གནས་ཆེན་དཀར་མགོན་མཆེད་གསུམ་གྱི་མཚམས་སྦྱོར་མདོར་བསྡུས་ནོར་བུའི་ཕྲེང་བ།
གནས་ཡུལ་བོད་ལྗོངས་ནག་ཆུ་སྦྲ་ཆེན་རྫོང་སྦྲ་ཆེན་ཤང་གྲོང་ཚོ་དྲུག་པ་དང་རྟ་རྫ་ལུང་པའི་སྟོད་སྨད་ས་ཁོངས་སུ་གནས་ཡོད། ཕྱི་སྣོད་ཁོར་ཡུག་མཛེས་ཤིང་ལྟ་ན་སྡུག་པའི་ཡུལ་ལྗོངས་རི་བྲག་སྨན་སྣ་བསམ་གྱིས་མི་ཁྱབ་པར་ནང་བཅུད་བྱ་གཅན་རི་གཡུང་མི་ནོར་ཡུལ་མཁར་གཞན་ལས་འཕགས་པའི་དགེ་མཚན་དུ་མར་ལྡན་པའི་ཡུལ་གྲུ་ངོ་མཚར་འབུམ་གྱིས་ཕྱུག་པའི་ས་ཕྱོགས་སུ་གནས་པའོ།
གནས་བདག་བྱུང་བ་བརྗོད་པ་ནི། སྤ་སྟོན་བསྟན་རྒྱལ་དཀར་ཆག་ལས། སྔོན་སྲིད་པ་རྒྱལ་བུ་ཐེང་གེ་དང་། རླུང་ལྕམ་མ་དང་བཤོས་པ་ལ། ། སྒོང་ང་དཀར་པོ་གསུམ་དུ་བྱུང་། མ་ཡིས་སྒོང་ང་གཅིག་སྟོད་ན་འཕང་། གངས་དཀར་ཏི་སེའི་མདུན་དུ་བབས།། གཅིག་སྨད་ནས་འཕང་། རྨ་གཉེན་པོམ་རའི་མདུན་དུ་བབས། ། གཅིག་བར་ནས་འཕང་གཉེན་ཆེན་ཐང་ལྷའི་མདུན་དུ་བབས།། སྟོད་ཀྱི་སྒོང་ང་བརྡོར་བ་ལ།། མི་དཀར་རྟ་དཀར་ཅན་ཕྱག་ནས་རྔུལ་བུམ་དང་ཨ་རུ་ཡི་ཕྲེང་བ་འཛིན་པ་ཞིག་བྱུང་། ཏི་སེའི་མཚན་གསོལ་བས་ཕན་བྱེད་དཀར་མགོན་བཏགས།། སྨད་ཀྱི་སྒོང་ང་བརྡོར་བ་ལ། ། མི་དཀར་རྟ་དཀར་ཕྱག་ནས་མེ་ལོང་དང་ཤེལ་ཕྲེང་འཛིན་པ་ཞིག་བྱུང་། པོམ་རས་གསལ་བྱེད་དཀར་མགོན་མཚན་གསོལ། ། བར་གྱི་སྒོང་ང་བརྡོར་བ་ལ།། མི་སྔོན་རྟ་སྔོན་ཅན་ཕྱག་ནས་མདའ་དར་དམར་པོ་དང་ནོར་བུ་འབར་བ་འཛིན་པ་ཞིག་བྱུང་། ཐང་ལྷས་ལེགས་བྱེད་དཀར་མགོན་མཚན་གསོལ། ། དེ་ནས་སྟོད་ཀྱི་ཕན་བྱེད་ཀྱིས།། ངེད་སྤུན་གཉིས་སྨད་ན་ཡོད་དགོངས་ནས་མར་བྱོན། ། ཐང་ལྷའི་མདུན་དུ་ལེགས་བྱེད་འཕྲད།། ངེད་གཉིས་སྤུན་འབྲིང་བ་སྨད་ཁམས་ནས་ཡོད་སྨད་ལ་འགྲོ་གསུང་ནས་མར་བྱོན་པས། ། ལུང་གསུམ་འདུས་མདོ་ནས་འཕྲད་དོ།། དེ་ནས་གསལ་བྱེད་ཀྱི་གསུང་པས་ངེད་ཅག་སྤུན་གསུམ་འཛོམ་པ་འདི་ནས། ། རི་བྲག་རྣམས་བདག་མེད་རེད།། ངེད་ཅག་སྤུན་གསུམ་བདག་པོ་བྱེད་གསུང་། དེ་ནས་ཕན་བྱེད་ཀྱི་བདེན་ནོ་གསུང་ནས་སྤ་རྫ་རྒྱལ་བརྟེན་ནས་གནས་བདག་བྱས་སོ། ། གསལ་བྱེད་བྲག་མདའ་རྒྱང་ལ་བརྟེན་ནོ།། ལེགས་བྱེད་རང་ཤར་ལ་བརྟེན་ནོ།། དེ་གསུམ་གྱིས་དཀར་ཕྱོགས་དང་དཔལ་མགོན་རྣམས་ཀྱི་དཔོན་བྱས་སོ།། གསུངས་སོ།
དཀར་མགོན་མཆེད་གསུམ་གྱི་རི་ཡི་མཚན་ནི (རྫ་རྒྱལ་) (མདའ་རྒྱང) (རང་ཤར) གསུམ་གྲགས། གནས་བདག་མཚན་ནི (ཕན་བྱེད་དཀར་མགོན་བྱམས་སེམས་ཅན) (ལེགས་བྱེད་དཀར་མགོན་འཕེལ་རྒྱས) (གསལ་བྱེད་དཀར་མགོན་མངོན་ཤེས་ཅན) གསུམ་འབོད་པའོ།
ཐོག་མར་གནས་ལ་བྱིན་གྱིས་རླབས་མཁན་ནི་མི་ལོ་ཆིག་ཁྲི་བརྒྱད་སྟོང་ཡར་སྔོན་དུ་ཞང་ཞུང་འོལ་མོ་ལུང་རིང་སྐུ་འཁྲུངས་པའི་སངས་རྒྱས་གཡུང་དྲུང་བོན་གྱི་སྟོན་པ་གཤེན་རབ་མི་བོ་མཆོག་བོད་ཡུལ་ཀོང་པོར་བདུད་འདུལ་བར་ཕེབས་པའི་དུས་སུ་གནས་འདིར་བྱོན་པ་དང་བྱིན་གྱིས་རླབས་ནས་བཟུང་མི་ལོ་གཅིག་ཁྲི་ལྔ་སྟོང་ལྷག་གི་ལོ་རྒྱུས་ཡོད་པ་གསལ།
དེ་རྗེས་སྤྱི་ལོ་དུས་རབས་བརྒྱད་པའི་དུས་དཀྱིལ་དུ་སྐུ་འཁྲུངས་པའི་བཻ་རོ་ན་མཆོག་སྤྱི་ལོ་(742)ཤར་རྒྱ་རོང་ལ་ཡུལ་དུ་ཕེབས་པའི་ལམ་བར་གནས་འདིར་བྱིན་གྱིས་རླབས་ནི་སྐོར་ཕེབས་སྨོན་ལམ་སོགས་མཛད་ནས་ད་བར་མི་ལོ་ཆིག་སྟོང་ཉིས་བརྒྱ་ལྷག་ཙམ་གྱིས་ལོ་རྒྱུས་གསལ།
དེ་རྗེས་དུས་རབས་བཅོ་ལྔའི་དུས་འགོར་གྲུབ་ཐོབ་སྤ་ཡི་གདན་ས་སྤ་ལ་ཕུག་ཏུ་སྐྲུ་འཁྲུངས་པའི་སྤ་ཡི་བཟང་པོ་བཅུ་གསུམ་གྱི་བརྒྱད་པ་སྤ་སྟོན་བསྟན་རྒྱལ་བཟང་པོ་མཆོག་གནས་འདིར་བྱོན་ནི་གནས་སྒོ་དབྱེ་བས་མ་ཟད་གནས་ཀྱི་ཞལ་གཟིགས་དཀར་ཆག་དང་བརྔན་མཆོད་མཛད་ཏེ་བྱིན་གྱིས་རླབས་ནས་བཟུང་ད་བར་མི་ལོ་ལྔ་བརྒྱ་ལྷག་ཙམ་ལོ་རྒྱུས་ལྡན་ཡོད།
ད་དུང་བོན་གྱི་བླ་སྤྲུལ་རིག་འཛིན་རྣམ་པས་བྱིན་གྱི་རླབས་ཚུལ་དང་བཀའ་རྟགས་ཞབས་རྗེས་སོགས་དཀར་ཆག་སོགས་ལ་གསལ།
ལྷག་པར་དུ་གཡུང་དྲུང་བོན་གྱི་བསྟན་པའི་གཙུག་རྒྱན་རྒྱལ་བ་གཉིས་པ་མཉམ་མེད་ཤེས་རབས་རྒྱལ་མཚན་གནས་འདིར་བྱོན་པ་དང་བྱིན་གྱིས་རླབས་ནས་ཐུགས་སྨོན་གསུང་ཚུལ་སྤ་སྟོན་དཀར་ཆག་ལས་གསལ།
དེ་རྗེས་དུས་རབས་བཅུ་དགུའི་དུས་སྨད་དུ་སྐུ་འཁྲུངས་པའི་སྤ་ཚང་བསྟན་པ་འབྲུག་གྲགས་མཆོག་གིས་གནས་ཀྱི་དཀར་ཆག་དང་ཚོགས་མཆོད་བཅས་མཛད་ཡོད།
དེ་རྗེས་གཤེན་སྤྲུལ་ཐུགས་རྗེ་ཉི་མ། སོ་བརྒྱད་མཁན་པོ་ཉི་མ་རྒྱལ་མཚན། ཞུ་སྟོན་བཀྲ་ཤིས་བྱམས་མ། མཁའ་འགྲོ་བདེ་ཆེན་དབང་མོ། གཏེར་སྟོན་གསང་སྔགས་གླིང་པ། མཁས་བཙུན་རྒྱལ་བ་གཡུང་དྲུང་། ཞུང་ཞག་པོ་སྤུང་མུ་ཝེར་ཨུན་ཞིག གྱེར་བཙུན་ཉི་ལེ་དེ་རི། རྟོགས་ལྡན་དྲི་མེད་གཡུང་དྲུང་། མཚམས་ཆེན་དྲི་མེད་བློ་གསལ། མཚམས་པ་ས་ཏྲིག་ཚུལ་མིང་། མཆོག་སྤྲུལ་ཀུན་གསལ་སྙིང་པོ་སོགས་སྐྱེས་ཆེན་དུ་མས་མཛད་པའི་དཀར་ཆག་དང་བརྔན་མདོས་ཚོགས་མཆོག་ཆ་ལག་གསོལ་འདེབས་སོགས་གནའ་དེང་དཔེ་རྙིང་ཕུན་སུམ་ཚོགས་པ་བཞུགས་ཡོད།
གནས་འདིའི་ཕན་ཡོན་མདོར་མདོར་ཙམ་ཞུས་ན་སྤ་འབྲུག་ཚོགས་མཆོད་ལས། དེ་ཡང་མདའ་རྒྱང་རིན་ཆེན་སྤུངས།། གསས་མཁར་སྤྱི་སྤུངས་མཁའ་འགྱིང་ཁ།། ཡང་དག་ཐུགས་ཀྱི་དཀྱིལ་འཁོར་གསལ།། རྫ་སྐྱ་དབལ་གསས་སྐུ་ཡི་དལ།། རང་ཤར་ལྷ་རྒོད་གསུང་གི་དལ།། ཞེས་གསུང་། དལ་ཞེས་པ་དེ་ནི་བརྡ་རྙིང་ཡིན་ཏེ་དཀྱིལ་འཁོར་གསལ་བའི་དོན་ནོ།
སྤ་སྟོན་དཀར་ཆག་སོགས་ལས། རྣམ་མཁྱེན་གཤེན་རབ་ཞལ་ནས།། ཕྱི་རབས་སྐལ་པ་འབྲིང་སྨད་དུས།། གནས་མཆོག་འདི་ལ་གང་མཇལ་ཐར་པ་ཐོབ།། གསུངས་སོ། བཻ་རོ་ཙ་ནས་གསུང་ལས། ཕྱི་རབས་བསྐལ་པ་གཅིག་ལ་ནི།། གནས་འདི་ལ་སུ་འབྲེལ་ངན་སོང་མེད།། གསུངས་སོ། རྗེ་མཉམ་མེད་ཆེན་པོའི་ཞལ་ནས། ཕྱི་རབས་སྐལ་ལྡན་ལས་བཟང་རྣམས།། གནས་འདི་ལ་བསྙེན་སྒྲུབ་བརྩོན་འགྲུས་ནས།། སྒྲུབ་རྟགས་འབྱུང་ཞིང་ཐར་པ་འཐོབ།། གསུངས་སོ། སྤ་སྟོན་བསྟན་རྒྱལ་བཟང་པོ་ཞལ་ལས། ཕྱི་རབས་ལས་བཟང་དད་ལྡན་རྣམས།། གནས་མཆོག་བྱིན་རླབས་ཀུན་འདུས་འདི།། རང་སེམས་གོལ་འཁྲུལ་མ་ཤོར་ནས། ། ཞང་ཞུང་ཁྱུང་ལུང་རྔུལ་མཁར་མན་ཆད་དང་། རྒྱ་ནག་རི་བོ་རྩེ་ལྔ་ཡན་ཆད་བསྐོར་བ་དང་། གནས་འདི་ལ་བསྐོར་ཕྱག་བརྩོན་པ་རྣམས། ། ཁྱད་པར་མེད་པ་བདག་གི་ཞལ་གྱིས་བཞེས།། གསུངས་སོ། སྤ་འབྲུག་དཀར་ཆག་ལས། གནས་ཆེན་ཀུན་འདུས་རིན་ཆེན་སྤུངས་པ་འདི།། ཕྱི་ལྟར་བཀའ་རྟགས་ཡིག་འབྲུ་གྲངས་མེད་བཀྲ།། ནང་ལྟར་རིག་འཛིན་མཁའ་འགྲོ་སྤྲིན་ལྟར་བཏིབ།། གསང་བ་ཀུན་བཟང་བདེ་བ་ཆེན་པོའི་ཞིང་། མཐོང་ཐོས་ཆོག་པའི་གནས་མཆོག་ཁྱད་པར་ཅན།། དེ་ལྟར་ཡིན་པར་ཤེས་པའི་ངོ་ཤེས་ཀྱིས།། ཕྱག་བསྐོར་བྱས་པས་ངན་འགྲོའི་སྒོ་ཁེག་སོགས།། སྔོན་བྱོན་དཀར་ཆག་རྣམས་ལ་གསུངས་པ་བཞིན།། ཕན་ཡོན་དད་ལྡན་ཐེ་ཚོམ་མི་དགོས་སོ།། ཁྱད་པར་སྙིགས་མ་ལྔ་བདོའི་རྒྱུད་པ་ལ། འདི་ལས་ཟབ་པར་གཞན་ན་ཡོད་པ་མིན།། ཞེས་གསུངས་སོ། གསང་གླིང་དཀར་ཆག་ལས། ཕྱི་ལྟར་གཤེན་རབ་གཡུང་དྲུང་སེམས་དཔའི་གནས།། ནང་ལྟར་བླ་མ་ཡིད་དམ་མཁའ་འགྲོའི་གནས།། གསང་བ་འཆི་མེད་ཡབ་ཡུམ་སྲས་གསུམ་གནས། ། ཞང་ཞུང་གནས་ཆེན་ཁྱུང་ལུང་རྔུལ་མཁར་དང་། རྒྱ་ནག་རི་བོ་རྩེ་ལྔ་ཡན་ཆད་ནས།། གནས་ཆེན་གནས་ཕྲན་འོད་ཟེར་དྲ་བས་སྦྲེལ།། ཚོགས་ཀྱི་འདུ་བ་སྦས་གནས་འདི་ལ་འཁོར། ། ཐུགས་རྗེ་བྱིན་རླབས་གནས་ཆེན་འདི་ལ་འབྱུང་། ཉིན་གྱི་གནས་ལ་རིག་འཛིན་ཡབ་རྒྱུད་འདུས། ། སྲིབ་ཀྱི་གནས་ལ་མཁའ་འགྲོ་ཡུམ་རྒྱུད་འདུས། ། འདི་འདྲའི་འཛམ་གླིང་གནས་ལ་ཡོད་པ་དཀོན།། གསུངས་སོ།
སྤྱིར་གནས་ཆེན་འདི་ཉིད་བྱིན་གྱི་རླབས་ཚུལ་དང་གཏེར་ཁ་བཞུགས་ཚུལ་སོགས་ཞིབ་རྒྱས་མཁྱེན་འདོད་ནས་ (གནས་ཆེན་དཀར་དགོན་མཆེད་གསུམ་དཀར་ཆག་ཕྱོགས་བསྒྲིགས་ལུང་རིག་ནོར་བུའི་བང་མཛོད) དེབ་ཐེར་ནང་ལ་གཟིགས་ནས་གསལ། གནས་རིའི་མཚམས་སྦྱོར་མདོར་བསྡུས་འདི་སྦྲ་ཆེན་བོན་གྱི་རྒྱལ་ཁམས་འབོད་པའི་རྟ་རྫ་ཉི་ལུང་པ་རུ་གུས་པ་ཞི་བདེའི་སྙིང་པོས་སྤྱི་ལོ་ 2017 ཟླ 2པའི་ ཚེས་ 22 ཉིན་བྲིས་སོ།། བཀྲ་ཤིས་དཔལ་འབར་འཛམ་གླིང་ཁྱབ་པར་ཤོག།