མཉམ་མེད་ཤེས་རབ་རྒྱལ་མཚན་གྱི་རྣམ་ཐར་གནའ་བོའི་ཞལ་ལུང་

IMG_0428༄༅། །སྐུ་མདུན་རིན་པོ་ཆེ་མཉམ་མེད་ཤེས་རབ་རྒྱལ་མཚན་གྱི་རྣམ་ཐར་གནའ་བོའི་ཞལ་ལུང་བཞུགས་པ་ལེགས་སྷཱོ།།

ཤེས་བྱ་ཀུན་ལ་ཐོགས་མེད་མཁྱེན་པ་རྒྱས།། རབ་འབྱམས་བོན་སྒོ་ཡོངས་ལ་མངའ་བསྙེམས་ཤིང་།། མི་ནུབ་བསྟན་པའི་རྒྱལ་མཚན་འཛུགས་མཛད་པ།། མཉམ་མེད་རྗེ་བཙུན་སྨན་རི་བ་དེ་རྒྱལ།།
མཁས་གྲུབ་སྨན་རི་སྤྱན་གཅིག་ཤེས་རབ་རྒྱལ་མཚན་གྱི་རྣམ་ཐར་རགས་ཙམ་བརྗོད་པ་ལ། འཁྲུངས་ཡུལ་མདོ་སྨད་རྒྱལ་རོང་ཆུ་ཆེན་གྱི་ལུང་པ། སྟེགས་ཅོག་བྱ་བའི་གྲོང་པ་རུ། ཡབ་བྲག་ར་ཀླུ་རྒྱལ་བྱ་བ་གྱེར་བོན་ལ་མཁས་པ་ཞིག་ཡོད་པ་དང་། ཡུམ་མཁའ་འགྲོའི་མཚན་རྟགས་དང་ལྡན་པ་རིན་ཆེན་སྨན་ཞེས་བྱ་བའི་སྲས་སུ་མེ་ཕོ་སྤྲེལ་གྱི་ལོ་ལ་སྐུ་འཁྲུངས། ཆུང་ངུའི་དུས་ཀྱི་མཚན་ལ་གཡུང་དྲུང་རྒྱལ་ཟེར། སྐུ་མཆེད་གསུམ་གྱི་བར་པ་ཡིན། དེ་ཡང་ཆུང་ནས་བློ་རྩལ་རིག་པའི་སྟོབས་དང་ལྡན་ཅིང་། ཡབ་ཀྱི་དྲུང་ནས་སེལ་གཏོ་ཇུ་ཐིག་ལ་སོགས་རྒྱུ་ཡི་བོན་ལ་ཐུགས་སྦྱངས་ལེགས་པར་མཛད།
དེ་སྐབས་གྲྭ་ས་རུ་ཕེབས་ཆས་མཛད་ཚེ། ཡབ་ཡུམ་གྱི་ཞལ་ནས། ཁྱོད་གྲྭ་སར་འགྲོ་ན། ངེད་གཉིས་མ་ཤི་གོང་དུ་འདི་རུ་ཕྱིར་མ་འོང་ན་གཏོང་ཐབས་མེད་གསུང་། ཁོང་གིས་གྲྭ་ས་བསྐོར་ནས་སླར་རང་ཡུལ་དུ་འོང་ཞིང་ཡབ་ཡུམ་དང་མཇལ་བའི་ཞལ་བཞེས་མཛད་པས། ཡབ་ཡུམ་གྱིས་བཀའ་གནང་ནས་སྟོད་ཀྱི་གྲྭ་སར་ཕེབས།
མཚན་ལྡན་གཡུང་དྲུང་རྒྱལ་མཚན་གྱི་དྲུང་དུ། གཙང་མ་གཙུག་ཕུད་ཁྲིམས་བླངས་ནས། མཚན་ཤེས་རབ་རྒྱལ་མཚན་དུ་གསོལ། སྲིད་རྒྱལ་ལས་དགུ དབལ་མོ་ལས་ཐིག དྲེལ་ནག་ཆེ་ཆུང་། བཙན་དར་ཆས་ཅན་ལ་སོགས་ཞུས།

ཕོ་རྩེ་ཡེ་ཤེས་རྒྱལ་མཚན་གྱི་དྲུང་དུ། བདུད་བཙན་དྲ་བ་དམར་ནག་གི་སྐོར་དང་། རྟོགས་ལྡན་ཤེས་རབ་བློ་གྲོས་ལ། བསྟན་སྲུང་པོམ་རའི་སྐོར་རྣམས་ཞུས་ནས། མཐུ་རྩལ་སྟོབས་དང་ལྡན་པར་མཛད། ན་རིང་པ་ཀུན་བཟང་རྒྱལ་མཚན་གྱི་དྲུང་དུ། དབལ་ཕུར་ལུང་དོན་རྒྱས་པའི་དབང་ལུང་རྫོགས་པར་ཞུས།

དེ་ནས་ལྷོ་སྟོད་དུ་མཁས་པ་ཚུལ་ཁྲིམས་ཡེ་ཤེས་ལ། དག་པ་དྲང་སྲོང་གི་ཁྲིམས་རྫོགས་པར་ཞུས། ལྷོ་ཚ་བ་སྒང་དུ་མཁས་གྲུབ་རིན་ཆེན་བློ་གྲོས་དང་མཇལ་ནས། ཕྱི་ནང་གསང་བའི་ལུང་རྣམས་ཐམས་ཅད་ཞུས། ཕྱག་ཕྱིར་འབྲིང་ནས་ཐེ་ཚོམ་གྱི་སྒྲོ་འདོགས་ལེགས་པར་བཅད། ཁྱད་པར་དུ་སྙན་བརྒྱུད། ཨ་ཁྲིད། ཞི་གཅོད་ལ་སོགས་ཀྱི་ལག་ལེན་དམར་ཁྲིད་ཉམས་རྒྱུད་དང་བཅས་པ་ཞུས་ནས། མདོ་ཁམས་སྟོད་སྨད་ལྷོ་བྱང་གི་དགོན་པ་དང་། རི་ཁྲོད་རྣམས་སུ་ཉམས་ལེན་མཛད་པས། སྟོང་གསལ་བདེ་བ་ཆེན་པོའི་དོན་རྟོགས་ཏེ། དགོངས་པ་ཉམས་དང་ལྡན་པར་གྱུར།

དགུང་ལོ་སུམ་ཅུ་རྩ་གཅིག་གི་དུས་སུ་གཡས་རུ་དབེན་ས་ཁར་ཕེབས་ཏེ། དུས་དེ་ཙམ་ན། བོན་གྱི་འདུ་གནས་རྒྱལ་རིགས་བྲུ་ཡི་གདན་ས་ཆེན་པོ། གཡས་རུ་དབེན་ས་ཁ་བྱ་བའི་བོན་སྡེ་ཡོད་དེ། དང་པོ་ཐང་སྟོད་དུ་དགོན་པ་དུང་སྐད་ཀྱིས་ཁྱབ་ཙམ་བྱུང་། དེ་ནས་ཡར་ལ་རྒྱས་པས་ཐང་མཐའ་ཡན་ཆད་དུ་དགོན་པ་ཆགས་ཏེ། དེ་ཡང་དུང་སྐད་ཀྱིས་ཁྱབ་ཙམ་བྱུང་ལ། གླིང་སྟོད་པ་དང་གླིང་སྨད་པར་གྲགས། ཡང་ཡར་ལ་རྒྱས་ནས་གཡས་ངོས་སུ་དུང་སྐད་ཀྱིས་ཁྱབ་ཙམ་ཆགས་པས་གླིང་ཟུར་པ་ཟེར། དེ་ལ་གྲྭ་ས་ཆེན་པོ། གླིང་གསུམ་དུ་གྲགས་ཏེ་བོན་གྱི་བསྟན་པའི་དར་སོ་ཆེན་པོ་ཡོད་པ། དེ་རུ་བཞུགས་ནས་གདན་ས་རིན་པོ་ཆེའི་སྐུ་མདུན་རྣམས་དང་། དགེ་རྒན་དབོན་པོ་རྣམས་ལ་གཏུགས་ནས། དབང་ལུང་ལ་སོགས་བཀའ་རྒྱུད་ནོད། སྡེ་སྣོད་ཕྱི་ནང་ཀུན་ལ་མཁས་པར་སྦྱངས། གྲྭ་སའི་རྣམ་ཐར་དང་བསྟན་པའི་བྱ་བ་རྒྱ་ཆེན་པོར་མཛད་དོ།

དབུས་ཀྱི་ན་ལེན་ཏྲ་རུ་བྱོན་ནས། རོང་སྟོན་ཤེས་བྱ་ཀུན་མཁྱེན་གྱི་དྲུང་དུ། ཕར་ཕྱིན་མངོན་པ་དབུ་ཚད་སོགས་གཞན་སྡེའི་གཞུང་ལུགས་རབ་འབྱམས་མཁྱེན་པར་མཛད། དེ་ནས་རྒྱལ་བའི་གདན་ས་གཡས་རུ་དབེན་ས་ཁར། བོན་གྱི་འཁོར་ལོ་བསྐོར་ནས། གདུལ་བྱ་དཔག་ཏུ་མེད་པ་ཞིག་སྨིན་གྲོལ་ལ་བཀོད།
རེ་ཞིག་དུས། དྲིན་ཆེན་ཕ་མའི་ཐུགས་དང་མི་འགལ་བའི་ཕྱིར། སྐུ་མདུན་ཁྲི་གོང་ཟུར་གཉིས་དང་སྤྱི་པ་ལ་དགོངས་ཞུས་བྱས་ནས། སློབ་མ་རིན་ཆེན་རྒྱལ་མཚན་ཕྱག་ཕྱིར་ཁྲིད་ནས་ཕ་ཡུལ་དུ་ཡབ་ཡུམ་དང་མཇལ་བར་བྱོན།

སྟེགས་ཅོག་ཏུ་ཡབ་ཡུམ་མཇལ་བས། སྔར་ཆུང་ངུའི་དུས་གྲྭ་སར་ཕེབས་པས། དེ་བར་སྐུ་ཚད་རྒྱས་པ་དང་། སྐུ་བྱད་འགྱུར་བ་ལ་སོགས། ལྷག་པར་སྤྱན་ཡང་གཅིག་བཙུམས་ནས་ཡེ་མི་གཟིགས་པ། ལ་ལས་སྔར་སྐྱེ་བ་གོང་མ་ཡར་མེ་བའི་དུས། དཔེ་བྱད་ལེགས་པ་ལ་ཡོན་བདག་བུད་མེད་རྣམས་ཆགས་པ་གཡོས་པས་ཐུགས་སུན་ནས། དབང་པོ་མ་ཚང་པའི་ཚུལ་གྱི་བྱད་བཞིན་ངན་པའི་ཐབས་མཛད་ཟེར། ལ་ལས་ངན་སོང་འཁོར་བའི་སྒོ་གཅོད་པའི་ཕྱིར། དེ་ཙུག་མཛད་པ་ཡིན་ཟེར། ཚོགས་མ་བསགས་པ་ཁ་ཅིག་གིས་ཆུང་དུས་བྱ་ཁྭ་ཏས་བྲུས་ཟེར་བ་དང་། ཨམ་ཚོད་པ་འགའ་ཞིག་གིས་ཤིང་པོས་སྣད་ཟེར་བ་ཡོད་དེ་ཡེ་མི་བདེན། ལུང་ལས། བརྒྱུད་པའི་བླ་མ་ཀུན་ལ་གསོལ་འདེབས་མ་ལྕོགས་ན་འདི་སྐད་བཏབ།

ཨཱ་ཨཱོཾ་ཧཱུཾ།
རྗེ་མ་རིག་མུན་སེལ་རིན་པོ་ཆེ།
ཡེ་ཤེས་འོད་ཀྱི་སྤྱན་གཅིག་པ།
འཁོར་འདས་ཐམས་ཅད་ས་ལེར་གསལ།
མཉམ་མེད་བླ་མ་ཁྱེད་ལ་གསོལ་བ་འདེབས།
འཁོར་བ་འཁྲུལ་པའི་ལས་ངན་བསལ་དུ་གསོལ།

ཞེས་ལྕགས་འཕྲང་གི་གཏེར་ཁ་ནས་གསུངས་པ་དེ་ངེས་ཡིན་པར་སྣང་ཞིང་། འཁོར་ཞིག་གིས་ཁོང་ལ། བླ་མ་ཞར་བ་བྱས་ནས་ལྐོག་ཞུས་བཏང་བས། དགོངས་པས་མཁྱེན་ནས་མདུན་དུ་བོས་ཏེ། ཁྱོད་ཀྱིས་ང་ལ་ཞར་བ་ཟེར་བ། ང་ལ་མི་སྐྱོན་ཀྱང་། ཁྱོད་རང་གོ་འཕང་རྫོགས་པའི་ཆེད་དུ། ངས་ཁྱོད་ལ་མིག་བསྟན་གྱིས་ལྟོས་གསུངས་ནས། སྤྱན་ཡ་བསྒྲད་ནས་གཡས་གཡོན་གྱི་སྤྱན་ལ་ཁྱད་པར་མེད་པ་མཐོང་ཟེར་ཡང་གྲགས།

དེ་ལྟར་སྤྱན་ཡ་ཟུམ་པས། ཡབ་ཡུམ་གྱིས་སྲས་སུ་ཞལ་མ་འཚོ། ཁོང་ཞག་ཟླར་བཞུགས་ནས་དབང་ཁྲིད་ལུང་གསུམ་མཛད། སློབ་མ་ཡེ་ཤེས་ཚུལ་ཁྲིམས་དང་། རིན་ཆེན་ཚུལ་ཁྲིམས་བྱ་བ་གཉིས་སུ་བྱུང་། ཡབ་དང་ཡུམ་གྱི་ཞལ་ནས། ངེད་གཉིས་ཀྱི་བུ་ཞིག་གྲྭ་སར་སོང་བ་དེ་མ་གཟིགས་སམ་ཞུས་པས། གང་འདྲ་ཞིག་ཡོད་གསུངས། འདི་འདྲ་ཡོད་ཞུས་པས། དེ་དང་ང་གཉིས་གྲྭ་སར་གནས་གཅིག་ཡིན། ཁོང་ཕ་མ་དང་མཇལ་དུ་འགྲོ་ཟེར་ཡང་བླ་མ་དང་དགོན་པས་བཀའ་མ་གནང་། ད་སང་ཕོད་འབྱོན་པར་ཡོད་གསུངས་སོ། དེར་འབྱོན་ཁ་ཡབ་ཡུམ་ལ་མེ་ཏོག་སྨོན་ལམ་མཛད་ནས་གསུངས་པ། ང་འདིར་སྡོད་ཚེ་ཁྱོད་གཉིས་ཀྱིས་གནས་གཡར། འབྱོར་ལྡན་ལེགས་ངེས་ཀྱང་དབང་ལུང་གང་ཟབ་བྱས། ད་ང་ཡི་ཁྲི་འདི་ཞག་བདུན་བར་དུ་མ་བཤིག བཤིག་ན་རྟེན་འབྲེལ་འཆུག་འགྲོ ཞག་བདུན་ནངས་པར་བཤིག་དང་དངོས་གྲུབ་གཅིག་ཡོད་གསུངས་ནས་ཕེབས་སོང་། དེ་ནས་ཞག་བདུན་ནས་ཡབ་ཡུམ་གྱིས་གཟིགས་པས། བལ་དངུལ་སྲང་འདེགས་བརྒྱ་ཙམ་དང་ཕྱག་བྲིས་འདི་ལྟར་འདུག དྲིན་ཆེན་ཡབ་ཡུམ་ལ་ཞུ་བ། ང་ཁྱེད་གཉིས་ལ་མཇལ་བའི་ཁས་ལེན་ཡོད་པས་འདིར་འོང་བ་ཡིན། ད་ནི་གྲྭ་ས་སྐྱོང་པར་མ་སོང་ན། རྩ་བའི་བླ་མའི་བཀའ་ལ་འགལ་བ་ཡོད། དངུལ་འདི་དང་རང་ལ་ཡོད་པའི་ཟས་ནོར་གྱིས། དགེ་རྩ་ཆེན་པོར་གྲོང་པའི་གོང་གི་རི་ཁྲོད་འདིར། ང་ཡི་སློབ་མ་འདི་གཉིས་དང་སྡེབས་ལ་གསས་ཁང་གཅིག་བཞེངས་དང་། རྟེན་འབྲེལ་ཆེན་པོ་ཡོད་གསུངས་པར་འདུག ཡབ་ཡུམ་གྱིས་གསུངས་པ་ལྟར་གྲུབ་པས། དགོན་པ་རྣམ་པར་དག་པ་ཞིག་ཆགས་ནས་ད་ལྟ་ཡང་དར་རྒྱས་སུ་ཡོད་སྐད་དོ།

དེར་མཉམ་མེད་ཡབ་སྲས་གྲྭ་ས་རུ་ཕེབས་པར། དར་རྩེ་མདོ་རུ་ཕེབས་པ་དང་། སྟོད་གྲྭ་ས་ནས་འོང་བའི་གྲྭ་དཔོན་སློབ་འགའ་བྱུང་བས། གཡས་རུ་དབེན་ས་ཁ་ས་གཡོས་བྱུང་ནས་ས་འོག་ཏུ་སོང་ཟེར་བས། ཕ་དེ་བདེན་ཨེ་སྲིད་དམ་བྱས་པས། བདེན་ངེས་པ་མིན་ན་དེ་འདྲ་ཟེར་ག་ལ་བཏུབ་ཟེར་བས། དེ་ལ་ཐུགས་ཆད་དེ། ད་སྟོད་དུ་འགྲོ་དགོས་མེད་གསུངས་ནས། དར་མདོའི་རི་མགོར་བྱོན་ནས་བཞུགས།
དེ་རུ་ཡོན་བདག་གི་ཞབས་ཏོག་མང་བར་བྱུང་། སློབ་མ་ཡ་མཚན་ཅན་གཉིས་བྱུང་བར། མིང་ཚུལ་ཁྲིམས་དབང་ལྡན་དང་། བསོད་ནམས་འོད་ཟེར་དུ་བཏགས། གདུལ་བྱ་རྒྱས་ཤིང་ཡོད་ཙམ། བོན་སྐྱོང་གི་ལུང་བསྟན་བྱུང་ནས། དབེན་ས་ཁ་རུ་དུས་དང་སྔོན་དབང་གིས་སྲུང་མ་གཏུབ་ཀྱང་། གསེར་གྱི་ཁམས་བརྒྱད་སོགས་ཀྱི་དཀོར་ཆས་རྣམས་མ་བརླག་པར་ཡོད། ཁྱོད་སྟོད་དུ་སོང་ལ་བསྟན་པ་ཚུགས། འདིར་མ་སྡོད་གསུངས་པས། དམ་པའི་ཞལ་ནས། ངེད་དཔོན་སློབ་གཉིས་གཙང་དུ་འགྲོ་བ་ཡིན། ཁྱོད་སློབ་མ་གཉིས་ཀྱིས་ང་ཡི་སྲོལ་ཟུངས་ལ་རི་ཁྲོད་དུ་སྡོད་གསུངས་ནས་ཕེབས་སོ། སློབ་མ་དེ་གཉིས་ཀྱིས་བོན་དགོན་ལེགས་པོ་གཉིས་བཏབས་སོ། དེང་སང་ལ་མོ་རྩེ་པ་ཟེར།

དེར་མཉམ་མེད་དཔོན་སློབ་གཉིས་དབེན་ས་ཁ་རུ་ཕེབས་པར། ཞིག་ཤུལ་ས་ཁད་མཐོ་དམའ་རུ་སྣང་། གླིང་ཟུར་པའི་ཐད་དེ་མཐོ་བར་གདའ་བས། ལྷ་སྲུང་ལ་བསང་དང་བསྐང་གསོལ་མཛད་ནས། རྐོ་སློག་བྱས་པས། མཁས་གྲུབ་རིན་ཆེན་བློ་གྲོས་ཀྱིས་བཞག་པའི་གསེར་མཆོད་བོང་བུས་ཐེག་པ་ཙམ་ཞིག་ཡོད་པ་དང་། བྲུ་ཆེན་ཁྱུང་རྒྱལ་གྱི་ཐུགས་དམ་གསེར་ཁམས་དུམ་པ་བཅུ་དྲུག་མ་ཉམས་པ་བྱུང་། གཞན་ཡང་མང་ཇ་འདོག་པའི་མཁར་ཉག་སོགས། དཔེ་ཆ་ལྷ་ཆ་དཀོར་ཆ་འགའ་ཞིག་ཐོན་པས། སྲུང་མར་གཏང་རག་བསྐང་མཆོད་རྒྱས་པར་མཛད།

དེར་རྗེའི་ཐུགས་ལ། ད་དགོན་པ་གཅིག་འདེབས་དགོས་འདུག་པ། ག་རུ་འདེབས་དགོངས་པར། ལུང་བསྟན་བྱུང་ནས། སང་ཁྱོད་ཀྱི་ལྷམ་དེ་གར་བབ་སར་དགོན་པ་ཐོབ་གསུངས་པ་བྱུང་བས། ཅི་ཡིན་དགོངས་ན། ཁ་བ་རྐང་མཐིལ་ནུབ་པ་ཙམ་བབ་འདུག ཡར་བཞེངས་པ་དང་། ཕྱགས་བུ་ཡ་གཅིག་གཏོར་ནས་མི་འདུག་པ་བཙལ་བས། ཝ་མོ་གཅིག་གིས་ཁུར་སོང་པའི་རྗེས་དེད་པས། ཐོབ་རྒྱལ་བྱ་བའི་རི་མགོར་བཞག་འདུག དེ་རུ་རི་ཁྲོད་ཅིག་ཏུ་ཆོས་ལུགས་བཀའ་བརྒྱུད་པའི་རྣལ་འབྱོར་པ་གཉིས་འདུག་པས། ཁལ་བཀལ་ནས་འགྲོ་གྲབས་འདུག་པར། ད་ཁྱོད་གཉིས་འདིར་སྡོད། ང་རང་གཉིས་འགྲོ་བ་ཡིན་ཟེར། རྗེའི་ཞལ་ནས་ཕེབས་ག་ལ་དགོས། མཉམ་པོར་བཞུགས་པས་ཆོག་མོད་གསུངས་པས། འོ་ངེད་གཉིས་འགྲོ ཁྱེད་རང་གཉིས་བཞུགས་ཟེར། འོ་ན་ཚ་བ་ཞིག་སྐོལ་དང་དེ་གསོལ་ལ་བྱོན་གསུངས་པས། ཁོང་གཉིས་ན་རེ། ཚ་བ་སྐོལ་བའི་ལུང་པར་ཆུ་ཐག་རིང་པོ་ཡོད་ཟེར། མཉམ་མེད་ཆེན་པོས་ཡར་ཕྱིར་གཟིགས་པས། ན་བའི་གཤོང་སྔོ་ལོང་ལོང་ཞིག་ཏུ་སྤང་འབུར་རེ་བ་ཅིག་འདུག དེར་ཕེབས་ནས་ཧོས་རུ་རེ་ཟུག་པས་ཆུ་སྔོ་ཆིལ་གྱིས་བྱུང་། ཆུ་འདིར་འདུག་ཇ་གསོལ་གསུངས་པས། འོ་དེ་ག་རང་ཡིན། ངེད་གཉིས་འདིར་མི་ལོ་མང་པོར་བསྡད་པས་ཆུ་མ་མཐོང་། ད་ཁྱེད་འདིར་བཞུགས་པའི་སྐལ་པ་ཡོད་པར་སྣང་ཟེར། གསོལ་ཇ་དྲངས་ནས་བཀྲ་ཤིས་སྨོན་ལམ་མཛད། ཁོང་གཉིས་རི་བོ་གསེར་མདོག་ཅན་དུ་བྱོན་ནས་བཞུགས་པས། བསྟན་པ་རྒྱས་པར་བྱུང་སྐད།

དེ་ནས་མཉམ་མེད་ཆེན་པོས་རིན་ཆེན་རྒྱལ་མཚན་ལ། ཁྱོད་ཀྱི་ཐུ་བ་རུ། རྡེའུ་དང་གསེག་མ་རྣམས་ཁྱེར་ལ། མིག་བཙུམ་ལ་མཚམས་སྐོར་གྱི་ཕྱོགས་སུ་གོམ་པ་དགུ་རེའི་སར་རེ་རེ་སྐྱུར་གསུངས་ནས། དགོངས་པ་ལ་བཞུགས། རིན་ཆེན་རྒྱལ་མཚན་གྱིས་དེ་ལྟར་མཛད་པས། འུར་འུར་ཐུག་ཐུག་འགའ་བྱུང་པས། སྤྱན་གྱིས་བལྟས་པས་གང་ཡང་མི་སྣང་། རྗེའི་ཞལ་ནས། ད་རེས་ཁྱོད་ཀྱི་རྡེའུ་མ་ཟད་པར་ལྟ་ལ་མ་ཤོར་བ་ཡིན་ན། སྔར་གྱི་དབེན་ས་ཁ་ལྟ་བུའི་དགོན་པ་གཅིག་ཆགས་པར་ཡོད་དེ་ཅུང་མ་བྱུང་། ད་རྒྱ་ཆུང་ལ་རྒྱུན་རིང་པ་ཞིག་ཡོང་པར་ཡོད་གསུངས། དེར་དགོན་པ་བཏབ་པ། དེང་སང་བཀྲ་ཤིས་སྨན་རི་བྱ་བ། བོན་གྱི་གདན་ས་འདུལ་བའི་གྲྭ་ས་ཆེན་པོ་རུ་ཡོད།
དེ་རུ་བོན་གྱི་སྲོལ་བཙུགས་པ་ནི། དགེ་སྦྱོར་གྱི་ཁྲིགས་ཁ་ལ། ཟླ་བ་བྱུང་ངོ་ཅོག་གི་ཡར་ངོ་ལ་འཆད་ཉན། མར་ངོ་ལ་བསྙེན་སྒྲུབ། གཞན་ཡང་ཉ་མཆོད་དགུ་གཏོར། གསོ་སྦྱོང་། བསང་། སྦྱིན་སྲེག མཆོད་གཏོར། ཐུགས་དམ་རྒྱུན་གྱི་གཏོར་མ། དམ་ཅན་སྲུང་མའི་གསོལ་ཁ་སོགས་མ་ཆགས་པར་མཛད།

གྲུབ་རྟགས་རྫུ་འཕྲུལ་དུ་མར་མངའ་བརྙེས་ཤིང་། ཤེས་རབ་ལྷ་མཆོག་སྨྲ་སེང་དང་། ཁྲ་གསས་ཁྱུང་རྒོད་ལ་སོགས་པ། ཡི་དམ་ལྷའི་ཞལ་གཟིགས་པ། བཀའ་སྐྱོང་མི་བདུད་དང་མི་དང་མི་གཏམ་པ་ལྟར་མངག་ཆོག་པ་དང་། རྒྱལ་པོ་ཤེལ་ཁྲབ་ཅན་བྲན་དུ་ཁྱི་བཞིན་འཁོར་བ་དང་། མཉམ་མེད་ཆེན་པོར་བྱང་པ་རྣམས་ཀྱིས། གཡག་རྣམས་ཕུལ་བ། ལྷ་རྟེན་དུ་བཙུགས་པ། སྨན་རིའི་རྒྱབ་ཀྱི་བྱང་ཁ་གང་ཡིན་ལ་གཏོང་བ། འཚོ་རྫི་མི་དགོས་པར་བྱང་ཁར་ཡན་ནས། ཚེས་མཆོད་ཀྱི་གསོལ་ཁ་བྱེད་དུས་མི་ཡིས་འདེད་མི་དགོས་པར། རང་བཞིན་དགོན་པར་འབབ་ཡོང་བ། སྐུ་མདུན་ནས་སྲུང་བཙུག་དར་དང་རྔ་ཚོམ་གྱིས་བརྒྱན་པས། སླར་གཟས་ལ་ཡན་པ་སོགས་བྱུང་། སྒྲུབ་རྫས་སམ། མཆོད་པར་དགོས་པའི་ཡུལ་དེར་མི་སྐྱེ་བའི་འབྲུ་སྣ་རྣམས་ལྷ་གཡག་རྣམས་ཀྱིས་སྐུ་མདུན་གྱི་དྲུང་དུ་སྤྲུག་གསིག་བྱེད་པའི་སྤུ་གསེབ་ནས་འབབ་པ་དང་། ཆོམ་རྐུན་གྱིས་གཟུང་དུ་ཆས་ཚེ་རྭ་རྩེར་གཟེད་ནས་གསོད་པ་བྱུང་། སྙེ་པའི་བ་དན་ས་སྟེང་ཀུན་ཏུ་ཁྱབ། བཀའ་ལུང་བོན་གྱི་ཆར་ཆེན་ཕབ་ནས། བུ་སློབ་སྐྲ་བཞར་གྱི་ཉག་མ་ཙམ་འཕེལ་ཏེ། བསྟན་པ་རིན་པོ་ཆེ་དར་རྒྱས་རྒྱ་ཆེན་པོར་མཛད།

ཉིད་ཀྱིས་མཛད་པའི་བོན་ལ་ཡང་། ལུང་ཆེན་སྲིད་པའི་མཛོད་ཕུག བྱང་སེམས་གབ་པ་དགུ་སྐོར། ཐེག་རིམ། ཁམས་སྡུད། དབུ་མ་བདེན་གཉིས། ས་ལམ་འཕྲུལ་གྱི་སྒྲོན་མེ། ཚད་མ་རྣམ་འབྱེད། འདུལ་བ་ཆེ་ཆུང་ལ་སོགས་ཀྱི་འགྲེལ་དགུ་དང་། གཞན་ཡང་ཕྱི་ནང་གསང་གསུམ་གྱི་བོན་རྣམས་ལ། མངོན་རྟོགས་ཕྱག་བཞེས་ལ་སོགས་མ་བཏབ་པ་གང་ཡང་མེད།།
རྗེ་ཡི་ཞལ་ནས། ད་ཡང་ང་ཡི་ཁྲི་འདི་ཁྱོད་རིན་ཆེན་རྒྱལ་མཚན་གྱིས་ཟུང་དང་ནོན་པ་འབྱུང་། ཁྱོད་ཕྱིན་ཆད་ནས་བོན་སྐྱོང་གསོལ་ལ་རྟགས་རིལ་སྒྲིལ་བ་གང་བབ་དེ་ཁྲི་ལ་དགོད་དགོས། དགོན་འདི་ཡི་བསྟན་པ་ནི། དུས་ཀྱི་བསྐལ་པའི་བར། བར་ཆོད་མེད་པར་དར་བར་འབྱུང་གསུངས།
ཤིང་མོ་ལུག་གི་ལོར་གཏེར་གྱི་ཆུ་མིག་ཁར་བྱོན་ནས་བཞུགས་ཏེ། འཁོར་རྣམས་ལ། བཀའ་རྫོགས་པ་ཆེན་པོ་ཞང་ཞུང་སྙན་བརྒྱུད་ཀྱི། ཁྲིད་འཆད་པ་རྫོགས་པའི་དུས་གསུངས་པ། ད་ཞག་བདུན་བར་ང་ཡི་རྩར་སུ་ཡང་མི་ཡོང་གསུངས་ནས། ཅོག་གུར་སྒོ་བཅད་མཛད། དབྱར་ཟླ་ཐ་ཆུང་གི་ཚེས་བརྒྱད་ཀྱི་ཉི་ཤར་དུས་སྐུ་གཤེགས་སོ།

དེ་རུ་གཞའི་ཀ་བ་ཟུག མེ་ཏོག་གི་ཆར་བབ། འོད་ཟེར་སྣ་ཚོགས་འཐིབས་པས། དེ་ལ་རིན་ཆེན་རྒྱལ་མཚན་ཐུགས་མ་ཆེས་པ། ད་གདུང་ས་ལ་མི་བཞག་པ་འདྲ་དགོངས་ནས། ཞག་གསུམ་ནས་གཟིགས་པས། ཞབས་ས་ལ་མ་རེག་པར། ཁྲི་གདན་ཁ་ནས་ཁྲུ་དོའི་སར་འཕགས་ཏེ། བར་སྣང་དུ་སྐྱིལ་ཀྲུང་མཉམ་བཞག་མཛད་ནས། འདུལ་གོས་པད་ཞྭ་གསོལ་ཏེ་འདས་ནས་སྣང་། དེར་རིན་ཆེན་རྒྱལ་མཚན་གྱིས། ཞག་འགའ་རུ་གདུང་མཆོད་རྒྱས་པར་ཕུལ་ནས། ཆུ་མིག་ཁར་ཀླུ་གནས་སར། གཟིམ་ཁང་ཁར་གདུང་ཁང་བརྩེགས་ཏེ། དེར་གདུང་གདན་དྲངས་ནས། གདུང་སྲེག་བླུགས་ཤིང་། ཞུགས་ལ་བཞེན་པས། རིང་བསྲེལ་ཅོ་ཀའི་སྒོ་ང་ཙམ་གསུམ་བྱུང་། དེ་ལ་ངོ་མཚར་སྐྱེས་ཏེ། དར་སྣ་ལྔ་ཡི་ན་བཟའ་གསོལ། ཚན་སྤོས་ཀྱིས་བསང་། ང་ཡི་བླ་མ་དེ་འདི་འདྲ་ཡིན་གསུངས་ནས། ཀུན་ལ་ངོམ་པར་མཛད། གཏེར་གྱི་ཆུ་མིག་ཏུ་བྱོན་ནས་ཁྲུས་གསོལ་ཏེ།

གཟི་བརྗིད་དབང་ལྡན་ཁྱད་པར་རྨད་བྱུང་བའི། །
སྐུ་མདོག་དཀར་གསལ་གངས་རིར་ཉི་ཤར་འདྲ། །
བག་ཆགས་དྲི་མས་བསྐྱད་དུ་མི་མངའ་སྟེ། །

ཞེས་སོགས་གསུངས་ནས་དཔོན་སློབ་རྣམས་ཀྱིས་གྱེར་མོ་མཛད་ཚེ། རིང་བསྲེལ་གཅིག་སྒྲ་འོད་དང་བཅས་ཏེ། ནམ་མཁའ་ལ་འཕུར་སོང་བ། ད་ལྟ་སྟེང་ལྷ་ཡུལ་གྱི་འགྲོ་དོན་ལ་བཞུགས། དེ་ལ་གཟིགས་ཚེ། རིང་བསྲེལ་གཅིག་སྒྲ་འོད་དང་བཅས་ཏེ་ཆུ་མིག་ནང་དུ་ཤོར་སོང་བ། བཙལ་བས་མ་རྙེད། ད་ལྟ་འོག་ཀླུ་ཡུལ་གྱི་འགྲོ་དོན་དུ་བཞུགས། རིང་བསྲེལ་གཅིག་པོ་ཤོར་དོགས་ནས་ཕྱག་གིས་དམ་དུ་འཆང་ནས། བཟོ་བོ་བོས་ནས་གསེར་གྱི་སྐུ་གདུང་བཞེངས་ཙམ་ན། ནུབ་མོ་རིང་བསྲེལ་དེ། ཕྱི་ལ་ཐོན་འདུག ཨ་ཁ་དགོངས་ནས། གསར་བཞེངས་མཛད་པས། ཡང་རིང་བསྲེལ་ཕྱི་ལ་ཐོན་འདུག་པར། རིན་ཆེན་རྒྱལ་མཚན་ཐུགས་རྒྱལ་བཞེངས་ནས། རིང་བསྲེལ་དེ་རྡོ་བ་ཁྲུ་ཚད་ཡོད་པ་གཅིག་ལ་བརྡབ་པས། དམ་གྱིས་ཟུག་ནས་སྤྱན་གྱིས་མཐོང་བར་ཕྱག་གིས་མི་ཐོན་པར་འདུག དེ་ཡ་མཚན་དུ་དགོངས་ཏེ། གོང་གི་གསེར་གདུང་དུ་གདུང་ཐལ་བཞུགས་ནས་ལེགས་པར་བཞེངས། དེ་དང་ལྷན་དུ། མངའ་དབུལ་རབ་གནས་རྒྱས་པར་མཛད་ནས། ངོ་མཚར་གྱི་རྟེན་དུ་བཤམས་པས། རྡོ་དེ་ལ་གཡུང་དྲུང་བཀོད་ལེགས་ཀྱི་མཆོད་རྟེན་གཅིག་

རང་གྲུབ་ཏུ་བྱོན་པ། ད་ལྟ་སྨན་རི་ལ་བར་མི་ཡུལ་གྱི་འགྲོ་དོན་དུ་བཞུགས་པར། གང་མཇལ་མི་རྣམས་ལ། ངན་སོང་གསུམ་གྱི་སྐྱེ་སྒོ་ཁེག་ཅིང་། སྨོན་ལམ་རྣམ་པར་དག་པ་བཏབ་པ་འགྲུབ་ངེས་སོ། །
རྗེས་འཇུག་བུ་སློབ་ཀྱི་གྲོལ་ཚུལ་ནི། སྟོད་སྨད་བར་གསུམ་ནས་བཀའ་བརྒྱུད་འཛིན་ཅིང་འགྲོ་དོན་ནུས་པ་མང་ཡང་། མཆོག་ཏུ་གྱུར་པ་ནི། གངས་ཅན་མཁས་པའི་གཙུག་རྒྱན་དུ་གྱུར་པ། མཁས་བཙུན་གདན་ས་རིན་ཆེན་རྒྱལ་མཚན་དང་། ཁྱད་པར་ཐེག་པ་ཆེན་པོའི་བརྒྱུད་པ་འཛིན་པ་ནི། འུ་སྒོམ་ཤེས་རབ་རྒྱལ་མཚན་དེ་ཉིད་ཡིན་པར་མངོན་ནོ། །
མཉམ་མེད་བླ་མ་དམ་པ་དེ་ནི། བདེར་གཤེགས་རྣམ་སྤྲུལ་འགྲོ་བའི་དོན་ལ་བྱོན་པ། སྙིགས་མའི་དུས་ཀྱི་རྒྱལ་བ་གཉིས་པར་གྱུར་ལགས་སོ། །

གནའ་བོའི་ཞལ་ལུང་རྣ་བའི་བདུད་རྩི་འདི། །
ནུབ་པར་ཕངས་ནས་བློ་གསལ་དགའ་བསྐྱེད་ཕྱིར། །
བོན་དགའ་གཤེན་གདུང་མི་ལྡོག་དད་པའི་བློས། །
ཡི་གེར་སྤེལ་འདི་མཐོང་ཐོས་སངས་རྒྱས་ཤོག །
དགེའོ། བཀྲ་ཤིས། །

གཡུང་དྲུང་བོན་གྱི་སྒྲུབ་གནས་ཁག་གི་ངོ་སྤྲོད་དམར་མོའི་མཛུབ་ཁྲིད།
གཡུང་དྲུང་བོན་གྱི་སྒྲུབ་གནས་ཁག་གི་ངོ་སྤྲོད་དམར་མོའི་མཛུབ་ཁྲིད།
ཞང་ཞུང་སྙན་རྒྱུད་བཀའ་རྒྱུད་སྐོར་བཞིའི་གླེང་བརྗོད།
ཞང་ཞུང་སྙན་རྒྱུད་བཀའ་རྒྱུད་སྐོར་བཞིའི་གླེང་བརྗོད།
བརྡ་སྤྲོད་སྲིད་པའི་སྒྲོན་མེའི་རྩ་ཚིག
བརྡ་སྤྲོད་སྲིད་པའི་སྒྲོན་མེའི་རྩ་ཚིག
མེ་སྟོན་ཉི་མ་རྒྱལ་མཚན་མཆོག་གི་གསུང་འབུམ།
མེ་སྟོན་ཉི་མ་རྒྱལ་མཚན་མཆོག་གི་གསུང་འབུམ།
བོན་ཆོས་དཔྱད་བསྡུར།
བོན་ཆོས་དཔྱད་བསྡུར།
ལེགས་བཤད་རིན་པོ་ཆེའི་གཏེར་མཛོད།
ལེགས་བཤད་རིན་པོ་ཆེའི་གཏེར་མཛོད།
 རྗེ་མཉམ་མེད་ཤེས་རབ་རྒྱལ་མཚན་གྱི་གསུང་འབུམ་ཆ་ཚང་གི་གློག་རྡུལ་འཕྲུལ་དེབ།
 རྗེ་མཉམ་མེད་ཤེས་རབ་རྒྱལ་མཚན་གྱི་གསུང་འབུམ་ཆ་ཚང་གི་གློག་རྡུལ་འཕྲུལ་དེབ།
རྒྱུན་ཁྱེར་བོན་སྤྱོད་ཕྱོགས་བསྡུས་དད་ལྡན་ཐར་ལམ་འཛེགས་པའི་ཐེམ་སྐས་ཞེས་བྱ་བ་བཞུགས་སོ།
རྒྱུན་ཁྱེར་བོན་སྤྱོད་ཕྱོགས་བསྡུས་དད་ལྡན་ཐར་ལམ་འཛེགས་པའི་ཐེམ་སྐས་ཞེས་བྱ་བ་བཞུགས་སོ།
སྨན་རིའི་སྟེགས་འཇོག་ལོ་ཐོ།
སྨན་རིའི་སྟེགས་འཇོག་ལོ་ཐོ།
previous arrow
next arrow