྱིན་རྒྱ་ཆེན་པོར་གནང་། དེ་ནས་མར་སྨན་རི་ལ་ཕེབས། ཟླ་བ་རྒྱལ་མཚན་བྱ་བ་གྲགས་པ་ནི་རིག་འཛིན་མཁའ་འགྲོ་དང་ཤེས་རབ་བློ་འཕེལ་གྱིས་གསང་མཚན་ཕུལ་བ་ཡིན་ནོ། །
དེ་ནས་རུ་ལག་སྟེང་དུ་ས་སྐོར་ལ་འགྲོ་བའི་གྲབས་བྱེད་ཅིག དུས་རྒྱུན་ཁྱོད་ལ་རྫུ་འཕྲུལ་གྲུབ་རྟགས་ཞབས་རྗེས་སོགས་ཡོང་བ་འདུག་ཀྱང་སྐུ་ཚེ་ལ་གནོད་པ་མ་བྱེད་ཅིག ཅེས་བཀའ་ཕེབས་པ་ལ་བརྟེན། ཨ་མདོ་ཁང་གི་དགེ་རྒན་བསོད་ནམས་ཚུལ་ཁྲིམས་རྟ་ར་རིན་ཆེན་བཅས་ས་སྐོར་ལ་འགྲོ་བའི་གྲབས་བྱས་སོ། །དེ་ནས་གཙང་བོད་ཀྱི་གཡས་རུ་འོ་ཡུག་ས་མདོར། རུ་ལག་སྟེང་དུ་ས་རྟགས་བཞག་ས་ལ་ཕེབས་པས། ས་ཡི་སྟེང་གསོལ་ཇ་གང་བོ་ཅིག་བསྐོར་ནས་མཆོད་སྐབས། བོད་པ་ཅིག་བྱུང་བས་སྐྱབས་རྗེ་ནས་མི་དེར་གསུངས་པ། ཇོ་ཇོ་ཕྱག་ཕེབས། ཇོ་ཇོ་ཁྱེད་ཀྱི་གྲོང་མིང་ལ་ཅི་ཟེར། ཁྱེད་རང་མིང་ལ་ཅི་ཟེར། ཁྱོད་འདི་རུ་ཡོང་ཆེད་ཅི་ཡོད་ཅེས་དྲིས་པས། མི་དེས་ཞུ་བ་བདག་གི་གྲོང་མིང་ནི་གནས་གསར་ཟེར་གིན་ཡོད། བདག་རང་མིང་ནི་སྐལ་བཟང་བསམ་འགྲུབ་ཟེར་གིན་ཡོད། འདི་རུ་ཡོང་བའི་དོན་ནི་ཁང་བའི་རྒྱུ་ཆ་དབྱུག་པ་ཚོང་རྒྱུ་ཡོད་ལགས། ཁྱོད་རྣམས་འདི་རུ་ཕེབས་པ་སྐུ་དོན་ཅི། ཁྱོད་རྣམས་ཚོང་ཟོག་ཨེ་ཡོད། ཚོང་གི་རིན་ལ་དབྱུག་པ་ཨེ་ལེན། ཅེས་ཞུས་པས། དེ་ནི་ཤིན་ཏུ་རྟེན་འབྲེལ་རང་ཤུགས་ཀྱིས་འགྲིགས་བྱུང་བའི་ཤིན་ཏུ་བཟང་བོ་ལེགས་པའི་ཡོན་ཏན་ནི་སྐལ་བར་སྒྲིབ་ཏུ་མེད་པ་ཤར་ཏེ། དང་པོ་དེ་གནས་གསར་དང་། གཉིས་པ་མི་མིང་སྐལ་བཟང་བསམ་འགྲུབ། གསུམ་པ་ཚོང་ལ་དབྱུག་པ་ཨེ་ཉོ་ཟེར་བ་འདི་བཟང་སྟེ། སྐལ་བཟང་བསམ་འགྲུབ་མགྲོན་དུ་བོས། ཟས་ཀྱིས་ཚིམ་པར་བྱས་ནས་དཀར་མངར་ཤིང་ཏོག་མང་པོ་སྦྱིན། བྷན་དྷའི་འཕྲེང་བ་གཡུ་བྱུས་བརྒྱན་པ་དངུལ་ཊམ་སྲང་བཅོ་བརྒྱད་རིན་སྤྲད་དེ་ཤིང་ཆ་དབྱུག་པ་ཉོས། ཕྱོགས་བཞི་མཚམས་བརྒྱད་དུ་ཐོ་བཙུགས་བཀྲ་ཤིས་དགེ་ལེགས་ཡོན་ཏན་ཕུན་སུམ་ཚོགས་པའི་སྨོན་ལམ་རྒྱ་ཆེན་པོ་བཏབ་ཅིང་ཞག་ཅིག་བཞུགས་པར། དེར་མཚུངས་གཞན་གྱིས་ཁ་སྨྲར་བཟང་བོ་བཏགས་ཏེ། ལ་ལས་འགྲོ་བ་འདྲེན་པའི་བླ་མ་མི་འདྲ་བ་ཞིག་ཕེབས་འདུག་གོ་ཟེར། ལ་ལས་ནད་ལས་སྐྱོབས་པའི་སྨན་པ་ཅིག་རྡོ་སྨན་བསྒྲུབ་པ་ལ་ཕེབས་འདུག་གོ་ཟེར། ལ་ལས་དགོས་འདོད་མ་ལུས་ཡོད་པའི་ཚོང་དཔོན་ཅིག་ཕེབས་འདུག་གོ་ཟེར། ལ་ལས་ཡོན་ཏན་ཕུན་སུམ་ཚོགས་པ་མཚན་ཉིད་བཀའ་རབ་འབྱམས་པ་དགེ་བའི་བཤེས་གཉེན་ཆེན་པོ་གཅིག་གཞན་དག་ལ་དགག་སྒྲུབ་རྩོད་པ་འགྲན་པ་ལ་ཕེབས་འདུག་གོ་ཟེར་ཞིང་། མིང་ཅི་རིགས་སྣ་ཚོགས་བཏག་ཅིང་རྟེན་འབྲེལ་རྒྱ་ཆེན་པོ་བྱུང་བས། སྔ་དྲོ་སྐལ་བཟང་བསམ་འགྲུབ་ཀྱིས་དབྱུག་པ་ཅིག་ཁུར་བྱུང་བས་དེར་ས་མིག་དུར་ཁྲོད་དུ་སྦས། དབྱུག་བདག་གིས་དགའ་མགུལ་ཚིམས་པའི་ངང་ནས་སྨོན་ལམ་བཟང་པོ་ཡང་བྱེད་སོང་ངོ་། །དེ་དུས་བླ་མ་རིག་འཛིན་མཁའ་འགྲོ་བོན་སྐྱོང་ཐམས་ཅད་ཀྱི་ཞལ་གཟིགས་ཤིང་དུས་གཅིག་ལ་སྙན་རྒྱུད་ལུང་བསྟན་འདི་ལྟར། ཨང་ཀི་གནམ་དང་ལྡན་བའི་བསམ། །ཡེ་ཉིད་ཉིད་ཀྱི་ཁྱོད་ལ་བསྟོད། །བ་བཀྲལ་བབ་མོ་འདི་ལུགས་ལ། །རེ་བ་གོ་ཅིག་ཨེ་ནམ་གནམ། །ལ་ལ་ཡ་བའི་ལྟ་བ་ལ། །མ་མ་ཁྲོལ་གྱི་དགོངས་པ་ཡིན། །ལྷག་ལྷག་འབར་བའི་བསྟན་པ་འདི། །དར་དར་ཡིན་པས་དུས་ལ་བབས། །རྒྱས་རྒྱས་ཡིན་པས་ཐུགས་ལ་བརྩོན། །ཤར་ཤར་ཡིན་པས་སྟོད་སྨད་ནས། །འཆར་ལོ་ཡིན་པས་ཏ་ར་འཛོམས། །སྒྲ་ཡི་རྒྱལ་བོ་ཀུ་ར་འཇོམས། །མཆོག་གསུམ་མཁའ་འགྲོའི་གསུངས་ལུང་བཞིན། །དད་ལྡན་ཁྱོད་ཀྱི་སེམས་ལ་ཞོག །ཞེས་གསུངས་སོ། །ཞག་གཉིས་བཞུགས་ནས་སྨན་རིར་ཕེབས། དེ་ནས་སྟོད་དང་རར་འགྲོ་དོན་ལ་ཕེབས་ནས་ལྷ་སྲིན་སྡེ་བརྒྱད་ཐམས་ཅད་བཀའ་འོག་བཙུད་ནས་བོན་ལ་ཉོན་ཅིང་དམ་བཅའ་མཛད། ཞལ་བྱང་ལས། སྣང་བ་དབང་དུ་འདུས་པ་ཡིན། སྣང་ཞིག་ཐོག་མེད་བྱ་བ་འབྱུང་། ཞེས་ལུང་གིས་གྲུབ་སྟེ་གསང་མཚན་གཅིག་ལ་སྣང་ཞིག་ཐོག་མེད་དུ་གྲགས་སོ། དེ་ནས་རྒྱལ་བ་སྨན་རི་མཁས་ཆེན་ཤེས་རབ་དགོངས་རྒྱལ་ནས་འདི་ལོ་ཟླ་བ་དགུ་པ་ལས་མི་འགྱང་བར། གདན་ས་ཆེན་པོ་གསར་བསྐྲུན་བྱེད་འགོ་དུས་ལ་བབ་པ་ཡིན་པས་མྱུར་དུ་ཕེབས་དགོས་ཀྱིས་བཀའ་བབས། དེ་ནས་མར་དགོན་གསར་འདེབས་གནས་ལ་ཕེབས་ནས་ཡུལ་སས་ལུང་བསྟན་ཏེ་བླ་བྲང་རྒྱབ་པའི་ས་མིག་དང་གཞན་ལྷ་ཁང་སོ་སོར་བཞེངས་སའི་གནས་རྣམས་ལུང་བསྟན། ཀུན་འདུས་ལུང་བསྟན་ཆེན་མོ་ལས། ཚད་མེད་ཐུགས་རྗེས་སྤྲུལ་བ་ལས། །བླ་མ་ཟླ་བའི་མཚན་ཅན་འབྱུང་། །བཀའ་རྟགས་དཔའ་བོ་ཡིག་འབྲུ་དང་། །བཀྲ་ཤིས་རྫས་བརྒྱད་ཚངས་པའོ། །གདུལ་བྱ་བསྟན་པ་གཙང་དུ་དར། །ཞེས་དང་། སྲིད་པའི་ལུང་བསྟན་ལས། སྣང་བ་དབང་དུ་བསྡུས་པ་ཡིས། །སྣང་ཞིག་ཐོག་མེད་བྱ་བ་འབྱུང་། །ཁྲི་ཕྲག་གཅིག་གི་ལྷ་སྡེ་ཆགས། །དེ་དུས་བདུལ་བའི་བསྟན་པ་དར། །ཞེས་དང་། དྲན་པའི་ཞལ་བྱང་ཟང་གཏེར་ཆེན་པོ་ལས། བོད་དབུས་འོ་ཡུག་ས་མདའ་རུ། བོན་གྱི་འདུ་གནས་ཆེན་པོ་ཆགས། སྣང་བ་དབང་དུ་བསྡུས་པ་ཡི། སྣང་ཞིག་ཐོག་མེད་བྱ་བ་འབྱུང་། ཁྲི་ཕྲག་གྲངས་བའི་ལྷ་སྡེ་ཆགས། མདོ་སྡེ་རྣམས་ཀྱི་བསྟན་པར་དར། །ཞེས་དང་། བཀའ་ཐང་ཤེལ་བྲག་ལས། ཤང་དང་འོ་ཡུལ་ལུང་པ་མདའ་མཚམས་སུ། །འཕགས་པའི་བོན་བསྟན་ཆགས་པའི་དར་ཞིང་རྒྱས། །ཆོས་བསྟན་མང་འཁྲུག་ཁྱེད་པའི་དེ་དུས་དར། །ཞེས་གསུངས་སོ། །ཞེས་ཕྱི་རབས་བོན་གྱི་གཙུག་རྒྱན་གདན་ས་དགོན་སྡེ་ཆེན་པོ་དཔལ་ལྡན་རྣམ་རྒྱལ་ཀུན་གྲགས་གླིང་དགོན་གསར་བསྐྲུན་ཆོག་པའི་གླིང་དཀར་རྫོང་ནས་བཀའ་ཤོག་ཕྱག་ཐམ་སྦྲེལ་མ་ཐོབ།
དེ་ནས་དགོན་འདི་ལ་འཆད་རྩོད་རྩོམ་གསུམ་དང་སྒོམ་སྒྲུབ་ཉམས་ལེན་སོགས་གྲྭ་མང་ཀུན་ལ་མཛད་པ་སྐྱོངས་ཞིང་བཞུགས། རེ་ཞིག་གདན་སར་མཁན་རིན་པོ་ཆེ་ཉི་མ་བསྟན་འཛིན་ཕེབས་ནས་འཚོགས་ཁང་ཆེན་མོ་དང་ལྷ་ཁང་སོགས་ལ་མངའ་དབུལ་རབ་གནས་སོགས་མཛད་པས་བཀྲ་ཤིས་པའི་རྟགས་མང་བོ་བྱུང་ངོ་། བླ་བྲང་ནས་མེ་རི་དབང་དང་ལུང་སོགས་གང་མང་གནང་། དེ་ནས་དགུང་ལོ་དྲུག་ཅུ་རེ་བདུན་ཆུ་ཁྱི་ལོའི་དགུན་ཟླ་འབྲིང་བོ་ཚེས་བརྒྱད་ཉིན་གུང་རྟ་ལ་ལྷའི་གཞལ་ཡས་བསོད་ནམས་ལྷུན་པོའི་ཁང་། ཕོ་བྲང་ཆེན་པོ་རྩེ་མོའི་ས་གསུམ་ཟིལ་གནོན་ཕོ་བྲང་དུ་སྐུའི་ཆ་ལུགས་ལྔ་ལྡན་དང་བཅས། དྲོད་དང་རྣམ་ཤེས་ཐུགས་ཀར་འདུས་པར་ཨ། སྤྱན་ཐད་ཀ་ལ་མི་གཡོ་བར་ཧྲིག་གེ་མཛད་ནས་འཕོ་བའི་ཕཊཿསྒྲ་གསུམ་དང་བཅས་འོག་མིན་བདེ་ཆེན་བོན་དབྱིངས་སུ་གཤེགས་སོང་དུས་མགྲོན་ཁང་ན་བྲག་སྟེང་བླ་མ་ཟླ་བ་གྲགས་པ་ནས་ཨ་ཁ་ཁ་ད་ནི་མ་བྱུང་ངོ་། སྐྱབས་རྗེ་རིན་པོ་ཆེས་ཕཊཿསྒྲ་གསུངས་མཛད་སོང་བས་ད་ནི་སྐུ་མ་བཞུགས་པ་འདྲ། དེས་གསོལ་དཔོན་གྱིས་བལྟས་པས་གོང་བཞིན་དྲང་བོ་ཚད་མར་གྱུར་བ་སྣང་ངོ་། དེའི་དུས་གཞལ་ཡས་ཁང་དུ་དྲི་ཞིམ་པོས་གང་བ་དང་། འོད་སྣ་ཚོགས་གང་བ་དང་། ས་གཡོ་བ་དང་། མེར་བ་དང་ཉི་ཟླའི་མདངས་ཉམས་པ་དང་། སྒྲ་སྣ་ཚོགས་དང་། ཡང་ལས་དང་སྐལ་བ་ལྡན་པ་རྣམས་ཀྱིས་མཐོང་བ་མངོན་སུམ་གྲུབ་ཏེ། ནམ་མཁའ་ལ་གཞའ་ཚོན་དཔལ་བེའུ་རིས་ལྟར་ཀུན་ལ་ཁྱབ་པ་དང། ཨ་དཀར་པོ་ནམ་མཁའ་གང་བ་དང་། གནམ་ནས་འོད་ཤིན་ཏུ་དཀར་པོ་སྣམ་བུ་རྐྱང་བ་ལྟ་བུ་ཕོ་བྲང་རྩེ་རུ་ཟུག་པ་བྱུང་སྟེ་སྐུ་མི་རྟག་མྱ་ངན་འདའ་བའི་ཚུལ་བསྟན། ཁྲི་ཟུར་པ་དཔོན་སློབ་རིན་ཆེན་ཚུལ་ཁྲིམས་ཀྱིས་རིན་ཆེན་རྐོང་བའི་ནང་། རྩི་བཅུད་སྙིང་བོ་གསལ་བའི་སྒྲོན་མེ་བལྟམས་ནས་ཐལ་མོ་སྤྱི་བོར་བཀོད་པའི་བར་ན་བཟུངས། དེ་དང་མགྲིན་གཅིག་ཨ་མདོའི་དྲུང་ཡིག་རྣམ་དག་འོད་ཟེར་དང་། བྲག་སྟེང་བླ་མ་ཟླ་བ་གྲགས་པ། རབ་འབྱམས་པ་ཀུན་དགའ་རྒྱལ་མཚན། སྐུ་ཉེ་སོག་པོ་བསོད་ནམས་རྒྱལ་མཚན་བཅས་ཀྱིས། སྐུའི་སྤུར་ཕྱག་མཚལ་ཞིང་གསོལ་བ་བཏབ་པ་འདི་ལྟར། ཀྱི་ཧུད་ཀྱི་ཧུད་ཀུན་མཁྱེན་སྐྱབས་མགོན་ལགས། །བསྟན་པའི་བདག་ཉིད་སྐུ་འགྱུར་མྱ་ངན་འདས། །དགུང་སྔོན་དཀྱིལ་གྱི་བཀྲ་ཤིས་ཉི་ཟླ་ནུབ། །རི་ཕྲན་དཀྱིལ་གྱི་རི་རྒྱལ་ལྷུན་པོ་བསྒྱེལ། །ཆུ་བྲན་འདུ་གནས་རྒྱ་མཚོ་ཆེན་པོ་བསྐམ། །ཀྱི་ཧུད་ཀྱི་ཧུད་ཀུན་མཁྱེན་སྐྱབས་མགོན་ལགས། །སེམས་ཅན་རེ་གནས་ཀུན་གྱི་མཛོད་ཁང་སྟོང་། །མུན་ནག་ནང་གི་གསལ་བའི་སྒྲོན་མེ་འདས། །འགྲོ་རྣམས་མཐོ་རིས་འདྲེན་པའི་ལྕགས་ཀྱུ་ཆག །དགེ་འདུན་འདུ་གནས་བླ་མ་སངས་རྒྱས་གྲོངས། །ཀྱི་ཧུད་ཀྱི་ཧུད་ཀུན་མཁྱེན་སྐྱབས་མགོན་ལགས། །ཀུན་འབྱུང་བོན་གྱི་ཡིད་བཞིན་ནོར་བུ་སྟོར། །དྲི་མེད་འདུལ་བའི་ཤེལ་གྱི་བུམ་པ་ཆག །བསྐྱེད་རྫོགས་ཡང་རྩེ་བགྲོད་པའི་སྐྲས་མདང་བཅད། །བླ་མེད་ཐེག་ཆེན་འབྲས་བུ་ས་བོན་ཚིག །ཀྱི་ཧུད་ཀྱི་ཧུད་ཀུན་མཁྱེན་སྐྱབས་མགོན་ལགས། །ཕྱོགས་བཅུ་འཇིག་རྟེན་འགྲོ་དོན་གར་གཤེགས་ཀྱང་། །བདག་ཅག་དད་ལྡན་ཉིད་ཀྱི་བཀའ་འཁོར་ལ། །བྱམས་སྙིང་ཚད་མེད་བཀའ་དྲིན་རྒྱུན་ཆེན་པོ། །ཐུགས་རྗེས་སྤྱན་གྱིས་གཟིགས་པར་མཛད་དུ་གསོལ། །ཞེས་གསོལ་བཏབ་ཅིང་གུས་པས་ཕྱག་དང་མཆོད་པ་འབུལ་ལོ། །ཞེས་རྣམ་ཐར་མདོ་བསྡུས་འདི་ཉིད་གཡུང་གླིང་བ་ཨ་ དཔལ་བཟང་གིས་ཕྱོགས་གཅིག་ཏུ་བསྒྲིགས་པའོ། །
མུ་ཁྲི་བཙན་པོ་སྤྱིའི་འདོན་ཐེངས་ལྔ་པ་ལས་དྲངས།