རྒྱང་རིང་ནས་ཕུལ་བའི་ཕ་རྒོད་བླ་མའི་བརྟན་བཞུགས།

IMG_20170629_124818བཀའ་རམས་པ་གཡུང་དྲུང་སྐལ་བཟང་། (འཕགས་ཡུལ་སྨན་རིའི་གླིང་།)
ཡིན་པ་བོན་སྐུ་ཀུན་ཏུ་བཟང་པོ་རིག་སྣང་འོད་རྒྱལ་ལྷ་ཡི་གཤེན། །
སྣང་བ་ལྷུན་གྲུབ་ལོངས་སྐུའི་ངོ་བོ་དག་པའི་སྣང་ངོར་མི་ཡི་མགོན། །
ཤར་བ་འགྲོ་འདུལ་སྤྲུལ་སྐུའི་རྣམ་པ་ཀླུ་འདུལ་ཁྱུང་གི་ཚུལ་བཞེངས་ཏེ། །
འགྲོ་བའི་དོན་མཛད་བླ་མ་རིམ་བྱོན་ཞང་བོད་ལྷ་མིའི་མགོན་དེར་མཆོད། །

གདུག་པའི་ཀླུ་རིགས་དབང་དུ་འདུས་པའི་སྤྱི་རྗེ་རྒྱལ་པོ་ཁྱུང་ཆེན་ཞིག །
མཛེས་པའི་ཞང་ཞུང་ཁ་ཡུག་ཡུལ་གྱི་མེ་ཏོག་ཚལ་ལ་བབས་པའི་ཤུལ། །
འཕགས་པའི་སྒོ་ང་བརྡོལ་བའི་ཀློང་ནས་དམ་པའི་སྐྱེས་བུ་འཁྲུངས་པའི་སྐོར། །
དད་པའི་སྣང་ངོར་བསྟུན་པའི་ཁྲོད་ནས་ལོ་རྒྱུས་ངོ་མའི་གསང་བ་ཡོད། །

སྟོབས་ལྡན་ཞང་ཞུང་བོན་གྱི་རྒྱལ་ཁབ་ཐུན་མོང་འགྲོ་བའི་སྣང་ངོ་ནས། །
ཞི་བའི་དབྱིངས་སུ་ལྷོད་ཀྱིས་ཐིམ་ནས་མི་ལོ་སྟོང་ཕྲག་འདས་ན་ཡང་། །
‘‘ཞང་ཞུང་’’ཞེས་པའི་ཐ་སྙད་འདི་ནི་འཛམ་གླིང་ལོ་རྒྱུས་རིང་མོའི་ཁྲོད། །
སྤྱི་རྗེ་ཁྱུང་གི་ཞབས་རྗེས་དེ་ནས་གསེད་བཀྲོལ་དགོས་པའི་གནད་ཅིག་ཡོད། །

སྙན་གྲགས་ཅན་གྱི་ཞང་ཞུང་རྒྱལ་པོ་བྱ་རུ་ཐོགས་པ་བཅོ་བརྒྱད་དང་། །
མངའ་ཐང་ཅན་གྱི་སྒང་པ་བོད་ཀྱི་སྤུ་རྒྱལ་བཙན་པོ་ན་རིམ་སྐབས། །
བྱ་བཞག་ཐབས་ཀྱི་གསས་མཁར་རེ་ན་ཐར་ལམ་འདྲེན་པའི་སྐུ་གཤེན་ནི། །
དམ་པ་ཁྱུང་གི་བླ་མས་མཛད་པ་ལོ་རྒྱུས་ཁྲོད་ན་ལན་གཅིག་མིན། །

སྲིད་པའི་བོན་བསྣུབས་དབུ་གཡོག་ཡིན་སྐད་གྲི་གུམ་བཙན་པོ་གྲི་རུ་བཀྲོངས། །
སྤུ་རྒྱལ་བཙན་པོའི་ཁྱིམ་གཞིས་མངའ་ཐང་སྤུ་ལྡེ་གུང་རྒྱལ་བདག་པའི་དུས། །
མུ་ཁྱུང་ལྷ་ཁྱུང་ཁྱུང་པོ་སྤུན་གཉིས་ཞང་ཞུང་ཡུལ་ནས་སྤྱན་དྲངས་ནས། །
བོན་ཁྲིམས་སྲིད་པའི་ཐོ་ཆེན་བཙུགས་པས་ཁྱུང་པོའི་འགྲོ་དོན་བོད་དུ་ཤར། །

ཁྱུ༵ང་ན༵ག་བླ་མ་མུ་ཁྱུང་རྒྱལ་ནས་རྒྱུད་པའི་བྱིན་རླབས་མ་ཡལ་ཞིང་། །
བསོ༵ད་ན༵མས་ཅན་གྱི་བྱང་རྩེ་སྒང་པ་གདུལ་བྱར་དགོངས་ནས་བྱོན་པའི་རྗེ། །
ཡེ༵་ཤེ༵ས་ལྷ་དང་དམ་ཅན་སྲུང་མས་སྡོང་དང་གྲོགས་མཛད་མི་ཆུང་བར། །
ཕ་རྒོད་བླ་མའི་སྐུ་གེགས་སེལ་ཏེ་ཞབས་པད་བརྟན་པའི་ཤིས་པ་སྩོལ། །

གྲུབ་པའི་རྟགས་ཚད་འདི་ཞེས་མི་གླེང་རྟོག་སད་ཚོགས་པས་བསྡིག་ན་ཆོག །
མཁས་པའི་མཁྱེན་ཚད་དེ་ཡང་མི་འབྲི་རྟོག་གེའི་ཁྱུ་ཚོགས་འདྲོག་ཀྱང་སྲིད། །
‘‘རང་རྟ་འཁོར་ལོ་རང་ལུས་སྦྱིན་པས་’’ལས་སྨོན་འབྲེལ་བའི་དད་འབངས་ཆེད། །
སྐུ་ཚེགས་མཛད་ཅིང་འོ་བརྒྱལ་གནང་བའི་བཀའ་དྲིན་དེ་ནི་དེ་རིང་དྲན། །

ལོ་རྒྱུས་ཐོག་གི་གཅུང་པ་ཤོག་དགུའི་བླ་ལྡིང་དཔོན་གསུམ་གྲགས་པ་ལས། །
ཁྱུང་ནག་སྤུ་བླའི་གདུང་རབས་རིམ་བྱོན་ཐར་ལམ་འདྲེན་པའི་བླ་མ་ཞེས། །
ཆོས་དང་ལུང་ཚན་དབྱེ་བ་མེད་པར་དད་འབངས་ཡོངས་ཀྱིས་བཀུར་ན་ཡང་། །
ཁྱེད་ནི་དེ་དག་ཀུན་ལས་འཕགས་པའི་མུན་ནག་ཁྲོད་ཀྱི་ཚེ་འབར་ཡིན། །

འཕྲལ་རྐྱེན་སྣ་དགུ་ཐོག་དབབ་བྱུང་དུས་རྒྱུ་ཡི་བོན་བཞི་བྲིན་ཆེ་ཡང་། །
སྐབས་འཕྲལ་བདེ་བའི་སྟན་ལ་ཉལ་དུས་འདི་ཉིད་དམན་པའི་སར་འདོར་བའི། །
བླངས་དོར་རྨོངས་པའི་སྤྱི་ཚོགས་འདི་ན་ཐེག་པ་རིམ་དགུའི་སྲོག་བཟུང་བའི། །
དྲིན་ཆེན་བླ་མ་ཁྱེད་ཉིད་ཙམ་ལས་སེར་གཟུགས་འཛིན་པ་ཆེས་ཆེར་དཀོན། །

‘‘སྐྱིད་སྡུག་དགོ་ཕོའི་རྭ་ཅོ་འདྲ་’’བའི་ཁྱེད་ཀྱི་གཤམ་གྱི་དད་འབངས་ཚོ། །
ཆེ་བ་མི་ནོར་རྐྱེན་ཆག་ནས་བཟུང་ཆུང་བ་མཚེར་ས་སྐྱས་སྤོ་ཡན། །
ཁྱེད་ལ་མོ་ལུང་ཐུགས་བརྟག་ཞུ་མཁན་ཉི་མ་གཅིག་ལའང་ཆད་མེད་ཀྱང་། །
སུན་སྣང་མཛད་པའི་རྣམ་ཐར་མེད་ལ་བསླུ་བ་བྱུང་བའི་ལོ་རྒྱུས་མེད། །

སྔོན་འགྲོ་དངོས་གཞིའི་ཁྲིད་གདམས་བསྩལ་ཏེ་དལ་འབྱོར་དོན་ཡོད་བྱས་པ་དང་། །
ཕྱི་ནང་གསང་བའི་དབང་ལུང་གནང་ནས་སེམས་རྒྱུད་བོན་དང་བསྲེས་པ་སོགས། །
གཅིག་དང་གཉིས་ཞེས་བགྲང་བར་མི་ལང་ཁྱེད་དང་བོན་འབྲེལ་བྱུང་བ་ཞིག །
དགེ་སྡིག་སྤང་བླངས་ནོར་འཛོལ་བྱུང་བ་སྲིད་འདིར་དཀོན་པའི་ཚད་དུ་ངེས། །

སྤུ་བླ་གཡུང་དྲུང་བསྟན་འཕེལ་གླིང་དུ་བསྟན་པའི་མེ་རོ་ཁྱེད་ཀྱིས་བསླངས། །
ལུང་དཀར་གཤེན་བསྟན་རིན་ཆེན་གླིང་གི་ནོམ་ཆེན་བསྟན་རྩ་ཁྱེད་ཀྱིས་མཛད། །
རྗེ་ཤོད་དཔལ་ལྡན་ཀླུ་མཁར་དགོན་དུ་གྱེར་བསྟན་གསས་མཁར་ཁྱེད་ཀྱིས་བརྩེགས། །
ཤི་གསོན་བྱེ་བའི་དཀོར་རྫས་མ་བརླག་འདུས་སྡེ་གསུམ་ལ་ཐིམ་ནས་ཡོད། །

བྱང་རྩེ་སྒང་པའི་ཡུལ་ལུང་འདི་ནས་གང་ཞིག་ལྔ་ལམ་གྱུར་ན་ཡང་། །
དང་པོ་ངོ་སྤྲོད་གསལ་འདེབས་གནང་མཁན་རྩ་བའི་བླ་མ་ཁྱེད་ཉིད་ཡིན།
བར་དུ་ཞག་གསུམ་བྱང་ཆོག་བཞུ་མཁན་འདྲེན་པའི་སློབ་དཔོན་ཁྱེད་ཉིད་ཡིན།
མཐའ་མ་ཚེ་འདས་ལམ་སྟོན་མཛད་པའི་དུས་གསུམ་སྟོན་པ་ཁྱེད་ཉིད་ཡིན། །

ཁྱེད་ཉིད་གང་དུ་གདན་འདྲེན་ཞུས་ཀྱང་བླ་ཆེན་གཞན་དང་མི་མཚུངས་ཏེ། །
སྙན་ཞིག་གསན་ན་ཕེབས་རྐྱང་ཙམ་ལས་སྔུན་བསུས་རྒྱབ་སྐྱེལ་མི་དགོས་ལ། །
འཁོར་དང་ཞབས་ཕྱིའི་སྤྲོས་པའང་མི་མངའ་བླ་མ་རང་ཉིད་སྐུ་རྐྱང་མ། །
ཉིན་དང་མཚན་གྱི་དབྱེ་བ་མི་མངའ་གང་ལ་དགོས་པའི་གནས་སུ་གཤེགས། །

གདམས་པའི་ཉིང་བཅུད་ཆགས་དང་མི་ཆགས་དབང་པོའི་སྣོད་ལ་ཁྱད་ཡོད་ཅིང་། །
ཐུགས་རྗེའི་ལྕགས་ཀྱུས་ཟིན་དང་མ་ཟིན་དད་པའི་ཨ་ལོང་རག་ལས་ཀྱང་། །
ཁྱེད་ཀྱིས་འགྲོ་དོན་མཛད་པའི་གདུལ་བྱ་རྒྱུ་འབྱོར་སྟོབས་ཀྱི་ཁྱད་མེད་ལ། །
བྱམས་བརྩེའི་སྤྱན་གྱི་གཟིགས་ཕྱོགས་དེ་ཡང་འགྲོ་བ་དྲག་ཞན་དེ་བས་མེད། །

འཛམ་གླིང་རྒྱན་ཆེན་ཞེས་སུ་གྲགས་པའི་ཁམས་ཆེན་རིན་ཆེན་གསེར་བྲིས་སོགས། །
མེས་རབས་དུ་མའི་བཞེངས་པ་བྱིན་ཅན་ལྷ་སྐུ་རྟེན་གསུམ་འགངས་ཆེན་རིགས། །
དགོན་རྙིང་ཆེ་དགུས་འགྲན་ཟླ་བྲལ་ཞེས་རིམ་པ་གོང་མས་བསྔགས་པ་དག །
ཁྱེད་ཀྱིས་སྲོག་དང་མཉམ་གཅེས་མཛད་པའི་རྒྱལ་བསྟན་སྤྱི་ཡི་ནོར་བུ་ཡིན། །

སྨུག་སྤྲིན་འཐིབ་པའི་དཔལ་ལ་འགྲན་པའི་ཁྱེད་ཀྱི་བྱིན་རླབས་ཚན་ཁ་འབར། །
མཚོ་ཆེན་བཅོ་བརྒྱད་གཏིང་ལས་ཟབ་པའི་ཁྱེད་ཀྱི་ཐུགས་བརྩེ་བསམ་མཐའ་ཡས། །
རི་ཆེན་བཅོ་བརྒྱད་དཔང་ལས་མཐོ་བའི་ཁྱེད་ཀྱི་བཀའ་དྲིན་གཞལ་མཐའ་བྲལ། །
དེ་རིང་ཁྱེད་སྐུ་བྲག་བས་སྲ་བའི་བརྟན་བཞུགས་མཆོད་པའི་སྤྲིན་ཚོགས་བཀྱེ། །

ད་ལན་འཛོམས་པའི་མི་ཁྲི་རྟ་འབུམ་ཁྱེད་ལ་དད་པའི་འབངས་འཁོར་ཏེ། །
འདས་པའི་བཀའ་དྲིན་སྙིང་ནས་དྲན་བཞིན་དྲིན་བཟོའི་མཆོད་པ་འབུལ་མི་དང་། །
ད་ལྟའི་སྐུ་མཆོག་དངོས་སུ་མཇལ་ཞིང་དངོས་གྲུབ་བྱིན་རླབས་ཞུ་མི་དང་། །
མ་འོངས་འདི་ཕྱིའི་ལམ་སྟོན་དམ་པར་བཞུགས་པར་གསོལ་བ་འདེབས་མཁན་ཡིན། །

གཡུང་དྲུང་སྤུངས་རྫོང་རྩ་གསུམ་ལྷུན་པོ་ཁྱེད་ལ་ཕུལ་བའི་མནྜལ་ཡིན། །
ཟོ་དོར་སྟག་རྩེ་གསེར་གྱི་སྐུ་བརྙན་ཁྱེད་ལ་ཕུལ་བའི་སྐུ་རྟེན་ཡིན། །
ཐོག་ལྷ་རྒྱལ་བཟང་དུང་གི་གླེགས་བམ་ཁྱེད་ལ་ཕུལ་བའི་གསུང་རྟེན་ཡིན། །
རྡོ་རྗེ་ཁྲ་འཕྲུ་ཤེལ་གྱི་མཆོད་རྟེན་ཁྱེད་ལ་ཕུལ་བའི་ཐུགས་རྟེན་ཡིན། །

གཅན་ལྔ་རིན་ཆེན་ཁྲི་རུ་བཞུགས་མཛོད་ད་དུང་རྣམ་ལྔའི་མཆོད་པ་བཏེགས། །
ཉི་ཟླ་སྐར་གསུམ་རང་བྱུང་འོད་རླབས་ཁྱེད་ལ་ཕུལ་བའི་སྒྲོན་མེ་ཡིན། །
རི་ཆུང་བཅོ་བརྒྱད་དངུལ་དཀར་རྫ་རི་ཁྱེད་ལ་ཕུལ་བའི་ཞལ་ཟས་ཡིན། །
མཚོ་ཆུང་བཅོ་བརྒྱད་གཡུ་ཡི་མེ་ལོང་ཁྱེད་ལ་ཕུལ་བའི་ཡོན་ཆབ་ཡིན། །

རྩི་ཐོག་འབྱུང་ལྡེམ་ན་དམར་གཞུང་དྲུག་ཁྱེད་ལ་ཕུལ་བའི་མེ་ཏོག་ཡིན། །
རི་སྐྱེས་སྨན་གྱི་དྲི་ཞིམ་ངད་པ་ཁྱེད་ལ་ཕུལ་བའི་སྤོས་མཆོད་ཡིན། །
སྐར་སྐྱ་ལྟ་བུའི་གཡང་དཀར་ལུག་ཁྱུ་བཀྲ་ཤིས་རྟགས་ཀྱི་ཚོམ་བུ་ཡིན། །
སྤྲིན་ཚོགས་ལྟ་བུའི་ནོར་གནག་ཁྲི་སྟོང་ནོར་བདུན་ཡིད་ཀྱི་མཆོད་རྫས་ཡིན། །

ཐ་སྙད་ཚིག་གི་རྟོག་བཏགས་ཙམ་མིན་དད་གུས་མོས་པས་བློས་བླངས་པའི། །
དངོས་འབྱོར་ཡིད་ཀྱི་བཤམ་སྤྲུལ་མཆོད་པ་བསམ་གྱིས་མི་ཁྱབ་ཚུལ་དག་ལས། །
སྣོད་བཅུད་འཇིག་རྟེན་དག་པར་བསྒྱུར་བའི་རྟོགས་པ་ཏིང་འཛིན་མེད་ན་ཡང་། །
དད་པས་དག་པའི་མཆོད་པར་སྒོམ་པ་བསོད་ནམས་བསག་པའི་ཡན་ལག་ཡིན། །

ལྷོ་མཐར་འཁྱམས་པའི་གྲྭ་རྐྱང་ཞིག་ལ་དངོས་འབྱོར་རྒྱུ་ཚོགས་མི་མངའ་བས། །
བྱང་རྩེ་སྒང་གི་རི་ཆུ་ཀླུང་གསུམ་དྭངས་གཙང་མཆོད་པའི་ཚུལ་བགྱིས་ཏེ། །
དད་པའི་ཨ་ལོང་ཁྱེད་ལ་བསྲིངས་ཡོད་ཐུགས་རྗེའི་ལྕགས་ཀྱུས་བཟུང་ནས་སུ། །
བསྐལ་པའི་བར་དུ་གདུལ་བྱ་འགྲོ་བའི་བསོད་ནམས་ཞིང་དུ་བཞུགས་སུ་གསོལ། །

ལས་སྨོན་རྒྱ་མཚོའི་རྦ་རླབས་ཤིག་གིས་ཁྱེད་སྐུའི་ལྷུན་པོའི་འཁྲིས་དེད་ཅིང་། །
གདུལ་བྱ་རྒྱ་མཚོའི་རིགས་སུ་གཏོགས་པའི་རྒྱལ་ཁམས་འཁྱམས་པའི་སྤྲང་ཕྲུག་བདག །
མཁས་མང་རྒྱ་མཚོའི་དྲུང་དུ་བགྲོད་པའི་རྟེན་འབྲེལ་བྱིན་རླབས་ཐོབ་རྗེས་དེར། །
རེ་སྨོན་རྒྱ་མཚོའི་འཇིག་རྟེན་ཞིག་ལ་མགོན་ཁྱེད་མཇལ་བར་སྒུག་ནས་ཡོད། །

ཐུག་དཀར་འོ་མཚོ་གཡུ་འབྲང་སྨན་མཆོད་ཡེ་ཤེས་ལྷ་ཡི་ཚོགས་ལ་འབུལ། །
ཐུག་ནག་ཇ་མཚོ་གསེར་སྐྱེམས་དྭངས་མ་དམ་ཅན་སྲུང་མའི་ཞལ་དུ་མཆོད། །
ཕ་རྒོད་བླ་མའི་ཞབས་ཟུང་འཁོར་ལོ་གཡུང་དྲུང་གཤིས་སུ་བརྟན་པ་དང་། །
བསྟན་འགྲོའི་བདེ་སྐྱིད་ཉི་མ་མི་ནུབ་སྲིད་མཐར་འཆར་བའི་སྡོང་གྲོགས་མཛོད། །

 

ཞེས་ཡུལ་གཅུང་པ་ཤོག་དགུའི་དད་འབངས་ཡོངས་ཀྱི་གཙུག་རྒྱན་༸དཔལ་ལྡན་སྨན་རིའི་དགེ་བཤེས་ཁྱུང་ནག་༸མདོ་སྔགས་བཤད་སྒྲུབ་ཉི་མ་རིན་པོ་ཆེའི་བཀའ་དགོངས་འོག་༸བཀའ་དྲིན་སུམ་ལྡན་གྱི་རྩ་བའི་བླ་མ་ཁྱུང་ནག་༸བསོད་ནམས་ཡེ་ཤེས་རིན་པོ་ཆེ་མཆོག་ལ་སྤུ་བླ་བྱང་རྩེ་སྒང་གི་ལྷ་མི་སྡེ་དགོན་ཡོངས་ཀྱིས་མགོན་པོ་གང་གི་སྐུ་ཡི་བླ་གཟའི་ཉིན་སྟེ་བོད་མེ་མོ་བྱ་ལོའི་ཟླ་༥་ཚེས་༧་ཉིན་བཀའ་དྲིན་རྗེས་དྲན་མནྜལ་བརྟན་བཞུགས་བསྟར་འབུལ་དང་འབྲེལ་སྟོང་མིན་རྟེན་འབྲེལ་གྱི་ཚུལ་དུ། ཡུལ་བྱང་རྩེ་སྒང་གི་སྣོད་བཅུད་ཀྱི་བཀོད་པ་རྣམས་མཆོད་པའི་སྤྲིན་དུ་དམིགས་ཏེ་མངོན་བརྗོད་བརྡ་རྙིང་དང་། སྙན་ངག་ཚིག་རྒྱན་གོ་དཀའ་བའི་རིགས་སོགས་ཀྱིས་མ་བཅིངས་པར་ཕལ་ཚིག་གི་ལམ་ནས་ཤོ་ལོ་ཀ་ཉེར་ལྔའི་བདག་ཉིད་ཅན་འདི་བཞིན་འཛམ་གླིང་ཤེས་རིག་སྣ་མང་འཛོམས་པའི་ལྟེ་གནས་འཕགས་ཡུལ་བྱང་བརྒྱུད་ཧི་མ་ཅལ་གྱི་མངའ་ཁོངས་བོན་གཞིས་ཐོབ་རྒྱལ་གསར་པར་བརྟེན་བཅས་པའི་༸ཞྭ་དཀར་གཡུང་དྲུང་བོན་གྱི་གདན་ས་ཆེན་མོ་༸དཔལ་གཤེན་བསྟན་སྨན་རིའི་གླིང་དུ་༸རྒྱལ་བ་སྨན་རིའི་མཁན་སློབ་ཉི་ཟླ་ཟུང་འབྲེལ་གྱི་ཐུགས་རྗེའི་གྲིབ་བསིལ་འོག་ཐོས་བསམ་གྱི་གཟུགས་བརྙན་ཙམ་འཛིན་པ་བཀའ་རམས་པ་གཡུང་དྲུང་སྐལ་བཟང་དུ་འབོད་པས། སྤྱི་ལོ་༢༠༡༧་ཟླ་༦་ཚེས་༢༩་ཉིན་མགྱོགས་བྲིས་སུ་ཕབས་ཏེ་ཕུལ་བའི་དགེ་བས་བླ་མའི་སྐུ་ཚེ་བསྐལ་པ་རྒྱ་མཚོའི་བར་དུ་བརྟན་ཞིང་མཛད་པའི་འཕྲིན་ལས་མཐའ་དག་གེགས་མེད་ལྷུན་གྱིས་འགྲུབ་པ་དང་མགྱོགས་ནས་མྱུར་དུ་གསེར་ཞལ་མངོན་དུ་མཇལ་བའི་སྨོན་འདུན་དང་བཅས་ཐ་ཚན་མུ་ཙུག་སྨན་རོ། ཁྱུང་ནག་རྒྱལ་ལོ། །

གཡུང་དྲུང་བོན་གྱི་སྒྲུབ་གནས་ཁག་གི་ངོ་སྤྲོད་དམར་མོའི་མཛུབ་ཁྲིད།
གཡུང་དྲུང་བོན་གྱི་སྒྲུབ་གནས་ཁག་གི་ངོ་སྤྲོད་དམར་མོའི་མཛུབ་ཁྲིད།
ཞང་ཞུང་སྙན་རྒྱུད་བཀའ་རྒྱུད་སྐོར་བཞིའི་གླེང་བརྗོད།
ཞང་ཞུང་སྙན་རྒྱུད་བཀའ་རྒྱུད་སྐོར་བཞིའི་གླེང་བརྗོད།
བརྡ་སྤྲོད་སྲིད་པའི་སྒྲོན་མེའི་རྩ་ཚིག
བརྡ་སྤྲོད་སྲིད་པའི་སྒྲོན་མེའི་རྩ་ཚིག
མེ་སྟོན་ཉི་མ་རྒྱལ་མཚན་མཆོག་གི་གསུང་འབུམ།
མེ་སྟོན་ཉི་མ་རྒྱལ་མཚན་མཆོག་གི་གསུང་འབུམ།
བོན་ཆོས་དཔྱད་བསྡུར།
བོན་ཆོས་དཔྱད་བསྡུར།
ལེགས་བཤད་རིན་པོ་ཆེའི་གཏེར་མཛོད།
ལེགས་བཤད་རིན་པོ་ཆེའི་གཏེར་མཛོད།
 རྗེ་མཉམ་མེད་ཤེས་རབ་རྒྱལ་མཚན་གྱི་གསུང་འབུམ་ཆ་ཚང་གི་གློག་རྡུལ་འཕྲུལ་དེབ།
 རྗེ་མཉམ་མེད་ཤེས་རབ་རྒྱལ་མཚན་གྱི་གསུང་འབུམ་ཆ་ཚང་གི་གློག་རྡུལ་འཕྲུལ་དེབ།
རྒྱུན་ཁྱེར་བོན་སྤྱོད་ཕྱོགས་བསྡུས་དད་ལྡན་ཐར་ལམ་འཛེགས་པའི་ཐེམ་སྐས་ཞེས་བྱ་བ་བཞུགས་སོ།
རྒྱུན་ཁྱེར་བོན་སྤྱོད་ཕྱོགས་བསྡུས་དད་ལྡན་ཐར་ལམ་འཛེགས་པའི་ཐེམ་སྐས་ཞེས་བྱ་བ་བཞུགས་སོ།
སྨན་རིའི་སྟེགས་འཇོག་ལོ་ཐོ།
སྨན་རིའི་སྟེགས་འཇོག་ལོ་ཐོ།
previous arrow
next arrow