༧སྐྱབས་རྗེ་༧རྒྱལ་བ་སྨན་རིའི་ཁྲི་འཛིན་རིན་པོ་ཆེ་མཆོག་རང་དགོན་དཔལ་གཤེན་བསྟན་སྨན་རིའི་གླིང་དུ་ཞབས་སོར་འཁོད་གནང་བ།

12

བོད་མེ་བྱ་ལོའི་ཟླ་བ་དང་པོའི་ཚེས་༢༨རེས་གཟའ་ཉི་མའི་ཉིན་སྟེ། ཕྱི་ལོ་༢༠༡༧ཟླ་བ་༠༣ཚེས་༢༦ཉིན་ཞྭ་དཀར་བསྟན་པའི་གཙུག་རྒྱན་གསང་གསུམ་བོན་གྱི་མཛོད་འཛིན་གཡུང་དྲུང་བོན་གྱི་བླ་ཆེན་༧སྐྱབས་རྗེ་༧རྒྱལ་བ་སྨན་རིའི་ཁྲི་འཛིན་རིན་པོ་ཆེ་མཆོག་ཨ་རིའི་ནེའུ་ཡོག་གཡུང་དྲུང་བོན་གཤེན་གླིང་ནས་རྒྱ་གར་བྱང་ཕྱོགས་ཧི་མ་ཅལ་དུ་གཞིས་ཆགས་པའི་བོན་གཞིས་ཐོབ་རྒྱལ་གསར་པ། ༧གཡུང་དྲུང་བོན་གྱི་གདན་ས་ཆེན་མོ་༧དཔལ་གཤེན་བསྟན་སྨན་རིའི་གླིང་དུ་བདེ་འཚམས་ངང་ཞབས་སོར་འཁོད་གནང་ཡོད།

12

དེ་ཡང་ཕྱི་ལོ་༢༠༡༧ཟླ་༠༣ཚེས་༢༤ཉིན་༧སྐྱབས་རྗེ་༧རྒྱལ་བ་སྨན་རིའི་ཁྲི་འཛིན་རིན་པོ་ཆེ་མཆོག་དང་སྐུ་ཡི་ཞབས་འཁོར་ཨ་རིའི་བོན་གཤེན་གླིང་གི་དབུ་འཛིན་སྐྱོང་སྤྲུལ་དགེ་བཤེས་བསྟན་འཛིན་རྣམ་རྒྱལ་རིན་པོ་ཆེ་མཆོག་དང་སྐུའི་ཞབས་ཞུ་པ་ཚབ་ཚ་བླ་མ་རིན་ཆེན་རྒྱལ་མཚན་བཅས་རྒྱ་གར་གྱི་རྒྱལ་ས་ལྡི་ལིའི་གནམ་ཐང་ལ་ཞབས་སོར་འཁོད།

45

དེར་བལ་ཡུལ་ཁྲི་བརྟན་ནོར་རྩེའི་མཁན་རིན་པོ་ཆེ་བསྟན་པ་གཡུང་དྲུང་མཆོག་དང་། ཝཱཎཱ་གཡུང་དྲུང་བོན་གྱི་དགེ་སློབ་ཁང་གི་དགེ་རྒན་ཆེན་མོ་སྒོ་རིགས་དགེ་བཤེས་བསྟན་འཛིན་མཆོག་ལྡན་ལགས། དབུས་གཡུང་དྲུང་བོན་འཛིན་སྐྱོང་ལྷན་ཚོགས་ཀྱི་དྲུང་ཆེ་དགེ་བཤེས་ཟླ་བ་དར་རྒྱས་དང་། དབུས་གཡུང་དྲུང་བོན་འཛིན་སྐྱོང་ལྷན་ཚོགས་ཀྱི་ཟུང་འབྲེལ་འགན་འཛིན་དགེ་བཤེས་ཚུལ་ཁྲིམས་བློ་ལྡན་ནམ་སྙན་གྲགས། སྨན་རིའི་བླ་བྲང་གི་སྐུའི་ཞབས་ཞུ་པ་མཁའ་སྣ་དགེ་བཤེས་ཟླ་བ་རྣམ་རྒྱལ། སྨན་རིའི་བཤད་སྒྲུབ་འདུས་སྡེའི་ཚོགས་གཙོ་ཤེས་རབ་དབང་རྒྱལ་སོགས་གཞུང་འབྲེལ་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་སྡེ་ཁག་གི་མི་སྣ་མང་པོ་ཕེབས་བསུར་བཅར་ཡོད་པ་དང་།

ttbb

ཕྱི་ཚེས་༢༥ཉིན་གྱི་ཕྱི་དྲོའི་ཆུ་ཚོད་༣།༠༠ཙམ་ལ་༧སྨན་རིའི་ཁྲི་འཛིན་རིན་པོ་ཆེ་མཆོག་རྒྱལ་ས་ལྡི་ལི་ནས་མཁའ་ལམ་བརྒྱུད་དེ་གྲོང་ཁྱེར་ཅན་ངྷི་གྷར་(Chandigarh)ལ་ཞབས་སོར་འཁོད་ཡོད་པ་དང་། ཅན་ངྷི་གྷར་རྒྱལ་སྤྱིའི་གནམ་ཐང་ལ་དབུས་གཡུང་དྲུང་བོན་འཛིན་སྐྱོང་ལྷན་ཚོགས་ཀྱི་དྲུང་ཆེ་ལགས་དང་། དཔལ་གཤེན་བསྟན་སྨན་རིའི་གྲྭ་ཚང་གི་གཉེར་པ་ཨ་ཀྲོང་རིན་ཆེན་རྒྱལ་མཚན། ས་གནས་འཐུས་མི་ལྷན་ཚོགས་ཀྱི་ཚོགས་གཞོན་དགེ་བཤེས་བསོད་ནམས་ཚེ་བརྟན། བོན་གཞིས་ཐོབ་རྒྱལ་གསར་པའི་གཞིས་འགོ་བློ་ལྡན་ཉི་མ་མཆོག བོན་གཞིས་ས་གནས་རང་བདེན་ཚོགས་ཆུང་གི་ཚོགས་གཙོ་བློ་བཟང་རྒྱ་མཚོ། གསོ་རིག་འབུམ་བཞིའི་མཐོ་སློབ་ཀྱི་དྲུང་ཆེ་དོན་འགྲུབ་དབང་འདུས། བོན་བུ་ཁྱིམ་ཁང་གི་ལས་བྱེད་ཏྲེ་བ་བློ་གྲོས་འབྱུང་གནས་ལགས། བོན་གཞིས་ས་གནས་གཞོན་ནུ་ལས་བྱེད་ཆོས་བཟང་ལགས། གྲོང་ཁྱེར་ཅན་ངྷི་གྷར་(Chandigarh)མཐོ་སློབ་ཀྱི་སློབ་ཕྲུག་ཉི་ཤུ་ལྷག་བཅས་སེར་སྐྱ་མང་པོ་ཕེབས་བསུར་བཅར་ཡོད།

1122

ཕྱི་ཚེས་༢༦ཉིན་གྱི་ཞོགས་པར་ཅན་ངྷི་གྷར་གྲོང་ཁྱེར་ལ་བོད་མིའི་སྒྲིག་འཛུགས་ཀྱི་ཆེས་མཐོའི་ཁྲིམས་ཞིབ་པ་ཆེ་བ་ཟུར་པ་སྐུ་ངོ་བྱ་དུར་བསོད་ནམས་བཟང་པོ་མཆོག་དང་། བོད་མི་མང་སྤྱི་འཐུས་དགེ་བཤེས་སྨོན་ལམ་མཐར་ཕྱིན་ལགས་དང་། སྤྱི་འཐུས་བ་ར་ཚེ་དབང་བཀྲ་ཤིས་ལགས། སྤྱི་འཐུས་དབྲ་ཚ་བསོད་ནམས་ནོར་བུ་ལགས་བཅས་ཆེད་དུ་ཕེབས་བསུར་བཅར་ཡོད་པ་དང་། ཆུ་ཚོད་༩།༣༠ཙམ་གྱི་ཐོག་ (Chandigarh)ནས་ཆིབས་འཁོར་ལ་བཞུགས་ནས་ཕེབས།

DSC00768DSC00776

ས་གནས་ཨོ་ཆི་གྷར་(Oachghat)ནས་ས་གནས་དེའི་མང་ཚོགས་ཀྱིས་ལྷ་བསང་བཏང་། ལྷ་དར་དཀར་པོས་སྣེ་དྲངས་ཏེ་ཕེབས་བསུ་ཞུས། ས་གནས་དེར་བཞུགས་གུར་ཕུབ་ནས་གསོལ་ཇ་འདེགས་འབུལ་ཞུས་ཡོད་པ་དང་། ཆུ་ཚོད་ཕྱེད་ཀ་ཙམ་ལ་སྐུ་ངལ་གསོ་གནང་ཞིང་ས་གནས་སེར་སྐྱ་མི་མང་ལ་མཇལ་ཁ་གནང་།

DSC00777DSC00786

ས་གནས་ཨོ་ཆི་གྷར་(Oachghat)ནས་ཚོགས་སྡེ་དང་མི་སྒེར་ཁག་གི་རླངས་འཁོར་དང་འཕྲུལ་རྟའི་བསྟར་འཕྲེང་བསྒྲིགས་ནས་ཕེབས་བསུ་ཞུས། བོན་གཞིས་ཐོབ་རྒྱལ་གསར་པའི་ལ་མགོ་ལ་བོན་གཞིས་མི་མང་དང་ཉིན་སློབ་ཀྱི་སློབ་སྤྱི་དང་དགེ་སློབ་མང་པོས་རྔ་རོལ་གྱིས་བསུ་མ་ཞུས་ཤིང་། དེ་ནས་གསོ་རིག་འབུམ་བཞིའི་མཐོ་སློབ་ཀྱི་སྒོ་འགྲམ་ལ་དགེ་སློབ་མང་པོས་ལྷ་བསང་གཏོང་ཞིང་ཕེབས་བསུ་ཞུས།

46

དེ་ནས་སྨན་རིའི་གྲྭ་ཚང་སྒོ་ཆེན་འགྲམ་ལ་༧སྨན་རིའི་དཔོན་སློབ་ཡང་སྟོན་འཕྲིན་ལས་ཉི་མ་རིན་པོ་ཆེ་མཆོག་དང་། བཤད་སྒྲུབ་མཁན་སློབ་གཉིས་དབུས་པའི་དགེ་འདུན་མང་ཚོགས་དང་བཙུན་མ་ཡོངས་ཀྱིས་རྔ་རོལ་དུང་གསུམ་གྱི་མཆོད་པ་འབུལ་བཞིན། བོན་གཞིས་ཐོབ་རྒྱལ་གསར་པའི་སེར་སྐྱ་མི་མང་གིས་ཕེབས་ལམ་གཡས་གཡོན་དུ་བང་སྒྲིག་སྟེ་བདུག་སྤོས་དང་བསང་གསོལ་གཏོང་བཞིན། ཁ་བཏགས་སོགས་ཀྱིས་དགའ་བསུའི་ཁྲོད་དུ་རང་དགོན་དཔལ་གཤེན་བསྟན་སྨན་རིའི་གླིང་གི་ཚོགས་ཁང་ཆེན་མོའི་སྒོ་ཁྱམས་ལ་ཞབས་སོར་བདེ་བར་བཀོད། དེ་ནས་དམིགས་བསལ་གྱིས་གྲྭ་ཚང་འདུས་མང་གིས་གཤེན་རབ་མཆོད་རྔ་བརྡུང་སྟེ་མཆོད་བསུ་ཞུས་ཤིང་ཚོགས་ཁང་ལ་གདན་འདྲེན་ཞུས་ནས་རྒྱལ་བ་སྨན་རིའི་གསེར་ཁྲི་ལ་མངའ་གསོལ་མཛད།

IMG_0065DSC00808

དེ་ནས་སྨན་རིའི་དཔོན་སློབ་རིན་པོ་ཆེ་ནས་མཎྚལ་སྐུ་གསུང་ཐུགས་རྟེན་འདེགས་འབུལ་ཞུས་ཞིང་བོན་གཞིས་སེར་སྐྱ་མང་ཚོགས་དང་སློབ་ཕྲུག་ཡོངས་ལ་མཇལ་ཁ་གནང་། མཇལ་ཁ་སོགས་ཡོངས་སུ་གྲུབ་ནས་སྨན་རིའི་བླ་བྲང་གཟིམ་ཆུང་ལ་ཞབས་སོར་འཁོད་གནང་ཞིང་སྨན་རིའི་བླ་བྲང་ནས་བོན་གཞིས་ས་གནས་མི་མང་ལ་གསོལ་ཇ་དང་དགེ་འདུན་མང་ཚོགས་ལ་སྐུ་འགྱེད་མང་ཇ་རྒྱས་འབུལ་ཞུས་ཡོད་པ་བཅས་ཀྱི་གནས་བསྡུས་ཙམ་མོ།།

གྱེར་ནག་ཚང་གིས་ཟླ་༣ཚེས་༢༦ལ་སྤེལ།

གཡུང་དྲུང་བོན་གྱི་སྒྲུབ་གནས་ཁག་གི་ངོ་སྤྲོད་དམར་མོའི་མཛུབ་ཁྲིད།
གཡུང་དྲུང་བོན་གྱི་སྒྲུབ་གནས་ཁག་གི་ངོ་སྤྲོད་དམར་མོའི་མཛུབ་ཁྲིད།
ཞང་ཞུང་སྙན་རྒྱུད་བཀའ་རྒྱུད་སྐོར་བཞིའི་གླེང་བརྗོད།
ཞང་ཞུང་སྙན་རྒྱུད་བཀའ་རྒྱུད་སྐོར་བཞིའི་གླེང་བརྗོད།
བརྡ་སྤྲོད་སྲིད་པའི་སྒྲོན་མེའི་རྩ་ཚིག
བརྡ་སྤྲོད་སྲིད་པའི་སྒྲོན་མེའི་རྩ་ཚིག
མེ་སྟོན་ཉི་མ་རྒྱལ་མཚན་མཆོག་གི་གསུང་འབུམ།
མེ་སྟོན་ཉི་མ་རྒྱལ་མཚན་མཆོག་གི་གསུང་འབུམ།
བོན་ཆོས་དཔྱད་བསྡུར།
བོན་ཆོས་དཔྱད་བསྡུར།
ལེགས་བཤད་རིན་པོ་ཆེའི་གཏེར་མཛོད།
ལེགས་བཤད་རིན་པོ་ཆེའི་གཏེར་མཛོད།
 རྗེ་མཉམ་མེད་ཤེས་རབ་རྒྱལ་མཚན་གྱི་གསུང་འབུམ་ཆ་ཚང་གི་གློག་རྡུལ་འཕྲུལ་དེབ།
 རྗེ་མཉམ་མེད་ཤེས་རབ་རྒྱལ་མཚན་གྱི་གསུང་འབུམ་ཆ་ཚང་གི་གློག་རྡུལ་འཕྲུལ་དེབ།
རྒྱུན་ཁྱེར་བོན་སྤྱོད་ཕྱོགས་བསྡུས་དད་ལྡན་ཐར་ལམ་འཛེགས་པའི་ཐེམ་སྐས་ཞེས་བྱ་བ་བཞུགས་སོ།
རྒྱུན་ཁྱེར་བོན་སྤྱོད་ཕྱོགས་བསྡུས་དད་ལྡན་ཐར་ལམ་འཛེགས་པའི་ཐེམ་སྐས་ཞེས་བྱ་བ་བཞུགས་སོ།
སྨན་རིའི་སྟེགས་འཇོག་ལོ་ཐོ།
སྨན་རིའི་སྟེགས་འཇོག་ལོ་ཐོ།
previous arrow
next arrow