སྨན་རིའི་གླིང་ནས་ཐོན་པའི་དེབ་གསར་གཉིས།

IMG_9575

རྩོམ་སྒྲིག་པའི་གཏམ།

ཞང་བོད་ཤེས་རིག་གི་འཁྲུངས་རབས་ནི་མི་ལོ་སྟོང་ཕྲག་དུ་མ་ལས་བརྒལ་བའི་ལོ་རྒྱུས་ཀྱི་རིན་ཐང་གིས་ཕྱུག་པ་སྟེ། དེ་ཡང་སྒྲུང་དང་རྟོག་བཟོ་ལྟ་བུའི་རྣམ་པ་ཞིག་གཞི་ནས་དབེན། ང་ཚོའི་ཁ་བ་གངས་ཅན་པའི་ཞིང་ཁམས་ཀྱི་ས་གཤིས་དང་། དེར་བརྟེན་གྱི་མཐོ་སྒང་མི་རིགས་ཀྱི་རྣམ་དཔྱོད་ལས་གྲུབ་པའི་ཤེས་རིག་གི་གཞི་རྩ་ནི། འཛམ་གླིང་གོ་ལའི་ཁྱོན་གྱི་ཁྱད་ནོར་དུ་གྱུར་བ་ནི་སྨོས་མ་དགོས་ཏེ།
འཇིག་རྟེན་གྱི་ཁ་སྐད་ལ། གསེར་ས་འོག་ཏུ་ཡོད་ཀྱང་། འོད་ས་སྟེང་ལ་ཁྱབ་ཅེས་པ་ལྟ་བུ་རེད། ཤེས་རིག་གི་འོད་སྣང་དེ་ཡང་ལོ་རྒྱུས་ཀྱི་

དར་རྒུད་ཁྲོད་ནས་རྒྱུད་རིམ་གྱི་རྨུ་ཐག་མ་ཆད་པ། ལྷག་བསམ་དང་སྙིང་སྟོབས་ཀྱིས་ཕྱུག་པའི་མེས་པོ་དག་གི་ཕྱག་རྗེས་ཀུན། ཕྱི་རབས་རྣམས་ལ་བཞག་པའི་དྲིན་ལས་ད་ལྟ་ཞང་བོད་མཐོ་སྒང་པ་ཞེས་གཟི་བརྗིད་ཀྱི་དབུ་འཕང་ལྷང་ངེ་འཚེར།

IMG_9578

བོད་ཅེས་བཟང་པོ་དང་བོན་ཞེས་ངན་པར་ལྟ་བའི་མུན་ནག་གི་ཁྲོད་ནས་མེ་སྟག་ཕྲ་མོ་ལས་མེ་མཆེད་པ་ལྟར་དུས་རབས་གསར་པ་འདིའི་ནང་ལ་བོན་གྱི་ཤེས་རིག་ལ་སླར་ཡང་དོ་སྣང་གནང་མཁན་དང་། དགའ་མོས་བྱ་མཁན་ཇེ་མང་དུ་འགྲོ་བཞིན་པའི་རྣམ་པ་ཞིག་ཏུ་རེད་མོད། དེར་བསྟུན་བོན་ཕྲུག་ཞིག་གི་ཕྲག་ཏུ་བབས་པའི་འགན་རིགས་སྣ་ཚོགས་སུ་ལུས་ཀྱང་། ཕྲན་ལྟ་བུར་མཚོན་ན་དམིགས་བསལ་གྱི་ཕྱིའི་ཀུན་སྤྱོད་དང་། ནང་གི་ཤེས་ཡོན་ཅི་ཞིག་སྟོང་ན་ཡང་། ༧ སྐྱབས་རྗེ་མཁན་སློབ་རྣམ་པའི་བཀའ་དྲིན་ཐུགས་རྗེ་དང་། ཕྱོགས་ཀུན་ནས་རོགས་ཕན་གནང་མཁན་རྣམ་པའི་ལྷག་བསམ་གྱི་མཐུན་རྐྱེན་དང་། སོ་སོའི་འབད་རྩོལ་དང་ཀུན་སློང་གཙང་མ་བཅས་ལ་བརྟེན་ནས་«བོན་གྱི་ཐ་སྙད་ཤེས་བྱ་»ཞེས་ཁ་བྱང་བཏགས་པའི་བོན་གྱི་ཐུན་མོང་མ་ཡིན་པའི་རྒྱུན་སྤྱོད་ཐ་སྙད་གསུམ་ཅུ་སོ་གསུམ་གྱི་བདག་ཉིད་ཅན་ཞིག་རྩོམ་སྒྲིག་བྱ་ཐུབ་པ་བྱུང་། དེ་ཡང་གཙོ་བོ་རང་ལས་དམན་པ་བློ་སྒོ་གསར་པ་རྣམས་ལ་དམིགས་ཏེ་རྩོམ་སྒྲིག་བྱས་པ་ཡིན། འདིའི་སྐོར་ལ་ཧ་ཅང་གི་རིན་ཐང་སོགས་མི་ལྡན་ཏེ། ཚིག་གི་འགྲོས་དང་དབྱེར་ཞིབ་ཀྱི་རྒྱུ་ཆ་ཤིན་ཏུ་ཉུང་ཞིང་། བརྗོད་བྱ་འགྲེལ་སྟངས་སོགས་ཀྱི་སྐོར་ལ་ནོར་འཁྲུལ་དང་སྐྱོན་ཆ་ཡོད་ངེས་པས། རྒྱ་ཆེ་བའི་ཤེས་ཡོན་མི་སྣ་ཀུན་གྱིས་ཐུགས་མི་ཁྲལ་བར་ཞུ་ཞིང་བཟོད་པར་གསོལ།

 

ཆེད་དུ་ཞུ་བ་ནི་གཏོང་ཕོད་ཀྱི་སྦྱིན་ཕྱག་ཡངས་པའི་དུང་རིའི་སྤྲུལ་སྐུ་བཤད་སྒྲུབ་རྒྱལ་མཚན་མཆོག་ནས་«བོན་གྱི་ཐ་སྙད་ཤེས་བྱ་»དང་། «ཞང་བོད་ཡིག་གཟུགས་ཀྱི་འབྲི་སྟངས་»ཀྱི་དེབ་གཉིས་ཀྱི་འགྲོ་གྲོན་མ་རྩ་བྱས་ནས་གནང་བར་བཀའ་དྲིན་ཆེ། ཆེས་བཀའ་དྲིན་ཆེ་བ་དང་། སྐུ་ཉིད་ཀྱི་བསྟན་འགྲོའི་འཕྲིན་ལས་རྒྱས་ཞིིང་། དགོངས་བཞེད་ཡོད་ཚད་ལྷུན་གྱིས་གྲུབ་པའི་སྨོན་ལམ་གྲངས་མེད་ཡོད། དེ་བཞིན་དབྲ་རྩའི་དགེ་བཤེས་བསྟན་འཛིན་དར་རྒྱས་མཆོག་དང་། མཆེད་གྲོགས་ཤེས་རབ་དབང་རྒྱལ་ལགས་དང་། རྒྱལ་འཕན་ཀུན་རིག་སྐྱབས། ཨ་ཚེ་རིང་བརྒྱུད་ནས་བོད་ལྗོངས་སུ་གཏོགས་པའི་ཨ་བཙན་དང་ཁྲི་སྨིན་གྱི་ཚོང་པ་མི་ཉུང་བ་དང་ཨ་ཁུ་རྩེ་རྒྱལ་བཅས་ནས། ལྷད་མེད་ཀྱི་ལྷག་བསམ་དང་ཤེས་ཡོན་གྱི་ལས་གཞི་ལ་དང་ཞེན་གྱིས་རབ་ཏུ་ཕྱུག་པའི་ཁྱེད་རྣམ་པས་དཔལ་འབྱོར་གྱི་མཐུན་རྐྱེན་སྦྱར་གནང་བར་བཀའ་དྲིན་ཆེ་ཞུ་བ་དང་། ཁྱེད་རྣམ་པའི་སྐུ་ཚེ་རིང་ཞིང་ཇི་བསམ་ལྷུན་འགྲུབ་ཡོང་བའི་རེ་སྨོན་ཡང་ཡང་ཡོད།

ད་དུང་ཞུ་བ་ཞིག་ནི་འབུམ་རམས་པ་སྐལ་བཟང་ནོར་བུ་ལགས་ནས་དེབ་ཀྱི་ཁ་བྱང་དབྱིན་ཐོག་ཏུ་བསྒྱུར་གནང་བར་བཀའ་དྲིན་ཆེ་ཞུ་བ་དང་། གཟི་རྩ་སངས་རྒྱས་དོན་འགྲུབ། སྡོང་ཚང་བརྩོན་འགྲུས་གོང་འཕེལ། གཅུང་པོ་གཡུང་དྲུང་བསྟན་དར། རྟ་མོན་གཡུང་དྲུང་ཉི་མ། ཨ་བཙན་ཤེས་རབ་བསྟན་འཛིན་བཅས་ལ་ལས་གཞི་འདིའི་ཐད་རྒྱབ་སྐྱོར་དང་རོགས་རམ་ལྷུག་པོར་གནང་བར་བཀའ་དྲིན་སྙིང་ནས་ཞུ།

ད་ལན་«བོན་གྱི་ཐ་སྙད་ཤེས་བྱ་»ཞེས་པའི་དེབ་ཆུང་འདི་ནི་རང་གཞན་ཚང་མའི་མཐུན་རྐྱེན་ལ་བརྟེན་ནས་ལེགས་འགྲུབ་བྱུང་མོད། རེ་ཞུ་ཞིག་ལ་དེབ་ཆུང་འདིས་བློ་སྒོ་གསར་པ་རྣམས་ལ་བློ་སྐྱེད་ཞིག་སྤྲད་ཐུབ་པའི་ཚན་ཁ་འཐོན་ན། མ་འོང་པར་མུ་མཐུད་ནས་བོན་གྱི་རྒྱུན་སྤྱོད་ཐ་སྙད་དམ ཐུན་མོང་མ་ཡིན་པའི་བརྡ་ཆད་བཅས་རྒྱས་བསྡུས་འཚམས་པ་འདི་བཞིན་འཁོད་འདོན་བྱ་རྩིས་ཡོད། སྐབས་དེར་ལྷག་བསམ་གྱི་གཏོང་ཕོད་ཅན་རྣམས་མཐུན་རྐྱེན་སྦྱོར་གནང་བའི་རེ་བ་བཅས། ཐ་ཚན་མུར་ཙུག་སྨར་རོ། ། དགེའོ། །

 

༧ དཔལ་གཤེན་བསྟན་སྨན་རིའི་གླིང་དུ་བློ་གྲོས་བསྟན་དར་གྱིས་2017.04.08ཉིན་བྲིས་པ་ལགས་སོ། །

 

IMG_9576དཔར་སྐྲུན་གསལ་བཤད།

གངས་ཏི་སེའི་གཟི་འོད་འཕྲོ་བའི་རྒྱལ་ཁམས་སུ་ ༧ རྣམ་འདྲེན་བརྒྱད་པ་རྒྱལ་བ་གཤེན་རབ་མི་བོ་མཆོག་གིས་ཤེས་རིག་གི་ཁོར་ཡུག་ཅིག་བསྐྲུན་ཞིང་། བསྟན་དང་འགྲོ་བ་སྤྱི་ལ་སྨན་པའི་རིག་གནས་དང་བསྟན་པ་ཞེས་དབྱེ་སྒོ་གཉིས་ཀྱི་སྒོ་ནས་བོན་གྱི་ཤེས་རིག་རྒྱ་ཆེ་ཞིག་སྤེལ་བ་རྣམས་ནི། རྗེས་འཇུག་གི་མཁས་གྲུབ་སློབ་དཔོན་དག་གིས་ཡུལ་ཁམས་སོ་སོ་རུ་གདན་དྲངས་ཏེ། གདུལ་བྱ་གང་འཚམས་སུ་འཕྲིན་ལས་ཀྱི་མཛད་པ་རབ་ཏུ་བསྐྱངས་ཡོད། དེ་དག་གི་བཀའ་དྲིན་གྱི་མཐུ་ལ་བརྟེན་ནས་བོན་གྱི་ཤེས་རིག་གི་སྲོལ་རྒྱུན་དག་ད་ལྟའི་བོད་མི་གཙོས་པའི་འགྲོ་བ་མིའི་ལོངས་སྤྱོད་དུ་གྱུར་ཡོད་པ་ནི་སྨོས་ཅི་དགོས། ཁྱད་པར་དུ་བཟོ་རིག་གི་རྣམ་བཞག་ནི་བསྟན་པ་སྤྱི་ཡི་རྨང་གཞི་ལྟ་བུ་བཟུང་ནས་སྟོན་པ་ཐུགས་རྗེ་ཅན་གྱིས། བཟོ་རྗེ་གར་མ་ལི་ཤོ་གཙོས་པའི་བཟོ་ལ་མཁས་པ་བཟོ་རྗེ་ལྷ་དབང་དང་། ཕུབ་ལ་མཁས་པ་སྒྱུ་འཕྲུལ་དབང་ཕྱུག བླུག་ལ་མཁས་པ་བླུག་ཐོག་པ་ཝ་སངས། མགར་ལ་མཁས་པ་མགར་ལྷ་ཡུག་པ། ལྷ་ལ་མཁས་པ་ལྷ་སྲས་པད་མ། བྲིས་ལ་མཁས་པ་ཡི་གེ་འཕྲུལ་ཆུང་བཅས་ལ་བཟོ་རིག་གི་སྒྱུ་རྩལ་གཏན་ལ་ཕབ་སྟེ་བསྟན་པའོ། །

 

IMG_9577

བོད་ལ་དུས་དང་དུས་སུ་ལོ་རྒྱུས་ཀྱི་འགྱུར་ལྡོག་ཇི་སྙེད་ཅིག་བྱུང་བའི་བརྒྱུད་རིམ་ཁྲོད་སྐད་དང་ཡི་གེ་ལ་ཡང་དེ་དང་དེ་བཞིན་འཕོ་འགྱུར་བྱུང་བ་གཏན་ཁེལ་རེད་སྙམ། སྤྱིར་བཏང་བོད་ལ་རིག་གཞུང་དང་ཤེས་རིག་ཇི་སྙེད་ཅིག་གི་བྱུང་ཁུངས་ལ་བཤད་ཚུལ་མི་འདྲ་བ་མང་པོ་ཡོད་ཀྱང་། དེང་དུས་ཤར་ནུབ་ཀུན་ནས་བོད་རིག་པ་སྨྲ་བའི་ཞིབ་འཇུག་པ་དང་མཁས་དབང་མི་ཉུང་བ་ཞིག་གིས་བོད་ལ་དུས་རབས་བདུན་པའི་ཡ་སྔོན་ནས་བོད་རང་ལ་ཕྱི་ནང་གི་རིག་གནས་ཕུན་སུམ་ཚོགས་ཞིང་། ཡི་གེ་དང་དེའི་ཡིག་ཚུགས་ཀྱི་འབྲི་སྲོལ་སོགས་ཀྱི་སྒྱུ་རྩལ་ཤེས་རིག་སྣ་མང་འཛོམས་པའི་རྒྱལ་ཁམས་ཞིག་ཏུ་ངོས་འཛིན་གནང་དང་གནང་བཞིན་ཡིན་མོད།

 

ད་ལན་ཕྲན་གྱིས་བྲིས་པའི་«ཞང་བོད་ཀྱི་ཡིག་གཟུགས་འབྲི་སྟངས་»ཞེས་ཡི་གེའི་འབྲི་སྟངས་ཀྱི་དེབ་ཆུང་ནི་རིང་ནས་རེ་འདོད་དུ་བཅང་བའི་དགའ་ཕྱོགས་ཀྱི་རིག་གནས་ཞིག་ཡིན། དེ་ཡང་2012ལོར་༧ སྐྱབས་རྗེ་སྨན་རིའི་ཁྲི་འཛིན་སོ་གསུམ་པ་དཔོན་གསས་བླ་མ་མཆོག་གིས་བཀའ་མངགས་གནང་བར་དང་བསྟུན་པའི། བོན་ཕྲུག་བདེ་དོན་གྱི་སློབ་ཕྲུག་འཛིན་གྲྭ་བཅུ་གཅིག་དང་བཅུ་གཉིས་གཉིས་ལ་ལོ་གཅིག་ཙམ་གྱི་རིང་ལ་གཟའ་འཁོར་རེའི་གཟའ་ཉི་མའི་ཉིན་ཞང་ཞུང་སྨར་ཆུང་གི་ཡིག་ཚུགས་འབྲི་སྟངས་བསླབ་པའི་བརྒྱུད་རིམ་ཁྲོད་ནས། འདི་ལྟར་ཡིག་གཟུགས་འབྲི་སྟངས་ཀྱི་མ་ཕྱི་ཞིག་འབྲི་ཐུབ་ན་དགེ་ཕན་ཡོད་ལུགས་མཐོང་བའི་རྐྱེན་གྱིས། ལོ་དེར་འབྲི་འགོ་བརྩམ་ནས་བྲིས་ཚར་ཡང་པར་སྐྲུན་བྱ་རྒྱུའི་མཐུན་རྐྱེན་མ་ལྡན་པས་ད་བར་ལྷག་སོང་བ་རེད།

 

ཡིག་གཟུགས་ཀྱི་གོ་རིམ་སྒྲིག་སྟངས་ནི་བོན་གྱི་ཡིག་རྙིང་ལོ་རྒྱུས་ཁྲོད་ནས་“དག་པ་ལྷའི་ཡི་གེ་སྟག་གཟིག་སྤུངས་ཡིག་ཏུ་བསྒྱུར། སྟག་གཟིག་སྤུངས་ཡིག་ཞང་ཞུང་ཡིག་རྒན་དུ་བསྒྱུར། ཡིག་རྒན་སྨར་བསྒྲག་ཏུ་བསྒྱུར། དེ་སྨར་ཆེ་ཆུང་དུ་བསྒྱུར། སྨར་ཆེན་དབུ་ཆེན་ནམ་གཟབ་ཏུ་བསྒྱུར། སྨར་ཆུང་འབྲུ་མར་བསྒྱུར། ཡིག་འབྲུ་སྣ་ཚོགས་ལས་འབྲུ་མ་བརྩམས་སོ།”། ཞེས་པའི་རྒྱབ་ལྗོངས་དང་བསྟུན་ནས་«གཡུང་དྲུང་ལྷའི་དཀར་པོ་»

དང་། «སྟག་གཟིག་སྤུངས་སོ་ཆེ་བ།» «སྟག་གཟིག་སྤུངས་སོ་ཆུང་བ།» «ཞང་ཞུང་ཡིག་རྒན།» «ཞང་ཞུང་སྨར་ཆེན།» «ཞང་ཞུང་སྨར་ཆུང་།» «དབུ་ཅན་གྱི་ཡིག་གཟུགས།» «དབུ་མེད་ཀྱི་ཡིག་གཟུགས།»བཅས་སྒྲིག་སྟེ་བྲིས་ཡོད། ཡིག་གཟུགས་དེ་དག་གི་འབྲི་སྟངས་ནི་དགེ་རྒན་དམ་པ་རྣམས་ཀྱི་ཁྲིད་རྒྱུན་ལྡན་པ་དང་མི་ལྡན་ཅི་རིགས་ཡིན། དེ་བཞིན་སྨྱུག་ཁམས་བཅད་སྟངས་དང་འཛིན་སྟངས། དང་ཐོག་བསགས་གཞོང་སོགས་

ལ་ཇི་ལྟར་འབྲི་དགོས་མིན་གྱི་ཞལ་ཁྲིད་ཅུང་ཙམ་ཐོབ་མྱོང་ཡོད།

 

ཆེད་དུ་ཞུ་དགོས་པ་ཞིག་ནི་གཏོང་ཕོད་ཀྱི་སྦྱིན་ཕྱག་ཡངས་པའི་དུང་རིའི་སྤྲུལ་སྐུ་བཤད་སྒྲུབ་རྒྱལ་མཚན་མཆོག་ནས་«བོན་གྱི་ཐ་སྙད་ཤེས་བྱ་»དང་། «ཞང་བོད་ཀྱི་ཡིག་གཟུགས་འབྲི་སྟངས་»ཀྱི་དེབ་གཉིས་ཀྱི་འགྲོ་གྲོན་མ་རྩ་བྱས་ནས་གནང་བར་བཀའ་དྲིན་ཆེ། ཆེས་བཀའ་དྲིན་ཆེ་བ་དང་། སྐུ་ཉིད་ཀྱི་བསྟན་འགྲོའི་འཕྲིན་ལས་རྒྱས་ཞིང་། དགོངས་བཞེད་ཡོད་ཚད་ལྷུན་གྱིས་གྲུབ་པའི་སྨོན་ལམ་གྲངས་མེད་ཡོད། དེ་བཞིན་དབྲ་རྩའི་དགེ་བཤེས་བསྟན་འཛིན་དར་རྒྱས་མཆོག་དང་། མཆེད་གྲོགས་ཤེས་རབ་དབང་རྒྱལ་ལགས་དང་། རྒྱལ་འཕན་ཀུན་རིག་སྐྱབས། ཨ་ཚེ་རིང་བརྒྱུད་ནས་བོད་ལྗོངས་སུ་གཏོགས་པའི་ཨ་བཙན་དང་ཁྲི་སྨིན་གྱི་ཚོང་པ་མི་ཉུང་བ་དང་ཨ་ཁུ་རྩེ་རྒྱལ་བཅས་ནས། ལྷད་མེད་ཀྱི་ལྷག་བསམ་དང་ཤེས་ཡོན་གྱི་ལས་གཞི་ལ་དང་ཞེན་གྱིས་རབ་ཏུ་ཕྱུག་པའི་ཁྱེད་རྣམ་པས་དཔལ་འབྱོར་གྱི་མཐུན་རྐྱེན་སྦྱར་གནང་བར་བཀའ་དྲིན་ཆེ་ཞུ་བ་དང་། ཁྱེད་རྣམ་པའི་སྐུ་ཚེ་རིང་ཞིང་ཇི་བསམ་ལྷུན་འགྲུབ་ཡོང་བའི་རེ་སྨོན་ཡང་ཡང་ཡོད།ད་དུང་ཞུ་བ་ཞིག་ནི་འབུམ་རམས་པ་སྐལ་བཟང་ནོར་བུ་ལགས་ནས་དེབ་ཀྱི་ཁ་བྱང་དབྱིན་ཐོག་ཏུ་བསྒྱུར་གནང་བར་བཀའ་དྲིན་ཆེ་ཞུ་བ་དང་། གཟི་རྩ་སངས་རྒྱས་དོན་འགྲུབ་དང་། སྡོང་ཚང་བརྩོན་འགྲུས་གོང་འཕེལ། གཅུང་པོ་གཡུང་དྲུང་བསྟན་དར། རྟ་མོན་གཡུང་དྲུང་ཉི་མ། ཨ་བཙན་ཤེས་རབ་བསྟན་འཛིན་བཅས་ལ་ལས་གཞི་འདིའི་ཐད་རྒྱབ་སྐྱོར་དང་རོགས་རམ་ལྷུག་པོར་གནང་བར་བཀའ་དྲིན་སྙིང་ནས་ཞུ་བ་བཅས་དགའ་སེམས་དྲོད་མོར་འཁོར་བའི་ངང་ནས་ཐམས་ཅད་ལ་བཀྲ་ཤིས་པའི་འཚམས་སྦྱོར་ནི་“ཐ་ཚན་མུར་ཙུག་སྨར་རོ།”། ཞེས་སྦྱར་རོ། ། དགེའོ། །

 

༧ དཔལ་གཤེན་བསྟན་སྨན་རིའི་གླིང་དུ་བློ་གྲོས་བསྟན་དར་གྱིས་2017.04.08ཉིན་བྲིས་པ་ལགས་སོ། །

གཡུང་དྲུང་བོན་གྱི་སྒྲུབ་གནས་ཁག་གི་ངོ་སྤྲོད་དམར་མོའི་མཛུབ་ཁྲིད།
གཡུང་དྲུང་བོན་གྱི་སྒྲུབ་གནས་ཁག་གི་ངོ་སྤྲོད་དམར་མོའི་མཛུབ་ཁྲིད།
ཞང་ཞུང་སྙན་རྒྱུད་བཀའ་རྒྱུད་སྐོར་བཞིའི་གླེང་བརྗོད།
ཞང་ཞུང་སྙན་རྒྱུད་བཀའ་རྒྱུད་སྐོར་བཞིའི་གླེང་བརྗོད།
བརྡ་སྤྲོད་སྲིད་པའི་སྒྲོན་མེའི་རྩ་ཚིག
བརྡ་སྤྲོད་སྲིད་པའི་སྒྲོན་མེའི་རྩ་ཚིག
མེ་སྟོན་ཉི་མ་རྒྱལ་མཚན་མཆོག་གི་གསུང་འབུམ།
མེ་སྟོན་ཉི་མ་རྒྱལ་མཚན་མཆོག་གི་གསུང་འབུམ།
བོན་ཆོས་དཔྱད་བསྡུར།
བོན་ཆོས་དཔྱད་བསྡུར།
ལེགས་བཤད་རིན་པོ་ཆེའི་གཏེར་མཛོད།
ལེགས་བཤད་རིན་པོ་ཆེའི་གཏེར་མཛོད།
 རྗེ་མཉམ་མེད་ཤེས་རབ་རྒྱལ་མཚན་གྱི་གསུང་འབུམ་ཆ་ཚང་གི་གློག་རྡུལ་འཕྲུལ་དེབ།
 རྗེ་མཉམ་མེད་ཤེས་རབ་རྒྱལ་མཚན་གྱི་གསུང་འབུམ་ཆ་ཚང་གི་གློག་རྡུལ་འཕྲུལ་དེབ།
རྒྱུན་ཁྱེར་བོན་སྤྱོད་ཕྱོགས་བསྡུས་དད་ལྡན་ཐར་ལམ་འཛེགས་པའི་ཐེམ་སྐས་ཞེས་བྱ་བ་བཞུགས་སོ།
རྒྱུན་ཁྱེར་བོན་སྤྱོད་ཕྱོགས་བསྡུས་དད་ལྡན་ཐར་ལམ་འཛེགས་པའི་ཐེམ་སྐས་ཞེས་བྱ་བ་བཞུགས་སོ།
སྨན་རིའི་སྟེགས་འཇོག་ལོ་ཐོ།
སྨན་རིའི་སྟེགས་འཇོག་ལོ་ཐོ།
previous arrow
next arrow