ཉི་ཟླའི་འོད་ཀྱིས་འདིར་སྣང་དཔལ་ཡོན་ཀུན། །མ་ལུས་ཡོངས་སུ་གསལ་བ་ཇི་བཞིན་དུ། །དོན་གཉེར་སྐྱེས་བུས་དཀའ་གནད་དུ་མས་དོན། །གྲུབ་པའི་ལེགས་བཤད་སྣང་བ་འདི་རུ་རྒྱས། །ཕྱོགས་བཞི་ཉི་ཟླའི་འོད་སྣང་རྒྱས་པ་དེས། །ཆུ་སྐྱེས་པད་མའི་འདབ་སྟོང་གྲོལ་བ་བཞིན། །གསང་གསུམ་དོན་གྱི་གནད་གསལ་འོད་ཞགས་འདིས། །གཉིས་དོན་གྲུབ་པའི་ཀུན་ད་གསར་དུ་བཞད། །ཅེས་བསྟོད་ཚིག་མེ་ཏོག་འཕྲེང་བས་མདུན་ནས་ལེགས་པར་བསུས་ཏེ་སྐབས་ཀྱི་གླེང་བར་བྱ་བ་ནི།
ཇི་སྐད་དུ། “དགག་སྒྲུབ་ཚུལ་ལ་མཁས་པ་ཡི། །སྐྱེས་བུ་དེ་ནི་བསྟོད་འོས་ཏེ། །བདེ་ཆེན་ལམ་སྟོན་སངས་རྒྱས་ཀྱི། །བསྟན་པ་དེ་ཡིས་འཛིན་པ་ཡིན། །”ཞེས་པའི་ལུང་གིས་སྔགས་པའི་སྐྱེས་བུ་གདན་ས་ཆེན་མོ་༧དཔལ་གཤེན་བསྟན་སྨན་རིའི་བཤད་སྒྲུབ་མཁན་རིན་པོ་ཆེ་ག་གཟི་དགེ་བཤེས་ཉི་མ་དོན་འགྲུབ་མཆོག་གི་ལོ་རྒྱུས་སྙིང་བསྡུས་ཤིག་ཞུ་བ་ལ།
༧སྨན་རིའི་བཤད་སྒྲུབ་མཁན་པོ་ག་གཟི་དགེ་བཤེས་ཉི་མ་དོན་འགྲུབ་རིན་པོ་ཆེ་མཆོག་ནི།
ཕྱི་ལོ་(༡༩༧༨)ལོའི་ཟླ་བ་(༡༢)པའི་ཚེས་(༣༡)རེས་གཟའ་ཉི་མའི་ཉིན་ཡབ་ག་གཟི་བསོད་ནམས་གྲགས་པ་དང་། ཡུམ་རྨ་རོང་བསོད་ནམས་ལྷ་མོ་གཉིས་ཀྱི་སྲས་སུ། རྒྱ་གར་འཕགས་པའི་ཡུལ་གྲུའི་རྒྱལ་ས་ལྡི་ལིར་སྐུ་བལྟམས། ཁོང་སྐུ་ན་ཆུང་དུས་ཀྱི་མཚན་ལ་ཚེ་རིང་དོན་འགྲུབ་ཅེས་རྩེ་དྲུག༧མཁན་པོ་གྲུབ་དབང་བརྩོན་འགྲུས་རིན་པོ་ཆེ་མཆོག་གིས་གསོལ་བ་ཞིག་ཡིན་ལ། དགུང་གྲངས་བརྒྱད་པའི་བར་སྤྱི་མཚུངས་ལྟར་བྱིས་པའི་དགའ་སྟོན་ལ་རོལ་ཞིང་། དགུང་གྲངས་བརྒྱད་ནས་བཅོ་ལྔའི་བར་ས་གནས་བོན་གཞིས་ཉིན་སློབ་ཏུ་ལོ་རིམ་བརྒྱད་པ་སློབ་ཐོན་གནང་བ་དང་ཆབས་ཅིག ལུང་ལས། “སྔོན་སྦྱངས་ལས་འཕྲོ་དུས་འདིར་སད། །”ཅེས་པ་ལྟར་སྔོན་ལས་བཟང་པོའི་རིགས་སད་དེ་དགུང་གྲངས་བཅོ་ལྔ་སྟེ་བོད་ཆུ་སྤྲེལ་ལོའི་ཟླ་བ་བཞི་པའི་ཚེས་བཅོ་དང་ལྔ་དང་། ཕྱི་ལོ(༡༩༩༢)ཟླ་བ(༦)པའི་ཚེས(༡༥)རེས་གཟའ་ཟླ་བའི་ཉིན། ༧ ཞྭ་དཀར་བསྟན་པའི་གཙུག་རྒྱན་༧སྐྱབས་རྗེ་༧རྒྱལ་བ་སྨན་རི་བའི་ཁྲི་འཛིན་སོ་གསུམ་པ་ལུང་རྟོགས་བསྟན་པའི་ཉི་མ་རིན་པོ་ཆེ་མཆོག་དང་། མདོ་སྔགས་བསྟན་པའི་གསལ་བྱེད་༧སྐྱབས་རྗེ་རྒྱལ་བ་སྨན་རི་བའི་དཔོན་སློབ་ཡང་སྟོན་འཕྲིན་ལས་ཉི་མ་རིན་པོ་ཆེ་རྣམ་གཉིས་ཀྱི་དྲུང་ནས་གཙང་གཙུག་གི་སྡོམ་པ་བཞེས་ནས། ཚུལ་མིང་དུ་ཉི་མ་དོན་འགྲུབ་ཅེས་རབ་ཏུ་བྱུང་བའི་མཚན་གྱི་རྟེན་འབྲེལ་ཐོག་མར་བཞེས་པ་ནས་བཟུང་། ༧དཔལ་གཤེན་བསྟན་སྨན་རིའི་དགོན་དུ་གཡུང་དྲུང་བོན་གྱི་བཤད་སྒྲུབ་འདུས་སྡེའི་སྒྲིག་ཁོངས་སུ་ཞུགས་གནང་མཛད་པར་མ་ཟད། རང་དོན་དུ་ཐོས་བསམ་སྒོམ་གསུམ་དང་གཞན་དོན་དུ་འཆད་རྩོད་རྩོམ་གསུམ་སོགས་བཅུ་ཕྲག་རིག་པའི་གནས་ལ་བགྲང་བྱ་བཅུ་ཕྲག་ལས་བརྒལ་བར་འབད་འབུངས་ཚུལ་མཐུན་གནང་།
ཕྱི་ལོ་(༡༩༩༦)ལོའི་ཟླ་བ་(༢)པའི་ཚེས(༢༣)སྟེ་བོད་མེ་བྱི་ལོའི་ཟླ་བ་དང་པོའི་ཚེས་ལྔ་ཉིན་༧རྒྱལ་བ་མཉམ་མེད་ཆེན་པོའི་འཁྲུངས་མཆོད་ཀྱི་དུས་བཟང་ཁྱད་པར་ཅན་སྐལ་བཟང་དུས་སྟོན་གྱི་ཉིན། ༧ཞྭ་དཀར་བསྟན་པའི་གཙུག་རྒྱན་༧ སྐྱབས་རྗེ་༧རྒྱལ་བ་སྨན་རི་བའི་ཁྲི་འཛིན་སོ་གསུམ་པ་ལུང་རྟོགས་བསྟན་པའི་ཉི་མ་རིན་པོ་ཆེ་མཆོག་དང་། གསང་གསུམ་བོན་གྱི་མཛོད་འཛིན་༧སྐྱབས་རྗེ་སྨན་རིའི་ཡོངས་འཛིན་སྨྲ་བའི་དབང་པོ་སློབ་དཔོན་བསྟན་འཛིན་རྣམ་དག་རིན་པོ་ཆེ་རྣམ་པ་གཉིས་ཀྱི་དྲུང་ནས་དག་པ་དྲང་སྲོང་གི་སྡོམ་པ་བཞེས་ཏེ་ཁྱིམ་ཐབ་འཁོར་བའི་འདམ་རྫབ་ཀྱི་འདུ་འཛི་སོགས་མཆི་མའི་ཐལ་རྡུལ་བཞིན་དུ་དོར་ནས། རྟེན་བཟང་དལ་འབྱོར་དོན་དང་ལྡན་པ་བསྟན་པའི་སྙིང་པོ་སངས་རྒྱས་གཡུང་དྲུང་བོན་གྱི་ཐུན་མིན་མདོ་སྔགས་སེམས་གསུམ་གྱི་གཞུང་ཆེན་དང་ཐུན་མོང་རིག་གནས་བཅས་ལ་གཞན་དྲིངས་མི་འཇོག་ཅིང་། དེའང་སྔ་མའི་བཤད་སྲོལ་ཙམ་དང་ཡོངས་གྲགས་ཀྱི་རིགས་པའི་རྗེས་སུ་འབྲང་ནས་དེ་ཙམ་གྱིས་ཐུགས་བློ་ཚིམ་པར་མ་ཡིན་པར། ཕུགས་བཅོལ་ས་རྒྱལ་བའི་བཀའ་དང་བཀའ་བརྟེན་སོགས་ལ་རང་གི་རྣམ་དཔྱོད་ཀྱིས་རྩལ་བཏོན་ནས་དེ་དག་གི་དགོངས་པ་ཟབ་མོ་ཚད་མ་གསུམ་གྱི་སྒོ་ནས་རང་ལ་ངེས་ཤེས་རྙེད་པར་གནང་མཁན་ཞིག་ཡིན་པ་ནི། རང་ཉིད་ལོ་གྲངས་དུ་མར་ཁོང་དང་འགྲོགས་འདྲིས་ཟབ་ཅིང་རྒྱུས་མངའ་ཆེ་བས་ཤེས་མོད། ཁྱད་པར་དུ་༧གདན་ས་སྨན་རིའི་མཛད་སྲོལ་ལྟར་ཁོང་གིས་དུང་པ་དང་རྒྱ་གླིང་དུང་ཆེན་སོགས་ཀྱང་ལོ་རེར་དང་། འཆམ་དཔོན་དང་འཆམ་འཇུག་རྔ་སྒྲ་ཁང་དུ་འཆམ་རྔ་བརྡུང་མཁན་བཅས་ཀྱི་མཛད་འགན་ལོ་གསུམ་རེ། བཤད་སྒྲུབ་འདུས་སྡེའི་རྩིས་པ་དང་དགེ་བསྐོས་བཅས་ཀྱི་མཛད་འགན་ཡང་ལོ་རེར་བཅས་བཞེས་གནང་བ་དང་།
ཕྱི་ལོ་(༢༠༠༦)ལོའི་ཟླ་བ་(༣)པའི་ཚེས་(༡༥)ཉིན་གཡུང་དྲུང་བོན་གྱི་གདན་ས་ཆེན་མོ་༧དཔལ་གཤེན་བསྟན་སྨན་རིའི་གླིང་དུ་༧སྐྱབས་རྗེ་རྒྱལ་བ་སྨན་རི་བའི་མཁན་སློབ་ཉི་ཟླ་ཟུང་འབྲེལ་གྱི་མདུན་ནས་མདོ་སྔགས་སེམས་གསུམ་རིག་གནས་དང་བཅས་པ་སྦྱངས་པ་མཐར་སོན་གྱི་རབ་འབྱམས་དགེ་བའི་བཤེས་གཉེན་ཆེན་མོའི་མཚན་གྱི་ཅོད་པན་བཞེས་གནང་མཛད།
ཕྱི་ལོ་(༢༠༠༨)ལོའི་ཟླ་(༢)པའི་ཚེས (༩)ཉིན་༧རྒྱལ་བ་སྨན་རི་བའི་བཀའ་དགོངས་བླ་མེད་འོག་གདན་ས་ཆེན་མོ་སྨན་རི་བའི་བཤད་སྒྲུབ་སློབ་དཔོན་གྱི་ཁྲི་ལ་མངའ་གསོལ་མཛད་དེ་ལོ་མང་རིང་བོན་གྱི་འཆད་ཁྲིད་གནང་། དེ་རྗེས་ཕྱི་ལོ་(༢༠༡༢)ལོའི་ཟླ་བ(༢)ཚེས(༢༥)ཉིན་༧རྒྱལ་བ་སྨན་རི་བའི་བཤད་སྒྲུབ་མཁན་པོའི་གསེར་ཁྲིར་མངའ་གསོལ་ཞུས་ཏེ། ད་ལྟའི་བར་དུ་གཡུང་དྲུང་བོན་གྱི་བཤད་སྒྲུབ་འདུས་སྡེའི་སློབ་གཉེར་བ་རྣམས་ལ་ཉིན་ལྟར་མདོ་སྔགས་སེམས་གསུམ་རིག་གནས་དང་བཅས་པ་སློབ་ཁྲིད་གནང་མུས་ཡིན། ཞོར་དུ་དཔལ་ལྡན་སྨན་རིའི་བླ་སྤྱིའི་དྲུང་ཆེ་དང་། གཡུང་དྲུང་བོན་གྱི་དྲྭ་རྒྱའི་སློབ་སྟོན་པ་བཅས་ཀྱི་ཐུགས་འགན་བཞེས་ཐོག བར་གསེང་རྣམས་སུ་ཁོང་གིས་བགྲང་བྱ་དུ་མར་ཐོས་བསམ་འཆད་ཉན་གནང་བའི་གྲུབ་འབྲས་འབུར་དུ་ཐོན་པའི་གསུང་རྩོམ་<<རིགས་སྨྲ་དགྱེས་པའི་མཆོད་སྤྲིན་>>ཞེས་པའི་དཔྱད་རྩོམ་ཕྱོགས་བསྒྲིགས་ཀྱི་གསུང་དེབ་ཅིག་སྟེ།
ནང་དོན་བརྗོད་བྱའི་སྐོར་རགས་ཙམ་ཞུས་ན། མཁན་སློབ་ཉི་ཟླ་ཟུང་འབྲེལ་ལ་བསྔགས་པའི་བསྟོད་ཚིག་དང་། རྣམ་ཤེས་དང་ཡེ་ཤེས་ཀྱི་ཁྱད་པར་སྐོར། བདུན་ཚིགས་དང་འབྲེལ་བའི་བྱང་ཆོག་གི་རྣམ་བཤད། གཡས་རུའི་འཆད་རྩོད་ཆེན་མོའི་བྱུང་རབས། མ་རྒྱུད་ཐིག་ལེ་ཞེ་ལྔའི་སྤྱི་དོན། ཟབ་དོན་རྣམ་པར་འབྱེད་པའི་ལྡེ་མིག རྟོགས་བརྗོད་གཤེན་གྱི་གླུ་དབྱངས། མཚན་ཉིད་གསུམ་གྱི་རྣམ་བཤད། ཚད་མ་གསུམ་དང་དྲུག་གི་སྐོར། ཁམས་ཆེན་སྟོང་ཕྲག་བརྒྱ་པའི་མཚན་དོན་སྐོར། ཀུན་མཁྱེན་ཉི་མའི་རྣམ་ཐར་དང་འབྲེལ་ཁོང་གི་འདས་པའི་ལོ་ཚིགས་སྐོར་གླེང་བ། འཁོར་བའི་ཐོག་མ་ཡོད་མེད་ལ་དཔྱད་པ། གདན་ས་ཆེན་མོ་དཔལ་གཤེན་བསྟན་སྨན་རིའི་གླིང་གི་དགེ་བཤེས་མཛད་སྒོའི་ངོ་སྤྲོད། དཔྱད་གཏམ་སྣང་བའི་དགའ་སྟོན། གཡུང་དྲུང་བོན་གྱི་ཡིག་ཆ་གོང་འོག་བར་གསུམ་གྱི་སྐོར། བསྐྱེད་རྫོགས་སྟོན་བྱེད་ཀྱི་གཞུང་ངོས་འཛིན། ཡིག་ཆ་གོང་འོག་བར་གསུམ་གྱི་གཞུང་ཁུངས་ངོས་འཛིན། བཟླས་མཆོག་རིན་ཆེན་སྒྲོན་མའི་ལོ་རྒྱུས། བདེན་གཉིས་ཟུང་འབྲེལ་སྐོར་གྱི་དཔྱད་གཏམ། གཟི་རྩའི་གནས་བབ་ལས་འཕྲོས་པའི་དཔྱད་གཏམ། བྱིང་རྒོད་ངོས་འཛིན། ཁྲོ་བོ་དབང་ཆེན་གྱི་བཀའ་བསྒོ་ཉུང་འདུས། མངའ་དབུལ་རབ་གནས་ཀྱི་ཆོ་ག་ཉུང་འདུས། ཕྱག་དབང་བསྐུར་ཐབས་བོན་སྤྱོད་ཉུང་འདུས་སོགས། དགོས་དབང་དང་བསྟུན་ཏེ་གལ་གནད་ཆེ་བའི་བརྗོད་བྱ་མང་པོ་ཞིག་ལ་སྒྲིག་ཁྲིམས་ལྟ་བུ་མ་ཡིན་པར་ལུང་དང་རིག་པ་སོགས་རྒྱུ་མཚན་དུ་མའི་སྒོ་ནས་ལོང་བའི་མིག་ཕྱེས་པ་ལྟ་བུའི་གསལ་བཤད་ལེགས་པར་གནང་བའི་གསུང་རྩོམ་ཞིག་རྒྱ་ཆེ་ཀློག་པ་པོ་རྣམས་ཀྱི་སྤྱན་ལམ་འབུལ་ཆེད་དཔར་བསྐྲུན་ཞུས་ཟིན་ཡོད་པ་དང་། གཞན་ཡང་མན་ངག་ལུང་གི་ཡང་ཞུན་སོགས་ལྗགས་རྩོམ་དུ་མ་མུ་མཐུད་དཔར་བསྐྲུན་ཞུ་འཆར་འདུག་པ་བཅས་ཀྱི་མཛད་རྣམ་སྙིང་བསྡུས་སུ།
གདན་ས་སྨན་རིའི་བཤད་སྒྲུབ་སློབ་དཔོན་གྱི་མིང་ཙམ་འཛིན་པ་དགེ་བཤེས་དགེ་ལེགས་རྒྱ་མཚོ་དཔལ་ལྡན་གྱིས་ཕྱི་ལོ ༢༠༡༦ཟླ་བ༠༡ཚེས༢༡ལ།
<<རིགས་སྨྲ་དགྱེས་པའི་མཆོད་སྤྲིན་>>ལས་དྲངས།