རིང་ནས་འདི་ཡི་དོན་ལ་རྟོག་དཔྱོད་ཀྱི། །འཇུག་པ་རྒྱུན་དུ་བསྲིངས་ནས་དཔྱད་པའི་འབྲས། །གསང་ཆེན་ཉི་མའི་ཁྲིད་ཆེན་བརྒྱད་ཀྱི་སྡོམ། །འགོད་ལ་མཁའ་འགྲོ་རྒྱ་མཚོས་གནས་བ་སྩོལ། །རིགས་བརྒྱའི་ཁྱབ་བདག་ཀུན་ཏུ་བཟང་པོ་ཡིས། །འདི་ཡི་རྣམ་བཤད་རྒྱུད་གསུམ་རྒྱ་མཚོའི་ཀློང་། །གསུངས་ཀྱང་རང་རེ་ཕལ་གྱིས་མ་རྟོགས་པས། །ཅུང་ཙམ་གསལ་བའི་ཚུལ་གྱིས་གྲོས་སུ་འདེབས། །གསང་བའི་བདག་པོ་མི་ལུས་བསམ་ལེགས་དང་། །གཉིས་སུ་མ་མཆིས་ཡོངས་འཛིན་སྨྲ་དབང་གི །གསེར་དང་འདྲ་བའི་གདམས་ངག་ཉན་པའི་འབྲས། །བྱིན་རླབས་སེམས་སུ་འཆར་བའི་ཚུལ་འདི་གླེང་། །
སྔོན་དུ་འགྲོ་བའི་ཀླད་དོན་གྱི་མཚམས་སྦྱོར་དེ་རྣམས་ཀྱིས་མདུན་ནས་བསུས་ཏེ། དངོས་གཞི་གསང་ཆེན་ཐུགས་རྗེ་ཉི་མའི་རྒྱུད་གསུམ་གྱི་སྤྱི་དོན་མདོར་ཙམ་བསྟན་པ་ནི། གསང་མཆོག་ཡབ་ཡུམ་གཉིས་ནས་བརྒྱུད་པའི་གསང་ཆེན་མ་རྒྱུད་ཐུགས་རྗེ་ཉི་མའི་རྒྱུད་གསུམ་གྱི་གཞུང་འདི་རྣམས་ཀྱིས་གཞུང་དོན་གཏན་ལ་ཕབས་པའི་རིམ་པ་བསྟན་པའི་ཚུལ་ནི། གཞི་ཡེ་སངས་རྒྱས་པའི་རྒྱུད་ལས་གཞི་ལམ་འབྲས་གསུམ་དང་ཐིག་ལེ་ཞེ་ལྔའི་རིམ་པ་རྣམས་སྤྱི་དོན་གྱི་ཚུལ་དུ་མདོར་ཙམ་བསྟན་ཀྱང་བསྟན་དོན་ཐུན་མོང་མ་ཡིན་པ་འཁྲུལ་སྒྲིབ་གོལ་གསུམ་གྱི་སྐྱོན་དང་བྲལ་བའི་གཞི་དྲུག་གི་རིམ་པ་རྣམས་གཙོ་བོར་གཏན་ལ་ཕབས་ཏེ་བསྟན་པ་དང་། ལམ་མངོན་སངས་རྒྱས་པའི་རྒྱུད་ཀྱིས་ལམ་ལོག་དམན་འཁྱར་གསུམ་གྱི་སྐྱོན་དང་བྲལ་བའི་ལམ་དྲུག་གི་རིམ་པ་རྣམས་གཙོ་བོར་གཏན་ལ་ཕབས་ཏེ་བསྟན་པ་དང་། འབྲས་བུ་རྫོགས་སངས་རྒྱས་པའི་རྒྱུད་ཀྱིས་འབྲས་བུ་སད་སྟོར་འབྱམས་གསུམ་གྱི་སྐྱོན་དང་བྲལ་བའི་འབྲས་དྲུག་གི་རིམ་པ་རྣམས་གཙོ་བོར་གཏན་ལ་ཕབས་ཏེ་བསྟན་པ་ཞིག་ཏུ་སྣང་། གཞི་དྲུག་ནི། ཀུན་གཞི་ཡེ་ཤེས་ལྷུན་གྲུབ། སྣང་གཞི་སྐུ་གསུམ་ལྷུན་གྲུབ། སྟོང་གཞི་སྐུ་བཞི་ལྷུན་གྲུབ། ལུང་གཞི་དབང་གཞི་ལྷུན་གྲུབ། དོན་གཞི་ལྟ་སྤྱོད་ལྷུན་གྲུབ། ལས་གཞི་འཕྲིན་ལས་ལྷུན་གྲུབ་དང་དྲུག་ལ་ཟེར། ལམ་དྲུག་ནི། ཚོགས་ལམ། སྦྱོར་ལམ། མཐོང་ལམ། ཐབས་དྲུག་ལམ་འཁྱེར་གྱིས་བསྡུས་པའི་སྒོམ་ལམ། དག་སས་བསྡུས་པའི་ཐར་ལམ། སྨིན་གྲོལ་གཉིས་གཅིག་ཏུ་བརྩིས་པའི་དྲུག་ལ་ཟེར། སྐབས་འདིར་གཞི་ལམ་འབྲས་གསུམ་གྱི་ཁོངས་ནས་བསྟན་པའི་ལམ་དྲུག་དང་ལམ་དྲུག་གི་ནང་ཚན་ལམ་འཁྱེར་རྣམ་པ་དྲུག་གིས་བསྡུས་པའི་ལམ་དྲུག་གཉིས་སོ་སོ་ནས་ཡིན་པ་རྩ་འགྲེལ་རྣམས་སུ་ཞིབ་པར་གཟིགས་ན་གསལ་ལོ། འབྲས་དྲུག་ནི། མཆོག་འབྲས། དོན་འབྲས། ཐུན་འབྲས། ངང་འབྲས། ཀློང་འབྲས། མེད་འབྲས་དང་དྲུག་ལ་ཟེར། རྒྱུད་གསུམ་གྱི་གཞུང་རྣམས་ནས་གསུངས་པའི་གཞི་དྲུག་གི་རིམ་པ་རྣམས། ཡེ་ཤེས་ཐིག་ལེ་ནས་འཕྲིན་ལས་ཐིག་ལེའི་བར་གཞི་ཡི་ཐིག་ལེ་བཅུ་གསུམ་སྟོན་བྱེད་ཀྱི་ལེའུ་བཅུ་ཡི་བདག་ཉིད་དུ་གནས་པའི་གཞི་ཡེ་སངས་རྒྱས་པའི་རྒྱུད་ཀྱི་གཞུང་དང་། དེ་དག་སོ་སོའི་བསྟན་དོན་རྒྱལ་རིགས་ཀྱི་གཤེན་པོ་མི་ལུས་བསམ་ལེགས་ཀྱིས་ཞིབ་མོ་རྣམ་པར་འཐག་སྟེ་གཏན་ལ་ཕབས་པ་ཡེ་ཤེས་ཐིག་ལེའི་འགྲེལ་དང་། སྣང་སྲིད་ཐིག་ལེའི་འགྲེལ། བོན་ཉིད་ཐིག་ལེའི་འགྲེལ། མི་ནུབ་ཐིག་ལེའི་འགྲེལ། མི་འགྱུར་ཐིག་ལེའི་འགྲེལ། སྐྱེ་མེད་ཐིག་ལེའི་འགྲེལ། ལུང་གཞི་དབང་གཞི་ལྷུན་གྲུབ་ཀྱི་དབང་བྱང་། དོན་གཞི་ལྟ་སྤྱོད་ལྷུན་གྲུབ་ཀྱི་འགྲེལ། ལས་གཞི་འཕྲིན་ལས་ལྷུན་གྲུབ་ཀྱི་འགྲེལ་འདི་རྣམས་ཀྱི་ནང་དུ་ཤིན་ཏུ་ཞིབ་པར་གསལ་བས་དེར་གཟིགས་པར་མཛོད། རྒྱུད་གསུམ་གྱི་གཞུང་རྣམས་ནས་གསུངས་པའི་ལམ་དྲུག་གི་རིམ་པ་རྣམས། སྤྱི་དོན་ཙམ་གཞི་ཡེ་སངས་རྒྱས་པའི་རྒྱུད་ཀྱི་གླེང་གཞི་རྩ་བའི་ལེའུ་དང་པོའི་ཁོངས་དང་། རྒྱས་པར་ལམ་གྱི་ཐིག་ལེ་ནས་རྒྱུན་གྱི་ཐིག་ལེ་བར་ལམ་གྱི་ཐིག་ལེ་ཉེར་གཉིས་སྟོན་བྱེད་ཀྱི་ལེའུ་བཅུ་གསུམ་གྱི་བདག་ཉིད་དུ་གནས་པའི་ལམ་མངོན་སངས་རྒྱས་པའི་རྒྱུད་ཀྱི་གཞུང་དང་། དེ་དག་སོ་སོའི་བསྟན་དོན་རྒྱལ་རིགས་ཀྱི་གཤེན་པོ་མི་ལུས་བསམ་ལེགས་ཀྱིས་ཞིབ་མོ་རྣམ་པར་འཐག་སྟེ་གཏན་ལ་ཕབས་པ་ལམ་མངོན་སངས་རྒྱས་པའི་རྒྱུད་ཀྱི་འགྲེལ་དང་། ཚོགས་ལམ་གྱི་འགྲེལ། སྦྱོར་ལམ་ཡེ་ཤེས་བཞི་སྦྱོར་གྱི་འགྲེལ། རྫུ་འཕྲུལ་ཐིག་ལེའི་འགྲེལ། ཐབས་ལམ་འཁྱེར་གྱི་འགྲེལ། རྨི་བ་ལམ་འཁྱེར་གྱི་འགྲེལ། གཉན་ས་ལམ་འཁྱེར་གྱི་འགྲེལ། འཕེན་པ་ལམ་འཁྱེར་གྱི་འགྲེལ། འཆི་བ་ལམ་འཁྱེར་གྱི་འགྲེལ། གཉིད་པ་ལམ་འཁྱེར་གྱི་འགྲེལ། ཐར་ལམ་གྱི་འགྲེལ། སྨིན་ལམ་གྱི་འགྲེལ། གྲོལ་ལམ་གྱི་འགྲེལ་འདི་རྣམས་ཀྱིང་ནང་དུ་ཤིན་ཏུ་ཞིབ་པར་གསལ་བས་དེར་གཟིགས་པར་མཛོད། རྒྱུད་གསུམ་གྱི་གཞུང་གི་ནང་དུ་གསུངས་པའི་འབྲས་དྲུག་གི་རིམ་པ་རྣམས། འབྲས་བུའི་ཐིག་ལེ་ནས་སེམས་ཉིད་ཐིག་ལེ་བར་འབྲས་བུའི་ཐིག་ལེ་བཅུ་སྟོན་བྱེད་ཀྱི་ལེའུ་བཅུ་གཅིག་གི་བདག་ཉིད་དུ་གནས་པའི་འབྲས་བུ་རྫོགས་སངས་རྒྱས་པའི་རྒྱུད་ལས་གསལ། རྒྱལ་གཤེན་གྱིས་མཛད་པའི་འབྲས་རྒྱུད་ཀྱི་འགྲེལ་ཡོད་པར་ངེས་ཀྱང་གསང་བ་ཡང་གབ་ཏུ་སོང་བས་མཇལ་ཡུལ་དུ་མ་གྱུར་ན་ཡང་གྲུབ་པའི་དབང་ཕྱུག་དཔལ་ལྡན་ཤར་རྫ་བས་མཛད་པའི་འབྲས་བུ་རྫོགས་སངས་རྒྱས་པའི་རྒྱུད་ཀྱི་དགོངས་འགྲེལ་རྣམ་པར་ངེས་པ་གསང་བ་མཐར་ཐུག་ཉི་ཟེར་དྲྭ་བ་ཤིན་ཏུ་ཟབ་པར་བཞུགས་པས་དེ་དག་གི་ནང་འབྲས་དྲུག་གི་རིམ་པ་དང་དེ་དག་གི་དགོངས་འགྲེལ་དང་བཅས་པ་ཤིན་ཏུ་ལེགས་པར་གསལ་བས་དེར་གཟིགས་པར་མཛོད།
ཁྲིད་ཆེན་བརྒྱད་ཀྱི་ངོས་འཛིན།
སྐབས་འདིར་གླེང་བར་བྱ་བའི་སྙིང་དོན་ནི། ལམ་མངོན་སངས་རྒྱས་པའི་རྒྱུད་ལེའུ་བཞི་པ་འབྱུང་བའི་ཐིག་ལེ་བསྟན་པའི་ལེའུ་ལས། ལམ་ལྔ་ཐབས་དྲུག་ཁྲིད་བརྒྱད་མ་ལུས་ཀྱིས། གཞུང་ལམ་རྒྱལ་པོ་ཐབས་ལམ་མ་བསྒོམ་ན། ཐོག་མ་བར་དང་ཐ་མ་མཐར་མི་ཕྱིན། ཞེས་དང་། དེ་ཉིད་ལས། མཚན་བཅས་སྐུ་བཞི་དག་པའི་ལྷ་ཞལ་བལྟ། མཚན་མེད་སྐུ་བཞི་བོན་གྱི་དབྱིངས་ལ་རོལ། སངས་རྒྱས་མངོན་སུམ་འབྱུང་བ་ངོ་མཚར་ཆེ། དེ་འདྲའི་མ་ཕྱིན་ཡུལ་དུ་འགྲོ་འདོད་ན། ཡུལ་ལ་འདོད་པ་མ་སྔ་ལམ་ལ་སོང་། ཞེས་དང་། ལམ་མངོན་སངས་རྒྱས་པའི་རྒྱུད་ལེའུ་བཅུ་པ་ཐར་ལམ་རིན་པོ་ཆེ་བསྟན་པའི་ལེའུ་ལས། མཆོག་གི་ས་མཚམས་ངེས་པར་བཟུང་བ་ནི། ཀུན་བཟང་ང་ཡིས་བསྟན་པའི་བཀའ་རྒྱུད་འདི། གཞུང་བཞིན་སྤྱད་ན་དེ་བཞིན་ངེས་པ་སྟེ། ཚོགས་ཀྱིས་ཚོགས་ལམ་བསྐྱེད་རིམ་སྦྱོར་ལམ་ནོན། སྔགས་ཀྱིས་མཐོང་ལམ་ཐབས་ཀྱིས་བདུན་པ་ནོན། ཐར་སྨིན་གྲོལ་བས་དག་པའི་ས་གསུམ་ནོན། སྣང་བཅས་ཁྲིད་བཞིས་རྫོགས་སྐུ་སྤྲུལ་སྐུ་འཐོབ། སྣང་མེད་ཁྲིད་བཞིས་བོན་སྐུ་རྣམ་བཞི་ངེས། ལམ་དང་ལམ་མི་འདྲ་བ་གསང་སྔགས་ལམ། ཡང་དག་ངེས་པ་མཐར་ཐུག་རྒྱལ་པོ་ཡིན། ཞེས་དང་། ལམ་ལྔ་མངོན་སངས་རྒྱས་པའི་རྒྱུད་འབྲས་བུ་སྐུ་ལྔ་མཐར་ཐུག་བསྟན་པའི་ལེའུ་བཅུ་གསུམ་པ་ལས། དེ་ཕྱིར་གསང་ཆེན་གསང་མཆོག་མཐར་ཐུག་པ། ཅིར་ཡང་སྤྲུལ་སྐུ་ལོངས་སྤྱོད་རྫོགས་པའི་སྐུ། སྣང་བཅས་གཟུགས་སྐུའི་ངོས་ནས་བསྟན་པ་ཡིན། བོན་ཉིད་བདེ་ཆེན་མངོན་བྱང་ངོ་བོ་ཉིད། སྣང་མེད་སྐུ་བཞིའི་ངོས་ནས་བཤད་པའོ། ཞེས་གསུངས་པའི་ལུང་དེ་རྣམས་ཀྱི་བསྟན་དོན་དུ་གྱུར་པའི་གསང་ཆེན་མ་རྒྱུད་ཐུགས་རྗེ་ཉི་མའི་ཁྲིད་ཆེན་བརྒྱད་ཅེས་བྱ་བ་ནི། སྣང་བཅས་གསང་མཆོག་རིགས་བཞིའི་ཁྲིད་བཞི་དང་། སྣང་མེད་བདེ་ཆེན་སངས་རྒྱས་ཡུམ་བཞི་ཡི་ཁྲིད་བཞི་ལ་ཟེར་བ་ཡིན། འདི་ལྟ་བུའི་གོ་དོན་ཟབ་མོ་རང་རྒྱུད་ལ་སྦྱོར་བར་བྱེད་པའི་ཐོག་མར་རང་གི་ཉམས་མྱོང་ལས་གྲུབ་པ་ནི། ཐོག་མར་གཞུང་འདི་དག་གི་དོན་ལ་ཚིག་སྤྱི་ཙམ་མ་ཡིན་པར་དམར་ཐག་ཆོད་པའི་མཚན་ལྡན་གྱི་དཔོན་གསས་བསྟེན་དགོས་པ་གལ་ཆེ་བར་མཐོང་། དེ་ནས་རང་ཉིད་ཀྱིས་བླ་མ་སངས་རྒྱས་སུ་མཐོང་བའི་འདུ་ཤེས་དང་མ་བྲལ་བར་དད་པ་དང་ཡིད་ཆེས་རྩེ་གཅིག་ཏུ་འཇོག་དགོས་པ་དོན་གྱིས་གྲུབ། དེ་རྣམས་གྲུབ་ནས་ཤིན་ཏུ་གཉན་པའི་གཞུང་ཆེན་ཟབ་མོ་འདི་རྣམས་ལ་དཔེ་ལྟ་བྱེད་པ་ཙམ་གྱིས་ཆོག་ཤེས་པ་མི་མཛད་པར་གཞུང་འདིའི་ཀླད་གཞུང་འཇུག་གསུམ་གྱི་རིམ་པ་རྣམས་ལྷག་ཆད་མེད་པར་ཞིབ་པར་གཟིགས་པ་དང་། གཞུང་ལུགས་དེ་དག་ལ་རྒྱུས་ལོན་དང་གོམས་འདྲིས་སོང་བ་ཞིག་གནང་དགོས་པ་ཤིན་ཏུ་ནས་གཙིགས་ཆེ་བར་མཐོང་། རྒྱུ་མཚན་གང་གིས་ཕྱིར་ཞེ་ན། ཤིན་ཏུ་ཟབ་པའི་རྒྱུད་གསུམ་གྱི་གཞུང་འདི་རྣམས་ཀྱི་ནང་དུ་དཀྱིལ་འཁོར་རབ་འབྱམས་རྒྱ་མཚོའི་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ཡིན་སྣང་ཤར་གསུམ་ལ་སྦྱར་ཚུལ་དང་། གཞི་ལམ་འབྲས་བུའི་ལྷ་ཚོགས་ལ་སྦྱར་ཚུལ་དང་། ལམ་གྱི་རིམ་པ་ལ་སྦྱར་ཚུལ། བསྐྱེད་རིམ་གྱི་ཆ་ནས་གསང་མཆོག་རབ་འབྱམས་རྒྱ་མཚོའི་དཀྱིལ་འཁོར་གྱི་བཀོད་པ་རང་གི་ཕུང་ཁམས་སྐྱེ་མཆེད་ཀྱི་ལུས་ཀྱི་རྩ་གནས་སོ་སོར་རབ་འབྲིང་མཐའ་གསུམ་གྱི་བསྐྱེད་ཆོག་གི་རིམ་པ། རྫོགས་རིམ་གྱི་ཆ་ནས་རྩ་རླུང་ཐིག་གསུམ་ཡི་གེ་དང་བཅས་པ་རང་ཆས་སུ་རྫོགས་པའི་གནད་ཀྱིས་བདེ་སྟོང་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཇི་ལྟར་མངོན་དུ་བྱེད་པའི་ཚུལ། སྣང་མེད་བོན་སྐུའི་ལྷ་ཚོགས་དང་། སྣང་བཅས་རྫོགས་སྐུ་དང་སྤྲུལ་སྐུའི་ལྷ་ཚོགས་རྣམས་ཀྱི་ངོས་འཛིན་ཤིན་ཏུ་ཞིབ་པར་འདུག་ནའང་། གཞུང་ལུགས་ལས་ཇི་ལྟར་གསལ་བ་དེ་རྣམས་དམར་ཐག་བཅད་ནས་སྟོན་ནུས་པའི་དཔོན་གསས་ཞིག་མེད་ན། རང་རྒྱུད་ལ་ལོག་རྟོག་དང་ཐེ་ཚོམ་གྱི་དྲྭ་བ་ཆོད་རྒྱུ་དཀའ་མོར་སྣང་། གཞི་ཡེ་སངས་རྒྱས་པའི་རྒྱུད་ལེའུ་བཅུ་པ་ལས་གཞི་འཕྲིན་ལས་ལྷུན་གྲུབ་ཀྱི་ལེའུ་ལས། ཁྱད་པར་འཕགས་སམ་རྒྱུད་ཀྱི་རྒྱལ་པོ་འདི། མ་བྱུང་མི་འོང་འབྱུང་བ་ཤིན་ཏུ་དཀའ། སྣོད་ནི་སྐལ་ལྡན་མིན་པས་མི་ཐུབ་ལ། བདག་ནི་མཁའ་འགྲོ་མིན་པས་མི་བྱེད་དོ། དོན་ལ་སངས་རྒྱས་མིན་པས་མ་གསུངས་སོ། འཆད་མཁན་ཡང་རྩེ་མིན་པས་མི་མཛད་དོ། བསྟན་པ་གཡུང་དྲུང་མིན་པས་མི་འཛིན་ནོ། ཞེས་གདམས་པ་དེ་ཉིད་དོན་ལ་གནས་པ་གཞུང་འདི་ཉིད་འཆད་ཁྲིད་བྱེད་པའི་སྐབས་སུ་མྱོང་བས་གྲུབ་པའོ།
སྣང་བཅས་སྐུ་བཞིའི་ཁྲིད་བཞི་ངོས་འཛིན།
སྣང་བཅས་སྐུ་བཞིའི་ཁྲིད་བཞི་ཞེས་པ་ནི། རང་རྒྱུད་ལ་རང་ཆས་སུ་ཡོད་པའི་གསང་མཆོག་རིགས་བཞིའི་ཐུགས་ཉིད་བཞི་ངོ་སྤྲོད་པ་ལ་བརྟེན་ནས་དེ་དག་ཉམས་སུ་ལེན་ཞིང་མཐར་ཕྱིན་པའི་ཚེ། སྣང་བཅས་རྫོགས་སྐུ་དང་སྤྲུལ་སྐུའི་ལྷ་ཚོགས་རྣམས་ཇི་ལྟར་འཆར་བའི་ཚུལ་དང་། ཁྱད་པར་དུ་སྣང་བཅས་རྫོགས་སྐུའི་ལྷ་ཚོགས་ཀྱི་ནང་ནས་གསང་མཆོག་རིགས་བཞི་ཐོབ་བྱེད་ཀྱི་ཐབས་བླ་མེད་སྟོན་བྱེད་ཀྱི་ཁྲིད་བཞི་ལ་སྣང་བཅས་ཀྱི་ཁྲིད་བཞི་ཞེས་གསུངས་པ་ཡིན། མཚན་བཅས་ཀྱི་སྐུ་བཞི་ངོ་སྤྲོད་པའི་ཁྲིད་བཞི་ཞེས་ཀྱང་ཟེར། དོན་དུ་གསང་མཆོག་རིགས་བཞིའི་ཁྲིད་བཞི་ལ་ཟེར་བ་ཡིན། འདི་ལ་ཐར་ལམ་གྱི་འགྲེལ་ལས་གསང་མཆོག་ཐུགས་རྗེ་གནད་ཀྱི་ཁྲིད་བཞི་ཞེས་ཀྱང་གསུངས། གསང་མཆོག་རིགས་བཞིའི་ཐུགས་ཉིད་བཞི་ངོ་སྤྲོད་པ་ལ་བརྟེན་ནས་མཐར་ཐུག་གསང་མཆོག་རིགས་བཞི་མངོན་དུ་འགྱུར་བར་བྱེད་པའི་ཁྲིད་ཀྱི་ངོ་སྤྲོད་བཞི་ཡང་ཡིན། སྤྱིར་གསས་མཁར་མ་རྒྱུད་ཀྱི་ལྷ་ཚོགས་རེ་རེ་ལ་ཡང་ཕྱི་ནང་གསང་བ་ཡང་གསང་དང་འབྲེལ་ནས་བཤད་རྒྱུ་དུ་མ་ཞིག་སྣང་། བོན་རྫོགས་སྤྲུལ་གསུམ་ལ་ཡང་གཞི་ལམ་འབྲས་གསུམ་ལ་སྦྱར་བ་དང་། སྣང་བཅས་སྣང་མེད་ལ་སྦྱར་བ། སྣང་མེད་ཁོ་ན་ལ་སྦྱར་ནས་སྐུ་གསུམ་གྱི་བཤད་པ་ཤིན་ཏུ་ཟབ་པ་ཡང་སྣང་། དེ་བཞིན་ཡིན་སྣང་ཤར་གསུམ་ལ་ཡང་གཞི་ལམ་འབྲས་གསུམ་ལ་སྦྱར་ནས་འཆད་རྒྱུ་དང་། མཐར་ཐུག་གི་འབྲས་བུ་ལ་སྦྱར་ནས་འཆད་རྒྱུ་བསམ་གྱིས་མི་ཁྱབ་པ་ཞིག་མཆིས། གཞི་ལམ་འབྲས་གསུམ་ལ་སྦྱར་ན་གཞི་དྲུག་གི་བདག་ཉིད་དུ་གནས་པའི་རང་འབྱུང་གི་རིག་པ་འདི་ཡིན་པ་གསང་ཆེན་གཞིའི་བོན་སྐུ་དང་། ལམ་དྲུག་གིས་བདག་ཉིད་དུ་གནས་པའི་འོད་གསལ་དང་བསྐྱེད་རྫོགས་ཀྱི་ཉམས་ལེན་རྣམས་སྣང་བ་གསང་མཆོག་ལམ་གྱི་རྫོགས་སྐུ་དང་། འབྲས་དྲུག་གིས་བདག་ཉིད་དུ་གནས་པའི་དཀྱིལ་འཁོར་རབ་འབྱམས་རྒྱ་མཚོའི་ལྷ་ཚོགས་རྣམས་ཤར་བ་མཐར་ཐུག་འབྲས་བུ་སྤྲུལ་པའི་སྐུ་རུ་ངོས་འཛིན་པ་ཡིན་ཏེ། བོན་ཉིད་ཐིག་ལེའི་འགྲེལ་ལས། ཡིན་པ་གསང་ཆེན་གཞིའི་བོན་སྐུ་ཡིན། སྣང་བ་གསང་མཆོག་ལམ་གྱི་རྫོགས་སྐུར་སྣང་། ཤར་བ་མཐར་ཐུག་འབྲས་བུ་སྤྲུལ་སྐུར་ཤར་བའོ། ཞེས་དང་། མཐར་ཐུག་གི་འབྲས་བུ་རང་ལ་སྦྱར་ན། བོན་ཉིད་ཀྱི་སྐུ་དང་། མངོན་བྱང་གི་སྐུ་དང་། བདེ་བ་ཆེན་པོའི་སྐུ་དང་། ངོ་བོ་ཉིད་ཀྱི་སྐུའི་བདག་ཉིད་དུ་གནས་པའི་འགྱུར་མེད་ཀྱི་སྐུ་ཅན་དེ། ཡིན་པ་གསང་ཆེན་འབྲས་བུའི་བོན་སྐུ། དེའི་རང་རྩལ་ལས་ཤར་བའི་སྟོན་པ་མཁའ་འགྱིང་དཀར་པོ་དང་། གསང་མཆོག་རིགས་བཞི། ཐུགས་རྗེ་རོལ་པའི་ཁྲོ་མོ་བརྒྱད་ལ་སོགས་འབྲས་བུའི་རྫོགས་སྐུ། དེ་དག་ལས་སྤྲུལ་པའི་འདོད་ཡོན་ལྷ་མོ་བཅུ་གཉིས་ཚད་མེད་ཡུམ་ཆེན་སོ་གཉིས། རྒྱུན་མེད་ཡུམ་ཆེན་ཉི་ཤུ་ལ་སོགས་འབྲས་བུའི་སྤྲུལ་སྐུ་རུ་ཤར་བ་སྟེ། གྲོལ་ལམ་རིན་ཆེན་འཕུར་རྐྱེན་གྱི་འགྲེལ་ལས། བདག་ནི་བདེ་བར་གཤེགས་པ་མཆོག་གི་སྐུ། ཡིན་སྣང་ཤར་གསུམ་མཁྱེན་བརྩེའི་འཕྲིན་ལས་ཀྱིས། སྣ་ཚོགས་ལྡན་ཞིང་འགྲོ་བ་མ་ལུས་པ། སངས་རྒྱས་ཐར་པར་ཆེན་པོར་དྲོང་པར་ཤོག། ཅེས་དང་། གཞི་ཡེ་སངས་རྒྱས་པའི་རྒྱུད་མི་འགྱུར་ཐིག་ལེ་བསྟན་པའི་ལེའུ་དྲུག་པ་ལས། གསང་མཆོག་རྒྱལ་པོ་བདེ་ཆེན་བོན་གྱི་སྐུ། སངས་རྒྱས་ཡུམ་ལྔ་བོན་སྐུའི་ཡོན་ཏན་མཚོན། གསང་མཆོག་རིགས་བཞི་ཁྲོ་མོ་ལོངས་སྤྱོད་རྫོགས། འདོད་སྤྱོད་ཐུགས་རྗེ་ཚད་རྒྱུན་སྤྲུལ་པའི་སྐུ། ཡང་དག་དོན་ནི་དེ་ལས་འདས་པ་མེད། ཅེས་གསུངས་པ་ལྟར་རོ། སྐབས་འདིར་སྣང་བཅས་ཀྱི་སྐུ་དང་སྣང་མེད་ཀྱི་སྐུའི་ཁྱད་པར་གང་གི་སྟེང་ནས་འཇོག་ཅེས་ན། གསང་བདག་གྲུབ་པའི་དབང་ཕྱུག་གིས་མཛད་པའི་མི་འགྱུར་ཐིག་ལེའི་འགྲེལ་ལས། རང་སྣང་དག་པ་ལ་བོན་སྐུ་བདེ་བ་ཆེན་པོ། གཞན་སྣང་དག་པ་ལ་རྫོགས་སྐུ་མཚན་དང་ལྡན་པ། གདུལ་བྱ་སྣ་ཚོགས་ལ་སྤྲུལ་སྐུར་འཆར་བས། སྐུ་གསུམ་མཚན་དཔེ་རྫོགས་པའོ། ཞེས་གསུངས་པ་ལྟར་འགྲེལ་ན། སྣང་མེད་གྱི་སྐུ་ཞེས་བྱ་བ་གདུལ་བྱའི་སྣང་བས་མ་བསྡུས་ཤིང་ཞལ་ཕྱག་གི་སྤྲོས་པ་དང་བྲལ་བའི་རང་སྣང་བདེ་བ་ཆེན་པོ་གསལ་སྟོང་བློ་ལས་འདས་པའི་ཀུན་བཟང་གི་དགོངས་པ་གསང་མཆོག་རིགས་ལྔའི་ཐུགས་ཉིད་དུ་གྲགས་པ་དེའོ། སྣང་བཅས་ཀྱི་སྐུ་ཞེས་བྱ་བ་སྟོང་པའི་རང་རྩལ་ལས་གྲུབ་པའི་མཚན་དཔེ་བརྒྱན་པའི་གཟུགས་སྐུ་ཞལ་ཕྱག་དང་བཅས་པ། གདུལ་བྱ་དག་པ་རྣམས་ཀྱི་སྣང་ངོར་འཆར་ཞིང་དེ་དག་གིས་དོན་བྱེད་པ་དེ་ཉིད་ཡིན་ཏེ། གཞི་ཡེ་སངས་རྒྱས་པའི་རྒྱུད་བོན་ཉིད་ཐིག་ལེ་བསྟན་པའི་ལེའུ་བཞི་པ་ལས། དངོས་མེད་དངོས་པོའི་སྐུ་རུ་ཚུར་བྱུང་དུས། མཁའ་ལ་སྤྲིན་བཞིན་སེམས་ཅན་དོན་བྱེད་འགྱུར། ཞེས་དང་། གཞི་ཡེ་སངས་རྒྱས་པའི་རྒྱུད་སྣང་གཞི་སྐུ་གསུམ་ལྷུན་གྲུབ་བསྟན་པའི་ལེའུ་གསུམ་པ་ལས། རང་རིག་ཡེ་ཤེས་གསང་མཆོག་རྫོགས་པའི་སྐུ། ཡེ་ཤེས་ཏིང་འཛིན་རང་ལུས་མཚན་དཔེར་འཆར། ཞེས་གསུངས་པ་ལྟར་རོ། རྒྱུད་གསུམ་གྱི་གཞུང་འདི་རྣམས་ཀྱི་ནང་ནས་སྣང་བཅས་རྫོགས་སྐུ་དང་སྤྲུལ་སྐུའི་ལྷ་ཚོགས་ངོས་འཛིན་སྐབས་སྟོང་པའི་རང་རྩལ་ལས་ཤར་བའི་མཚན་དཔེས་བརྒྱན་པའི་སྐུ་མཆོག་སྒྱུ་ལུས་ཀྱི་ངོ་བོར་གྲུབ་པའི་གསང་མཆོག་རིགས་བཞི་དང་ཐུགས་རྗེ་རོལ་པའི་ཁྲོ་མོ་བརྒྱད་ལ་སོགས་སྣང་བཅས་རྫོགས་སྐུའི་ལྷ་ཚོགས་དང་། དེ་དག་གི་འབྱུང་གནས་ཐིམ་གསུམ་གྱི་གཞི་གསང་མཆོག་མཐར་ཐུག་དང་བདེ་ཆེན་སངས་རྒྱས་ཡུམ་བཞི་ཡུམ་ཆེན་ཀྱེ་མ་དང་ལྔ་ནི་སྣང་མེད་བོན་སྐུའི་ལྷ་ཚོགས་ལ་ངོས་འཛིན་པ་ཡིན། འདོད་ཡོན་ལྷ་མོ་བཅུ་གཉིས་དང་རྒྱུན་མེད་ཡུམ་ཆེན་ཉི་ཤུ་དང་ཚད་མེད་ཡུམ་ཆེན་སོ་གཉིས་ལ་སོགས་སྣང་བཅས་སྤྲུལ་སྐུའི་ལྷ་ཚོགས་ལ་ངོས་འཛིན་པ་ཡིན་ཏེ། གཞི་ཡེ་སངས་རྒྱས་པའི་རྒྱུད་མི་འགྱུར་ཐིག་ལེ་བསྟན་པའི་ལེའུ་དྲུག་པ་ལས། གསང་མཆོག་རྒྱལ་པོ་བདེ་ཆེན་བོན་གྱི་སྐུ། སངས་རྒྱས་ཡུམ་ལྔ་བོན་སྐུའི་ཡོན་ཏན་མཚོན། གསང་མཆོག་རིགས་བཞི་ཁྲོ་མོ་ལོངས་སྤྱོད་རྫོགས། འདོད་སྤྱོད་ཐུགས་རྗེ་ཚད་རྒྱུན་སྤྲུལ་པའི་སྐུ། ཡང་དག་དོན་ནི་དེ་ལས་འདས་པ་མེད། ཅེས་དང་། གསང་བདག་གྲུབ་པའི་དབང་ཕྱུག་གིས་མཛད་པའི་མི་འགྱུར་ཐིག་ལེའི་འགྲེལ་ལས། རང་སྣང་དག་པ་ལ་བོན་སྐུ་བདེ་བ་ཆེན་པོ། གཞན་སྣང་དག་པ་ལ་རྫོགས་སྐུ་མཚན་དང་ལྡན་པ། གདུལ་བྱ་སྣ་ཚོགས་ལ་སྤྲུལ་སྐུར་འཆར་བས། སྐུ་གསུམ་མཚན་དཔེ་རྫོགས་པའོ། བདེ་ཆེན་སངས་རྒྱས་ཡུམ་བཞི་ནི། བོན་སྐུའི་རྩལ་ལས་བོན་གྱི་སྐུ། མངོན་བྱང་གི་སྐུ། བདེ་བ་ཆེན་པོའི་སྐུ། ངོ་བོ་ཉིད་ཀྱི་སྐུ་དང་བཞིར་སྣང་བས་དོན་ལ་བོན་སྐུའོ། ཁྲོ་མོ་བརྒྱད་དང་གསང་མཆོག་རིགས་བཞི་ནི། རྫོགས་པའི་སྐུའོ། འདོད་ཡོན་བཅུ་གཉིས་ལ་སོགས་པ་སྤྲུལ་པའི་སྐུའོ། ཞེས་གསུངས་པ་ལྟར་རོ། སྣང་བཅས་རྫོགས་སྐུ་དང་སྤྲུལ་སྐུའི་ལྷ་ཚོགས་ཀྱི་ཁོངས་ལྷ་ཚོགས་ཀྱི་བཀོད་པ་ཇི་སྙེད་ཅིག་བཞུགས་ཀྱང་དེ་དག་གི་ནང་ནས་སྣང་བཅས་རྫོགས་པའི་སྐུ་བཞི་ཡི་ངོ་བོར་གྱུར་པའི་གསང་མཆོག་རིགས་བཞི་སྒྲུབ་བྱེད་ཀྱི་ཁྲིད་བཞི་ནི། གསང་མཆོག་རིག་པའི་ཁུ་བྱུག་ཀྱི་ཁྲིད་དང་། གསང་མཆོག་གསང་བའི་རྒྱལ་པོའི་ཁྲིད། གསང་མཆོག་གསང་བའི་ཡེ་ཤེས་ཀྱི་ཁྲིད། གསང་མཆོག་གསང་བའི་གཡུང་དྲུང་གི་ཁྲིད་རྣམས་སོ། དེ་རྣམས་ཀྱི་ངོ་སྤྲོད་འབྲས་བུ་རྫོགས་སངས་རྒྱས་པའི་རྒྱུད་དང་ལུང་གཞི་དབང་བཞི་ལྷུན་གྲུབ་ཀྱི་དབང་བྱང་ལས་གསལ་བས་དེར་གཟིགས་པར་མཛོད། གསང་མཆོག་རིག་པའི་ཁུ་བྱུག་བྱ་བ་ག་འདྲ་ཞིག་ལ་ངོས་འཛིན་དགོས་སམ་ཞེ་ན། རྒྱུད་མ་སྨིན་པ་སྨིན་པར་བྱེད་པའི་དབང་དང་དམ་ཚིག་གིས་གཞི་བཟུང་། རང་གིས་དད་བརྩོན་གཉིས་ཀྱིས་རྒྱབ་ནས་བསྐོར། གྲོལ་ལམ་ནས་གསུངས་པའི་སྤར་གསུམ་འདུལ་གསུམ་དང་། འདུས་བྱས་སེམས་ཀྱི་བཙལ་ཐབས་ཀྱི་རིམ་པ་རྣམས་བསྟེན། འདུས་མ་བྱས་པར་ཀློད་ནས་བདེན་པའི་ཐིག་ལེ་ལ་མྱོང་བ་ཐོན་པར་བྱས། བླ་མའི་བརྡ་ཐབས་རྟེན་འབྲེལ་གྱི་གནད་ཀྱིས་ཐིག་ལེ་གཅིག་ལ་དཔེ་བརྒྱད་ཀྱི་ལམ་ནས་ངོ་སྤྲོད་བཏབ། མི་ནོར་དོན་གྱི་ཆིངས་དང་དགོངས་པའི་བོག་འདོན་གྱི་རིམ་པ་རྣམས་གཞུང་ལས་གསལ་བ་ཇི་བཞིན་གྲུབ། གཞི་དྲུག་གི་ཉམས་ལེན་གནད་དུ་བསྣུན། ལམ་དྲུག་གི་དགོངས་པ་གཏན་ལ་ཕབས། དུས་བཞི་མཉམ་སྦྱོར་གྱི་ཉམས་ལེན་གཞུང་ལས་གསུངས་པ་ཇི་བཞིན་གྲུབ། རྩ་བ་ཉམས་ལེན་དཔའ་བོ་གཡུལ་དུ་བཞུགས། ཐབས་བསྐྱེད་རྫོགས་ཀྱི་མཁར་བ་གྲོགས་སུ་སྦྲེལ། མཐར་ཐུག་འབྲས་དྲུག་གི་དགོངས་པ་རང་ལ་འཆར་བའི་ཚེ། གཏི་མུག་གི་མཚན་མ་རང་སར་དག་པའི་རང་འབྱུང་གི་རིག་པ་ཟང་ཐལ་དེ་དང་། སྒྲིབ་བྱེད་མེད་པར་མེ་ལོང་གི་ནང་དུ་གཟུགས་བརྙན་ཤར་བ་ཇི་བཞིན་སྣང་སྲིད་ཀྱི་བཀོད་པ་རྣམས་སྐྱུ་རུ་ར་ལག་མཐིལ་དུ་བཞག་པ་ལྟར་གསལ་བར་གཟིགས་པའི་མེ་ལོང་ལྟ་བུའི་ཡེ་ཤེས་དེ་དང་། མཚེར་པ་སའི་ཁམས་རང་སར་དག་པའི་རང་འབྱུང་གི་རིག་པ་ཟང་ཐལ་དེ་དང་། མ་རིག་འཁྲུལ་པའི་བདུད་དང་སྐྱེ་བའི་བདུད་གཉིས་རང་སར་གྲོལ་བའི་རང་འབྱུང་གི་རིག་པ་ཟང་ཐལ་དེ་དང་། དེའི་རྩལ་ལས་ཆུ་ལས་ཆུ་ལྦུར་བརྡོལ་བ་ཇི་བཞིན་ཤར་བའི་མཚན་དཔེས་བརྒྱན་པའི་སྐུ་མཆོག་རྒྱུད་གསུམ་གྱི་གཞུང་ནང་གསལ་བའི་སྣང་བཅས་རྫོགས་པའི་སྐུ་རུ་གྲུབ་པའི་རིག་པའི་ཁུ་བྱུག་དེ་རྣམས་ལ་གསང་མཆོག་རིག་པའི་ཁུ་བྱུག་བྱ་བ་ཡིན། གཏི་མུག་གི་དབང་དུ་མ་སོང་བར་སེམས་མ་བཅོས་པའི་ངང་ལ་སོ་མ་རང་ལུགས་སུ་རིག་པའི་ཐིག་ལེ་གསལ་ལ་རང་བཞིན་མེད་པ་རིག་པ་རྟོག་མེད་བསམ་བརྗོད་དང་བྲལ་བ་དེ་གསང་མཆོག་རིག་པའི་ཁུ་བྱུག་གི་ཐུགས་ཉིད་ཡིན་པ་དེ་ལ་རིག་པ་རྩེ་གཅིག་ཏུ་མཉམ་པར་བཞག་ནས་ཐུན་སྒོམ་དང་ངང་སྒོམ་ཀློང་སྒོམ་བཅས་ཀྱི་རྒྱུན་བསྲིང་བ་ནི་དོན་གྱི་རིག་པའི་ཁུ་བྱུག་མངོན་དུ་བྱེད་པའི་ཐབས་ཡིན་ལ། འདི་ལ་གོམས་པ་མཐར་ཐུག་ན་རང་རིག་མངོན་དུ་གྱུར་ནས་རིག་པ་རྩེ་གཅིག་ཏུ་འཆར་ཞིང་རིག་པ་དེ་ལས་སྤྲུལ་པའི་སྐུ་མཆོག་རྫོགས་སྐུ་མཚན་དཔེས་བརྒྱན་པའི་སྣང་བཅས་རིག་པའི་ཁུ་བྱུག་དང་ཞིང་ཁམས་ཀྱི་བཀོད་པ་ཇི་སྙེད་ཅིང་སྤྲུལ་ཅིང་འཆར་ལ། འདོད་ཡོན་ལྷ་མོ་བཅུ་གཉིས་དང་ཚད་མེད་ཡུམ་ཆེན་ལ་སོགས་རང་བཞིན་གྱིས་ཐོབ་པར་གྱུར་བས། འདི་ལ་གོམས་པ་མཐར་ཐུག་ན་སྤྲུལ་པའི་སྐུའི་ས་ནོན་ཞེས་པའི་དོན་ཡང་དེའོ། ལམ་དྲུག་གི་སྐབས་སུ་ཡང་ལམ་ཀྱི་འཆར་སྒོ་ཇི་སྙེད་ཅིག་བྱུང་བ་ཡང་རང་རྒྱུད་ཀྱི་རིག་པའི་ཐིག་ལེ་གསལ་ལ་རང་བཞིན་མེད་པ་དེ་ལས་སྤྲུལ་ཞིང་འབྱུང་ལ། མ་རྟོགས་པའི་སྐབས་སུ་ཡང་ཕུང་པོ་ཁམས་དང་སྐྱེ་མཆེད་ཀྱི་བཀོད་པ་ཇི་སྙེད་ཅིག་འབྱུང་བ་ཐམས་ཅད་རང་རྒྱུད་ཀྱི་རིག་པའི་ཐིག་ལེ་གསལ་ལ་རང་བཞིན་མེད་པ་དེ་ལས་དེ་ལས་སྤྲུལ་ཞིང་འཆར་བའོ། གསང་མཆོག་གསང་བའི་རྒྱལ་པོ་བྱ་བ་ག་འདྲ་ཞིག་ལ་ངོས་འཛིན་དགོས་སམ་ཞེ་ན། རྒྱུད་མ་སྨིན་པ་སྨིན་པར་བྱེད་པའི་དབང་གིས་གཞི་བཟུང་། རང་གིས་དད་བརྩོན་གཉིས་ཀྱིས་རྒྱབ་ནས་བསྐོར། གྲོལ་ལམ་ནས་གསུངས་པའི་སྤར་གསུམ་འདུལ་གསུམ་དང་། འདུས་བྱས་སེམས་ཀྱི་བཙལ་ཐབས་ཀྱི་རིམ་པ་རྣམས་བསྟེན། འདུས་མ་བྱས་པར་ཀློད་ནས་བདེན་པའི་ཐིག་ལེ་ལ་མྱོང་བ་ཐོན་པར་བྱས། བླ་མའི་བརྡ་ཐབས་རྟེན་འབྲེལ་གྱི་གནད་ཀྱིས་ཐིག་ལེ་གཅིག་ལ་དཔེ་བརྒྱད་ཀྱི་ལམ་ནས་ངོ་སྤྲོད་བཏབ། མི་ནོར་དོན་གྱི་ཆིངས་དང་དགོངས་པའི་བོག་འདོན་གྱི་རིམ་པ་རྣམས་གཞུང་ལས་གསལ་བ་ཇི་བཞིན་གྲུབ། གཞི་དྲུག་གི་ཉམས་ལེན་གནད་དུ་བསྣུན། ལམ་དྲུག་གི་དགོངས་པ་གཏན་ལ་ཕབས། དུས་བཞི་མཉམ་སྦྱོར་གྱི་ཉམས་ལེན་གཞུང་ལས་གསུངས་པ་ཇི་བཞིན་གྲུབ། རྩ་བ་ཉམས་ལེན་དཔའ་བོ་གཡུལ་དུ་བཞུགས། ཐབས་བསྐྱེད་རྫོགས་ཀྱི་མཁར་བ་གྲོགས་སུ་སྦྲེལ། མཐར་ཐུག་འབྲས་དྲུག་གི་དགོངས་པ་རང་ལ་འཆར་བའི་ཚེ། ང་རྒྱལ་གྱི་མཚན་མ་རང་སར་དག་པའི་རང་འབྱུང་གི་རིག་པ་ཟང་ཐལ་དེ་དང་། བདག་གཞན་བྱ་བ་མ་བརྩལ་བར་ཐམས་ཅད་ལྷུན་གྱིས་གྲུབ་པའི་བྱ་བ་ནན་ཏན་གྱི་ཡེ་ཤེས་དང་། ཕུང་པོ་ལུས་ལེན་དང་རྒས་པའི་བདུད་གཉིས་རང་སར་ཞི་བའི་རང་འབྱུང་གི་རིག་པ་ཟང་ཐལ་དེ་དང་། གློ་བ་རླུང་གི་ཁམས་རང་སར་ཞི་བའི་རང་འབྱུང་གི་རིག་པ་ཟང་ཐལ་དེ་དང་། དེ་རྣམས་ཀྱི་རྩལ་ལས་ཆུ་ལས་ཆུ་ལྦུར་བརྡོལ་བ་ཇི་བཞིན་རྒྱུད་གསུམ་གྱི་གཞུང་ནས་གསུངས་པའི་མཚན་དཔེས་བརྒྱན་པའི་སྐུ་མཆོག་སྣང་བཅས་རྫོགས་པའི་སྐུ་རུ་གྲུབ་པའི་གསང་བའི་རྒྱལ་པོ་དེ་རྣམས་ལ་གསང་མཆོག་གསང་བའི་རྒྱལ་པོ་ཞེས་བྱ་བ་ཡིན། ང་རྒྱལ་གྱི་དབང་དུ་མ་སོང་བར་སེམས་མ་བཅོས་པའི་ངང་ལ་སོ་མ་རང་ལུགས་སུ་ཡེ་ཉིད་ཐིག་ལེ་གསལ་བ་དེ་བཞིན་ཉིད་ཀྱི་སྐུ་རུ་གྱུར་བ་རིག་པ་རྟོག་མེད་བསམ་བརྗོད་དང་བྲལ་བ་དེ་གསང་མཆོག་གསང་བའི་རྒྱལ་པོའི་ཐུགས་ཉིད་ཡིན་པ་དེ་རང་ལ་ཡེ་ནས་རྫོགས་པས། རིག་པ་རྩེ་གཅིག་ཏུ་མཉམ་པར་བཞག་ནས་ཐུན་སྒོམ་དང་ངང་སྒོམ་ཀློང་སྒོམ་བཅས་ཀྱི་རྒྱུན་བསྲིང་བ་ནི་དོན་གྱི་གསང་བའི་རྒྱལ་པོ་མངོན་དུ་བྱེད་པའི་ཐབས་ཡིན་ལ། འདི་ལ་གོམས་པ་མཐར་ཐུག་ན་རང་རིག་མངོན་དུ་གྱུར་ནས་རྣམ་པར་རྟོག་པའི་སྤྲིན་ཚོགས་རྣམས་རང་སངས་སུ་གྱུར་ནས་ཡོན་ཏན་ཐམས་ཅད་ལྷུན་ལ་རྫོགས་ཤིང་མཚན་དཔེས་བརྒྱན་པའི་ལོངས་སྐུ་གསང་རྒྱལ་གྱི་སྐུ་མཆོག་ཀྱང་འདི་ལ་རྫོགས་ལ། འདི་ལ་གོམས་པ་མཐར་ཐུག་ན་རྫོགས་སྐུའི་ས་ནོན་ཞེས་པའི་དོན་ཡང་དེའོ། ལམ་དྲུག་གི་སྐབས་སུ་ཡང་ལམ་ཀྱི་འཆར་སྒོ་ཇི་སྙེད་ཅིག་བྱུང་བ་ཡང་རང་རྒྱུད་ཀྱི་ཡེ་ཉིད་ཐིག་ལེ་འདི་ལ་རྫོགས། མ་རྟོགས་པའི་སྐབས་སུ་ཡང་རང་རྒྱུད་ཀྱི་ཡེ་ཉིད་ཐིག་ལེ་འདི་ལ་ཕུང་པོ་ཁམས་དང་སྐྱེ་མཆེད་ཀྱི་བཀོད་པ་ཇི་སྙེད་ཅིག་རང་ཆས་སུ་རྫོགས་པའོ། གསང་མཆོག་གསང་བའི་ཡེ་ཤེས་བྱ་བ་ག་འདྲ་ཞིག་ལ་ངོས་འཛིན་པ་ཡིན་ནམ་ཞེ་ན། སྔོན་དུ་འགྲོ་བའི་རིམ་པ་ནི་གོང་དང་མཚུངས་ལ། མཐར་འབྲས་དྲུག་མངོན་དུ་གྱུར་པའི་ཚེ། འདོད་ཆགས་ཀྱི་མཚན་མ་རང་སར་དག་པའི་རང་འབྱུང་གི་རིག་པ་ཟང་ཐལ་དེ་དང་། བོན་ཅན་གྱི་རང་བཞིན་རྣམས་སྟོང་པའི་རང་གཟུགས་སུ་སོ་སོ་ནས་གསལ་ལ་མ་འདྲེས་པར་རྟོགས་པའི་སོ་སོར་རྟོགས་པའི་ཡེ་ཤེས་དེ་དང་། ཆགས་འཁོར་ཉོན་མོངས་པའི་བདུད་དང་ན་བའི་བདུད་གཉིས་རང་སར་གྲོལ་བའི་རང་འབྱུང་གི་རིག་པ་ཟང་ཐལ་དེ་དང་། མཆིན་པ་མེའི་ཁམས་རང་སར་ཞི་བའི་རང་འབྱུང་གི་རིག་པ་ཟང་ཐལ་དེ་དང་། དེ་རྣམས་ཀྱི་རྩལ་ལས་འབད་མེད་ལྷུན་གྲུབ་ཀྱི་ཆེ་བ་རུ་ཆུ་ལས་ཆུ་ལྦུར་བརྡོལ་བ་ཇི་བཞིན་གདུལ་བྱའི་འཕྲིན་ལས་ཀྱི་དཔལ་དུ་ཤར་བ་རྒྱུད་གསུམ་གྱི་གཞུང་ནང་གསལ་བའི་མཚན་དཔེས་བརྒྱན་པའི་སྐུ་མཆོག་སྣང་བཅས་རྫོགས་པའི་སྐུ་རུ་གྱུར་པའི་གསང་བའི་ཡེ་ཤེས་དེ་རྣམས་ལ་གསང་མཆོག་གསང་བའི་ཡེ་ཤེས་ཞེས་བྱ་བ་ཡིན། འདོད་ཆགས་ཀྱི་དབང་དུ་མ་སོང་བར་སེམས་མ་བཅོས་པའི་ངང་ལ་སོ་མ་རང་ལུགས་སུ་བསམ་གཏན་ཐིག་ལེ་རིག་པ་རྟོག་མེད་བསམ་བརྗོད་དང་བྲལ་བ་དེ་གསང་མཆོག་གསང་བའི་ཡེ་ཤེས་ཀྱི་ཐུགས་ཉིད་ཡིན་པ་དེ་ལ་རིག་པ་རྩེ་གཅིག་ཏུ་མཉམ་པར་བཞག་ནས་ཐུན་སྒོམ་དང་ངང་སྒོམ་ཀློང་སྒོམ་བཅས་ཀྱི་རྒྱུན་བསྲིང་བ་ནི་དོན་གྱི་གསང་བའི་ཡེ་ཤེས་མངོན་དུ་བྱེད་པའི་ཐབས་ཡིན་ལ། འདི་ལ་གོམས་པ་མཐར་ཐུག་ན་རང་རིག་མངོན་དུ་གྱུར་ནས་རིན་པོ་ཆེའི་གསེར་གླིང་དུ་ཕྱིན་པའི་དཔེ་ལྟར་གང་ཤར་ཐམས་ཅད་བོན་སྐུའི་རང་གཟུགས་སུ་ཤར་ལ། སྟོང་པའི་རང་རྩལ་ལས་བཞེངས་པའི་མཚན་དཔེས་བརྒྱན་པའི་གསང་བའི་ཡེ་ཤེས་ཀྱི་སྐུ་མཆོག་ཀྱང་བོན་སྐུའི་རང་གཟུགས་སུ་ཤར་བ་ཡིན་པས། འདི་ལ་གོམས་པ་མཐར་ཐུག་ན་བོན་སྐུའི་ས་ནོན་ཞེས་པའི་དོན་ཡང་དེའོ། ལམ་དྲུག་གི་སྐབས་སུ་ཡང་ལམ་ཀྱི་འཆར་སྒོ་ཇི་སྙེད་ཅིག་བྱུང་བ་ཡང་རང་རྒྱུད་ཀྱི་བསམ་གཏན་ཐིག་ལེ་འདི་ཡི་རང་གཟུགས་ཡིན་ལ། མ་རྟོགས་པའི་སྐབས་སུ་ཡང་རང་རྒྱུད་ཀྱིས་བསྡུས་པའི་ཕུང་པོ་ཁམས་དང་སྐྱེ་མཆེད་ཀྱི་བཀོད་པ་ཐམས་ཅད་བསམ་གཏན་ཐིག་ལེ་འདི་ཉིད་ཀྱི་རང་གཟུགས་སུ་གྲུབ་པའོ། གསང་མཆོག་གསང་བའི་གཡུང་དྲུང་བྱ་བ་ག་འདྲ་ཞིག་ལ་ངོས་འཛིན་པ་ཡིན་ནམ་ཞེ་ན། སྔོན་དུ་འགྲོ་བའི་རིམ་པ་ནི་གོང་དང་མཚུངས་ལ། མཐར་འབྲས་དྲུག་མངོན་དུ་གྱུར་པའི་ཚེ། ཕྲག་དོག་གི་མཚན་མ་རང་སར་དག་པའི་རང་འབྱུང་གི་རིག་པ་ཟང་ཐལ་དེ་དང་། བཟང་ངན་ཆེ་ཆུང་མི་འབྱེད་པར་འཁོར་འདས་ཐམས་ཅད་མཉམ་པ་ཉིད་དུ་མཁྱེན་པའི་མཉམ་པ་ཉིད་ཀྱི་ཡེ་ཤེས་དེ་དང་། འཆི་བདག་ལས་བཙན་དང་འཆི་བའི་བདུད་གཉིས་རང་སར་ཞི་བའི་རང་འབྱུང་གི་རིག་པ་ཟང་ཐལ་དེ་དང་། མཁལ་མ་ཆུའི་ཁམས་རང་སར་དག་པའི་རང་འབྱུང་གི་རིག་པ་ཟང་ཐལ་དེ་དང་། དེ་རྣམས་ཀྱི་རྩལ་ལས་འབད་མེད་ལྷུན་གྲུབ་ཀྱི་ཆེ་བ་རུ་ཆུ་ལས་ཆུ་ལྦུར་བརྡོལ་བ་ཇི་བཞིན་གདུལ་བྱའི་འཕྲིན་ལས་ཀྱི་དཔལ་དུ་ཤར་བ་རྒྱུད་གསུམ་གྱི་གཞུང་ནང་གསལ་བའི་མཚན་དཔེས་བརྒྱན་པའི་སྐུ་མཆོག་སྣང་བཅས་རྫོགས་པའི་སྐུ་རུ་གྱུར་པའི་གསང་བའི་གཡུང་དྲུང་དེ་རྣམས་ལ་གསང་མཆོག་གསང་བའི་གཡུང་དྲུང་ཞེས་བྱ་བ་ཡིན། ཕྲག་དོག་གི་དབང་དུ་མ་སོང་བར་སེམས་མ་བཅོས་པའི་ངང་ལ་སོ་མ་རང་ལུགས་སུ་སེམས་ཉིད་ཐིག་ལེ་ཅིར་ཡང་མ་བཅོས་པ་རིག་པ་རྟོག་མེད་བསམ་བརྗོད་དང་བྲལ་བ་དེ་གསང་མཆོག་གསང་བའི་གཡུང་དྲུང་གི་ཐུགས་ཉིད་ཡིན་པ་དེ་ལ་རིག་པ་རྩེ་གཅིག་ཏུ་མཉམ་པར་བཞག་ནས་ཐུན་སྒོམ་དང་ངང་སྒོམ་ཀློང་སྒོམ་བཅས་ཀྱི་རྒྱུན་བསྲིང་བ་ནི་དོན་གྱི་གསང་བའི་གཡུང་དྲུང་མངོན་དུ་བྱེད་པའི་ཐབས་ཡིན་ལ། འདི་ལ་གོམས་པ་མཐར་ཐུག་ན་གསང་སྔགས་འདི་ཡི་ལུགས་ལ་རྩོལ་བཅས་ཀྱི་མཚན་མ་རང་སར་དེངས་བས་བློ་ཡིས་སྒོམ་པ་དང་བྲལ་ཞིང་གང་ཡང་སྒོམ་མེད་ཀྱི་རང་བཞིན་དུ་ཤར་ལ། སྟོང་པའི་རང་རྩལ་ལས་བཞེངས་པའི་མཚན་དཔེས་བརྒྱན་པའི་སྣང་བཅས་གསང་བའི་གཡུང་དྲུང་གི་སྐུ་མཆོག་ཀྱང་བློས་བྱས་ཀྱི་སྒོམ་པ་ལ་མ་ལྟོས་པར་འབད་མེད་ལྷུན་གྲུབ་ཏུ་ཤར་བས། འདི་ལ་གོམས་པ་མཐར་ཐུག་ན་གསང་སྔགས་འདི་ཡི་ལུགས་ལ་དཀྱིལ་འཁོར་རབ་འབྱམས་རྒྱ་མཚོའི་བཀོད་པ་རྣམས་རྩོལ་མེད་ངང་གིས་བདེ་བླག་ཏུ་ཤར་བ་ཡིན་པས་ན། བདེ་ཆེན་གྱི་ས་ནོན་ཞེས་པའི་དོན་ཡང་དེའོ། དོན་དུ་འབྲས་བུ་སད་སྟོར་འབྱམས་གསུམ་དང་བྲལ་བའི་དོན་ནོ། ལམ་དྲུག་གི་སྐབས་སུ་ཡང་རང་རྒྱུད་ཀྱི་སེམས་ཉིད་ཐིག་ལེ་དེ་ནི་བློ་འདས་ཡིན་པས་བདེ་བའི་རང་བཞིན་དུ་གནས་ལ། དོན་དུ་ལོག་དམན་འཁྱར་གསུམ་གྱི་དབང་དུ་གྱུར་མ་མྱོང་བས་བདེ་བའོ། མ་རྟོགས་པའི་སྐབས་སུ་ཡང་རང་རྒྱུད་ཀྱི་སེམས་ཉིད་ཐིག་ལེ་དེ་ནི་མ་བཅོས་པའི་ངོ་བོར་གནས་པས་བདེ་ལ། དོན་དུ་འདི་ལ་འཁྲུལ་སྒྲིབ་གོལ་གསུམ་གྱི་སྐྱོན་གྱིས་གོས་མ་མྱོང་བས་བདེ་བའོ། ངོ་སྤྲོད་པའི་ཚུལ་ནི། ལུང་བཞི་དབང་བཞི་ལྷུན་གྲུབ་དང་འབྲས་བུ་རྫོགས་སངས་རྒྱས་པའི་རྒྱུད་ཀྱིས་དགོངས་དོན་ལྟར་ན། རྒྱལ་བ་ཀུན་ཏུ་བཟང་པོས་གར་ཁྱབ་ལ་གསང་མཆོག་རིགས་བཞིས་ཁྱབ་ལ། དེ་ཡང་རྟེན་གྱི་གང་ཟག་དེ་ཉིད་ཐ་མལ་གྱི་སྣང་ཞེན་རགས་པས་བཅིངས་པའི་གནས་སྐབས་སུ་གང་ཟག་དེའི་རྒྱུད་ཀྱིས་བསྡུས་པའི་རང་འབྱུང་གི་རིག་པ་ཟང་ཐལ་གྱི་ངོ་བོར་གནས་པའི་རིག་པའི་ཐིག་ལེ་དང་བསམ་གཏན་ཐིག་ལེ་ཡེ་ཉིད་ཐིག་ལེ་སེམས་ཉིད་ཐིག་ལེ་བཞི་པོ་དེ་རྣམས་གཞི་གནས་ཀྱི་རིག་པའི་བདག་ཉིད་དུ་བཞུགས་པས་གཞི་དུས་ཀྱི་གསང་མཆོག་རིགས་བཞི་རང་རྒྱུད་ལ་རྫོགས་ལ། དེ་ལྟར་རང་རྒྱུད་ལ་གཞི་དུས་ཀྱི་གསང་མཆོག་རིགས་བཞི་རང་ཆས་སུ་རྫོགས་པའི་གནད་ཀྱིས། བླ་མའི་བརྡ་ཐབས་རྟེན་འབྲེལ་གྱི་ཐབས་ཟབ་མོ་ལ་བརྟེན་ནས། རྩལ་ཤར་གྱི་རིག་པའི་ཡེ་ཤེས་ཀྱི་ངོ་བོར་ཐིག་ལེ་དེ་བཞི་དང་ལྡན་པས་ལམ་དུས་ཀྱི་གསང་མཆོག་རིགས་བཞི་མངོན་དུ་གྱུར་ལ། མཐར་འབྲས་དྲུག་གི་དགོངས་པ་ཤར་བའི་ཚེ། རྟེན་གྱི་རྣལ་འབྱོར་པ་དེ་ཉིད་ཐེག་པ་འདི་ཡི་ལུགས་ལ་ཞེ་སྡང་དང་གཏི་མུག་དང་ང་རྒྱལ་དང་འདོད་ཆགས་དང་ཕྲག་དོག་གི་མཚན་མའི་ཚོགས་རྣམས་དང་། ཐ་མལ་གྱི་སྣང་ཞེན་ཕྲ་རགས་དང་བཅས་པ་ཐམས་ཅད་དག་པས་མཐར་ཐུག་གི་གསང་མཆོག་རིགས་བཞི་མངོན་དུ་གྱུར་པའོ།
སྣང་བཅས་སྐུ་བཞི་དང་ཁྲིད་བཞི་ངོས་འཛིན་པའི་བཀའ་རྒྱུད་ཀྱི་ཁུངས།
འབྲས་བུ་རྫོགས་སངས་རྒྱས་པའི་རྒྱུད་ཀྱི་ལེའུ་བདུན་པ་དང་བརྒྱད་དགུ་པ་བཅུ་པ་རྣམས་སུ་རྒྱས་པར་གསལ་བས་ཡིག་ཚོགས་མང་གིས་དྭོགས་ནས་འདིར་བཀོད་པའི་ངལ་བ་མ་བྱས། གཞི་ཡེ་སངས་རྒྱས་པའི་རྒྱུད་མི་འགྱུར་ཐིག་ལེ་བསྟན་པའི་ལེའུ་དྲུག་པ་ལས། གསང་མཆོག་རྒྱལ་པོ་བདེ་ཆེན་བོན་གྱི་སྐུ། སངས་རྒྱས་ཡུམ་ལྔ་བོན་སྐུའི་ཡོན་ཏན་མཚོན། གསང་མཆོག་རིགས་བཞི་ཁྲོ་མོ་ལོངས་སྤྱོད་རྫོགས། འདོད་སྤྱོད་ཐུགས་རྗེ་ཚད་རྒྱུན་སྤྲུལ་པའི་སྐུ། ཡང་དག་དོན་ནི་དེ་ལས་འདས་པ་མེད། ཅེས་དང་། མི་འགྱུར་ཐིག་ལེའི་འགྲེལ་ལས། ཁྲོ་མོ་བརྒྱད་དང་གསང་མཆོག་རིགས་བཞི་ནི་རྫོགས་པའི་སྐུའོ། ཞེས་དང་། ལུང་གཞི་དབང་བཞི་ལྷུན་གྲུབ་ཀྱི་དབང་བྱང་ལས། ཁྲིད་བརྒྱད་གང་རུང་ཞིག་ནས་ཁྲིད་ལ། རིག་པའི་ཐིག་ལེ་གསལ་ལ་རང་བཞིན་མེད། གསང་མཆོག་རིག་པའི་ཁུ་བྱུག་ཐུགས་ཉིད་དེ། འདི་ལ་ཅོག་གིས་བཞག་པས་རིག་པ་རྩེ་གཅིག་ཏུ་འཆར་བས། སྤྲུལ་སྐུའི་ས་ནོན་དེ་ལ་སྒོམས་ཤིག་ཅེས་ངོ་སྤྲད་བཤད་པ་བཏང་ངོ་། ཡེ་ཉིད་ཐིག་ལེ་གསལ་བ་དེ་བཞིན་ཉིད། གསང་མཆོག་གསང་བའི་རྒྱལ་པོའི་ཐུགས་ཉིད་དེ། ལུང་རྣམས་ཡེར་གྱིས་ནོན་པས་སྤྲོས་པ་བྲལ། རང་ལ་རྫོགས་པས་རྫོགས་སྐུའི་ས་ནོན་ཞེས། དེ་ལ་བསྒོམ་ཞེས་ངོ་སྤྲད་དོ། བསམ་གཏན་ཐིག་ལེ་བདེ་བའི་ངང་ལ་གནས། གསང་མཆོག་གསང་བའི་ཡེ་ཤེས་ཐུགས་ཉིད་དེ། ངང་ཐག་བསྲིང་པས་ཐམས་ཅད་རོ་གཅིག་འདྲེས། བོན་གྱི་སྐུ་ཡིན་དེ་ལ་མ་ཡེངས་བསྒོམ། ཞེས་ངོ་སྤྲད་དོ། སེམས་ཉིད་ཐིག་ལེ་ཅིར་ཡང་མ་བཅོས་པས། གསང་མཆོག་གསང་བའི་གཡུང་དྲུང་ཐུགས་ཉིད་དེ། ཐེག་ཆེན་བླ་མེད་བསྒོམ་དུ་མེད་པར་རྟོགས། བདེ་ཆེན་སྐུ་ཡིན་དེ་ལ་མ་ཡེངས་བསྒོམ། ཞེས་ངོ་སྤྲད་དོ། ཞེས་དང་། འབྲས་བུ་རྫོགས་སངས་རྒྱས་པའི་རྒྱུད་ལས། གཏི་མུག་གནས་དག་མེ་ལོང་ཡེ་ཤེས་ཀྱིས། མ་རིག་འཁྲུལ་པ་སྐྱེ་བའི་བདུད་བཅོམ་ནས། གཡུང་དྲུང་རིགས་ཀྱི་ཞིང་ཁམས་ལྷུན་གྲུབ་ནས། གསང་མཆོག་ཁུ་བྱུག་སྐུ་རུ་སངས་རྒྱས་སོ། ང་རྒྱལ་གནས་དག་ནན་ཏན་ཡེ་ཤེས་ཀྱིས། ཕུང་པོ་ལུས་ལེན་རྒས་པའི་བདུད་བཅོམ་ནས། འཁོར་ལོ་རིགས་ཀྱི་ཞིང་ཁམས་ལྷུན་གྲུབ་ནས། གསང་མཆོག་རྒྱལ་པོའི་སྐུ་རུ་སངས་རྒྱས་སོ། འདོད་ཆགས་གནས་དག་སོར་རྟོགས་ཡེ་ཤེས་ཀྱིས། ཆགས་འཁོར་ཉོན་མོངས་ན་བའི་བདུད་བཅོམ་ནས། པད་མ་རིགས་ཀྱི་ཞིང་ཁམས་ལྷུན་གྲུབ་ནས། གསང་མཆོག་ཡེ་ཤེས་སྐུ་རུ་སངས་རྒྱས་སོ། ཕྲག་དོག་གནས་དག་མཉམ་ཉིད་ཡེ་ཤེས་ཀྱིས། འཆི་བདག་ལས་བརྩན་འཆི་བའི་བདུད་བཅོམ་ནས། རིན་ཆེན་རིགས་ཀྱི་ཞིང་ཁམས་ལྷུན་གྲུབ་ནས། གསང་མཆོག་གཡུང་དྲུང་སྐུ་རུ་སངས་རྒྱས་སོ། ཞེས་དང་། གཞི་ཡེ་སངས་རྒྱས་པའི་རྒྱུད་མི་འགྱུར་ཐིག་ལེ་བསྟན་པའི་ལེའུ་དྲུག་པ་ལས། ཡེ་ཤེས་དེའི་གཡུང་དྲུང་ཐོབ་པའི་ཚུལ། ཐིག་ལེའི་བཅུད་ལས་སངས་རྒྱས་སྐུར་གྲུབ་པས། ཡོངས་སུ་མཚོན་པའི་མཐའ་ལས་འདས་པ་ཡི། དེ་མཚོན་གཡུང་དྲུང་གྲུ་ཁུག་གཟུགས་སྣང་ཡང་། རྩེ་གཅིག་བདེ་ཆེན་ངང་ལ་ཅོག་གིས་བཞག། སྤྲོས་པའི་དངོས་བྲལ་དོན་དམ་ལུང་ཡང་མནན། ཐམས་ཅད་རོ་གཅིག་ངང་དུ་ཐག་ཀྱང་ཆོད། སྒོམ་མེད་རང་བཞིན་གནས་པའི་ཐེག་པ་ཆེ། དེ་ལྟར་གནས་པས་མི་འགྱུར་གཡུང་དྲུང་ཐོབ། ཅེས་དང་། མི་འགྱུར་ཐིག་ལེའི་འགྲེལ་ལས། གསུམ་པ་ཡེ་ཤེས་དེས་གཡུང་དྲུང་ཐོབ་པའི་ཚུལ་ནི། གཡུང་དྲུང་དེ་གང་ཞེ་ན། དུས་གསུམ་དུ་འགྱུར་བ་མེད་པ། ཡོངས་སུ་མཚན་མའི་མཐའ་ལས་འདས་པ་དེ་ལ་གདགས་སོ། དེ་ལྟར་མཚན་མེད་ཡིན་བཞིན་མོད། དངོས་པོ་ལྟེ་བ་གྲུ་ཁུག་དང་བཅས་པ་ཅི་ལ་བསྟན་ཞེ་ན། མཚན་མས་དོན་ལ་མཚོན་པའི་ཕྱིར་བསྟན་ཏེ། ལྟེ་བ་དང་བཅས་པ་ལྷ་གསང་མཆོག་མཐར་ཐུག་མཚོན་པའོ། གྲུ་ཁུག་དང་བཅས་པ་ལྷ་གསང་མཆོག་གསང་བའི་ཁུ་བྱུག་བྱ་བ། བདེ་བ་ཆེན་པོ་ལ་སྤྲོ་ཞིང་དང་བ་བསྐྱེད་པ་དང་། མཚན་མེད་ལ་ཅོག་གིས་བཞག་པའི་བརྡའོ། གསང་མཆོག་གསང་བའི་རྒྱལ་པོ་བྱ་བ་བདེ་བ་ཆེན་པོ་ལ་སྤྲོས་དང་བྲལ་བར་འཇུག་ཅིང་། དོན་དམ་གྱི་ལུང་ནོད་པའི་བརྡའོ། གསང་མཆོག་གསང་བའི་ཡེ་ཤེས་བྱ་བ། བདེ་བ་ཆེན་པོ་དེ་ལ་དུ་མ་རོ་གཅིག་ཏུ་བསྲེ་ཞིང་། བྱང་ཆུབ་སེམས་ལ་ངང་གིས་ཐག་ཆོད་པའི་བརྡའོ། གསང་མཆོག་གསང་བའི་གཡུང་དྲུང་བྱ་བ། བདེ་བ་ཆེན་པོ་ལ་བསྒོམ་ཞིང་སྤྱད་དུ་མེད་དེ། རང་བཞིན་ཉིད་ཀྱི་ཐེག་པ་ཆེན་པོར་གྲུབ་པའི་བརྡའོ། དེ་ལྟར་དངོས་པོ་བསྟན་པས་དངོས་མེད་ཡེ་ཤེས་རྙེད་པའི་ལྷའི་དོན་དེ་དག ཡེ་ཤེས་དེ་ལ་ལྷུན་གྱིས་གྲུབ་པས་ན། བདེ་བ་ཡེ་ཤེས་མི་འགྱུར་བའི་གཡུང་དྲུང་ཐོབ་པར་བསྟན་པའོ། ཞེས་དང་། ལམ་མངོན་སངས་རྒྱས་པའི་རྒྱུད་ལེའུ་བཞི་པ་འབྱུང་བའི་ཐིག་ལེ་བསྟན་པའི་ལེའུ་ལས། མཚན་བཅས་སྐུ་བཞི་དག་པའི་ལྷ་ཞལ་བལྟ། ཞེས་དང་། ལམ་མངོན་སངས་རྒྱས་པའི་རྒྱུད་ལེའུ་བཅུ་པ་ཐར་ལམ་རིན་པོ་ཆེ་བསྟན་པའི་ལེའུ་ལས། སྣང་བཅས་ཁྲིད་བཞིས་རྫོགས་སྐུ་སྤྲུལ་སྐུ་འཐོབ། ཅེས་དང་། ལམ་མངོན་སངས་རྒྱས་པའི་རྒྱུད་འབྲས་བུ་སྐུ་ལྔ་མཐར་ཐུག་བསྟན་པའི་ལེའུ་བཅུ་གསུམ་པ་ལས། དེ་ཕྱིར་གསང་ཆེན་གསང་མཆོག་མཐར་ཐུག་པ། ཅིར་ཡང་སྤྲུལ་སྐུ་ལོངས་སྤྱོད་རྫོགས་པའི་སྐུ། སྣང་བཅས་གཟུགས་སྐུའི་ངོས་ནས་བསྟན་པ་ཡིན། ཞེས་གསུངས་པ་རྣམས་སོ།
སྣང་མེད་སྐུ་བཞིའི་ཁྲིད་བཞི་ངོས་འཛིན།
སྣང་མེད་སྐུ་བཞིའི་ཁྲིད་བཞི་ཞེས་པ་ནི། རྩ་ཡི་མཁའ་འགྲོ་དབང་གི་ལྷ་མོ་གནས་དཀར་མ། རླུང་གི་མཁའ་འགྲོ་རྒོད་ལྕམ་གཙུག་གི་དོན་འབར་མ། ཐིག་ལེའི་མཁའ་འགྲོ་ཡུམ་ཆེན་ཐུགས་རྗེ་བྱམས་མ། ཡི་གེའི་མཁའ་འགྲོ་ཡུམ་ཆེན་ས་འཛིན་འོད་སངས་མ་དང་བཞི་ངོ་སྤྲོད་པ་དང་མངོན་དུ་འགྱུར་བྱེད་ཀྱི་ཐབས་སྟོན་པའི་ཁྲིད་རྣམ་པ་བཞི་ལ་ཟེར། དོན་ལ་སྣང་མེད་བོན་ཉིད་ཀྱི་སྐུ་དང་། མངོན་བྱང་གི་སྐུ། བདེ་ཆེན་གྱི་སྐུ། ངོ་བོ་ཉིད་ཀྱི་སྐུ་བཞི་ཐོབ་བྱེད་ཀྱི་ཐབས་སུ་གྱུར་པའི་ངོ་སྤྲོད་ཀྱི་ཁྲིད་རྣམ་པ་བཞི་ལ་ཟེར། མདོར་ན་བདེ་ཆེན་སངས་རྒྱས་ཡུམ་བཞི་མངོན་དུ་འགྱུར་བར་བྱེད་པའི་རྩ་རླུང་ཐིག་ལེ་ཡི་གེའི་ཁྲིད་བཞི་པོ་རྣམས་ཡིན་ནོ། དང་པོ་བོན་ཉིད་ཀྱི་སྐུ་ཡི་ངོ་བོ་དབང་གི་ལྷ་མོ་གནས་དཀར་མའི་སྐུ་གྲུབ་པར་བྱེད་པའི་རྩ་རླུང་ཐིག་ལེ་བཞི་ཡི་ནང་ཚན་རྩའི་ཁྲིད་ནི། སངས་རྒྱས་རྒྱུད་གསུམ་གྱི་ནང་ཚན་གཞི་ཡེ་སངས་རྒྱས་པའི་རྒྱུད་ལེའུ་བཞི་པ་བོན་ཉིད་ཐིག་ལེ་སྟོན་བྱེད་ཀྱི་གཞུང་གི་དཀྱུས་ཚིག་ཆ་ཚང་དང་། དེའི་འགྲེལ་རྒྱལ་རིགས་ཀྱི་གཤེན་པོ་མི་ལུས་བསམ་ལེགས་ཀྱིས་མཛད་པའི་བོན་ཉིད་ཐིག་ལེའི་འགྲེལ་རྩའི་དེ་ཉིད་བཞི་བཅུ་རྩ་ལྔ་སྟོན་བྱེད་ཀྱི་འགྲེལ་འདི་གཉིས་ཡིན། དེ་ལྟར་ཡིན་པའི་རྒྱུ་མཚན་ནི་གཞུང་འགྲེལ་དེ་རྣམས་ལས་ཐོག་མར་བོན་ཉིད་ངོས་འཛིན་དང་། བོན་ཉིད་དེ་ཐིག་ལེ་ཉག་གཅིག་ཏུ་གྲུབ་པའི་ཚུལ་དང་། བོན་ཉིད་ཀྱི་སྐུ་དེ་ལ་ཡེ་ཤེས་གནས་པའི་ཚུལ་དང་། ཡེ་ཤེས་དབྱིངས་ལ་ལོངས་སུ་སྤྱོད་ཚུལ་དང་། དབྱིངས་ལས་རྫོགས་པའི་ཞིང་ཁམས་བྱུང་ཚུལ། ཞིང་ཁམས་ཀྱི་དཀྱིལ་འཁོར་གསུམ་དུ་འཆར་ཚུལ་དང་བཅས་རྩ་བའི་ས་བཅད་ལྔའི་ཆིངས་ཀྱིས་བཅིངས་ནས་བསྟན་ལ། བོན་ཉིད་ཀྱི་སྐུའི་རྩལ་ལས་རྩ་གྲུབ་ཚུལ་དང་། རང་རིག་པའི་ཡེ་ཤེས་ཀྱི་རྩལ་ལས་རླུང་གཡོས་ཚུལ། རླུང་གིས་རྩ་སྦུབས་ཕྱེ་ཚུལ། རྩ་སྦུབས་སུ་ཐིག་ལེ་གནས་ཚུལ། ཐིག་ལེ་ལ་རང་འབྱུང་གི་ལྷ་གནས་ཚུལ། ཁྱད་པར་དུ་ཐེག་པ་ཆེན་པོ་གསང་སྔགས་མ་རྒྱུད་ཀྱི་འདིའི་དགོངས་པ་ལ། ཡེ་ཤེས་རྒྱུ་བའི་རྩ་ལྔ། འོད་རྒྱུ་བའི་རྩ་ལྔ། རླུང་རྒྱུ་བའི་རྩ་ལྔ། ཁྲག་རྒྱུ་བའི་རྩ་ལྔ། ཐིག་ལེ་དྭངས་མ་རྒྱུ་བའི་རྩ་ལྔ། དེ་ལས་གྱེས་པའི་རྩ་བརྒྱ་དང་རྩ་བརྒྱད། དེ་ལས་ཕྱི་ནང་བར་གསུམ་གྱི་མཚོན་རྩ་སུམ་བརྒྱ་དྲུག་ཅུ། དེ་ལས་མགོ་ཡན་ལག་གི་རྩ་ཆེན་བདུན་བརྒྱ་ཉི་ཤུ། དེ་ལས་རླུང་མཁྲིས་བད་ཀན་འདུ་བའི་རྩ་བརྒྱད་ཁྲི་བཞི་སྟོང་། དེ་ལས་ཕྲ་མོའི་རྩ་ཕྲན་བདུན་འབུམ་ཉིས་ཁྲི་གྱེས་ཚུལ་གྱི་རིམ་པ་དང་། ཁྱད་པར་དུ་སྙིང་གི་དཀྱིལ་ན་རྩ་ཡི་རྒྱལ་པོ་ཤེལ་ཀང་ཀ་རི་འདྲ་བ། རིང་ཐུང་ཚོན་གང་བ་ཕྲ་སྦོམ་རྟ་རྔ་བཅུ་ཚལ་ཙམ། དེ་ནི་ཡེ་ཤེས་གཉུག་མའི་རྩ་དང་རང་འབྱུང་རིག་པའི་རྟེན་གསང་མཆོག་མཐར་ཐུག་གི་ངོ་བོར་ཡོད་ཚུལ། དེ་ལས་གྱེས་པའི་ཡེ་ཤེས་སྡོང་པོ་གསུམ་གཡས་དཀར་གཡོན་དམར་དབུས་མཐིང་དང་གསུམ་སྟོང་གསལ་བདེ་བའི་ངོ་བོར་ཡོད་ཚུལ་དང་། སྙིང་གི་རྩ་དེ་ལས་བློན་པོའི་རྩ་བཞི་གྱེས་པ་ཐིག་ལེའི་དྭངས་མ་ཆུའི་ཐིག་ཕྲན་ལྟ་བུ་རྒྱུ་བའི་རྩ། སྲིད་པ་གཞི་འཛིན་ཞེས་བྱ་བ་དབང་གི་ལྷ་མོ་གནས་དཀར་མའི་ངོ་བོར་ཡོད་ཚུལ་དང་། མདངས་སམ་འོད་ཀྱི་དྭངས་མ་ཁ་དོག་སྣ་ཚོགས་སུ་གསལ་བ། གཞའ་ཚོན་ལྟ་བུའི་རྩ་དབང་པོ་གསལ་བྱེད་ཅེས་བྱ་བ་ཡུམ་ཆེན་ས་འཛིན་འོད་སངས་མའི་ངོ་བོར་ཡོད་ཚུལ་དང་། དབང་གི་དབུགས་ཀྱི་དྭངས་མ་ས་ལེ་སྦྲམ་ས་འོག་ཏུ་བཅུག་པའི་རླངས་པ་ལྟ་བུའི་རྩ། འཁོར་ལོ་བསྒྱུར་བྱེད་ཅེས་བྱ་བ། རྒོད་ལྕམ་གཙུག་གི་དོན་འབར་མའི་ངོ་བོར་ཡོད་ཚུལ། ཁྲག་གི་དྭངས་མ་ཅོག་ལ་ཕྱར་བའི་ཟེར་ལྟ་བུའི་རྩ་གསལ་བྱེད་མདངས་ཞེས་བྱ་བ་ཡུམ་ཆེན་ཐུགས་རྗེ་བྱམས་མའི་ངོ་བོར་ཡོད་ཚུལ་བཅས་གསལ་བར་ངོ་སྤྲོད་ཅིང་བསྟན་པ་དང་། རྩ་ཡི་གཙོ་བོ་ཡེ་ཤེས་ཀྱི་རྩ་གསུམ་དང་འཁོར་ལོ་ལྔ་ལ་གསས་མཁར་མ་རྒྱུད་ཀྱི་ལྷ་ཚོགས་རང་ཆས་སུ་རྫོགས་པར་ངོ་སྤྲད་ནས། ཡེ་ཤེས་ཀྱི་རྩ་དང་འཁོར་ལོ་དེ་རྣམས་ཉམས་སུ་བླངས་པས་མཐར་བོན་ཉིད་ཀྱི་སྐུ་ཡི་ངོ་བོ་དབང་གི་ལྷ་མོ་གནས་དཀར་མའི་ངོ་བོ་མངོན་དུ་གྱུར་པའི་ཚུལ་གསལ་བར་གསུངས་པས་དེ་དག་གིས་དམར་ཐག་ཆོད་པར་འདུག་གོ གཉིས་པ་མངོན་བྱང་སྐུའི་ངོ་བོ་རྒོད་ལྕམ་གཙུག་གི་དོན་འབར་མའི་སྐུ་གྲུབ་པར་བྱེད་པའི་རྩ་རླུང་ཐིག་ལེ་བཞི་ཡི་ནང་ཚན་རླུང་གི་ཁྲིད་ནི། སངས་རྒྱས་རྒྱུད་གསུམ་གྱི་ནང་ཚན་གཞི་ཡེ་སངས་རྒྱས་པའི་རྒྱུད་ལེའུ་ལྔ་པ་མི་ནུབ་ཐིག་ལེ་སྟོན་བྱེད་ཀྱི་གཞུང་གི་དཀྱུས་ཚིག་ཆ་ཚང་དང་། དེའི་འགྲེལ་རྒྱལ་རིགས་ཀྱི་གཤེན་པོ་མི་ལུས་བསམ་ལེགས་ཀྱིས་མཛད་པའི་མི་ནུབ་ཐིག་ལེའི་འགྲེལ་རླུང་གི་དེ་ཉིད་སྟོན་བྱེད་ཀྱི་འགྲེལ་འདི་གཉིས་ཡིན། དེ་ལྟར་ཡིན་པའི་རྒྱུ་མཚན་ནི་གཞུང་འགྲེལ་དེ་རྣམས་ལས་ཐོག་མར་མི་ནུབ་ཡེ་ཤེས་ཀྱི་ཆེ་བ་སྟོན་པ་དང་། ཐིག་ལེ་མངོན་པར་བྱང་ཆུབ་པའི་སྐུ་བསྟན་པ་དང་། སྐུ་ལ་ཡེ་ཤེས་ཡོད་པའི་ཚུལ་དང་། གསལ་བ་དངོས་སུ་གྲུབ་པའི་དོན་དང་། སྟོན་པའི་བསྟན་པ་འཛིན་ཐབས་དང་བཅས་རྩ་བའི་ས་བཅད་ལྔའི་ཆིངས་ཀྱིས་བཅིངས་ནས་བསྟན་ལ། མི་ནུབ་ཡེ་ཤེས་ཀྱི་ཆེ་བས་གཞི་རང་འབྱུང་གི་ཉི་མ་དེ་ཉིད་མི་ནུབ་རྟག་བརྟན་གྱི་སྐུ་རུ་བཞུགས་པར་བསྟན་པ་དང་། མངོན་པར་བྱང་ཆུབ་པའི་རིམ་པ་ལ་ཡང་མངོན་སུམ་ཙམ་པོ་དང་ཕྱེད་པོ་མཐར་ཐུག་གསུམ་གྱི་རིམ་པ་བསྟན་པ་དང་། གསལ་བ་དངོས་སུ་གྲུབ་པའི་དོན་ལ་གཞི་ལ་རང་ཆས་སུ་ཡོད་པའི་རང་བཞིན་ལྷུན་གྲུབ་ཀྱི་གསལ་བ་དང་། གཞིའི་རང་མདངས་ལས་མཆེད་པའི་ཀུན་རྫོབ་རླུང་གི་གསལ་བ་གཉིས་སུ་བསྟན་པ་དང་། རླུང་ལ་ཡང་གསང་སྔགས་མ་རྒྱུད་འདིའི་དགོངས་པ་དང་སྦྱར་ན་ལྷན་སྐྱེས་རླུང་དགུའི་རྣམ་བཞག་རྒྱས་པར་གསུངས་པ་དང་། ལྷན་སྐྱེས་ཀྱི་རླུང་རེ་རེ་ལ་ཡང་སོ་སོའི་གནས་ཡུལ་ལ་སོགས་ཀྱིས་ཕྱེ་བས་ལྔ་རེ་སྟེ་བསྡོམས་པས་ཞེ་ལྔ་བསྟན་པ་དང་། རླུང་འགག་པའི་རིམ་པ་ལ་ཡང་རང་འགག་དང་རྩིས་དགག་དང་བཙན་ཐབས་དང་རིམ་གྱིས་འགག་པའི་ཚུལ་བཞི་བསྟན་པ་དང་། རླུང་གི་རྣམ་དབྱེ་ལ་རྒྱས་པར་བཤད་ན་བརྒྱད་ཁྲི་བཞི་སྟོང་དང་། འབྲིང་དུ་བཞི་བཅུ་རྩ་ལྔ། ཐ་མ་གསུམ་དུ་བསྟན་པ་དང་། རྩ་བ་དང་ཡན་ལག་དང་ཉིང་ལག་གི་རླུང་གི་རྣམ་དབྱེ་བསྟན་པ་དང་། རྩ་བའི་རླུང་ལྔ་ལ་དབང་བསྒྱུར་ཞིང་རླུང་སེམས་ལས་སུ་རུང་ན་མཆོག་དང་ཐུན་མོང་གི་དངོས་གྲུབ་འབྱུང་བར་བསྟན་པ་དང་། རླུང་ལ་རང་དབང་ཐོབ་ན་སངས་རྒྱས་གཡུང་དྲུང་བོན་གྱི་བསྟན་པ་འཛིན་སྐྱོང་སྤེལ་གསུམ་གྱི་ལས་མཐའ་དག་འདི་ཡིས་གྲུབ་པར་བསྟན་ལ། མདོར་ན་རླུང་གི་ཉམས་ལེན་མཐར་ཕྱིན་པས་མངོན་བྱང་གི་སྐུའི་ངོ་བོ་རྒོད་ལྕམ་གཙུག་གི་དོན་འབར་མ་དངོས་སུ་གྲུབ་པར་བསྟན་པའོ། གསུམ་པ་བདེ་ཆེན་སྐུའི་ངོ་བོ་ཡུམ་ཆེན་ཐུགས་རྗེ་བྱམས་མའི་སྐུ་གྲུབ་པར་བྱེད་པའི་རྩ་རླུང་ཐིག་ལེ་བཞི་ཡི་ནང་ཚན་ཐིག་ལེའི་ཁྲིད་ནི། སངས་རྒྱས་རྒྱུད་གསུམ་གྱི་ནང་ཚན་གཞི་ཡེ་སངས་རྒྱས་པའི་རྒྱུད་ལེའུ་དྲུག་པ་མི་འགྱུར་ཐིག་ལེ་སྟོན་བྱེད་ཀྱི་གཞུང་གི་དཀྱུས་ཚིག་ཆ་ཚང་དང་། དེའི་འགྲེལ་རྒྱལ་རིགས་ཀྱི་གཤེན་པོ་མི་ལུས་བསམ་ལེགས་ཀྱིས་མཛད་པའི་མི་འགྱུར་ཐིག་ལེའི་འགྲེལ་འདི་གཉིས་ཡིན། དེ་ལྟར་ཡིན་པའི་རྒྱུ་མཚན་ནི་གཞུང་འགྲེལ་དེ་རྣམས་ལས་ཐོག་མར་མི་འགྱུར་བ་བདེ་བ་ཆེན་པོའི་སྐུ་དང་། སྐུ་དེ་ལས་ཡེ་ཤེས་འཆར་ཚུལ་དང་། ཡེ་ཤེས་གཡུང་དྲུང་ཐོབ་ཚུལ་དང་། གཡུང་དྲུང་ཐིག་ལེར་གྲུབ་ཚུལ་དང་། ཐིག་ལེ་བདེ་བར་སྟོན་ཚུལ་གྱི་རྩ་བའི་ས་བཅད་ཀྱི་ཆིང་ཆེན་པོ་ལྔ་ཡིས་བཅིངས་ནས་བསྟན་ལ། མི་འགྱུར་བདེ་ཆེན་གྱི་སྐུའི་ངོ་བོར་གནས་ཚུལ་ལ་མི་འགྱུར་བའི་མཚན་ཉིད་ལྔ་ཡི་སྒོ་ནས་བསྟན་པ་དང་། སྐུ་ལས་ཡེ་ཤེས་འཆར་ཚུལ་གྱི་རིམ་པ་ལ་ཡང་དངོས་མེད་རང་འབྱུང་གི་སྐུའི་རྩལ་ལས་ཐིག་ལེ་གསལ་ཚུལ་དང་། ཡེ་ཤེས་ཀྱི་ཐིག་ལེས་ཟག་བཅས་ཀྱི་ཐིག་ལེར་བྱིན་གྱིས་རླབས་ཚུལ་དང་། ཟག་བཅས་ཀྱི་བདེ་བ་རྒྱས་པ་ལ་བརྟེན་ནས་ཟག་མེད་ཀྱི་སྐུ་གྲུབ་ཚུལ་དང་། ཟག་མེད་ཀྱི་སྐུ་ལས་ཐུགས་རྗེའི་རྩལ། ཡོན་ཏན་གྱི་ཚོགས། ཡེ་ཤེས་ཀྱི་སྤྱན། ལྷུན་གྲུབ་ཀྱི་སྟོབས་རྣམས་བྱུང་ཚུལ་བསྟན་པ་དང་། ཡེ་ཤེས་དེ་གཡུང་དྲུང་ཐོབ་ཚུལ་ལ་གསང་མཆོག་རིགས་ལྔའི་སྐུ་ཐོབ་ཚུལ་བསྟན་པ་དང་། གཡུང་དྲུང་ཐིག་ལེར་གྲུབ་ཚུལ་ལ་ཡང་གྲུབ་པ་སྐུའི་ཐིག་ལེ་བཞི་བཅུ་རྩ་ལྔ། སྣང་བ་ཕྱིའི་ཐིག་ལེ་བཞི་བཅུ་རྩ་ལྔ། རང་རིག་ནང་གི་ཐིག་ལེ་བཞི་བཅུ་རྩ་ལྔ། གཡུང་དྲུང་གསང་བའི་ཐིག་ལེ་བཞི་བཅུ་རྩ་ལྔ། ཡང་དག་དོན་གྱི་ཐིག་ལེ་བཞི་བཅུ་རྩ་ལྔ། བསྡོམས་པས་ཐིག་ལེ་ཉིས་བརྒྱ་བདུན་ཅུའི་རྣམ་བཞག་གསལ་བར་བསྟན་པ་དང་། བཞི་བཅུ་རྩ་ལྔ་རེ་རེ་ལ་ཡང་གནས་ས་དང་ངོ་བོ་སྤྱི་མིང་མཚན་ཉིད་ཡོན་ཏན་ལ་སོགས་ཀྱི་ཆ་ནས་བཞི་བཅུ་རྩ་ལྔ་རེ་ཕྱེ་བས་ཉིས་བརྒྱ་ཉི་ཤུ་རྩ་ལྔ་བསྟན་པ་དང་། མདོར་ན་ཡེ་ཤེས་གནས་པ་ལ་ལུས་གནས། ལུས་གནས་པ་ལ་རྩ་གནས། རྩ་གནས་པ་ལ་ཁྲག་གནས། ཁྲག་གནས་པ་ལ་ཞག་གནས། ཞག་གནས་པ་ལ་ཐིག་ལེ་གནས། ཐིག་ལེ་གནས་པ་ལ་ཟག་བཅས་ཀྱི་བདེ་བ་གནས། བདེ་བ་གནས་པ་ལ་མ་རྒྱུད་ཀྱི་མཁའ་འགྲོ་གནས། མཁའ་འགྲོ་གནས་པ་ལ་བདེ་ཆེན་གྱི་ཡེ་ཤེས་གནས་པར་གསུངས་པས། ཟག་བཅས་ཀྱི་ཐིག་ལེ་མི་ཉམས་པར་འཛིན་ཤེས་པ་དང་། ཟག་མེད་ཀྱི་ཐིག་ལེ་སྐྱོང་ཤེས་པའི་ཐོག་ནས་གོང་དུ་ཇི་ལྟར་བསྟན་པའི་ཐིག་ལེའི་ཉམས་ལེན་རྣམས་མཐར་ཕྱིན་ན། མཐར་བདེ་ཆེན་སྐུའི་ངོ་བོ་ཡུམ་ཆེན་ཐུགས་རྗེ་བྱམས་མ་མངོན་དུ་གྱུར་ནུས་པའོ། བཞི་པ་ངོ་བོ་ཉིད་ཀྱི་སྐུའི་ངོ་བོ་ཡུམ་ཆེན་ས་འཛིན་འོད་སངས་མའི་སྐུ་གྲུབ་པར་བྱེད་པའི་རྩ་རླུང་ཐིག་ལེ་བཞི་ཡི་ནང་ཚན་ཡི་གེའི་ཁྲིད་ནི། སངས་རྒྱས་རྒྱུད་གསུམ་གྱི་ནང་ཚན་གཞི་ཡེ་སངས་རྒྱས་པའི་རྒྱུད་ལེའུ་བདུན་པ་སྐྱེ་མེད་ཐིག་ལེ་སྟོན་བྱེད་ཀྱི་གཞུང་གི་དཀྱུས་ཚིག་ཆ་ཚང་དང་། དེའི་འགྲེལ་རྒྱལ་རིགས་ཀྱི་གཤེན་པོ་མི་ལུས་བསམ་ལེགས་ཀྱིས་མཛད་པའི་སྐྱེ་མེད་ཐིག་ལེའི་འགྲེལ་འདི་གཉིས་ཡིན། དེ་ལྟར་ཡིན་པའི་རྒྱུ་མཚན་ནི་གཞུང་འགྲེལ་དེ་རྣམས་ལས་ཐོག་མར་སྐྱེ་བ་མེད་པ་ངོ་བོ་ཉིད་སྐུ་དང་། སྐུ་ཐིག་ལེར་བསྟན་པ་དང་། ཐིག་ལེ་ཡེ་ཤེས་སུ་བསྟན་པ་དང་། ཡེ་ཤེས་དབྱིངས་ལས་ཡི་གེར་སྤྲུལ་པ་དང་། ཡི་གེ་འཁོར་ལོ་རྫོགས་པར་བཤད་པ་དང་རྩ་བའི་ས་བཅད་ཀྱི་ཆིངས་ཆེན་པོ་ལྔ་ཡིས་བཅིངས་ནས་བསྟན་ལ། སྐྱེ་མེད་ངོ་བོ་ཉིད་ཀྱི་ཆེ་བ་བསྟན་པའི་སྐབས་སྐྱེ་མེད་ཀྱི་མཚན་ཉིད་ལྔ་བསྟན་པ་དང་ངོ་བོ་ཉིད་ཀྱི་ཆེ་བ་བསྟན་པའི་སྐབས་སྟོང་གསལ་བདེ་བ་གསུམ་གྱི་ངོ་བོ་ཉིད་དུ་གྲུབ་ཚུལ་བསྟན་པ་དང་། སྐུ་ཐིག་ལེར་གྲུབ་ཚུལ་ལ་རྩ་བ་ཐིག་ལེ་ཉག་མ་གཅིག་གི་སྐུ་རུ་གནས་པར་བསྟན་པ་དང་། དེ་ལས་ཡོན་ཏན་གྱི་དབྱེ་བས་ཐིག་ལེར་ཞེ་ལྔར་འཆར་ཚུལ་གྱི་རིམ་པ་བསྟན་པ་དང་། ཐིག་ལེ་ཡེ་ཤེས་སུ་བསྟན་ཚུལ་ལ་ཐིག་ཅེས་བྱ་བའི་སྟོང་པ་དང་ལེ་ཞེས་བྱ་བའི་གསལ་བ་གཉིས་ངང་དང་རང་བཞིན་འདུ་འབྲལ་མེད་པར་གནས་པར་བསྟན་པ་དང་། ཡེ་ཤེས་ཀྱི་དབྱིངས་ལས་ཡི་གེ་སྤྲུལ་ཚུལ་གྱི་རིམ་པ་བསྟན་པ་ལ་ཐོག་མར་ཡི་གེའི་ངོས་འཛིན་ལ་གཉིས་སུ་སྣང་བ་འདི་ལྟ་སྟེ། བོན་ཉིད་དབྱིངས་ཀྱི་ཡི་གེའམ་བོན་ཉིད་དབྱིངས་ཀྱི་གསུང་རབ་ཅེས་བྱ་བ་གསང་མཆོག་ཡབ་ཡུམ་གཉིས་ཀྱི་ངོ་བོར་གྱུར་པའི་གསལ་སྟོང་ཡབ་ཡུམ་གཉིས་དང་། དེ་དོན་བཀླགས་པར་མི་ནུས་པའི་འགྲོ་བ་རང་ཁ་མ་རྣམས་ཀྱི་དོན་ཆེད་དུ་སྟོན་པའི་ཐུགས་ལས་བདེན་པའི་བཅུད་ཕྱུང་ནས་འཕྲུལ་ཆེན་ཡི་གེ་བཞི་བཅུ་གཏན་ལ་ཕབས་ཚུལ་གསལ་བར་བསྟན་པ་དང་། མདོར་ན་མཚོན་པའི་ཡི་གེ་དེ་རྣམས་ཡི་དམ་གྱི་ལྷ་ངོ་འཕྲོད་པའི་ཐབས་སུ་ཤེས་དགོས་ལ། དེ་ཡང་ཡི་དམ་ལྷ་ཚོགས་རྣམས་ཀྱི་རྟེན་དུ་ཤེས་དགོས། ཡི་དམ་གྱི་ལྷ་ཚོགས་རྣམས་ཀྱང་ཕུང་པོའི་རྩ་གནས་རྣམས་སུ་ཡི་གེས་གཞི་བྱས་ནས་བསྐྱེད་བསྒོམ་བྱེད་པའི་རིམ་པ་དང་། དེ་དག་མཐར་བོན་ཉིད་དབྱིངས་ཀྱི་ཡི་གེའམ་གསུང་རབ་ཀྱི་ཁོངས་སུ་འདུ་བའི་ཚུལ་ཤེས་དགོས་སོ། ཡི་གེ་འཁོར་ལོ་རྫོགས་པའི་ཞིང་ཁམས་སུ་གྲུབ་པའི་ཚུལ་ལ་ཡང་། བོན་ཉིད་དབྱིངས་ཀྱི་གསུང་རབ་ཐམས་ཅད་ཀྱི་རྟེན་དུ་གྱུར་པ་མ་བྲིས་དོན་དམ་རང་བཞིན་དབྱིངས་ན་བཀྲ་བའི་གསང་མཆོག་ཡབ་ཡུམ་གཉིས་ཀྱི་དཀྱིལ་འཁོར་རང་འབྱུང་དུ་རྫོགས་པའི་ཚུལ་གསལ་བར་བསྟན་པ་དེ་རྣམས། ཐབས་བསྐྱེད་རྫོགས་ཀྱི་ཉམས་ལེན་གནད་དུ་བསྣུན་ནས་གོམས་པ་མཐར་ཕྱིན་ན་སྐྱེ་མེད་ངོ་བོ་ཉིད་ཀྱི་སྐུ་ཡི་ངོ་བོ་ཡུམ་ཆེན་ས་འཛིན་འོད་སངས་མ་མངོན་དུ་གྱུར་བར་ངེས་པའོ། སྤྱི་སྤུངས་ཀྱི་གཞུང་རྣམས་ལས་ཡི་གེའི་རྣམ་བཞག་ལ་བོན་ཉིད་དབྱིངས་ཀྱི་ཡི་གེ་དང་སྣང་སྲིད་ཡུལ་གྱི་ཡི་གེ་ཕུང་པོ་ལུས་ཀྱི་ཡི་གེ་མཚོན་པ་སྒྲའི་ཡི་གེ་དང་བཞི་རུ་ཕྱེས་ནས་གསུང་སྲོལ་ཡང་འདུག་གོ མདོར་ན་རྩ་རླུང་ཐིག་ལེ་ཡི་གེ་བཞི་དང་འབྲེལ་བའི་བསྐྱེད་རྫོགས་ཀྱི་ཉམས་ལེན་ལ་བརྟེན་ནས་གསས་མཁར་རབ་འབྱམས་རྒྱ་མཚོའི་དཀྱིལ་འཁོར་གྱི་ལྷ་ཚོགས་དེ་དག་མངོན་དུ་བྱེད་དགོས་པ་འདུག་ལ། དེ་ལྟ་བུའི་ཉམས་ལེན་གྱི་གནད་ཀྱིས་མ་ཟིན་པ་དང་རྟེན་དེ་རྣམས་མེད་པའི་རིགས་རྣམས་ལ་གསང་ཆེན་མ་རྒྱུད་ལུགས་ཀྱི་ལམ་བགྲོད་ཐབས་ཤིན་ཏུ་དཀའ་བར་སྣང་སྟེ། ལམ་མངོན་སངས་རྒྱས་པའི་རྒྱུད་ལས། དེ་ལ་ཀུན་ཁྱབ་ལམ་གྱི་ངོ་བོ་ནི། སྐུ་ལ་ཤ་དང་རུས་པ་ཁྲག་མེད་ན། བཟོད་པ་སྒོམ་པའི་རྟེན་དུ་ག་ལ་འགྱུར། རྟེན་ལ་འབྲེལ་བའི་རྩ་གནས་སྙིང་མེད་ན། ཡེ་ཤེས་བདེ་རླུང་རྒྱུ་ལམ་ག་ལ་ཡོད། རླུང་གི་གཡོ་བཞུད་སྦུབས་ཆེན་ལམ་མེད་ན། བྱང་སེམས་བདེ་ཆེན་ཐིག་ལེ་ག་ན་རྒྱས། ཐིག་ལེའི་བརྟན་བརྗིད་ནུས་པའི་སྟོབས་མེད་ན། ས་བོན་དོན་གྱི་ཐོ་ཡིག་མེད་པ་ཡིས། བཟོད་ཆེན་འཆང་པ་བརྟན་པའི་རྟེན་ལས་འབྱུང་། བཟོད་ཐོབ་རྒྱལ་པོ་བདེ་ལྡན་མཁའ་ལྟར་གནས། ཞེས་གསུངས་པས་གསལ་ལོ།
སྣང་མེད་ཀྱི་སྐུ་བཞི་དང་ཁྲིད་བཞི་ངོས་འཛིན་པའི་བཀའ་རྒྱུད་ཀྱི་ཁུངས།
གཞི་ཡེ་སངས་རྒྱས་པའི་རྒྱུད་བོན་ཉིད་ཐིག་ལེ་བསྟན་པའི་ལེའུ་བཞི་པ་ལས། དངོས་མེད་དངོས་པོའི་སྐུ་རུ་ཚུར་འབྱུང་དུས། མཁའ་ལ་སྤྲིན་བཞིན་སེམས་ཅན་དོན་བྱེད་འགྱུར། དངོས་པོ་དངོས་མེད་དབྱིངས་སུ་ཕར་བཟློག་དུས། སེམས་ལ་བོན་ཉིད་ཡིད་ལ་མངོན་བྱང་སྐུ། རང་རིག་བདེ་ཆེན་ཀུན་གཞི་ངོ་བོ་ཉིད། དེ་དག་རྩ་རླུང་ཐིག་ལེ་བྱང་ཆུབ་ཀྱིས། དངོས་པོ་དངོས་མེད་དབྱིངས་སུ་གྲོལ་བ་ཡིན། བདེ་ཆེན་སངས་རྒྱས་ཡུམ་བཞི་དེ་ལྟར་ཤར། ཞེས་དང་། གསང་བདག་གྲུབ་པའི་དབང་ཕྱུག་གིས་མཛད་པའི་མི་འགྱུར་ཐིག་ལེའི་འགྲེལ་ལས། རང་སྣང་དག་པ་ལ་བོན་སྐུ་བདེ་བ་ཆེན་པོ། གཞན་སྣང་དག་པ་ལ་རྫོགས་སྐུ་མཚན་དང་ལྡན་པ། གདུལ་བྱ་སྣ་ཚོགས་ལ་སྤྲུལ་སྐུར་འཆར་བས། སྐུ་གསུམ་མཚན་དཔེ་རྫོགས་པའོ། བདེ་ཆེན་སངས་རྒྱས་ཡུམ་བཞི་ནི། བོན་སྐུའི་རྩལ་ལས་བོན་གྱི་སྐུ། མངོན་བྱང་གི་སྐུ། བདེ་བ་ཆེན་པོའི་སྐུ། ངོ་བོ་ཉིད་ཀྱི་སྐུ་དང་བཞིར་སྣང་བས་དོན་ལ་བོན་སྐུའོ། ཞེས་དང་། བོན་ཉིད་ཐིག་ལེའི་འགྲེལ་ལས། སྐྱེ་བའི་གནས་སམ་རྟེན་བཞི་རྩ་རླུང་ཐིག་ལེ་ཡི་གེ སྐྱེ་བ་གནས་འགྱུར་གྱི་རྒྱུ་བཞི། སེམས་ཡིད་རང་རིག་ཀུན་གཞི། སྐྱེ་བ་སངས་རྒྱས་ཀྱི་སྐུ་བཞི། བོན་ཉིད་ཀྱི་སྐུ། མངོན་པར་བྱང་ཆུབ་པའི་སྐུ། བདེ་བ་ཆེན་པོའི་སྐུ། ངོ་བོ་ཉིད་ཀྱི་སྐུ། ཞེས་དང་། ཐར་ལམ་གྱི་འགྲེལ་ལས། མཐར་ཐུག་སྐུ་བཞིའི་ཁྲིད་བཞི་ཀྱང་གསུངས་སོ། ལུང་གཞི་དབང་བཞི་ལྷུན་གྲུབ་ཀྱི་དབང་བྱང་ལས། དེ་ནས་སྟོང་གཞི་སྐུ་བཞི་ལྷུན་གྱིས་གྲུབ་པའི་དབང་ལ་སངས་རྒྱས་ཡུམ་བཞི་དང་། རྩ་རླུང་ཐིག་ལེ་ཡེ་ཤེས་ཀྱི་པེའུ་བསྟན་ལ་སྐུ་བཞི་དང་དོན་བཞིའི་ངོ་སྤྲོད་རྒྱས་པར་བྱའོ། ཞེས་གསུངས། ལམ་མངོན་སངས་རྒྱས་པའི་རྒྱུད་འབྲས་བུ་སྐུ་ལྔ་མཐར་ཐུག་བསྟན་པའི་ལེའུ་བཅུ་གསུམ་པ་ལས། བོན་ཉིད་བདེ་ཆེན་མངོན་བྱང་ངོ་བོ་ཉིད། སྣང་མེད་སྐུ་བཞིའི་ངོས་ནས་བཤད་པའོ། ཞེས་དང་། གསང་སྔགས་མ་རྒྱུད་ཀྱི་ལྷ་ཚོགས་སུམ་བརྒྱ་དྲུག་ཅུའི་སྒྲུབ་གཞུང་ལས། བསྭོ་བདེ་ཆེན་སངས་རྒྱས་ཡུམ་བཞིའི་ཞིང་ཁམས་ན། ཤར་ཕྱོགས་གཡུང་དྲུང་རིགས་ཀྱི་སངས་རྒྱས་ཡུམ། བོན་ཉིད་ཐིག་ལེ་ཡེ་ཤེས་དབྱིངས་ལ་རྫོགས། དབང་གི་ལྷ་མོ་གནས་དཀར་དུང་གི་མདོག ཞལ་བཞི་སྐུ་བཞི་མཛེས་པའི་གཟིགས་སྤྱོད་ཅན། མར་མེ་རྔ་ཤང་སྤོས་དྲི་བདུད་རྩི་གར། མེ་ཏོག་ལྕགས་ཀྱུ་རིན་ཆེན་གཏེར་བརྒྱད་བསྣམས། ཞིང་ཆེན་ཐོད་ཕྲེང་རོ་ཡི་གདན་ལ་འགྱིང་། བོན་ཉིད་སྐུ་མཆོག་རྩ་ཡི་མཁའ་འགྲོར་བསྟོད། ཅེས་དང་། དེ་ཉིད་ལས། བྱང་ཕྱོགས་འཁོར་ལོ་རིགས་ཀྱི་སངས་རྒྱས་ཡུམ། མི་ནུབ་ཐིག་ལེ་ཡེ་ཤེས་གསལ་བར་སྟོན། རྒོད་ལྕམ་གཙུག་གི་དོན་འབར་དཀར་ལྗང་མདོག ཞལ་བཞི་དུས་བཞི་འཆར་བའི་ཚུལ་སྟོན་མ། ཕྱག་བརྒྱད་དཔལ་བེའུ་བུམ་པ་གདུགས་དང་ནི། རྒྱལ་མཚན་འཁོར་ལོ་པད་མ་ཉ་དུང་བསྣམས། མཁའ་འགྲོ་རྒོད་ལྕམ་གསང་བའི་ཆས་བརྒྱད་རྫོགས། མངོན་བྱང་སྐུ་མཆོག་རླུང་གི་མཁའ་འགྲོར་བསྟོད། བྱང་ཕྱོགས་དགྲ་བགེགས་གནོད་བྱེད་ཚོགས་སུ་བསྒྲོལ། ཞེས་དང་། དེ་ཉིད་ལས། ནུབ་ཕྱོགས་པད་མ་རིགས་ཀྱི་སངས་རྒྱས་ཡུམ། མི་འགྱུར་ཐིག་ལེ་ཡེ་ཤེས་གཡུང་དྲུང་སྟོན། ཡུམ་ཆེན་ཐུགས་རྗེ་བྱམས་མ་དཀར་སེར་འབར། ཞལ་བཞི་ཐུགས་རྗེ་ཚད་མེད་བཞི་དང་ལྡན། ཕྱག་བརྒྱད་ཉི་ཟླ་སེང་གེ་བུམ་པ་དང་། ཞགས་པ་ནོར་བུ་ལྗོན་ཤིང་བུམ་པ་དང་། སངས་རྒྱས་སྤྲུལ་པའི་རྒྱན་ལྡན་གར་དང་ལྡན། བདེ་ཆེན་སྐུ་མཆོག་ཐིག་ལེའི་མཁའ་འགྲོར་བསྟོད། ནུབ་ཀྱི་བར་ཆད་དགྲ་བགེགས་ཚོགས་སུ་བསྒྲོལ། ཞེས་དང་། དེ་ཉིད་ལས། ལྷོ་ཕྱོགས་རིན་ཆེན་རིགས་ཀྱི་སངས་རྒྱས་ཡུམ། སྐྱེ་མེད་ཐིག་ཡེ་ཤེས་དབྱིངས་ལ་རྫོགས། ས་འཛིན་འོད་སངས་གཡུ་མཐིང་གཟི་བརྗིད་ཅན། ཞལ་བཞི་ཕྲིན་ལས་རྣམ་བཞིའི་ཚུལ་སྟོན་མ། ཕྱག་བརྒྱད་རལ་ཀྱུ་རིན་ཆེན་ཡོལ་ཆེན་དང་། མེ་ལོང་གབ་ཙེ་སྦྲུལ་ཞགས་སྤུ་གྲི་གཏེར། སྲིད་པའི་དུར་ཁྲོད་ཆས་བརྒྱད་སྐུ་ལ་རྫོགས། ངོ་བོ་ཉིད་སྐུ་ཡི་གེའི་མཁའ་འགྲོར་བསྟོད། ལྷོ་ཡི་དགྲ་བགེགས་གནོད་བྱེད་ཚོགས་སུ་སྒྲོལ། ཞེས་དང་། ལམ་མངོན་སངས་རྒྱས་པའི་རྒྱུད་ལེའུ་བཞི་པ་འབྱུང་བའི་ཐིག་ལེ་བསྟན་པའི་ལེའུ་ལས། ལམ་ལྔ་ཐབས་དྲུག་ཁྲིད་བརྒྱད་མ་ལུས་ཀྱིས། གཞུང་ལམ་རྒྱལ་པོ་ཐབས་ལམ་མ་བསྒོམ་ན། ཐོག་མ་བར་དང་ཐ་མ་མཐར་མི་ཕྱིན། ཞེས་དང་། དེ་ཉིད་ལས། མཚན་མེད་སྐུ་བཞི་བོན་གྱི་དབྱིངས་ལ་རོལ། སངས་རྒྱས་མངོན་སུམ་འབྱུང་བ་ངོ་མཚར་ཆེ། དེ་འདྲའི་མ་ཕྱིན་ཡུལ་དུ་འགྲོ་འདོད་ན། ཡུལ་ལ་འདོད་པ་མ་སྔ་ལམ་ལ་སོང་། ཞེས་དང་། ལམ་མངོན་སངས་རྒྱས་པའི་རྒྱུད་ལེའུ་བཅུ་པ་ཐར་ལམ་རིན་པོ་ཆེ་བསྟན་པའི་ལེའུ་ལས། སྣང་མེད་ཁྲིད་བཞིས་བོན་སྐུ་རྣམ་བཞི་ངེས། ལམ་དང་ལམ་མི་འདྲ་བ་གསང་སྔགས་ལམ། ཡང་དག་ངེས་པ་མཐར་ཐུག་རྒྱལ་པོ་ཡིན། ཞེས་དང་། ལམ་ལྔ་མངོན་སངས་རྒྱས་པའི་རྒྱུད་འབྲས་བུ་སྐུ་ལྔ་མཐར་ཐུག་བསྟན་པའི་ལེའུ་བཅུ་གསུམ་པ་ལས། བོན་ཉིད་བདེ་ཆེན་མངོན་བྱང་ངོ་བོ་ཉིད། སྣང་མེད་སྐུ་བཞིའི་ངོས་ནས་བཤད་པའོ། ཞེས་གསུངས་པ་དེ་རྣམས་སོ།
རང་གི་བཀའ་དྲིན་སུམ་ལྡན་གྱི་དཔོན་གསས་བླ་མ་༧སྐྱབས་རྗེ་སྨན་རིའི་ཡོངས་འཛིན་སྨྲ་བའི་སེང་གེ་མཆོག་གིས་གསུངས་པའི་མ་རྒྱུད་ཀྱི་གདམས་སྐོར་འདི་རྣམས་ཀྱི་བཀའ་ཁྲིད་ཡང་ནང་ཡང་དུ་ཉན་པའི་སྐལ་པ་དང་ལྡན་ཞིང་། ༧སྐྱབས་རྗེ་སྨན་རིའི་དཔོན་སློབ་ཡང་སྟོན་འཕྲིན་ལས་ཉི་མ་རིན་པོ་ཆེ་མཆོག་གི་ཞལ་སྔ་ནས་གདམས་སྐོར་འདི་རྣམས་ཀྱི་ཞལ་ཁྲིད་ཐོབ་པ་དང་། རང་གི་སློབ་མའི་ཚོགས་རྣམས་ལ་རྒྱུད་གསུམ་གྱི་གཞུང་འགྲེལ་འདི་དག་འཆད་ཁྲིད་བྱེད་པའི་ཐུན་མཚམས་སུ་རྒྱུད་དོན་ལ་དཔྱད་ནས་འཆར་བའི་གསལ་བྱེད་འདི་ཉིད་སྨན་རིའི་བཤད་སྒྲུབ་མཁན་པོ་ཉི་མ་དོན་གྲུབ་ཏུ་འབོད་པས་འཁོར་བ་མེད་པའི་ཞིང་ཁམས་སུ་བསྔགས་པའི་གནས་མཆོག་དེར་བྲིས།