གཡུང་དྲུང་བོན་གྱི་སྐོར་བགྲོ་གླེང་ཉིན་གཉིས་པ།

IMG_0023IMG_0028

གཡུང་དྲུང་བོན་གྱི་བགྲོ་གླེང་སྐབས་བཅུ་དྲུག་པའི་ཉིན་གཉིས་པའི་མཛད་རིམ་གནད་བསྡུས། ཕྱི་ཟླ་དྲུག་པའི་ཚེས་དགུ་ཉིན་༧གཡུང་དྲུང་བོན་གྱི་གདན་ས་ཆེན་མོ་དཔལ་གཤེན་བསྟན་སྨན་རིའི་གླིང་། གཡུང་དྲུང་བོན་གྱི་དཔེ་མཛོད་ཁང་གི་ཚིགས་གསུམ་པའི་ཚོམས་ཆེན་དུ། ཉིན་གཉིས་པའི་བགྲོ་གླེང་གཙོ་སྐྱོང་བ་ཤེས་རབ་དཔལ་ལྡན་གྱི་གཙོ་སྐྱོང་འོག གསུང་བཤད་སློབ་དཔོན་ཝཱཎ་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་གི་སློབ་དགེ། དོལ་པོའི་དགེ་བཤེས་ཕུན་ཚོགས་ཉི་མ་མཆོག་ནས།གསུང་བཤད་བརྗོད་གཞི་<ལས་རྒྱུ་འབྲས>སྐོར་གྱི་བགྲོ་གླེང་དབུ་འཛུགས་གནང་ཡོད་པ་དང་། གསུང་བཤད་སློབ་དཔོན་མཆོག་ནས། ལས་རྒྱུ་འབྲས་ཀྱི་གོ་དོན་དང་། ལས་འབྲས་དང་བདེ་སྡུག ཆོས་ལུགས་མི་འདྲ་ཁག་གི་ལས་རྒྱུ་འབྲས་འདོད་སྟངས་ཀྱི་ཁྱད་པར། ལས་རྒྱུ་འབྲས་ཤེས་དགོས་པ་གལ་ཆེན་རང་བཞིན་ཅན་གྱི་ནང་པའི་ལྟ་གྲུབ་ལས་འཕྲོས་ཏེ། དེང་གི་འཛམ་གླིང་ཤར་ནུབ་ཀྱི་དམག་འཁྲུག་དང་། འཐབ་རྩོད་རྙོག་ཟིང་མང་པོ་ཞིག་ལས་རྒྱུ་འབྲས་ཀྱི་རྣམ་གཞག་མ་རྟོགས་པ་ནས་བྱུང་བ་ཤ་སྟག་ཡིན་ཚུལ་སོགས་གསུང་ནས། ཕྱག་ཚོད་སྐར་མ་བཞི་བཅུའི་རིང་གི་བརྗོད་གཞི་མཇུག་གྲུབ་པར་བྱས་ཡོད་པ་དང་། དེ་རྗེས་ཝཱཎ་མཐོ་སློབ་དང་། གསོ་རིག་འབུམ་བཞིའི་མཐོ་སློབ། བོན་ཕྲུག་བདེ་དོན། བོན་བུ་ཁྱིམ་ཁང་གི་སློབ་ཕྲུག་རྣམས་ནས་རེ་མོས་ཀྱིས་ཁྱོན་བསྡོམས་དྲི་བ་བཅུ་གཉིས་ཀྱིས་ཕྱག་ཚོད་ཕྱེད་ཀའི་རིང་གི་དྲི་བ་དྲིས་ལན་གྱི་མཛད་རིམ་མཇུག་གྲུབ་པར་བྱས་ཡོད་པ་རེད།

IMG_0005IMG_0026

མཇུག་མཐར་རིག་རྩལ་འགྲན་པའི་གར་སྟེགས་སུ་བོན་དང་འབྲེལ་ཡོད་ཀྱི་ཤེས་རིག་གི་རྣམ་གྲངས་འགའ་ཞིག་སློབ་ཕྲུག་དག་ལ་དྲི་བའི་ཚུལ་དུ་བཀོད་གནང་བ་ཡོད་པ་དང་། སློབ་ཕྲུག་དག་གིས་རྣམ་དཔྱོད་བརྡར་ནས་ལན་ཕུལ་ཡོད་པ་བཅས་ཀྱིས་ཉིན་གཉིས་པའི་བགྲོ་གླེང་ཡོངས་སུ་མཇུག་གྲུབ་པར་བྱས་སོ།

                                                གསར་འགོད་པ། སྐྱིད་སྲས་དགེ་ལེགས་ཉི་མ།

IMG_0064IMG_0050

ཉིན་གཉིས་པའི་བརྗོད་གཞི་སྙིང་བསྡུས། ལས་རྒྱུ་འབྲས་ཀྱི་སྐོར།
དོལ་པོ་དགེ་བཤེས་ཕུན་ཚོགས་ཉི་མ། ཝཱ་ཎ་མཐོ་སློབ།

ལས་རྒྱུ་འབྲས་ཟེར་བའི་གོ་དོན་ནི་ལས་གང་བྱས་པའི་འབྲས་བུ་དང་རྒྱུ་གང་བསགས་པའི་འབྲས་བུ་ལ་ཟེར་བ་ཡིན། ལས་རྒྱུ་འབྲས་ཟེར་བ་དེ་ཆོས་ལུགས་པ་ཚང་མས་ཁས་ལེན་གྱི་ཡོད། ཡིན་ན་ཡང་ལས་རྒྱུ་འབྲས་ཀྱི་རྣམ་གཞག་ཁས་ལེན་ཚུལ་ལ་ཏོག་ཙམ་མི་མཐུན་པ་རེ་ཡོང་གི་ཡོད་པ་རེད། དཔེར་ན་ཆོས་ལུགས་པ་མང་པོ་ཞིག་གིས་ང་ཚོའི་སྐྱིད་སྡུག་ཚང་མ་དཀོན་མཆོག་གིས་བཟོས་པ་རེད། ང་ཚོ་ལ་རང་དབང་དེ་ཙམ་ཡོད་མ་རེད། དཀོན་མཆོག་ཁོ་རང་གིས་དགོངས་པ་ལ་གང་ཡོད་དེ་ལ་རག་ལས་པ་རེད་ཟེར་གྱི་ཡོད་རེད། ང་རང་ཚོ་ནང་པ་སངས་རྒྱས་པ་ཚོས་དེ་འདྲ་ཟེར་གྱི་མེད། ང་རང་ཚོའི་སྐྱིད་སྡུག་ཚང་མ་ང་རང་ཚོའི་ལས་བཟང་ངན་གང་བྱས་པའི་འབྲས་བུ་རེད་མ་གཏོགས་བྷག་ཝན་དང་ཨ་ལ་God སོགས་ཀྱིས་བཟོས་མེད་ཟེར། དེ་ལ་ནང་པས་དགག་པ་རྒྱག་གི་ཡོད་པ་རེད། མ་ཟད་ང་རང་ཚོའི་གཞུང་ལུགས་ཀྱི་ནང་དུ་རང་བཞིན་ཡེ་སྲིད་ཀྱི་སྲིད་པ་དང་བྱེད་པོས་བྱས་པའི་སྲིད་པ། རྒྱུ་མཐུན་འབྱུང་བའི་སྲིད་པ་ཅེས་གསུངས་ཡོད། ཤེས་བྱ་ཡོད་ཚད་སྲིད་པ་གསུམ་པོ་གང་རུང་གི་ནང་དུ་བསྡུས་ནས་བསྟན་ཀྱི་ཡོད་རེད། སྲིད་པ་དེ་གསུམ་པོ་གང་རུང་གི་ནང་དུ་མ་བསྡུས་པ་ཞིག་གསུང་གི་ཡོད་མ་རེད། ང་ཚོའི་གཞུང་ལུགས་སུ་ཐམས་ཅད་འཇིག་རྟེན་བྱེད་པོས་བསྐྲུན་པར་འདོད་པ་དག་གི་ལོག་རྟོག་དགག་པའི་ཆེད་དུ་སུ་ཀྱང་བྱས་པ་མེད་པར་རང་བཞིན་གྱིས་བྱུང་བ་རྨ་བྱའི་སྒྲོ་མདངས་མཛེས་པ་དང་། སྲན་མ་ཟླུམ་པ། ཚེར་མའི་དབལ་རྣོ་བ།པདྨའི་རེག་བྱ་འཇམ་པ། དེ་བཞིན་འགྲེང་བུའི་རང་བཞིན་མེ་ལྕེ་གྱེན་ལ་འགྲོ་བ། ཁ་སྦུབས་ཀྱི་རང་བཞིན་ཆུ་ལྕེ་ཐུར་དུ་འབབ་པ། འཕྲེད་ཉལ་ཀྱི་རང་བཞིན་རླུང་ལྕེ་འཕྲེད་ལ་འགྲོ་བ་སོགས་བསྟན་ཡོད།
ད་དུང་ལས་འབྲས་དང་བདེ་སྡུག ལོ་ལེགས་སྐྱ་རྒྱལ་ཕྱུག་དབུལ་སོགས་གདོད་མ་ཉིད་ནས་གཙོ་བོ་ཆེན་པོས་བཀོད་སྒྲིག་བྱས་པ་ལས་རྐྱེན་དབང་གིས་གང་ཡང་བསྒྱུར་དུ་མི་བཏུབ་པར་ལྟ་བའི་ལོག་རྟོག་དགག་པའི་ཆེད་དུ་བྱེད་པོས་བྱས་པའི་སྲིད་པ་བསྟན་པ་ཡིན། དཔེ་ཡི་སྒོ་ནས་བརྗོད་ན་བཟོ་བོས་རིལ་བོ་ནར་མོའི་ངོ་བོར་བསྒྱུར་བ། ནར་མོ་ཟུར་གསུམ་གྱི་ངོ་བོར་བསྒྱུར་བ། གྲུ་བཞི་ཟླུམ་པོའི་ངོ་བོར་བསྒྱུར་བ། དཀར་པོ་ནག་པོའི་ངོ་བོར་བསྒྱུར་བ། རིལ་བུ་ཕྱེ་མའི་ངོ་བོར་བསྒྱུར་བ་སོགས་གཙོ་བོ་ཆེན་པོ་ལ་ལྟོས་མི་དགོས་པར་གཙོ་བོ་ཆེན་པོ་མ་ཡིན་པའི་སྐྱེ་བུ་ཕལ་པས་ཀྱང་བསྒྱུར་ཏུ་པ་བཞིན་ཡིན། གདོན་གྱི་ངོས་ནས་ཀྱང་ལས་བཟང་ངན་གང་བྱེད་པ་དེ་གང་ཟག་སོ་སོའི་ལག་ཡོད་པ་ལས། གཙོ་བོ་ཆེན་པོས་བཀོད་སྒྲིག་ལ་རག་ལས་མེད་ཅིང་། ལོ་ལེགས་སྐྱ་རྒྱལ་བ་སོགས་ཀྱང་ཞིང་པ་སོ་ནམ་པའི་ངལ་རྩོལ་གྱི་འབད་པ་ལས་བྱུང་བ་ལས་གཙོ་བོ་ཞིག་གིས་འཛུགས་སྐྲུན་ལ་རག་ལས་མེད། ཕྱུག་དབུལ་སོགས་ཀྱང་གང་ཟག་སོ་སོའི་འབད་པ་ལ་རག་ལས་པ་ལས་གདོད་མ་ཉིད་ནས་དཀོན་མཆོག་གིས་བཀོད་སྒྲིག་བྱས་པ་ཞིག་མེད་པར་རྟོགས་པའི་ཆེད་དུ་བྱེད་བྱས་ཀྱི་སྲིད་པ་བསྟན་པ་ཡིན་ཞིང་།
རྒྱུ་མེད་ལས་སྐྱེ་བར་འདོད་པ་དགག་པའི་ཆེད་དུ་ས་བོན་ལས་མྱུ་གུ་དང་། མ་ལས་བུ། འོ་མ་ལས་མར། རྣམ་དཀར་དགེ་བའི་ལས་ལས་འབྲས་བུ་བདེ་སྐྱིད། ནག་པོ་སྡིག་པའི་ལས་ལས་རྣམ་སྨིན་གྱི་འབྲས་བུ་སྡུག་བསྔལ། སྦྱིན་པ་བཏང་བ་ལས་ལོངས་སྤྱོད་བྱུང་བ་སོགས་རྒྱུ་མི་མཐུན་པ་ལས་མི་བྱུང་ཞིང་རང་རྒྱུ་མཐུན་པ་ལས་བྱུང་བར་རྟོགས་པའི་ཆེད་དུ་རྒྱུ་མཐུན་འབྱུང་བའི་སྲིད་པ་གསུམ་བསྟན་པ་རེད། ད་དུང་བོན་གཞུང་ཁག་ཏུ་སངས་རྒྱས་ཀྱི་ཐུགས་རྗེ་དང་སེམས་ཅན་གྱི་ལས་དབང་གཉིས་པོའི་ནང་ནས་སངས་རྒྱས་ཀྱི་ཐུགས་རྗེ་གཙོ་མི་ཆེ་བར་སེམས་ཅན་གྱི་ལས་དབང་གཙོ་ཆེ་བར་གསུངས་པའི་དགོངས་དོན་ཡང་། སྐྱིད་སྡུག་དང་།ལེགས་ཉེས། ཆར་ཐན། གྲང་གྲོ་སོགས་བདེར་གཤེགས་ཀྱིས་བཀོད་སྒྲིག་བྱས་པ་མ་ཡིན་པར་འགྲོ་བ་སོ་སོའི་ལས་དབང་གི་སྣང་ཚུལ་ཙམ་དུ་གྲུབ་པར་གསུངས་ཡོད།
ལས་རྒྱུ་འབྲས་ཀྱི་རྣམ་གཞག་དེ་ནང་པ་སངས་རྒྱས་པའི་བསམ་བློའི་རྨང་གཞི་རེད། ལས་རྒྱུ་འབྲས་ཀྱི་རྣམ་གཞག་ནི་སྤྱི་ཚོགས་བདེ་འཇགས་ཀྱི་གཞི་རྩ་ཞིག་རེད། དེང་སང་དགྲ་འཁྲུག་དམག་འཐབ་ཀྱི་སྙོག་ཟིང་དེ་དག་ལས་རྒྱུ་འབྲས་ཀྱི་རྣམ་གཞག་མ་ཤེས་པའི་དབང་གིས་བྱུང་བ་ཡིན། ལས་རྒྱུ་འབྲས་ཀྱི་རྣམ་གཞག་དེ་ལ་ཕྲ་རགས་མང་པོ་ཡོད་པ་རེད།དཔེར་ན་ཁ་སྐོམ་པའི་མི་ཞིག་ལ་ང་ཚོས་ཆུ་ཕོར་བ་གང་སྤྲད་པ་ཡིན་ན་མི་དེས་རྗེས་སུ་རང་ལ་དྲིན་ལན་འཇལ་བའི་ཆེད་དུ་ང་རང་ཚོ་ལ་ཟས་ལན་བཏུངས་ལན་ཞིག་སྤྲད་པ་ཡིན་ན་དེ་ལ་ལས་རྒྱུ་འབྲས་རགས་པ་ཟེར། དེ་བཞིན་ང་རང་ཚོས་མི་ཞིག་ལ་གནོད་སྐྱལ་བ་ཡིན་ན་གནོད་སྐྱེལ་སའི་མི་དེས་ང་རང་ཚོ་ལ་གནོད་ལན་སྐྱེལ་གྱི་རེད། དེ་ལ་ཡང་ལས་རྒྱུ་འབྲས་རགས་པ་ཟེར། ལས་རྒྱུ་འབྲས་ཕྲ་བའི་རྣམ་གཞག་དེ་ང་ཚོས་ཤེས་ཐུབ་པར་དཀའ་ལས་ཡོད། ང་རང་ཚོ་ལ་ད་ལྟ་ཟས་གོས་གནས་མལ་ཕུན་སུམ་ཚོགས་པོ་ཡོད་པ་དེ་དག་ང་རང་ཚོས་ཚེ་སྔོན་མར་བསོད་ནམས་བསགས་པའི་འབྲས་བུ་རེད་ཟེར་གྱི་ཡོད་རེད། ཡིན་ན་ཡང་ཚེ་སྔོན་མར་ང་རང་ཚོས་བསོད་ནམས་བསགས་པ་ང་རང་ཚོས་ད་ལྟ་མངོན་སུམ་དུ་མཐོང་གི་ཡོད་མ་རེད། མདོར་ན་ལས་དེ་ལ་ད་དུང་མང་པོ་ཡོད། མཐོང་བོན་མངོན་གྱུར་གྱི་ལས་དང་། སྐྱེས་ནས་མྱོང་གྱུར་ཀྱི་ལས། ལན་གྲངས་གཞན་ལ་མྱོང་གྱུར་གྱི་ལས་སོགས་ཡོད། ཚེ་སྟོད་ལ་མཆོད་སྦྱིན་བྱས་བས་ཚེ་སྨད་ལ་ཕྱུག་པོ་ཆགས་པ། ཚེ་སྟོད་ལ་ཇག་རྐུན་བརྒྱབས་པས་ཚེ་སྨད་ལ་བཙོན་ཁང་དུ་ཚུད་ནས་རྒྱག་བརྡུང་གི་སྡུག་བསྔལ་མྱོང་བ། ཚེ་སྨད་ལ་དབུལ་པོ་ཆགས་པ་སོགས་ཀྱི་ལས་ལ་མཐོང་བོན་མངོན་གྱུར་གྱི་ལས་ཟེར།
ཚེ་སྟོད་ལ་མཆོད་སྦྱིན་བྱས་པས་ཚེ་སྨད་ལ་ཕྱུག་པོ་མ་ཆགས་ཀྱང་ཚེ་ཕྱི་མ་ལ་ཕྱུག་པོ་ཆགས་པ། ཚེ་སྟོད་ལ་ཇག་རྐུན་རྒྱབ་པས་ཚེ་སྨད་ལ་བཙོན་ཁང་དུ་མ་ཚུད་ཀྱང་ཚེ་ཕྱི་མ་ལ་བཙོན་ཁང་དུ་ཚུད་པ། ཚེ་ཕྱི་མ་ལ་དོན་མེད་རྒྱག་བརྡུང་གི་སྡུག་བསྔལ་མྱོང་བ་སོགས་ཀྱི་ལས་དེ་ལ་སྐྱེས་ནས་མྱོང་གྱུར་ཀྱི་ལས་ཟེར། ལན་གྲངས་གཞན་ལ་མྱོང་གྱུར་ཟེར་བ་དེ་ནི་ང་རང་ཚོས་ཚེ་འདི་ལ་དགེ་སྡིག་གི་ལས་གང་བྱས་པ་དེ་ཚེ་རབས་ཕྱི་མའི་ཕྱི་མ་དང་ཡང་ཕྱི་སོགས་ལ་སྨིན་གྱི་ཡོད། ད་དུང་མདོ་གཟེར་མིག་སོགས་སུ་ལས་ལ་འཕེན་བྱེད་ཀྱི་ལས་དང་། རྫོགས་བྱེད་ཀྱི་ལས་ཀྱི་རྣམ་གཞག་སོགས་བཤད་ཡོད། འཕེན་བྱེད་ཀྱི་ལས་ཟེར་བ་དེ་རྒྱུ་གཙོ་བོ་དང་རྫོགས་བྱེད་ཀྱི་ལས་ཟེར་བ་དེ་རྒྱུ་ཕལ་བ་ཙམ་ཡིན། དཔེར་ན་འཕེན་བྱེད་མི་དགེ་བའི་ལས་ཀྱིས་ངན་སོང་དུ་འཕངས་ཀྱང་རྫོགས་བྱེད་དགེ་བའི་ལས་ཀྱིས་ངན་སོང་གི་སྡུག་བསྔལ་དེ་ཙམ་མྱོང་མི་དགོས་པ་སོགས་ཡོད། ཡང་འཕེན་བྱེད་དགེ་བའི་ལས་ཀྱིས་བདེ་འགྲོ་ལྷ་མི་སོགས་སུ་འཕངས་ཀྱང་རྫོགས་བྱེད་མི་དགེ་བའི་ལས་ཀྱིས་སྡུག་བསྔལ་ཤུགས་ཆེན་མྱོང་དགོས་པ་སོགས་ཀྱང་ཡོད། ཡང་འདུལ་བ་རྒྱུད་དྲུག་དང་མ་རྒྱུད་སོགས་སུ་ལས་ལ་བྱེད་པ་རྒྱུ་མཐུན་ཀྱི་ལས་དང་། མྱོང་བ་རྒྱུ་མཐུན་གྱི་ལས་ཟེར་བའི་རྣམ་གཞག་གི་སྐོར་གསུངས་ཡོད། བྱེད་པ་རྒྱུ་མཐུན་ཀྱི་ལས་ཟེར་བ་དེ་ཚེ་སྔོན་མར་རང་གིས་ལས་དགེ་སྡིག་བཟང་ངན་གང་བྱས་པ་དེ་ཚེ་ཕྱི་མར་དེའི་བག་ཆགས་སད་ནས་ལས་དེ་དང་མཐུན་པར་བྱེད་པ་ལ་ཟེར། དཔེར་ན་ཚེ་སྔོན་མ་ལ་སྲོག་བཅད་པའི་བག་ཆགས་ཀྱིས་ཚེ་འདི་ལ་སྲོག་གཅོད་རྒྱུར་དགའ་བོ་ཡོད་པ། ཚེ་སྔོན་མར་གཡུང་དྲུང་བོན་ལ་ཐོས་བསམ་སྒོམ་གསུམ་གྱི་སློབ་གཉེར་བྱས་པས་ཚེ་འདི་ལ་ཡང་གཡུང་དྲུང་བོན་ལ་ཐོས་བསམ་སྒོམ་གསུམ་གྱི་སློབ་གཉེར་བྱེད་རྒྱུར་སྤྲོ་སྣང་དང་དགའ་སྣང་ཡོད་པ་སོགས་ཡིན། མྱོང་བ་རྒྱུ་མཐུན་ཟེར་བ་དེ་ཚེ་སྔོན་མར་བསགས་པའི་ལས་དགེ་སྡིག་བཟང་ངན་གང་བྱས་པའི་རྣམ་སྨིན་གྱི་འབྲས་སུ་རང་ལ་སྨིན་པ་དེ་ལ་ཟེར། ཚེ་སྔོན་མར་སྲོག་བཅད་པས་ཚེ་འདི་ལ་ཚེ་ཐུང་བ། ཚེ་སྔོན་མར་གཞན་ལ་རྡུང་རྡེག་བཏང་བས་ཚེ་འདི་ལ་ནད་ན་ཚ་མང་བ། ཚེ་སྔོན་མར་ཇག་རྐུན་བརྒྱབས་པས་ཚེ་འདི་ལ་རྒྱུ་ནོར་གྱིས་དབུལ་བ་སོགས་ཡིན། གཞན་ཡང་ཚེ་རིང་བ་དང་ནད་མེད་པ། ལོངས་སྤྱོད་ཆེ་བ་སོགས་ཚེ་སྔོན་མར་དགེ་བ་བྱས་པའི་མྱོང་བ་རྒྱུ་མཐུན་གྱི་འབྲས་བུ་ཡིན་པ་རེད།བཀྲ་ཤིས་བདེ་ལེགས།

གཡུང་དྲུང་བོན་གྱི་སྒྲུབ་གནས་ཁག་གི་ངོ་སྤྲོད་དམར་མོའི་མཛུབ་ཁྲིད།
གཡུང་དྲུང་བོན་གྱི་སྒྲུབ་གནས་ཁག་གི་ངོ་སྤྲོད་དམར་མོའི་མཛུབ་ཁྲིད།
ཞང་ཞུང་སྙན་རྒྱུད་བཀའ་རྒྱུད་སྐོར་བཞིའི་གླེང་བརྗོད།
ཞང་ཞུང་སྙན་རྒྱུད་བཀའ་རྒྱུད་སྐོར་བཞིའི་གླེང་བརྗོད།
བརྡ་སྤྲོད་སྲིད་པའི་སྒྲོན་མེའི་རྩ་ཚིག
བརྡ་སྤྲོད་སྲིད་པའི་སྒྲོན་མེའི་རྩ་ཚིག
མེ་སྟོན་ཉི་མ་རྒྱལ་མཚན་མཆོག་གི་གསུང་འབུམ།
མེ་སྟོན་ཉི་མ་རྒྱལ་མཚན་མཆོག་གི་གསུང་འབུམ།
བོན་ཆོས་དཔྱད་བསྡུར།
བོན་ཆོས་དཔྱད་བསྡུར།
ལེགས་བཤད་རིན་པོ་ཆེའི་གཏེར་མཛོད།
ལེགས་བཤད་རིན་པོ་ཆེའི་གཏེར་མཛོད།
 རྗེ་མཉམ་མེད་ཤེས་རབ་རྒྱལ་མཚན་གྱི་གསུང་འབུམ་ཆ་ཚང་གི་གློག་རྡུལ་འཕྲུལ་དེབ།
 རྗེ་མཉམ་མེད་ཤེས་རབ་རྒྱལ་མཚན་གྱི་གསུང་འབུམ་ཆ་ཚང་གི་གློག་རྡུལ་འཕྲུལ་དེབ།
རྒྱུན་ཁྱེར་བོན་སྤྱོད་ཕྱོགས་བསྡུས་དད་ལྡན་ཐར་ལམ་འཛེགས་པའི་ཐེམ་སྐས་ཞེས་བྱ་བ་བཞུགས་སོ།
རྒྱུན་ཁྱེར་བོན་སྤྱོད་ཕྱོགས་བསྡུས་དད་ལྡན་ཐར་ལམ་འཛེགས་པའི་ཐེམ་སྐས་ཞེས་བྱ་བ་བཞུགས་སོ།
སྨན་རིའི་སྟེགས་འཇོག་ལོ་ཐོ།
སྨན་རིའི་སྟེགས་འཇོག་ལོ་ཐོ།
previous arrow
next arrow